དགྲ་བཅོམ་པ་ཉི་མ་གུང་པ།
༈ མ་སྐྱེས་དགྲའི་བུ་ལག་བཟང་གིས་རྒྱལ་སྲིད་ལོ་བཅུ་གསུམ་བྱས་སྐབས། འཕགས་པ་ཤ་ནའི་གོས་ཅན་བསྟན་པ་ཅུང་ཟད་སྐྱོང་ཞིང་། གཙོ་བོར་ནི་ཉི་མ་གུང་པ་ཝ་ར་ཎ་སིར་འཁོར་རྣམ་པ་བཞི་ལ་ལུང་འབོགས་པར་ཡང་བྱེད་དོ། །ནམ་ཞིག་ན་ཝ་ར་ཎ་སི་བ་རྣམས་དགེ་སློང་སློང་བ་མང་པོས་ཡིད་སུན་པར་གྱུར་པ་ན། ཉི་མ་གུང་པ་དགྲ་བཅོམ་པ་ཁྲི་ཕྲག་དང་བཅས། ནམ་མཁའི་ལམ་ལས་འཕུར་ཞིང་གཤེགས་ནས་བྱང་ཕྱོགས་ཨུ་ཤི་རིར་བྱོན། ཁྱིམ་བདག་ལ་ཛ་ཞེས་བྱ་བས་ཕྱོགས་བཞིའི་དགེ་འདུན་ཐམས་ཅད་བསྡུས་ནས་དུས་སྟོན་གྱི་མཆོད་པ་ལོ་གཅིག་ཏུ་བྱས། དགྲ་བཅོམ་པ་བཞི་ཁྲི་བཞི་སྟོང་འདུས། རྐྱེན་དེ་ལ་ལྟོས་ནས་བྱང་ཕྱོགས་སུ་རྒྱལ་བའི་བསྟན་པ་ལྷག་པར་དར་བར་གྱུར་ཏོ། །དུས་དེའི་ཚེ་འཕགས་པ་ཤ་ནའི་གོས་ཅན་གྱིས་མཉན་ཡོད་དུ་འཁོར་རྣམ་པ་བཞི་ལ་ཆོས་བསྟན་པས་དགྲ་བཅོམ་པ་སྟོང་དུ་ཉེ་བ་ཙམ་བྱུང་བར་གྲགས། དེའི་རྗེས་སུ་ལག་བཟང་གི་བུ་གཞུ་བཟང་གིས་རྒྱལ་སྲིད་ལོ་ཉི་ཤུ་རྩ་གསུམ་དུ་བསྐྱངས། ཉི་མ་གུང་པས་ཁ་ཆེའི་ཡུལ་བཏུལ་བ་དང་དུས་མཉམ་
སྟེ་རྫུ་འཕྲུལ་གྱི་བཀོད་པས་ཁ་ཆེའི་ཡུལ་ཐམས་ཅད་བསྟན་པ་ལ་བཙུད། ཡུལ་དེའི་ཀླུ་བཏུལ་ཏེ་ཀླུས་གཟུགས་དངོས་སུ་བསྟན་ནས་ཆོས་གོས་ཙམ་གྱི་གྲིབ་མས་ནོན་པའི་གུར་གུམ་འབུལ་བར་བྱས་པས་དགྲ་བཅོམ་པས་ཆོས་གོས་ཆེན་པོར་སྤྲུལ་ཏེ། ཁ་ཆེའི་ཡུལ་གུར་གུམ་གྱི་སྐྱེ་གནས་ཀྱིས་ཁྱབ་པར་བྱས་དེ་ཉིད་དུ་མྱ་ངན་ལས་འདས་སོ། །