Nitartha Digital Library
Tibetan
སྔ་འགྱུར་སྨིན་གླིང་དཔེ་ཚོགས།

2 occurrences of ནང་གི་སྒྲིབ་པ་ཅན་
[Clear Hits]


  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
སྦྱོར་བ་ཡན་ལག་དྲུག་གི་ཟིན་བྲིས་བརྗེད་བྱང་དུ་བཀོད་པ། ལོ་ཆེན་དྷརྨ་ཤྲཱི།
  
  


2 occurrences of ནང་གི་སྒྲིབ་པ་ཅན་
[Clear Hits]

 
previousསྦྱོར་བ་ཡན་ལག་དྲུག་གི་ཟིན་བྲིས་བརྗེད་བྱང་དུ་བཀོད་པ། ལོ་ཆེན་དྷརྨ་ཤྲཱི། next

སྦྱོར་བ་ཡན་ལག་དྲུག་གི་ཟིན་བྲིས་བརྗེད་བྱང་དུ་བཀོད་པ། ལོ་ཆེན་དྷརྨ་ཤྲཱི།


MLP014_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་བླ་མ་དམ་པའི་གསུང་གི་བདུད་རྩི་ཟབ་མོ་སྦྱོར་བ་ཡན་ལག་དྲུག་གི་ཟིན་བྲིས་བརྗེད་བྱང་དུ་བཀོད་པ་བཞུགས་སོ། །ལོ་ཆེན་དྷརྨ་ཤྲཱི།


MLP014_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་བླ་མ་དམ་པའི་གསུང་གི་བདུད་རྩི་ཟབ་མོ་སྦྱོར་བ་ཡན་ལག་དྲུག་གི་ཟིན་བྲིས་བརྗེད་བྱང་དུ་བཀོད་པ་བཞུགས་སོ། །བླ་མ་དང་དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །འདིར་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་མྱུར་ལམ་རྫོགས་རིམ་མཐར་ཐུག་ཡིད་ཆེས་གསུམ་ལྡན་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་ཉམས་སུ་བླང་བའི་རིམ་པ་ལ། སྔོན་འགྲོ། དངོས་གཞི། རྗེས་གསུམ་གྱི། སྔོན་འགྲོ་ལའང་ཐུན་མོང་དང་། ཐུན་མོང་མ་ཡིན་པ་གཉིས་ཀྱི། ཐུན་མོང་བ་ནི། རྙེད་དཀའི་དལ་འབྱོར་ཐོབ་ཀྱང་མི་རྟག་པའི་དྲན་ཤེས་དང་། ལས་འབྲས་སྨིན་ཚུལ་ལ་ཡིད་ཆེས་ཤིང་། འཁོར་བའི་སྡུག་བསྔལ་བཟོད་གླགས་མེད་པར་བསམ་པའི་སྐྱོ་ཤས་དྲག་པོས་བློ་སྦྱངས་ཏེ་དམིགས་ཐུན་ལྔ་ལས། དང་པོ། སྐྱབས་འགྲོ་ནི། གནས་ཁང་དག་པའི་ཞིང་དུ་མོས་པའི་དབུས་སུ། དཔག་བསམ་གྱི་ཤིང་གི་རྩེ་མོར་སེང་ཁྲི་པད་ཉི་ཟླ་བའི་གདན་ལ། རྩ་བའི་བླ་རྡོ་རྗེ་འཆང་གི་རྣམ་པ་ལ་བརྒྱུད་པའི་བླ་མ་དང་། ཡི་དམ་ལྷ་ཚོགས་རྣམས་ཀྱིས་བསྐོར་བ། ཤིང་གི་རྩ་བར་མཁའ་འགྲོ་ཆོས་སྐྱོང་། བླ་མའི་ཕྱོགས་བཞིའི་མཁའ་ལ་སེང་ཁྲི་པད་ཉི་ཟླ་བའི་གདན་རེ་རེར། མདུན་ཕྱོགས་སུ་ཤཱཀྱ་ཐུབ་པ་ལ་ཕྱོགས་བཅུའི་སངས་རྒྱས་ཀྱིས་བསྐོར་བ། རྒྱབ་ཏུ་དམ་པའི་ཆོས་པུསྟི་གླེགས་བམ། གཡས་སུ་འཇམ་དཔལ་སོགས་ས་ཆེན་པོ་ལ་བཞུགས་པའི་བྱང་སེམས། གཡོན་དུ་ཤཱ་རིའི་བུ་སོགས་ཉན་རང་འཕགས་པ་རྣམས་བཞུགས་པའི་སྤྱན་སྔར། རང་གཞན་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་གྱིས་འཇིགས་ནས་སྐྱབས་ཞུ་ན། ཅི་མཛད་བླ་མ་དཀོན་མཆོག་མཁྱེན་སྙམ་པའི་རེ་ལྟོས་བཅའ་བའི་བློ་ལིང་སྐྱུར་གྱི་སྒོ་ནས། བདག་དང་འགྲོ་བ་ནམ་མཁའ་དང་མཉམ་པའི་


MLP014_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཆོས་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །མཁའ་འགྲོ་ཆོས་སྐྱོང་བསྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་སྐྱབས་འགྲོ་དྲུག་སྐོར་མ་ཅི་རིགས་བྱ། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམས་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ལ་བྱིན་གྱིས་བརླབ་ཏུ་གསོལ། ཞེས་དང་། གཉིས་པ་སེམས་བསྐྱེད་ནི། འགྲོ་དྲུག་དྲིན་ཅན་གྱི་མར་ཤེས་པའི་སྒོ་ནས་ཚུགས་ཐབས་མེད་པའི་སྙིང་རྗེ་དྲག་པོས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་མྱུར་དུ་འགོད་པར་བྱ། དེའི་ཆེད་དུ་བདག་གིས་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་བསྒོམ་པར་བགྱིའོ། །ཞེས་པ་གསུམ་གྱིས་སེམས་བསྐྱེད། དེ་ནས་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ཞེས་སོགས་ཚད་མེད་བཞི་བརྗོད་ཅིང་དོན་བསམ་པ་སྤྱི་དང་འདྲ། གསུམ་པ་རྡོར་སེམས་བསྒོམ་བཟླས་ནི། རང་གི་སྤྱི་བོར་པད་ཟླར་ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ཧཱུྃ་གིས་མཚན་པ་དེ་ལས་འོད་འཕྲོས་འཕགས་པ་མཆོད། སེམས་ཅན་གྱི་སྡིག་སྒྲིབ་སྦྱངས། ཚུར་འདུས་ཐིམ་པ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དཀར་པོ་རྡོར་དྲིལ་འཛིན་པའི་ཡུམ་ལ་འཁྱུད་ཅིང་རྡོ་རྗེའི་སྐྱིལ་ཀྲུང་། ཡུམ་སྙེ་མ་དཀར་མོ་གྲི་ཐོད་འཛིན་པ་པད་སྐྱིལ་ཅན་གྱིས་འཁྱུད་པ། གཉིས་ཀའང་རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པའི་གནས་བཞིར། ༀ་ཨཱཿཧཱུྃ་ཧོཿཐུགས་ཁའི་ཧཱུྃ་ལས་འོད་འཕྲོས། སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་ཡེ་ཤེས་ཀྱི་བདུད་རྩིའི་རྣམ་པར་སྤྱན་དྲངས་ཏེ། ཛ་ཧཱུྃ་བྃ་ཧོཿསྟིམ་རང་གཞན་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་བྱང་བར་མཛད་དུ་གསོལ་སྙམ་པའི་སྒོ་ནས། ༀ་ཤྲི་བཛྲ་ཧེ་རུ་ཀ་ས་མ་ཡ་མ་ནུ་པཱ་ལ་ཡ། བཛྲ་ཧེ་རུ་ཀ་ཏྭེ་ནོ་པ་ནས་བཛྲ་ཧེ་རུ་ཀ་མཱ་མེ་མུཉྩ། ཧེ་རུ་ཀོ་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་


