རྟ་མགྲིན་ནག་པོའི་ལས་འགྲིགས་དངོས་གྲུབ་རྒྱ་མཚོའི་སྤྲིན་ཕུང་།
རྟ་མགྲིན་ནག་པོའི་ལས་འགྲིགས་དངོས་གྲུབ་རྒྱ་མཚོའི་སྤྲིན་ཕུང་བཞུགས་སོ། །
ན་མོ༔ བཛྲ་ཀྲོ་དྷཱ་ཡ། དཔལ་རྟ་མགྲིན་ནག་པོའི་བསྙེན་བསྒྲུབ་ཉམས་སུ་བླངས་བར་འདོད་ན། སྔོན་དུ་འདི་ཡི་དབང་དང་སྲོག་གཏད་ལེགས་པར་ནོས་ཏེ། དམ་ལ་གནས་ནས། རྟེན་བཀྲམ་ཞིང་མཆོད་པ་ལ་སོགས་པ་གཞུང་ལྟར་འདུ་བྱས་ནས། ཐོག་མར་སྐྱབས་སུ་འགྲོ་བ་ནི། བདག་ནི་དེང་ནས་བྱང་ཆུབ་བར༔ བླ་མ་དཀོན་མཆོག་ཡི་དམ་ལྷ༔ པདྨ་དབང་གི་དཀྱིལ་འཁོར་དུ༔ སྐྱབས་སུ་མཆིའོ་ཐུགས་རྗེས་ཟུངས༔ ལན་གསུམ་བྱ༔ དེ་ནས་སེམས་བསྐྱེད་པ་ནི༔ སེམས་ཅན་མ་ལུས་ཐམས་ཅད་ཀུན༔ སངས་རྒྱས་ས་ལ་འགོད་བྱའི་ཕྱིར༔ རྟ་
མགྲིན་དབང་གི་དཀྱིལ་འཁོར་དུ༔ བདག་ནི་འཇུག་ཅིང་བསྒྲུབ་པར་བགྱི༔ ལན་གསུམ་བྱ། ཚོགས་བསགས་པ་ནི། ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི༔ བླ་མ་ཡི་དམ་ལྷ་ཚོགས་དང་༔ རྒྱལ་བ་མ་ལུས་སྲས་དང་བཅས༔ དཔའ་བོ་མཁའ་འགྲོར་སྐྱབས་སུ་མཆི༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ སྡིག་པའི་ཚོགས་རྣམས་མཐོལ་ལོ་བཤགས༔ བདག་གཞན་དགེ་ལ་རྗེས་ཡི་རངས༔ ཆོས་ཀྱི་འཁོར་ལོ་བསྐོར་བར་
བསྐུལ༔ མྱ་ངན་མི་འདའ་བཞུགས་སུ་གསོལ༔ དགེ་བ་བྱང་ཆུབ་ཆེན་པོར་བསྔོ༔ ལན་གསུམ་བྱ༔ བསྟན་པ་དང་སེམས་ཅན་གྱི་དོན་དུ་སངས་མ་རྒྱས་ཀྱི་བར་དུ་ལུས་ངག་ཡིད་གསུམ་དག་པ་ལ་བསྐུལ་ཞིང་དཔལ་རྟ་མགྲིན་ནག་པོའི་བསྒོམ་བཟླས་ལ་འཇུག་པར་བྱའོ༔ ཛཿཧཱུྃ་བཾ་ཧོ༔ ཚོགས་ཞིང་རྣམས་རང་ལ་ཐིམ་པར་གྱུར༔ རང་ཉིད་སྐད་ཅིག་གིས་དཔལ་རྟ་མགྲིན་ནག་པོའི་སྐུར་གྱུརཿ དཀར་བགེགས་བྱིན་རླབས་དང་གཏོར་མ་ཕུལ་བ་སྤྱི་ལྟར་བྱ༔ མཚམས་བཅད་པ་ནི༔ཧཱུྃཿ ང་ནི་ཆེ་མཆོག་ཧེ་རུ་ཀ༔ ཆེ་བའི་ལྷ་རྣམས་ང་ཡི་འཁོར༔ དྲེགས་པ་མ་ལུས་འདུལ་བའི་ཕྱིར༔ ཕྱོགས་བཅུར་ཁྲོ་བོའི་སྤྲུལ་པ་འགྱེད༔ ཡེ་ཤེས་ཁྲོ་རྒྱལ་ཆེན་པོ་བཅུ༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ ཁྲོ་གཉེར་མཆེ་བ་རབ་ཏུ་གཙིགས༔ སྐུ་སྟོད་ཞིང་ཆེན་གཡང་གཞི་གསོལ༔ སྐུ་སྨད་སྟག་གི་ཤམ་ཐབས་ཅན༔ དུར་ཁྲོད་ཆས་ཀྱིས་རབ་ཏུ་བརྒྱན༔ གཡོན་པས་འགུགས་བྱེད་ལྕགས་ཀྱུ་ཡིས༔ དགྲ་བགེགས་སྙིང་ནས་