MLP014_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱ་ཧཱུྃ་ཕཊ། ཅེས་པའི་ཧེ་རུ་ཀའི་ཡིག་བརྒྱ་ཅི་ནུས་བཟླས་མཐར། མགོན་པོ་བདག་ནི་མི་ཤེས་སོགས་ཀྱིས་གསོལ་བ་བཏབ་མཐར། རྡོ་རྗེ་སེམས་དཔའ་འོད་དུ་ཞུ་སྟེ་རང་ལ་སྟིམ། བཞི་པ་མཎྜལ་ནི། མདུན་གྱི་ནམ་མཁར་ཚོགས་ཞིང་སྐྱབས་ཡུལ་ལྟར་གསལ་བཏབ་ལ། ཕྱག་དང་སྐྱབས་འགྲོ་སྔོན་དུ་འགྲོ་བས། གང་གིས་དྲིན་གྱི་བདེ་ཆེན་སོགས་ཀྱི་ཕྱག་དང་། དཔལ་ལྡན་བླ་མ་དམ་པ་དུས་གསུམ་གྱི་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །ཞེས་བརྗོད། མཆོད་པའི་མཎྜལ་ལ་དྲི་དང་བ་བྱུང་གིས་ཆག་ཆག་བཏབ་པར། ཚོམ་བུ་དགུ་བཀོད་ནས་ཁམས་གསུམ་ཡོངས་སུ་རྫོགས་པའི་འཇིག་རྟེན་གྱི་ཁམས་ལྷ་མིའི་མཆོད་རྫས་བཟང་ཞིང་རྒྱ་ཆེ་བས་ཕྱུར་བུར་བཀང་སྟེ་ཕུལ་བར་བསམ་ལ། ༀ་བཛྲ་བྷུ་མི་ཨཱ་ཧཱུྃ། ཕྱི་ལྕགས་རི་འཁོར་ཡུག་གིས་བསྐོར་བའི་དབུས་སུ་ཧཱུྃ། རིའི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང་། བྱང་སྒྲ་མི་སྙན། ནུབ་བ་གླང་སྤྱོད། སྒྲ་ཅན། ཉི་མ། ཟླ་བ། དུས་མེ། དབུས་སུ་ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་འདི་ཉིད་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་རྣམས་ལ་འབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། ས་གཞི་སྤོས་ཆུས་སོགས་དང་། བདག་གཞན་ལུས་ངག་ཡིད་གསུམ་སོགས་ཀྱིས་ཚིགས་བཅད་དང་བཅས་པས་ཅི་ནུས་སུ་ཕུལ་ཏེ། མཆོད་ཡུལ་རྣམས་འོད་དུ་ཞུ་སྟེ་རང་ལ་སྟིམ། ལྔ་པ་བླ་མའི་རྣལ་འབྱོར་ནི། གནས་ཁང་དག་པའི་ཞིང་དུ་མོས་པའི་མདུན་གྱི་ནམ་མཁར། སེང་ཁྲི་པདྨ་ཉི་ཟླའི་གདན་ལ། བླ་མ་རྡོ་རྗེ་འཆང་གི་རྣམ་པ་ཅན་སྐྱབས་གནས་ཀུན་འདུས་སུ་གསལ་བའི་མཐར་བརྒྱུད་པའི་བླ་མ། ཡི་དམ། སངས་རྒྱས། བྱང་སེམས། ཉན་རང་། ཆོས་སྐྱོང་རྣམས་བསྒོམ་པའམ་བསྡུ་ན་རྩ་བའི་བླ་མ་ག །ཅིག་པོ་ལ་རེ་ལྟོས་བཅས་ཏེ། བ་སྤུ་ལྡང་ཞིང་མཆི་མ་འཁྲུག་པའི་མོས་གུས་ཀྱིས་རྒྱུན་བཤགས་ཡན་ལག་བདུན་པ་སྔོན་དུ་འགྲོ་བས། སངས་རྒྱས་ཀུན་འདུས་ཀྱི་ངོ་བོ་ཆོས་རྗེ་དཔལ་ལྡན་བླ་མ་རིན་པོ་ཆེ་ལ་གསོལ་


MLP014_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

བ་འདེབས་སོ། །སྐུ་བཞིའི་བདག་ཉིད་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །སྐྱབས་མཆོག་མཚུངས་མེད་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །འདྲེན་མཆོག་མཚུངས་མེད་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །ཐར་པའི་ལམ་སྟོན་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །དངོས་གྲུབ་འབྱུང་གནས་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །མ་རིག་མུན་སེལ་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །བདག་ལ་དབང་སྐུར་བྱིན་གྱིས་བརླབ་ཏུ་གསོལ། བདག་རྩེ་གཅིག་སྒྲུབ་པ་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ། སྒྲུབ་པ་ལ་བར་ཆད་མི་འབྱུང་བར་བྱིན་གྱིས་བརླབ་ཏུ་གསོལ། སྒྲུབ་པ་སྙིང་པོ་ཉམས་སུ་ལོངས་པར་བྱིན་གྱིས་བརླབ་ཏུ་གསོལ། སྒྲུབ་པ་རབ་ཀྱི་མཐར་ཕྱིན་པར་བྱིན་གྱིས་བརླབ་ཏུ་གསོལ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་འབྱོངས་པར་བྱིན་གྱིས་བརླབ་ཏུ་གསོལ། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བའི་ཏིང་ངེ་འཛིན་ལ་དབང་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཉམས་མྱོང་དང་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་རིམ་པ་མཐར་ཕྱིན་པར་བྱིན་གྱིས་བརླབ་ཏུ་གསོལ། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཚེ་འདི་ཉིད་ལ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་ཅི་མང་དུ་བཏབ་པའི་མཐར་བླ་མའི་གནས་བཞིར། ༀ་ཨཱཿཧཱུྃ་ཧོ་རྣམས་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་བཞིའི་ངོ་བོར་བཞུགས་པ་ལས། འོད་ཟེར་དཀར་དམར་མཐིང་སེར་བཞི་འཕྲོས། རང་གི་གནས་བཞིར་རིམ་པར་ཐིམ་པས། ལུས་ངག་ཡིད་ཀྱི་སྒྲིབ་པ་དང་། ཆགས་ཐོགས་ཀྱི་བག་ཆགས་དག །དབང་བཞི་ཐོབ། སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་བྱིན་རླབས་ཞུགས། མཐར་འཁོར་རྣམས་རྩ་བའི་བླ་མར་བསྡུས། བླ་མ་རང་གི་སྤྱི་བོར་བྱོན་པ་འོད་དུ་ཞུ་སྟེ་རང་ལ་ཐིམ་པས། བླ་མ་དང་རང་སེམས་དབྱེར་མེད་ཀྱི་ངང་ལ་ཅུང་ཟད་མཉམ་པར་འཇོག ། གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ། རྫོགས་རིམ་གྱི་རྟེན་བསྐྱེད་རིམ་དང་། རྫོགས་རིམ་གྱིི་ཉེར་བསྡོགས་ཁྱད་པར་ཅན་གཉིས་ལས། དང་པོ་ནི། སྐྱབས་སེམས་སྔོན་


MLP014_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོས། ༀ་ཤུ་ནྱ་ཏའི་སྔགས་ཀྱིས་སྦྱངས་ཏེ། སྟོང་པའི་ངང་ལས་འབྱུང་བཞིའི་རི་རབ་པད་ཟླ་ཉི་སྒྲ་བརྩེགས་པའི་གདན་ལ། བདག་ཉིད་དུས་འཁོར་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ་རྡོར་དྲིལ་འཛིན་པས་ཡུམ་ལ་འཁྱུད་པ། ཞབས་གཡས་དམར་པོ་བརྐྱང་བས་འདོད་ལྷ་དམར་པོ་དང་། གཡོན་དཀར་པོ་བསྐུམ་པས་དབང་ཕྱུག་དཀར་པོའི་སྙིང་ཁ་མནན་པ། རལ་པའི་ཐོར་ཚུགས་དང་། ཡིད་བཞིན་གྱི་ནོར་བུ་དང་། ཟླ་ཕྱེད་ཀྱིས་དབུ་ལ་བརྒྱན་པ། རྡོ་རྗེའི་རྒྱན་དང་། སྟག་གཤམ། ཕྱག་སོར་རྣམས་ཁ་དོག་ལྔ་དང་། སོར་ཚིགས་རྣམས་ཁ་དོག་གསུམ་པ། རྡོ་རྗེ་སེམས་དཔས་དབུ་བརྒྱན་ཅིང་། ཁྲོ་ཆགས་འདྲེས་པའི་ཉམས་ཅན། མེ་རི་ཁ་དོག་ལྔའི་དབུས་ན་བཞུགས་པ། དེ་ལ་འཁྱུད་པའི་སྣ་ཚོགས་ཡུམ་སེར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། གྲི་གུག་དང་ཐོད་པ་འཛིན་ཞིང་། ཞབས་གཡས་སྐུམ། གཡོན་བརྐྱང་བས་ཡབ་ལ་འཁྱུད་པ། གཅེར་བུ་སྐྲ་ཕྱེད་གྲོལ། རུས་པའི་ཕྱག་རྒྱ་ལྔས་བརྒྱན་པ། གཉིས་ཀའི་དཔལ་མགྲིན་སྙིང་གསང་གཙུག་ཏོར་རྣམས་སུ། ༀ་ཨཱཿཧཱུྃ་སྭཱ་ཧཱཿམཚན་པ། རང་གི་སྙིང་ཁ་ནས་འོད་ཟེར་འཕྲོས། སྣོད་བཅུད་ཐམས་ཅད་གཞལ་ཡས་ཁང་དང་ལྷར་སྦྱངས། དེ་ཐམས་ཅད་འོད་དུ་ཞུ་ནས་རང་ལ་ཐིམ། ལྷ་སྐུ་གསལ་སྟོང་དེ་ལ་ཅི་ནུས་སུ་མཉམ་པར་བཞག །བཟླས་པ་བྱ་བར་འདོད་ན། ༀ་ཧཾ་སྭཱ་ཧཱ། ཞེས་ཅི་རིགས་བཟླས་མཐར། ལྷ་སྐུ་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་སྦྱངས་ཏེ་དགེ་བ་བསྔོ། གཉིས་པ་རྫོགས་རིམ་གྱི་ཉེར་བསྡོགས་ཁྱད་པར་ཅན་ནི། ཐོག་མར་རྫོགས་རིམ་གྱི་ཡེ་ཤེས་མ་སྐྱེས་པ་སྐྱེས་པའི་དོན་དུ། མཆོག་དབང་གོང་མ་སྔར་མ་ཐོབ་ན་སྐབས་འདིར་བསྐུར་བར་བྱ་ཞིང་། འགྲེལ་ཆེན་ལས། སྔགས་ཀྱི་ཐེག་པ་འདི་ལ་ཡིད་ཆེས་རྣམ་པ་གསུམ་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། ཞེས་སོགས་གསུངས་པ་ལྟར། བསྒོམ་བྱའི་རྣམ་དག་ལེགས་པའི་ལམ་དེ། གང་ལས་གསལ་བར་གསུངས་པའི་རྒྱུད་ལ་ཡིད་ཆེས་པ་དང་། དེའི་དོན་རང་གིས་ལེགས་པར་མཁྱེན་ཅིང་གཞན་ལ་སྟོན་པར་མཛད་པས་བླ་མ་ལ་ཡིད་ཆེས་པ་དང་། དེས་ཇི་ལྟར་བསྟན་པ་བཞིན་དུ་སྒོམ་པས་ཉམས་མྱོང་ཁྱད་པར་ཅན་རང་རྒྱུད་ལ་སྐྱེ་


MLP014_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

བས་བདག་ཉིད་ལ་ཡིད་ཆེས་པ་སྟེ། དེ་ལྟར་ཡིད་ཆེས་གསུམ་ཚང་བའི་སློབ་མས། ལུས་ངག་སེམས་ནི་དབེན་པ་ལས། །མི་རྟོག་ཏིང་འཛིན་སྐྱེ་བར་ངེས། །མི་རྟོག་ཏིང་འཛིན་སྐྱེས་པ་ཡིས། །མི་རྟོག་ཡེ་ཤེས་སྐྱེ་བར་འགྱུར། །ཞེས་གསུངས་པས། ལུས་དང་། ངག་དང་། ཡིད་དང་། འཕྲོ་བའི་ལོངས་སྤྱོད་ལ་ལྟོས་པ་མེད་པ་སྟེ། ལྟོས་མེད་བཞི་ལྡན་ནམ། ལུས་བྱ་བྱེད། ངག་སྨྲ་བརྗོད། ཡིད་རྣམ་རྟོག་གིས་དབེན་པ་སྟེ། དབེན་པ་གསུམ་བསྟེན་པར་བྱ་དགོས་པས། དེའི་གནས་ནི། སྤྱིར་དགྲ་ཀུན་གྱི་འཚེ་བ་དང་། ཉིན་མོ་སྐྱེ་བོའི་རྒྱུ་འགྲུལ། མཚན་མོ་སྒྲའི་གླང་རྩེར་མེད་ཅིང་། ས་ཆུ་ལུས་ལ་འཕྲོད་པ། ཁྱད་པར་མུན་ཁང་དངོས་སམ། རྗེས་མཐུན་གྱི་མུན་པ་ཤིན་ཏུ་ནག་པ་ཞིག་ཏུ། བསམ་གཏན་གྱི་འབོལ་ཆུང་བཏིང་བའི་ཁར། ལུས་ཀྱི་གནད་རྐང་པ་རྡོ་རྗེ་དཀྱིལ་ཀྲུང་། ལག་པ་ཁུ་ཚུར་ཁ་སྤུབ་པ་བརླའི་རྩ་བར་མནན་ལ། ལག་ངར་བསྲངས་པ་རྩིབས་ལོགས་སུ་སྦྱར་ཞིང་། རྒལ་ཚིགས་དང་ལྟག་པ་བསྲངས། རོ་སྟོད་བཀྱེད། ལྐོག་མས་ཨོལ་མདུད་ནོན་ཙམ་གྱི་མགྲིན་པ་ཅུང་ཟད་གུག །སོ་མཆུ་རང་སར་བཞགལྕེ་རྩེ་རྐན་ལ་སྦྱར། མིག་ཧ་ཅང་མ་ཕྱེ་ཧ་ཅང་མ་བཙུམ་པའི་ངང་ནས། སྣ་རྩེ་ནས་སོར་བཅུ་དྲུག་ནམ་མཁའ་ལ་ལྟ་བའི་ཚུལ་གྱི་གྱེན་དུ་སྒྲིལ་ལ་གཡོ་མེད་དུ་བཞག །ངག་གི་གནད་རླུང་རོ་ལན་གསུམ་སྣ་སྒོ་ནས་བསལ་ལ། དབུགས་རང་བབས་སུ་བཞག །སེམས་ཀྱི་གནད་དུས་གསུམ་གྱི་རྣམ་པར་རྟོག་པའི་སྤྲོས་པ་ཐམས་ཅད་སྤངས་ཏེ། ལྟ་སྟངས་གང་དུ་གཏད་པའི་ནམ་མཁའ་ནག་ཐིང་ངེ་བ་དེ་ལ་མི་འཕྲོ་བའི་རྟེན་ཙམ་བྱས་ཏེ། ཧ་ཅང་མ་སྒྲིམ། ཧ་ཅང་མ་གློད་པར་བཟོ་མེད་དུ་ཤིགས་སེ་མཉམ་པར་བཞག །དེ་ལྟར་བསྒོམས་པས་ཉམས་མཐོ་དམན་གང་བྱུང་ཡང་དེ་ཀ་བྱུང་རྒྱལ་ལྷུག་པར་བསྐྱང་བར་བྱ་སྟེ། གང་ལ་ཡང་སྐྱོན་དུ་མི་ལྟ་ཞིང་། །ཅི་ཡང་མ་ཡིན་ཉམས་སུ་བླངས། །དྲོད་རྟགས་ལ་སོགས་འདོད་མི་བྱ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་དངོས་གཞི་ལ། ཡན་ལག་དྲུག་སྟེ། སོར་སྡུད། བསམ་གཏན། སྲོག་རྩོལ། འཛིན་པ། རྗེས་དྲན། ཏིང་ངེ་འཛིན་གྱི་ཡན་ལག་གོ །དང་པོ་ནི། དབང་ལྔ་ཡུལ་ལྔ་ལ་འཇུག་


MLP014_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་སོ་སོར་སྡུད་པར་བྱེད་པ་སོར་སྡུད་ཀྱི་ཡན་ལག །མཚན་མོ་གསེང་མེད་ནམ་མཁའི་རྣལ་འབྱོར་དང་། ཉིན་མོ་སྤྲིན་མེད་ནམ་མཁའི་རྣལ་འབྱོར་རོ། །དང་པོ་མཚན་མོའི་རྣལ་འབྱོར་ནི། ཤ་བ་རི་པའི་གཞུང་ལས། མི་གཡོ་བ་ནི་གསུམ་ལྡན་གྱིས། །དྷུ་ཏིར་རླུང་ཅུང་ཆུད་གྱུར་པས། །ཕྱི་ནང་རྟོག་འགག་རྟགས་བཅུ་འབྱུང་། །སོ་སོར་:བཅོད་༼སྡུད་༽པའི་ཡན་ལག་ཡིན། །ཞེས་གསུངས་པ་ལྟར། ལུས་ངག་སེམས་ཀྱི་གནས་དབེན་གསུམ་གྱི་སྐབས་སུ་བསྟན་པ་བཞིན་དུ། མི་གཡོ་བ་གསུམ་ལྡན་ལ་གནས་པའི་མིག་ཡིད་རླུང་གསུམ་གཙུག་ཏོར་ཐད་ཀྱི་ནམ་མཁའི་མུན་པ་དང་དབྱེར་མེད་དུ་བསྲེས་ནས་ཅི་ཡང་ཡིད་ལ་མི་བྱེད་པར་སེམས་མ་བཅོས་གཉུག་མའི་ངང་དུ་འཇོག་པ་ནི། བསམ་མེད་ཀྱི་རྣལ་འབྱོར་ཞེས་བྱ་སྟེ། དཔེར་ན་ལྷ་ཁང་ནང་གི་ལྡེར་བཟོ་ལྟ་བུའོ། །དེས་སེམས་བྱིང་བའི་སྐྱོན་བྱུང་ན། ལྟ་སྟངས་ཀྱི་ལམ་ནས་དྲངས་ཏེ། སེམས་ནམ་མཁའི་དབུས་སུ་ཐིམ་འགྲོ་བ་ལྟར་ཤེས་པ་དྲག་ཏུ་གཏོད་ཅིང་། རིག་པ་ཧུར་བྱུང་ལ་སྒྲིམས་ནས་སྒོམ་པ་ནི། རྩེ་གཅིག་གི་རྣལ་འབྱོར་ཞེས་བྱ་སྟེ། སྤྲེའུ་སྒོ་གཅིག་ཏུ་བཏགས་པ་ལྟ་བུའོ། །དེས་རླུང་སྟོད་དུ་འཚང་བ་དང་། ཟུག་གཟེར་{སོར་}སོགས་ཀྱིས་སེམས་མི་གནས་ན། སེམས་འདས་མ་འོངས་ཀྱི་རྟོག་པ་སྤངས་ནས། ད་ལྟར་གྱི་ཤེས་པ་ལ་བཟོ་བཅོས་མི་བྱ་བར། རང་བབས་ཀྱི་ངང་ལ་མ་ཡེངས་པར་འཇོག་པ་ནི། རང་གྲོལ་གྱི་རྣལ་འབྱོར་ཞེས་བྱ་སྟེ། སྤུན་བར་མ་དང་འགྲོགས་པ་ལྟ་བུའོ། །གྲིམས་ཆས་ཤེས་པ་གཡེར་ཞིང་། འཕྲོ་རྒོད་དུ་གྱུར་པས་མི་གནས་ན། མ་ཡེངས་དྲན་པའི་བྱ་ར་ཙམ་བཞག་ནས། གང་ཡང་མི་སྒོམ་པར་ལྷོད་ཀྱིིས་གློད་ལ་གུ་ཡངས་སུ་འཇོག་པ་ནི། རྩོད་བྲལ་གྱི་རྣལ་འབྱོར་ཞེས་བྱ་སྟེ། རྔ་མོང་:རྟགས་༼བཏགས་༽གྲོལ་ལྟ་བུའོ། །གཉིས་པ་ཉིན་མོའི་རྣལ་འབྱོར་ནི། སྤྲིན་དང་བསེར་བུ་མེད་ཅིང་། ནམ་མཁའ་དྭངས་པའི་སྐབས་སུ། ལུས་དང་མིག་ལ་ཉི་འོད་མི་འཕྲོ་བ་བྱས་ལ། སྔ་དྲོ་ཁ་ནུབ་དང་། ཕྱི་དྲོ་ཁ་ཤར་དུ་ཕྱོགས་པའི་ལུས་ངག་གི་གནད་དང་། སེམས་ཀྱི་འཇོག་ཚུལ་སྔར་ལྟར་ལས་ལྟ་སྟངས་ཀྱི་གནད་མིག་ཤིན་ཏུ་གདངས་ཏེ་འབུར་ཚུགས་སུ་ལྟ་བས། ནམ་མཁའ་སྔོ་སང་ངེ་བ་དང་རང་སེམས་དབྱེར་མེད་དུ་གསལ་ལ་རྟོག་པ་མེད་


MLP014_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསྒོམ་པའོ། །ཉིན་མཚན་གྱི་རྣལ་འབྱོར་གང་གི་ཚེ་ཡང་། བྱིང་བ་ཤས་ཆེ་ན། དཀྱིལ་ཀྲུང་ལག་གཉིས་པུས་མོར་བཀབ་ལ་རླུང་ཅུང་ཟད་བཟུང་བ་ཁ་སྣ་གཉིས་ཀ་ནས་ཕྱིར་དྲག་ཏུ་དབྱུང་། འཕྲོ་རྒོད་ཤས་ཆེ་ན། ལུས་འོད་ཀྱི་གོང་བུར་བྱས་ནས། དེ་ཡང་ཇེ་ཆུང་ཇེ་ཕྲས་མི་དམིགས་པ་ལ་འཇུག་པས་སེལ་ལོ། །དེ་ལྟར་ཉིན་མཚན་གྱི་རྣལ་འབྱོར་གཉིས་གཅིག་ཏུ་བསྒྲིལ་ནས་བསྒོམས་པས་རླུང་སེམས་ཨ་བ་དྷུ་ཏིར་ཞུགས་ཏེ་འགགས་པ་ལས། རྟགས་བཅུ་མངོན་དུ་གྱུར་ཏེ། རྀ་གི་ཨ་རལླི་ལས། སེམས་པ་ཐམས་ཅད་ཡོངས་སྤངས་ནས། །དབང་པོ་ཐམས་ཅད་བཟློག་པར་བྱ། །དགོན་པ་དབེན་པའི་ཕྱོགས་སུ་ནི། །གཉིས་པ་ཐམས་ཅད་རྣམ་པར་སྤངས། །མིག་དག་སྟེང་དུ་བཟློག་ནས་ནི། །སྨིན་མའི་དབུས་སུ་སེམས་བྱས་ན། །མི་ཟད་མུན་པ་ལྟ་བུ་ནི། །སྒྲུབ་པོས་དང་པོར་མཐོང་བར་འགྱུར། །ཞེས་པ་ལྟར་ཐོག་མར་ཤེས་རབ་ཀྱི་ཕྱོགས་མཚན་རྟགས་ལྔ་ནི། ས་རླུང་དབུ་མར་འདུས་པས་དུ་བ་ལྟ་བུ། ཆུ་རླུང་འདུས་པས་སྨིག་རྒྱུ་ལྟ་བུ། མེ་རླུང་འདུས་པས་སྲིན་བུ་མེ་ཁྱེར་ལྟ་བུ། རླུང་གི་རླུང་འདུས་པས་མར་མེ་འབར་བ་ལྟ་བུ་བཞི་དང་། དེའི་སྟེང་འོག་ནས་འབྱུང་བའི་ཐིག་ལེ་ནི། ཁམས་ལྔའི་རླུང་འདུས་པ་སྟེ་ཤེས་རབ་ཀྱི་ཕྱོགས་ཡིན་པས་ལྔའོ། །དེ་བཞིན་དུ་ཐབས་ཀྱི་ཕྱོགས་ལ་ཉིན་རྟགས་ལྔ་ནི། རླུང་མེ་ཆུ་ས་ནམ་མཁའི་རླུང་ལྔ་ནི་དབུ་མར་འདུས་པ་ལས། རིམ་པར་སེར་པོ་འབར་བའི་རྣམ་པ་ལྷབ་ལྷབ་འབར་བ་དང་། དཀར་པོ་འབར་བ་ཞེས་ཟླ་བའི་རྣམ་པ་དང་། དམར་པོ་འབར་བའི་རྣམ་པ་ཉི་མ་ལྟ་བུ་དང་། ནག་པོ་འབར་བ་སྒྲ་ཅན་གྱི་ཉམས་དང་། མཆོག་གི་ཆ་ཞེས་པ་གློག་འོད་ཀྱི་རྣམ་པ་ཅན་དང་ལྔའོ། །ནམ་མཁའ་སྤྲིན་མེད་ལྟ་བུའི་རྟགས་འབྱུང་བར་གསུངས་པ་ནི། ཉིན་རྟགས་རྣམས་ཀྱི་འཆར་གཞི་ཡིན་པས། རྟགས་བཅུའི་ནང་དུ་ལོགས་སུ་མི་བགྲང་ཞིང་། དེ་ལས་གཞན་དུ་རྣམ་པ་མ་ངེས་པའི་རྟག་མཐའ་ཡས་པ་ཞིག་འཆར་བའང་བཅུ་པོ་དེ་དག་གང་རུང་རེའི་ཁོངས་སུ་གཏོགས་པ་ཡིན་ནོ། །སྟོང་གཟུགས་རྣམས་མཐོང་བའང་། ཤའི་མིག་ལ་བརྟེན་ནས་དབང་པོའི་མངོན་སུམ་གྱིས་མཐོང་བ་ཡིན་ཞིང་། གཞན་ཡང་། ལུས་ཉམས། ངག་ཉམས། སེམས་ཉམས། རྨི་


MLP014_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་རྣམས་ཀྱང་དུ་མ་འབྱུང་བ་ཉམས་མྱོང་ཅན་གྱི་ཞལ་ལས་རྟོགས་པར་བྱའོ། །གཉིས་པ་བསམ་གཏན་གྱི་ཡན་ལག་ནི། སྔར་སོར་སྡུད་ཀྱི་ཚེ་མཐོང་བའི་སྟོང་གཟུགས་ལ་སེམས་རྩེ་གཅིག་ཏུ་གནས་པར་བྱེད་པ་སྟེ། དམིགས་པ་ལ་སེམས་གཡོ་བ་མེད་པའི་དོན་ནོ། །དེ་ལ་ལུས་གནད་དང་ངག་གནད་སོར་སྡུད་ལྟར་དང་། སེམས་གནད་ཀྱང་མི་གཡོ་བར་འཇོག་ཚུལ་འདྲ་བ་ལས། འདིར་ཁྱད་པར་ནི་སོར་སྡུད་ཀྱི་དུས་སྟོང་གཟུགས་མཐོང་མ་མཐོང་གང་གི་ཚེ་ཡང་ནམ་མཁའ་ཁོ་ན་ལ་སེམས་གཏད་དེ་འཇོག་པ་ཡིན་ལ་འདིར་ཉིན་པར་མཐོང་བའི་སྟོང་གཟུགས་ཀྱི་སྣང་བ་ལ་སོར་སྡུད་དུ་བཤད་པའི་ལྟ་སྟངས་ཉིད་ཀྱིས་གཡོ་མེད་དུ་ལྟ་ཞིང་། སེམས་ཀྱང་སྟོང་གཟུགས་དེ་ཀ་ལ་ཆེ་རེ་གཏད་ཅིང་། འདི་ཡིན་འདི་མིན་སོགས་བློས་བྱས་ཀྱི་བཟོ་བཅོས་མི་བྱེད་པར། སྟོང་གཟུགས་དེ་ཀའི་རང་ཞལ་ལ་རིག་གེ་བལྟས་པས། སྣང་བ་མ་འགགས་ལ། ཡུལ་དུས་རང་བཞིན་འདི་ལྟ་བུ་ཞེས་བརྗོད་དུ་མེད་ཅིང་། སྤྲོས་པ་དང་བྲལ་བ་དེ་ངོས་ཟིན་ཅིང་རིག་པར་བྱ་བ་དེ་ཉིད་ཤེས་རབ་ཀྱི་ཡན་ལག་ཡིན་ཞིང་། དེ་ལས་རྟགས་སྣང་རང་སེམས་སུ་མྱོང་བའི་རྟོགས་པ་དང་། དེ་ཉིད་མཚན་མ་དང་བྲལ་བར་རིག་པའི་སྤྱོད་པ་དང་། དེ་ལ་བརྟེན་ནས་ལུས་སེམས་ལ་དགའ་བ་ཁྱད་པར་ཅན་དང་། ཡུལ་ཡུལ་ཅན་དབྱེར་མེད་དུ་འདྲེས་པའི་བདེ་བའི་ཤིན་ཏུ་སྦྱངས་པ་སྟེ། རྒྱུད་ལས། བསམ་གཏན་དག་ཀྱང་ཤེས་རབ་རྟོག་དང་དཔྱོད་པ་དགའ་དང་གཡོ་མེད་བདེ་བ་རྩེ་གཅིག་སེམས་དཔའ་ལའོ། །ཞེས་གསུངས་པ་ལྟར། བསམ་གཏན་ཡན་ལག་ལྔ་པོ་རིམ་གྱིས་སྐྱེ་བར་འགྱུར་རོ། །གལ་ཏེ་སྟོང་གཟུགས་ལ་བརྟན་པ་མ་ཐོབ་ན། མཉམ་བཞག་ཏུ་སོར་སྡུད་ཉིད་སྒོམ་ཞིང་། ཐུན་མཚམས་སུ་བྱེད་བཅིང་ཕལ་ཆེར་ཕྱོགས་འདྲ་བ་བྱས་ནས། ཐ་མལ་ལས་སྣང་གི་སྟེང་དུ་ཆེ་རེ་ལྟ་ཞིང་། དེའི་རང་བཞིན་གསལ་ལ་ངོས་བཟུང་མེད་པ་དེ་རང་ངོ་ཤེས་ཙམ་བྱས་ཏེ་བསྐྱང་། མཉམ་རྗེས་དེ་ཉིད་གོམས་པ་ལས་བསམ་གཏན་གྱི་ཡན་ལག་མྱུར་དུ་སྐྱེ་བར་འགྱུར་ལ། ཡང་སྟོང་གཟུགས་བརྟན་པོར་གྱུར་ཀྱང་། མིག་བཙུམ་ཚེ་སྟོང་གཟུགས་མི་གསལ་ན། ཉིན་མོའི་རྣལ་འབྱོར་གྱི་དུས་སྟོང་གཟུགས་མཁའ་ལ་ཤར་བ་རིམ་གྱིས་ཕབ་སྟེ། ལས་སྣང་


MLP014_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

གི་དངོས་པོ་གང་རུང་གི་ཐོག་ཏུ་ལྟ་སྟངས་གཏད་དེ་སེམས་བཟུང་བས། ཇི་ཞིག་ན་ལས་སྣང་འགགས་ནས། རྟགས་སྣང་དང་འདྲེས་ཏེ། མཐར་འོད་གསལ་གྱི་སྣང་བ་རབ་འབྱམས་འཆར་བར་འགྱུར་ཞིང་། མིག་བཙུམ་པའི་སྟོང་གཟུགས་གསལ་ན། རྩ་གསུམ་འདུས་མདོ་དབུ་མའི་ནང་དུ་སེམས་བཟུང་བས། ཁྱད་པར་དུའང་སེམས་གནས་ཆ་བརྟན་པ་དང་། སྣ་སྒོར་འོད་གསལ་བཟུང་བས་རླུང་ལྔའི་ཁ་དོག་མཐོང་ཞིང་། མཚན་མོ་སྔས་མཐོ་བར་བྱས་ལ། ལུས་གནད་སེངྒེའི་ཉལ་སྟབས། ངག་གནད་རླུང་རང་སོ། སེམས་གནད་མི་རྟོག་པའི་ངང་ནས་གཉིད་དུ་འགྲོ་བར་བྱས་པས། རྨི་ལམ་ཅི་ཡང་མེད་ཅིང་། སད་རྗེས་སེམས་གསལ་སྟོང་དུ་གནས་པ་བྱུང་ན། འོད་གསལ་འཐུག་ཟིན་དང་། ཡང་གཉིད་ཤིན་ཏུ་སྲབ་པས་མུན་ཁང་གི་ནང་སྐྱ་ཧོལ་ལེ་བ་ལ། སྟོང་གཟུགས་ཀྱི་རྣམ་པ་མཐོང་ཞིང་། སད་རྒྱུ་ཡོད་པ་ཞིག་འབྱུང་ངོ་། །དེ་ལྟར་འབད་པས་མཉམ་རྗེས་རིམ་གྱིས་འདྲེ་བར་འགྱུར་ཞིང་། སོར་སྡུད་ཀྱི་དུས་ལས་རྟགས་སྣང་རྣམས་གསལ་ལ་རྒྱ་ཆེ་བ་དང་། སྟོང་པའི་སྒྲ་བརྙན་དང་དྲི་བརྙན་ལ་སོགས་པ་སྣང་ཞིང་། ཐིག་ལེ་ཡང་འོད་སྣ་ཚོགས་འཕྲོ་བ་ཕྲ་འཚེར་འདིར་བ་ཞིག་དཀའ་བའི་ཆོས་ལྔ་ལྡན་དང་། དེའི་དབུས་སངས་རྒྱས་ཀྱི་སྐུ། ཡུལ་ངེས་པ་ཐིག་ལེའི་དབུས། དུས་ངེས་པ་མཉམ་རྗེས་ཀུན་ཏུ། རྣམ་པ་ངེས་པ་མཚན་དཔེ་ཡོངས་སུ་རྫོགས་པ་སྟེ་ངེས་པ་གསུམ་ལྡན། རེ་ཁ་དང་བཅས་པར་སྣང་ཞིང་། ལྷའི་མིག་དང་། རྣ་བ་སོགས་མངོན་ཤེས་ལྔ་ཡང་ཐོབ་པར་འགྱུར་རོ། །གསུམ་པ་སྲོག་རྩོལ་གྱི་ཡན་ལག་ནི། རོ་རྐྱང་གཉིས་ནས་འབབ་པའི་རླུང་བཀག་ནས། དབུ་མར་འཇུག་པའི་རིམ་པ་རྩོལ་བ་སྟེ། དང་པོ། རྡོ་རྗེའི་བཟླས་པས་རྩ་ལམ་སྦྱོང་བ་ནི། ལུས་ཀྱི་བྱེད་བཅིངས་གཞན་འདྲ་བ་ལ། ལྟ་སྟངས་ཐད་ཀ་ལས་ཅུང་ཟད་གྱེན་དུ་ཕྱོགས་པ། སྨིན་མཚམས་སུ་ཧྲིག་གེ་བལྟ། རླུང་རོ་བསལ་ལ། རླུང་འཇུག་གནས་ལྡང་གསུམ་ལ་སེམས་མ་འཁྲུལ་བར་གཏད་དེ། རླུང་ནང་དུ་འཇུག་པའི་ཚེ་ༀ། ནང་དུ་གནས་པའི་ཚེ་ཧཱུྃ། ཕྱིར་ལྡང་བའི་ཚེ་ཨཱ་ཞེས་པའི་སྒྲ་གདངས་ཡིད་ལ་དྲན་པས་བགྲང་ཞིང་། དེ་ལྟར་འབད་པས་རླུང་འཇམ་


MLP014_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ཉལ་གྱིས་སོང་ནས་འགགས་པ་ལ་ཕྱོགས་པའམ། གལ་ཏེ་འགགས་ན་ཐབས་ཀྱིས་སློང་ཞིང་། དེས་རྒྱུ་བ་གསལ་བ་དང་རླུང་ལྔའི་ཁ་དོག་མཐོང་བ་ལ་སོགས་པ་འབྱུང་བར་འགྱུར་རོ། །གཉིས་པ་འཇམ་རླུང་དགང་གཏོང་གིས་སྲོག་དབུ་མར་ཞུགས་པ་ནི། རླུང་གང་ནས་རྒྱུ་བལྟས་ཏེ། སྣ་བུག་གཡས་ནས་རྒྱུ་ན། ལག་པ་གཡོན་པའི་ཐལ་མོས། ནུ་མ་གཡས་མནན་ཏེ། མཆན་ཁུང་དུ་བཅུག་པ་བར་ལྷུ་གཡས་པས་མནན་ལ་རླུང་རོ་བསལ། གདོང་དང་མིག་གཡོན་དུ་བལྟས་ཏེ། གཡས་པའི་མཛུབ་མོས་སྣ་བུག་གཡོན་བཀག །སྣ་བུག་གཡས་ནས་རླུང་ཤུགས་ཆེ་ལ་རིང་བར་རྔུབས་ཏེ་ལྟེ་བར་མནན། ཅུང་ཟད་བསྡམས་ནས་མི་ཐུབ་པ་དང་། གདོང་མིག་གཡས་སུ་བསྒྱུར་ཞིང་། ལག་པ་གཡས་གཡོན་པའི་མཆན་དུ་བཅུག་ནས། གཡོན་པའི་མཛུབ་མོས་སྣ་གཡས་བཀག་སྟེ། གཡོན་ནས་རླུང་དྲག་ཏུ་འབུད། དེ་བཞིན་སྣ་བུག་གཡོན་ནས་རྒྱུ་ན། གཡོན་པས་བཀག་སྟེ་གཡས་ནས་གཏོང་བའི་ལག་ལེན་ལག་པ་གཡས་གཡོན་པའི་མཆན་དུ་བཅུག་ལ་བྱེད་པ་སོགས་སྔ་མ་ལས་གོ་བསྒྱུར་ནས་འཛིན་གཏོང་ཤེས་པར་བྱའོ། །དེ་ལྟར་རེ་མོས་ཀྱིས་ལན་འགའ་རེ་བསྐྱར་བས་རླུང་མཉམ་རྒྱུར་ནམ་སོང་བའི་ཚེ་བུམ་པ་ཅན་ཁ་སྦྱོར་དུ་བསྒོམ་ཞིང་། འདི་ནི་ཚེ་རིང་པོ་སྒྲུབ་པ་ལ་མཆོག་ཏུ་བསྔགས་སོ། །གསུམ་པ་རྩུབ་རླུང་བུམ་པ་ཅན་གྱི་སྲོག་དབུ་མར་འཆིང་བ་ནི། རླུང་མཉམ་རྒྱུར་འབབ་ན་ལེགས། གཡས་གཡོན་གང་རིགས་ནས་རྒྱུ་ན་ཡོན་པོ་སྲོང་བའི་རླུང་སྦྱོར་བཤད་མ་ཐག་པ་དེས་མཉམ་རྒྱུར་བཏང་སྟེ། གཡས་གཡོན་དབུས་གསུམ་ནས་རླུང་རོ་དགུ་ཕྲུགས་སུ་བསལ་རྗེས། འོག་རླུང་ཅུང་ཟད་བསྡམས། སྟེང་རླུང་མྱུར་བར་རྔུབས་ཏེ། ལྟེ་བར་སྐྱུར་ཐབས་སུ་མནན་པ་དང་ལྷན་ཅིག་ཏུ་མཆིལ་མ་མིད། འོག་རླུང་དྲག་ཏུ་སྐུམ་སྟེ་ཁ་སྦྱོར་ལྟེ་བར་ཐུབ་ཚད་བཟུང་། མི་ཐུབ་པ་འདྲ་ན་རྔུབ་ཆུང་ལན་གསུམ་གྱིས་མནན། དེ་ནས་ཀྱང་མི་ཐུབ་ན་དལ་བུས་ཕྲ་ལ་རིང་བའི་ཤུགས་ཀྱིས་མཐར་བསྲངས་ཏེ་འབུད་དོ། །འདིར་པུས་མོ་ལ་ཐལ་མོ་ལན་རེ་བསྐོར་ནས་སེ་གོལ་ག །ཏོག་པའི་ཡུན་ཚད་སུམ་ཅུ་རྩ་དྲུག་དང་། བདུན་ཅུ་དོན་གཉིས་དང་། བརྒྱ་རྩ་བརྒྱད་ཐུབ་པ་བུམ་ཅན་ཆུང་འབྲིང་རབ་ཀྱི་ཚད་དུ་གྲགས་སོ། །འདི་དག་ལ་


MLP014_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོ་སྟོང་གཟུགས་དང་། རླུང་གི་རེག་བྱ་ཉམས་སུ་མྱོང་བའི་ཤེས་པ་གཅིག་ཉིད་རང་གི་རིག་པའི་ཚུལ་གྱི་མཉམ་པར་འཇོག་སྟེ། ཅུང་ཟད་སྒོམ་ནས་རླུང་ཕྱིར་འགྲོ་དུས་སྟོང་གཟུགས་ཉིད་ལ་སྒྲིམ་པའི་ཚུལ་གྱིས་བསྒོམ། ནང་དུ་འཇུག་པའི་སྐབས། གཟུགས་སྣང་ཉིད་སེམས་ཀྱི་ངོ་བོར་མྱོང་བར་བྱས་ནས་སེམས་ཉིད་ལ་མཉམ་པར་བཞག །ནང་དུ་གནས་པའི་སྐབས་རླུང་དང་། སྟོང་གཟུགས་སེམས་གསུམ་ཆ་མཉམ་པར་བཞག་པ་ལས། མྱོང་བ་པོའམ། ཚོར་བ་པོའམ། རིག་པ་པོའམ། མཐོང་བ་པོ་དབྱིངས་སུ་ཡལ་བའི་ངང་ལ་རྩོལ་མེད་དུ་བཞགདེ་ལྟར་སྡོམ་འབྱུང་ལས། བདག་ཉིད་རིག་པས་རྐང་མཐིལ་བར། །ཐམས་ཅད་རླུང་གིས་ཀུན་བཀང་སྟེ། །བུམ་པ་ཅན་ལ་བརྟེན་བྱས་ནས། །དབྱེ་བ་གསུམ་གྱིས་གཞོམ་པར་བཤད། །ཅེས་འབྱུང་། སྲོག་རྩོལ་འདི་རྣམས་ཀྱང་ཇི་སྲིད་མགོ་བོ་ན་ཞིང་སྙིང་ཁར་འཚང་བ་དང་། འོད་ཀྱི་འཁོར་ལོ་ལྟ་བུའི་རྟགས་མཐོང་ནས། དེ་ཉིད་སྟེང་གི་ཕྱོགས་མཐོན་པོར་སོང་བའི་ཉམས་བྱུང་ན། རེ་ཞིག་ཐུན་མཚམས་བྱ་བའམ། ཡང་ན་སོར་བསམ་དག་བསྒོམ་པར་བྱ་ཞིང་། སྲོག་རྩོལ་སྒོམ་པའི་ཐུན་མཚམས་རྣམས་སུ། སེམས་རྣམ་པར་མི་རྟོག་པ་དང་། ངག་རླུང་བུམ་པ་ཅན་གྱི་ངང་ནས། ལུས་སྦྱོངས་དང་པོར་དལ་བུ་དང་། ཕྱིས་དྲག་ཅིང་ཤུགས་ཆེ་བ་ཡང་ཡང་བྱ། ཧ་རིང་ཧ་ཐུང་དང་འབེབས་ཆེ་ཆུང་ཡང་ཇི་ལྟར་རིགས་པར་བྱའོ། །དེ་ལྟར་འབད་པས་གཡས་གཡོན་གྱི་རླུང་བཅུ་དབུ་མར་འགགས་པའི་མཐུ་ལས་ལུས་ཉམས། ངག་ཉམས། སེམས་ཉམས། མཐོང་ཉམས། རྨི་ཉམས་རྣམས་རྒྱ་ཆེར་འབྱུང་ཞིང་། དེ་དག་ཀྱང་ཡིད་ཀྱི་མངོན་སུམ་གྱི་ཚད་མས་མཐོང་བར་འགྱུར་རོ། །བཞི་པ་འཛིན་པའི་ཡན་ལག་ནི། སྲོག་རྩོལ་གྱི་སྲོག་ཐུར་འདྲེས་ཟིན་པའི་རླུང་དེ་ཉིད་བུམ་པ་ཅན་གྱི་སྦྱོར་བས། རླུང་སེམས་དབུ་མའི་ཐིག་ལེར་བཅིངས་ནས་འཛིན་པར་བྱེད་པ་སྟེ། འདིར་ཡང་ལྟ་སྟངས་སྲོག་རྩོལ་དང་འདྲ་ལ། ཐོག་མར་ལྟེ་བའི་བུམ་ཅན་ནི། འོག་རླུང་ཅུང་ཟད་བསྡམས། སྟེང་རླུང་རྫོགས་པར་བཅུག་སྟེ། ལྟེ་འོག་དུ་མནན་རྗེས་འོག་རླུང་དྲག་ཏུ་བསྡམས་པས་ལྟེ་བར་དྲིལ། སྟེང་རླུང་མནན་ཙམ་ལས་དྲག་ཏུ་མི་གནོན་ཞིང་། རླུང་རྣམས་


MLP014_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

ལྟེ་བའི་ཐིག་ལེ་ལ་ཐིམ་པའི་མོས་པ་བྱེད། དེ་བཞིན་དུ་སྙིང་ཁའི་བུམ་ཅན་ནི་ཕལ་ཆེར་དེ་དང་འདྲ་བ་ལས་ལྟེ་བར་བུམ་ཅན་བཅས་ཟིན་མཚམས་ནས། སྙིང་གར་འདྲེན་པ་དང་། ལག་གཉིས་རྒྱབ་བསྣོལ་གྱི་རྡོར་དཀྱིལ་གྱི་མཐེ་བོང་གཡས་གཡོན་ཐེན་ཏེ་བྲང་ཐེར་གྱི་ཡོང་བ་བྱས། མགྲིན་བུམ་ནི། སྐྱིལ་ཀྲུང་བཅས་ཏེ་པུས་མོའི་ནང་ཁུངས་སུ་གྲུ་མོ་བཙུག །ལག་སོར་མོ་བསྣོལ་བས་ལྟག་པ་ནས་མནན་ཏེ། མགོ་སྒྱུར་རླུང་ཁ་ནས་རྔུབས་ཏེ། ལྟག་པའི་ཐད་གར་ཤུགས་སྐྱིལ་ལ་ལྐོག་མས་ཨོལ་མདུད་མནན། ཐུར་སེལ་མགྲིན་པའི་ཐད་ཀར་འཕུལ་ལོ། །དཔྲལ་བའི་བུམ་ཅན་ནི། ཕལ་ཆེར་དེ་དང་འདྲ་བ་ལ་ལག་གཉིས་སྔར་བཞིན་ལས་སྤྱི་བོ་ནས་ཐེན། རླུང་ཡང་ཁ་ནས་རྔུབས་པ་རྐན་ཕུགས་སུ་སྐྱིལ་བ་ཙམ་ཁྱད་པར་རོ། །གཙུག་ཏོར་གྱི་བུམ་ཅན་ཡང་དམིགས་པ་གཙུག་ཏོར་གྱི་འཁོར་ལོར་བྱེད་པའི་ཁྱད་པར་མ་གཏོགས་དེ་དང་འདྲའོ། །གསང་བའི་བུམ་ཅན་ནི། རྟིང་པ་གཅིག་གིས་བཤང་སྒོ་བརྟེན། གཅིག་གིས་གསང་གནས་མནན། ལག་གཉིས་གཞུག་ཆུང་ནས་ཕར་འཁྱིད་གང་ཙམ་གཞལ་བའི་སར་བཙུགས། གདོང་གྱེན་དུ་ཕྱོགས་པའི་རླུང་དྲག་ལ་རིང་བ་མནན། བཤང་གཅིའི་ལམ་གཉིས་ཀ་ནས་ཐུར་སེལ་ལན་མང་དུ་དྲངས་པ་དང་། སྟེང་རླུང་རྒྱུ་ཞབས་ཀྱི་འོག་ཏུ་མནན་པ་གཉིས་ཁ་སྦྱར་ཏེ་བཞག །དེ་ཐམས་ཅད་ལ་འཁོར་ལོ་རང་རང་གི་ལྟེ་བའི་ཐིག་ལེ་ལ་རླུང་རྣམས་ཐིམ་པས། རྩ་འཁོར་སོ་སོའི་ཐད་དུ་ན་བུན་ཆགས་པ་ལྟར་གནས་པའི་མོས་པ་ཡང་ཡང་བྱ་བ་གནད་ཆེ། དེ་ཡང་ཁམས་ཚོད་བཟུང་གིན་མ་བསྒོམས་ན། བགེགས་ཆེ་བས། ལས་དང་པོ་པས་ལྟེ་བའི་བུམ་ཅན་ཉི་ཤུ་ཙམ་རེའི་མཐར། སྙིང་ཁའི་བུམ་ཅན་ལན་གཅིག་གམ་གཉིས་རེ་བསྒོམ། དེ་འདྲ་བ་ལན་གཉིས་ཀྱི་མཐར། མགྲིན་པའི་བུམ་ཅན་ལན་གཅིག་རེ་བསྒོམ་པ་སོགས་རིམ་གྱིས་ཆ་བརྩིས་ནས་བསྒོམ་ཞིང་དེ་ལྟར་འཁོར་ལོ་ལྔའི་མཐར། གསང་བུམ་ལན་གཅིག་བསྒོམ་པ་རྣམས་བྱ། མགྲིན་པ། དཔྲལ་བ། གཙུག་ཏོར་གསུམ་ལ་སྙིང་ཁའི་བུམ་ཅན་ཡར་དྲངས་ཏེ་མི་འཛིན་ཡང་། རླུང་གཏོང་ཁར་སྙིང་ཁ་ཡན་ཆད་ཀྱི་བུམ་ཅན་རྣམས། ལྟེ་བར་ཕབ་ནས་གཏོང་དགོས་ཤིང་བཏང་རྗེས་སོར་བསམ་ལྟར་སྤྲོས་མེད་ཀྱི་ངང་ནས་བསྐྱངས་


MLP014_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་ངལ་གསོ་བའང་གནད་ཆེ། རླུང་རོ་འཁྱིམས་ཀྱི་དོགས་ན། སྙིང་ཁའི་བུམ་ཅན་མཐར་རོ་སྟོད་བཅུད་ཅིང་ཧ་འདོན། མགྲིན་པའི་མཐར་ཁ་བཙུམ་ནས་མགྲིན་རླུང་དྲངས་ཏེ་འབུད། དཔྲལ་བ། གཙུག་ཏོར་གྱི་མཐར་སྣ་མཛུབ་མོས་བཀག་ནས། ཐོད་པའི་རླུང་དྲངས་ཏེ་འབུད། དེ་ནས་སྲོག་རྩོལ་དང་། འཛིན་པ་གཉིས་ཐུན་མོང་གི་བོགས་འདོན་དུ་ཧཱུྃ་རིང་དྲག་པོས་ཐུར་སེལ་གྱེན་དུ་དྲངས་ཤིང་། ཧཱུྃ་ཐུང་གི་སྟེང་རླུང་རྔུབས་ནས་ཀྱང་ཐུར་སེལ་འདྲེན་པ་བསྟུད་མར་ལན་མང་དུ་བསྒོམ། ལུས་གནད་འཕོངས་སྟེང་བཙུད་ལ་ཙོག་བུ་བྱ། ལག་པ་བརླ་ནང་ནས་རྒྱུད། རྐང་པའི་ངར་གདོང་ནས་འཐེན་པའོ། །ཡང་རླུང་ཕྱིར་བཟུང་བའི་ངང་ནས། ཧཱུྃ་རིང་གིས་དྲངས་ཏེ་འོག་སྒོ་གཉིས་སུ་རེ་མོས་ཀྱིས་དྲག་ཏུ་བསྡིགས། ཡང་ཕྱིར་བུས་ནས་ཀྱང་འོག་སྒོ་གཉིས་སུ་ཤུགས་ཡང་ཡང་བཅུག་གོ །འདི་ལ་ལུས་གནད་སྔར་ལྟར་རམ་ཡང་ན་སྒྱིད་པ་གཉིས་བར་ལྷུ་ལ་བཀལ་ཏེ། ལག་པའི་ཤུགས་ཀྱིས་བྱིན་པ་གཉིས་གྱེན་ལ་འདེགས། འདི་གཉིས་ཀ་ལ་མ་ནིང་གི་རླུང་ཤུགས་བསྐྱེད་པའི་ངང་ནས་འོག་སྒོ་བསྡམས་གློད་དྲག་པོ་མང་དུ་བྱེད་པ་དང་། སྟེང་རླུང་ཁ་དང་སྣ་རེ་མོས་ནས་རྔུབས་ཏེ། མགྲིན་པར་མིད་ནས་ལྟེ་བར་འཕུལ་བ་དང་། སྒྲེགས་པ་འདོན་པ་ཡང་ཡང་བྱའོ། །རླུང་སྦྱོར་གསུམ་པ་འདི་ནི། ཤིན་ཏུ་རྣོ་བས་གཡས་གཡོན་སྲོག་ཐུར་རྣམས་བསྲེ་ནུས་པ་ལ་ཚེགས་མེད་དེ། ཧཱུྃ་ཕཊ་སྦྱོར་བའི་མན་ངག་དང་གནད་གཅིག་པ་ལས། ད་དུང་འདི་ཟབ་ཅེས་གསུང་། ཐུན་མཚམས་རྣམས་སུ་ལུས་སྦྱོང་ལ་འབད་པར་བྱ་ཞིང་། སྲོག་རྩོལ་གྱིས་གཡས་གཡོན་སྟེང་འོག་གི་རླུང་རྣམས་རོ་གཅིག་ཏུ་འདྲེས་པ་དེ་ཉིད་འཛིན་པས་དབུ་མར་ཐིམ་པ་ལས། བདེ་དྲོད་ཀྱི་ཉམས་དང་གཞོམ་མེད་ཀྱི་སྒྲ་དང་། སྲིད་གསུམ་གྱི་སྣང་བརྙན་རབ་འབྱམས་འབྱུང་སྟེ། དགྱེས་པ་རྡོ་རྗེ་ལས། ཆོས་འབྱུང་ལས་སྐྱེས་ཡེ་ཤེས་ནི། །མཁའ་མཉམ་ལྷན་ཅིག་ཐབས་དང་བཅས། །ཐབས་དང་ཤེས་རབ་རང་བཞིན་ལས། །འཇིག་རྟེན་གསུམ་པོ་དེ་ལས་སྐྱེས། །ཞེས་གསུངས་སོ། །ལྔ་པ་རྗེས་དྲན་གྱི་ཡན་ལག་ནི། སྟོང་གཟུགས་ཕྱག་རྒྱ་ཆེན་མོ་རྗེས་སུ་དྲན་པས་ཡང་


MLP014_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་བསྒོམ་ཞིང་དྲག་ཏུ་རྩོལ་བའི་སྒོ་ནས་ཞུ་བདེ་འཛག་མེད་སྒྲུབ་པ་སྟེ། འདིར་ཡང་ལུས་གནད་གཞན་འདྲ་བ་ལས། ལག་གཉིས་ཁུ་ཚུར་སྙིང་ཁར་སྣོལ། ལྟ་སྟངས་ཐད་ཀར་གཡོ་མེད་དུ་ལྟ། རང་ཉིད་དུས་འཁོར་ལྷན་སྐྱེས་ཡབ་ཡུམ་དུ་གསལ་བཏབ། སྟོང་གཟུགས་ཀྱི་སྣང་མདངས་ལྷ་སྐུར་སྣང་བ་སྟོང་གཟུགས་ཀྱིས་ཁྱབ་པར་བྱས་ལ་ཅུང་ཟད་མཉམ་པར་བཞགསྟོང་གཟུགས་ཀྱི་སྣང་བ་དེ་ལྟར་འདྲེན་མི་ཐུབ་ན། ལྷ་སྐུ་གསལ་སྟོང་ལ་དམིགས་ཏེ་ཅུང་ཟད་བཞག །ལྷ་ཡབ་ཡུམ་གྱི་གནས་དྲུག་ཏུ་ༀ་ཨཱཿཧཱུྃ་ཧཱོ་སྭཱ་ཧཱཿརྣམས་དཀར་དམར་ནག་སེར་སྔོ་ལྗང་གི་ཁ་དོག་ཅན་གྱི་རྒྱས་བཏབ། ཡུམ་གྱི་མཁའ་པདྨ་དམར་པོ་འདབ་བརྒྱད་ལྟེ་བར་རྡོ་རྗེ་སྔོན་པོ་ཕྲ་མོས་མཚན་པ། ཡབ་ཀྱི་གསང་གནས་རྡོ་རྗེ་རྩེ་ལྔ་པ་ལྟེ་བའི་ནང་དུ་པདྨ་དམར་པོ་འདབ་བརྒྱད་ཕྲ་མོས་མཚན་པ་གསལ་བཏབ། དེ་ནས་རྗེས་ཆགས་ཀྱི་སྤྱོད་པས་སྙོམས་པར་ཞུགས་པར་བསམས་ནས། ལྟེ་བར་རླུང་ཁ་སྦྱར། དྷུ་ཏིར་ཡེས་ཤེས་ཀྱི་རླུང་གཡོ་མེད་དུ་བཟུང་། ལྟེ་བའི་ཧོ་ཡིག་འབར་བས་གཙུག་ཏོར་གྱི་ཧཾ་ཡིག་ཞུ་ནས་དཔྲལ་བའི་འཁོར་ལོ་ཡན་ཆད་གང་བར་མོས་ལ་སྟོང་གཟུགས་དང་བསྲེ། ལུས་གནད་དེ་ཁའི་སྟེང་ནས་གཙུག་ཏོར་དང་། དཔྲལ་བའི་བུམ་ཅན་ཡུན་ཐུང་ངུ་རེ་འཛིན། དགའ་བའི་སྐད་ཅིག་མའོ། །ཐིག་ལེའི་རྒྱུན་དེ་ཉིད་ཆེར་རྒྱས་ཏེ་ཞུ་བས། མགྲིན་པ་དང་སྙིང་ཁའི་འཁོར་ལོ་ཡན་གང་སྟོང་གཟུགས་དང་བསྲེ། མགྲིན་སྙིང་གི་བུམ་ཅན་ཚར་རེ་སྔར་ལས་ཡུན་རིང་ཙམ་རེ་བཟུང་། མཆོག་དགའི་སྐད་ཅིག་མའོ། །ཡང་བྱང་སེམས་སྔ་མའི་རྒྱུན་ཆེར་རྒྱས་ཏེ་ཞུ་བས། ལྟེ་བ་དང་གསང་གནས་ཀྱི་འཁོར་ལོ་ཡན་ཆད་གང་སྟོང་གཟུགས་དང་བསྲེ། ལྟེ་གསང་གི་བུམ་ཅན་ཡུན་རིང་བ་རེ་བསྒོམ་ཁྱད་དགའི་སྐད་ཅིག་མའོ། །ཡང་བྱང་སེམས་འཕེལ་བའི་རྒྱུན་གསང་བ་རྡོ་རྗེ་ནོར་བུའི་བར་དུ་བྱང་ཆུབ་ཀྱི་སེམས་ཀྱིས་གང་བར་མོས་ལ། སྟོང་གཟུགས་ལ་རིང་དུ་མཉམ་པར་འཇོག་བཞིན་པའི་བུམ་ཅན་སྦྱོར་བ་གཅིག་དང་། དེ་ནས་སྲོག་ཕྱིར་གསལ་ཞིང་། ཐུར་སེལ་དྲག་ཏུ་གློད་པས་རྩ་ལྟེམ་པར་འགྱུར། མ་ནིང་གི་རླུང་ཤུགས་དང་ལྡན་པས་རླུང་ལྡོག་པར་འགྱུར་ལ། ནང་གི་བརྟུན་བརྡུང་གི་སྦྱོར་བས་རྦ་རླབས་ཞི་བར་འགྱུར་ཏེ། དེ་


MLP014_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ལུས་ངག་འདྲེས་པའི་གནད་གསུམ་དང་། སེམས་སྟོང་གཟུགས་ཕྱག་རྒྱ་ཆེན་པོ་ལ་བཞག་པའི་རྣལ་འབྱོར་པའི་གནད་བཞི་ལྡན་གྱིས་བཟུང་བས་ཕྱིར་འཕྲོ་བ་འགགས་ཏེ། བྱང་སེམས་རྡོ་རྗེ་ནོར་བུར་ཁྱིལ་ལི་ཁྱིལ་ལི་འཁྱིལ་བར་བསམ། ལྷན་སྐྱེས་དགའ་བའི་སྐད་ཅིག་མའོ། །དེ་ནས་ཙོག་པུ་རྟིང་པ་ཏེག་པ་བྲང་ང་ཙིག་བཀུར་རྡོ་རྗེ་ཁུ་ཚུར་བསྣོལ་ནས། ཧིང་དང་ཧུར་དང་ཧག་དང་ཧིག་རྣམས་ཀྱི་ལྟེ་སྙིང་མགྲིན་གཙུག་རྣམས་སུ་རིམ་གྱིས་དྲངས། སེངྒེ་རྣམ་རོལ་ལ་སོགས་པས་རྩ་མིག་ཏུ་འགྲེམ། དེ་རྗེས་བུམ་པ་ཅན་ཅི་རིགས་བསྒོམས་པས་རླུང་དང་བསྲེ་ཞིང་། ཞུ་བདེའི་ཉམས་དང་འོད་གསལ་རྟགས་སྣང་ལ་དམིགས་ནས་མི་གཡོ་གསུམ་ལྡན་གྱི་ངང་བསྐྱང་བའི་ཡེ་ཤེས་ཆེན་པོར་བསྐྱལ་བའི་གནད་དོ། །དེ་ལྟར་འཁོར་ལོ་སོ་སོར་དབབ་པའི་དུས་ནས་བཟུང་བཟློག་ཁྱབ་པའི་གནད་རེ་ཚང་བར་བྱས་པའི་གནད་དུ་འགྲོ་བ་ཡིན་ནོ། །འདི་ལ་འབད་པས་སྟོང་གཟུགས་དང་སེམས་གནས་མྱུར་དུ་བོགས་ཐོན་པར་འགྱུར་ཞིང་། དེ་དག་གི་ཚེ་ཉམས་གང་སྐྱེས་བྱུང་རྒྱལ་དུ་བསྐྱངས་པས། བགེགས་དང་གོལ་ས་རྣམས་ལས་གྲོལ་ཏེ། ཡོན་ཏན་གོང་འཕེལ་དུ་འགྱུར་རོ། །དྲུག་པ་ཏིང་ངེ་འཛིན་གྱི་ཡན་ལག་ནི། ཡུལ་སྟོང་གཟུགས་དང་ཡུལ་ཅན་བདེ་བའི་སེམས་གཅིག་ཏུ་འདྲེས་པས་འཕོ་མེད་ཀྱི་བདེ་བ་ཐོབ་ཅིང་། འོད་གསལ་སྟོང་གཟུགས་ལ་རྩེ་གཅིག་པའི་ཏིང་ངེ་འཛིན་ཏེ། དེའི་རང་བཞིན་སྟོང་གཟུགས་ཕྱག་རྒྱ་ཆེན་མོས་ཞུ་བདེ་དྲངས་པ་ན་མི་རིང་བར་མི་འགྱུར་བའི་བདེ་བ་ཞེས་པ་རྗེས་ཆགས་ཀྱི་ཐིག་ལེའི་འགྲོས་ལས་ཤར་བའི་ལྷན་སྐྱེས་དང་། སྟོང་གཟུགས་ངོ་བོ་གཅིག་ཏུ་འགྱུར་ཏེ། ཟུང་འཇུག་དེའི་ངོ་བོ་ལ་དབྱེ་བ་མེད་ཀྱང་། ལམ་པའི་བློས་རྟོགས་ཚུལ་ལ་ལས་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འགགས་པའི་དབྱེ་བས། མི་འགྱུར་བའི་བདེ་བའང་དེ་སྙེད་དུ་འགྱུར་ཞིང་འཁོར་ལོ་དྲུག་ཏུ་རླུང་འཕོ་བ་བཅུ་གཉིས་སྟོང་བརྒྱད་བརྒྱ་རེའི་གྲངས་སུ་འགགས་པས་འཁོར་ལོ་རེའི་གནས་རེར། ས་གཉིས་གཉིས་ཐོབ་སྟེ་ས་བཅུ་གཉིས་ཀྱི་དབང་ཕྱུག་ཏུ་འགྱུར་བ་དང་། དམར་ཆའི་དྭངས་མ་གཙུག་ཏོར་ནས་ནོར་བུའི་བར་དུ་ཆ་བཅུ་གཉིས་སུ་བརྟན་པས། བདེན་དོན་རྣམ་པ་བཅུ་


MLP014_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་དང་། དཀར་ཆའི་དྭངས་མ་ནོར་བུ་ནས་གཙུག་ཏོར་གྱི་བར་དགའ་བ་བཅུ་དྲུག་གི་རིམ་པར་བརྟན་པས། དེ་ཉིད་རྣམ་པ་བཅུ་དྲུག་མངོན་དུ་གྱུར་ཏེ། མདོར་ན་ཁུ་རྡུལ་རླུང་སེམས་བཞི་དག་པས་རྡོ་རྗེ་བཞི་དང་། མི་ཕྱེད་པའི་བདག་ཉིད་རྡོ་རྗེ་འཆང་ཆུང་ངུའི་གནས་ཐོབ་ནས་རྡོ་རྗེ་སེམས་དཔའ་ཞེས་ཐ་སྙད་འདོགས་ཏེ། དེ་ལྟར་ཡང་། ཡན་ལག་བཅུ་གཉིས་འགགས་པ་ཡིས། །དུས་སྦྱོར་རྣམས་ནི་མི་འབབ་ཕྱིར། །ས་རྣམས་བཅུ་གཉིས་ཞེས་བྱ་བ། །གནས་ལ་སོགས་པ་དོན་དམ་པའོ། །ཞེས་དང་། མཆོག་ཏུ་མི་འགྱུར་སྐད་ཅིག་ནི། །སྟོང་ཕྲག་ཉི་ཤུ་རྩ་གཅིག་དང་། །དྲུག་བརྒྱ་ཡོངས་རྫོགས་རྒྱལ་པོ་ཆེ། །རྡོ་རྗེ་སེམས་དཔར་རང་ཉིད་འགྱུར། །ཞེས་གསུངས་པ་ལྟར་རོ། །ཏིང་ངེ་འཛིན་གྱི་རང་བཞིན་དེ་ལྟར་ཡིན་ཡང་། ལས་དང་པོ་པས་སྒོམ་ཙམ་དུ་ཉམས་སུ་ལེན་ན། ལུས་གནད་གཞན་སོར་བསམ་ལྟར་ལས། ལྟ་སྟངས་མིག་སྣ་རྩེར་ཕབ། ངག་རླུང་རྡོར་བཟླས་དང་། བར་རླུང་འཛིན་པ་མ་ནིང་གི་རླུང་སྦྱོར་ཙམ་ལས་གཞན་མི་བྱ། སེམས་གནད་སོར་སྡུད་དུ་མཐོང་བའི་ཡུལ་འོད་གསལ་སྣང་སྟོང་། སྲོག་རྩོལ་དུས་ཤར་བའི་ཤེས་པ་གསལ་སྟོང་། རྗེས་དྲན་གྱི་དུས་ཉམས་སུ་མྱོང་བའི་བདེ་སྟོང་ཟུང་འཇུག་ལ་མཉམ་རྗེས་མེད་པར་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལས་མི་གཡོ་བར་རྩེ་གཅིག་ཏུ་བསྒོམས་པ་སྟེ། བསྒོམ་པ་དམིགས་བཅས་སྟོང་གཟུགས་དང་། །དམིགས་མེད་བདེ་བ་རོ་མཉམ་པ། །སེམས་ནི་མི་གཡོ་བརྟན་པར་གནས། །དངོས་པོ་ཐམས་ཅད་བདེ་བར་འཆར། །ཞེས་སྙན་རྒྱུད་ལས་གསུངས་སོ། །གསུམ་པ་རྗེས་ཀྱི་རིམ་པ་ནི། ཉམས་མྱོང་རིམ་པར་སྐྱེས་པའི་རྟགས་ཚད་ཇི་ལྟར་ཉམས་སུ་མྱོང་བའི་དོན་ངོ་སྤྲོད་ཅིང་། གེགས་སེལ་བོགས་འདོན་དང་བཅས་པའི་གདམས་ངག་མཐའ་རྒྱས་སུ་གདབ་པར་བྱ་བའོ། །དེ་ལྟར་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་ཡན་ལག་དྲུག་གི་མན་ངག་སྙིང་པོར་དྲིལ་ནས་ཉམས་སུ་ལེན་པའི་འཁྲིད་དམིགས་སྐྱུད་བྱང་དུ་བཀོད་པ་འདི་ཡང་། འོ་དེ་གུང་རྒྱལ་གྱི་ལྷ་གཞོལ་བསམ་གཏན་དང་རྗེས་སུ་འབྲེལ་བའི་དབེན་རིར་ཟབ་མོའི་དོན་ལ་ཐུགས་གཞོལ་བའི་དགེ་སློང་དགེ་བའི་བཤེས་གཉེན་སྤོང་བ་པ་ཡོན་ཏན་


MLP014_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

དར་རྒྱས་དང་། དེའི་ཉེ་བར་གནས་པ་བསྟན་འཛིན་འཕྲིན་ལས་ཟུང་གི་སྙེལ་ཐོར། སྨྱོས་ཀྱི་དགེ་སློང་རྒན་པོ་དྷརྨ་ཤྲཱིས་སྤེལ་བ་སྟེ། ཚུལ་འདིས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་པ་བླ་ན་མེད་པའི་རྒྱུར་གྱུར་ཅིག། །།


previousསྦྱོར་བ་ཡན་ལག་དྲུག་གི་ཟིན་བྲིས་བརྗེད་བྱང་དུ་བཀོད་པ། ལོ་ཆེན་དྷརྨ་ཤྲཱི། next