རབ་བཟུང་ཞིང་༔ གཡས་པས་རྡོ་རྗེ་རལ་གྲི་ཡིས༔ དགྲ་བགེགས་ཐལ་བ་རྡུལ་དུ་རློག༔ སྤྲུལ་པའི་ཁྲོ་བོས་ནམ་མཁའ་ཁེངས༔ ཧཱུྃ་གི་སྒྲ་སྒྲོགས་དི་རི་རི༔ ཕཊ་ཀྱི་བརྡའ་སྐད་ཁྲ་ལ་ལ༔ བར་ཆད་དགྲ་བགེགས་རྡུལ་དུ་རློག༔ མ་དག་པ་རྣམས་ཚར་ཆོད་ཅིག༔ བགེགས་ཀྱི་སྦྱོར་བ་རྒྱུན་ཆོད་ཅིག༔ བཛྲ་ཀྲོ་དྷ་ཛྭ་ལ་རཾ་རཀྵ་རཀྵ༔ བྱིན་ཆེན་དབབ་པ་ནི། ཧཱུྃ༔ ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང་༔ གཟུགས་སྐུ་འཇིགས་བྱེད་ཁྲོ་བོའི་སྐུར་སྟོན་པ༔ རྟ་མཆོག་དྲག་པོའི་དཀྱིལ་འཁོར་ལྷ་ཚོགས་རྣམས༔ གློག་ལྟར་མྱུར་བའི་ཐུགས་རྗེས་བརྩེར་དགོངས་ལ༔ འདིར་གཤེགས་དབང་སྐུར་བྱིན་ཕོབ་དངོས་གྲུབ་སྩོལ༔ ངོ་མཚར་རྟགས་དང་མཚན་མ་མྱུར་དུ་སྟོན༔ རྩ་སྔགས་མཐར་ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨ༔ མཆོད་པ་བྱིན་རླབས་ནི། ཧཱུྃ༔ ཆོས་དབྱིངས་མཉམ་པ་ཆེན་པོའི་ངང་ཉིད་ལས༔ འདོད་པའི་ཡོན་ཏན་མ་འགགས་རོལ་པར་ཤར༔ མེ་ཏོག་བདུག་སྤོས་སྣང་གསལ་དྲི་ཆབ་དང་༔
ཞལ་ཟས་རོལ་མོའི་བྱེ་བྲག་སྣ་ཚོགས་དང་༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས༔ མ་འགགས་ཐབས་ཀྱི་མཆོད་པ་བསམ་མི་ཁྱབ༔ ཨོཾ་བཛྲ་ཨརྒྷཾ་ནས་ཤཔྡ་ཨཱ་ཧཱུྃ༔ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བྷ་ལིངྟ་མ་ཧཱ་སུ་ཁ་པཱུ་ཙ་ཧོ༔ དེ་ནས་ལྷ་བསྐྱེད་པ་ནི༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྷྲི་ཝ་ཧཱུྃ་ཕཊ༔ ཅེས་བརྗོད་པ་ཙམ་གྱིས་སྐད་ཅིག་གིས་གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་དུ༔ བདག་ཉིད་ཁྲོ་བོ་རྟ་མགྲིན་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ་དྲག་པོའི་སྤྱན་གསུམ་བསྒྲད་ཅིང་སྨིན་མཚམས་སུ་ཁྲོ་གཉེར་བསྡུས་པ༔ ཞལ་གདངས་ཤིང་ལྗགས་འདྲིལ་བ་མཆེ་བ་བཞི་རབ་ཏུ་གཙིགས་པ༔ ཕྱག་གཡས་སྒྲོལ་བྱེད་ཀྱི་རལ་གྲིས་དགྲ་བགེགས་ཀྱི་མགོ་ལུས་དུམ་བུར་གཏུབ་པ༔ གཡོན་པས་འཛིན་བྱེད་ཀྱི་ལྕགས་ཀྱུས་དགྲ་བགེགས་ཀྱི་སྲོག་སྙིང་འདྲེན་པ༔ ཞབས་གཉིས་འདོར་ཐབས་ཀྱིས་དགྲ་བགེགས་ནོན་པར་མནན་པ༔ སྐུ་ལ་དར་ནག་གི་བེར་ཆེན་གསོལ་བ༔ སྤྱི་གཙུག་ཏུ་རྟ་མགོ་ལྗང་གུར་རྟ་སྐད་དྲག་པོ་ནམ་མཁའི་དབྱིངས་སུ་འཚེར་བས༔
ཁམས་གསུམ་མ་ལུས་དབང་དུ་སྡུད་ཅིང་སྲིད་གསུམ་མ་ལུས་ཟིལ་གྱིས་གནོན་པ༔ སྐུ་སྟོད་ལ་ཞིང་གི་གཡང་གཞི་དང་༔ སྐུ་སྨད་ལ་སྟག་གི་ཤམ་ཐབས་གསོལ་བ༔ ཐོད་སྐམ་ལྔ་ཡི་དབུ་རྒྱན་དང་༔ ཐོད་རློན་ལྔ་བཅུའི་དོ་ཤལ་བྱས་པ༔ བ་སྤུའི་གསེབ་ནས་མེ་ཡི་ཚྭ་ཚྭ་འཕྲོ་བ༔ བསྐལ་པའི་མེ་དཔུང་འབར་བའི་ཀློང་ན་བཞུགས་པ༔ དབུ་སྐྲ་གནམ་ལྕགས་ཀྱི་རལ་པ་བསིགས་པའི་སྐྲ་གསེབ་ནས་ཁྲོ་ཆུང་གི་ཚོགས་དཔག་ཏུ་མེད་པ་ཕྱིར་འཕྲོས༔དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད༔ ཁྲོ་ཆུང་ཐམས་ཅད་ཚུར་འདུས༔ སྲུང་བའི་གུར་ཁང་དང་ཟློག་བསད་ཀྱི་ལས་མཛད་པར་གྱུར༔ དེའི་སྤྱི་བོར་ཨོཾ༔ མགྲིན་པར་ཨཱཿཐུགས་ཀར་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་པར་གྱུར༔ ཧཱུྃ༔ ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང་༔ ཐུགས་རྗེ་ཁྲོས་པས་དགྲ་བགེགས་འཇོམས་མཛད་པ༔ ཁྲོ་མཆོག་དབང་གི་རྒྱལ་པོ་སྤྱན་འདྲེན་ན༔ དབང་གི་རྟ་སྐད་འཚེར་ཞིང་གཤེགས་
སུ་གསོལ༔ བཛྲ་ས་མ་ཡ་ཛཿཛཿཞེས་སྤྱན་དྲངས། ཧཱུྃ༔ བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས༔ དགྲ་བགེགས་དྲེགས་པ་བསྣོལ་བའི་གདན་སྟེང་དུ༔ དབང་གི་རྒྱལ་པོ་བཅོམ་ལྡན་ལྷ་ཡི་ལྷ༔ མི་གཡོ་དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ས་མ་ཡ་ཏིཥྛ་ལྷན༔ ཞེས་བཞུགས་སུ་གསོལ་ཞིང་། ཧཱུྃ༔ཆགས་མེད་སྐྱོན་བྲལ་པདྨ་རིགས་ཀྱི་ལྷ༔ ཀླུ་དབང་ཚུལ་གྱིས་གདུག་པ་འདུལ་མཛད་པ༔ རབ་འཇིགས་བསྐལ་པའི་མེ་ལྟར་གཟི་བརྗིད་འབར༔ ཁྲོ་རྒྱལ་རྟ་མགྲིན་སྐུ་ལ་ཕྱག་འཚལ་བསྟོདཿ ན་མོ་པུ་རུ་ཤ་ཡ་ཧོ༔ ཞེས་ཕྱག་བྱ༔ ཧཱུྃ༔ དུག་གསུམ་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་དང་༔ དུག་ལྔ་སྨན་སྦྱར་བདུད་རྩི་ཆེན་པོ་འདི༔ ཁྲོ་རྒྱལ་དབང་གི་སྐུ་ལ་མཆོད་པ་འབུལ༔ སྲིད་གསུམ་གདུག་པ་འདུལ་ཕྱིར་བཞེས་སུ་གསོལ༔ ཨོཾ་ཧྱ་གྲྀ་ཝ་ས་པཱ་རི་ཝ་ར་ཨརྒྷཾ་ནས་ཤཔྡ་མ་ཧཱ་སརྦ་པཱུ་ཛ་ཧོ༔ ཞེས་སྤྱིར་མཆོད་ནས༔ ཁྱད་པར་དུ་ཁྲོ་བོའི་རྒྱལ་པོའི་ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱིས་གཏོར་མའི་བཅུད་དྲངས་ནས་གསོལ་བར་
བསམས་ལ༔ ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷྲྀ་ཝ་ཧཱུྃ་ཕཊ༔ ཡཀྴ་ནག་པོ་དགྲ་བགེགས་མཱ་ར་ཡ༔ མཾ་ས་རཀྟ་ཙིཏྟ་ཀོ་རོ་ཙ་ན་བ་སུ་ཏ་ཀེཾ་ནི་རི་ཏི༔ བྷ་ལིངྟ་ཁ་རཾ་ཁཱ་ཧི༔ ཞེས་ལན་གསུམ་མམ་བདུན་གྱིས་ཕུལ༔ བསྟོད་པ་ནིཿཧཱུྃ༔ ཆོས་སྐུ་སྐྱེ་མེད་ངང་ལས་མ་གཡོས་ཀྱང་༔ ལོངས་སྐུ་འཇིགས་པའི་ཆ་ལུགས་རྫོགས་མཛད་པ༔ འབར་བའི་ཁྲོ་རྒྱལ་དབང་གི་སྐུར་སྤྲུལ་ནས༔ འཇིག་རྟེན་དྲེགས་པ་འདུལ་ལ་ཕྱག་འཚལ་བསྟོད༔ སྐུ་མདོག་མཐིང་ནག་ཆོས་ཉིད་འགྱུར་བ་མེད༔ དར་ནག་བེར་ཆེན་སྣང་སྲིད་ཟིལ་གྱིས་གནོན༔ སྤྱི་གཙུག་རྟ་དབུ་སྣ་ཚོགས་ཕྲིན་ལས་རྫོགས༔ བདུད་འདུལ་ནག་པོ་ཆེ་ལ་ཕྱག་འཚལ་བསྟོད༔ ཕྱག་གཡས་རལ་གྲིས་དགྲ་བགེགས་རྩད་ནས་གཅོད༔ གཡོན་པས་ལྕགས་ཀྱུས་མ་རུངས་སྙིང་ནས་འདྲེན༔ ལྕགས་རལ་གསེབ་ནས་ཁྲོ་ཆུང་སྤྲུལ་པ་འགྱེད༔ གནོད་སྦྱིན་གདུག་པ་འདུལ་ལ་ཕྱག་འཚལ་བསྟོད༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་རབ་ཏུ་གཙིགས༔ སྤྱན་གསུམ་སྡང་མིག་སྨིན་མ་
གློག་སྟོང་འཁྱུགས༔ དཔལ་གྱི་ཆས་ལྡན་མེ་དཔུང་ཀློང་ན་འགྱིང་༔ རབ་འཇིགས་དཔའ་བོ་ཆེ་ལ་ཕྱག་འཚལ་བསྟོད༔ ཧཱུྃ་གི་ང་རོས་ཁམས་གསུམ་དབང་དུ་སྡུད༔ ཕཊ་ཀྱི་འབྲུག་སྒྲས་ལོག་ལྟ་མ་རུངས་འཇོམས༔ རྟ་སྐད་དྲག་པོས་དྲེགས་པ་ལས་ལ་བསྐུལ༔ གསུང་མཆོག་རིགས་སྔགས་རྒྱལ་ལ་ཕྱག་འཚལ་བསྟོད༔ ཐུགས་ཉིད་སྤྲོས་དང་བྲལ་བའི་རང་བཞིན་ལས༔ ཡེ་ཤེས་ལྔ་ཡི་མཚན་མ་ཅིར་ཡང་སྟོན༔ ཐུགས་རྗེ་ཐབས་མཁས་རྒྱ་ཆེན་རོལ་པ་ཡི༔ ཡོན་ཏན་ཕྲིན་ལས་རྫོགས་ལ་ཕྱག་འཚལ་བསྟོད༔ བཟླས་པ་ནི༔ བདག་ཉིད་ཁྲོ་བོའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ༔ ཐུགས་ཡེ་ཤེས་སེམས་དཔའ་ཡི་གེ་ཧཱུྃ་མཐིང་ནག་གཟི་བརྗིད་དང་ལྡན་པ་གཅིག་བསམ༔ ཧཱུྃ་གི་མཐའ་བསྐོར་དུ་རྩ་བའི་སྔགས་ཕྲེང་དམར་པོ་འོད་ཟེར་དང་བཅས་པ་འགལ་མེ་འཁོར་བ་ལྟ་བུ་གཡས་བསྐོར་དུ་དམར་སྒ་ར་ར་འཁོར་བ་གཅིག་ཏུ་གྱུར་པར་བསམ༔ ཧཱུྃ་དང་སྔགས་ཀྱི་ཕྲེང་བ་ལས་འོད་ཟེར་མེ་དཔུང་གི་ཚྭ་ཚྭ་དཔག་ཏུ་
མེད་པ་ཕྱིར་འཕྲོས་པས་ལུས་ཕྱི་ནང་གི་ནད་གདོན་སྡིག་སྒྲིབ་ཐམས་ཅད་བསྲེགས༔ འོད་ཟེར་བ་སྤུའི་བུ་ག་ཐམས་ཅད་ནས་ཕྱིར་འཕྲོས་པས་ཕྱི་སྣོད་འཇིག་རྟེན་གྱི་ཁམས་རི་བྲག་རྩི་ཤིང་ནགས་ཚལ་དངོས་པོར་གྱུར་ཚད་མེ་རི་དང་མེ་དཔུང་དུ་གྱུར༔ ནང་བཅུད་ཀྱི་སེམས་ཅན་མི་དང་མི་མ་ཡིན་པའི་སྐྱེ་འགྲོ་གཟུགས་ཡོད་དང་གཟུགས་མེད་ཐམས་ཅད་ཁྲོ་བོའི་རང་བཞིན་དུ་གྱུར་ནས་སྔགས་ཀྱི་རང་སྒྲ་འུ་རུ་རུ་སྒྲོགས་པར་བསམས་ལ༔ ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷྲྀ་ཝ་ཧཱུྃ་ཕཊ༔ ཅེས་བུང་བས་ཚང་འཚོལ་བ་ལྟ་བུ་དི་རི་རི་བཟླས་པར་བྱའོ༔ འདི་ལ་སྭ་བྷཱ་ཝ་སོགས་སྟོང་པར་སྦྱོང་བ་དང་༔ ལྷ་ས་བོན་ལས་བསྐྱེད་པ་དང་༔ ཡེ་ཤེས་པ་བསྟིམ་པ་དང་༔ དབང་བསྐུར་ཞིང་རྒྱས་གདབ་པ་རྣམས་མ་བཤད་དེ༔ གཞུང་ལས༔ སེམས་ཉིད་སྟོང་གསལ་སྐྱེ་མེད་འདི༔ ཡེ་ནས་རང་བཞིན་ལྷ་ཡི་སྐུ༔ དམ་ཚིག་ཡེ་ཤེས་གཉིས་མེད་ལ༔ བསྐྱེད་བསྟིམ་རྒྱས་གདབ་མི་འཚལ་ཏེ༔ དྲན་པ་ཙམ་གྱིས་རྫོགས་པ་ནི༔ ལྟ་བ་གྱད་ཀྱི་ལྷ་ཞེས་བྱ༔ རྡོ་རྗེ་ལྟ་བུའི་ཏིང་འཛིན་ནི༔ སྲུང་བ་ཀུན་གྱི་མཆོག་ཡིན་ནོ༔ ཞེས་གསུངས་སོ༔ མཐར་མཆོད་ཅིང་
བསྟོད་ལ་གཏོར་མ་ཕུལ་བ་ནི༔ སྣོད་གཙང་ནང་དུ་ཤ་ཁྲག་ལ་སོགས་གང་འབྱོར་བའི་གཏོར་མ་འབུལ་ལ༔ ཨོཾ་བརྗོད་པས་སྟོང་པར་བསམ༔ ཨཱཿབརྗོད་པས་གཏོར་སྣོད་ཡངས་ཤིང་རྒྱ་ཆེ་བར་བསམ༔ ཧཱུྃ་བརྗོད་པས་གཏོར་མ་དགྲ་བགེགས་ཀྱི་ཤ་ཁྲག་ངོ་བོ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཞེས་གསུམ་མམ་བདུན་བརྗོད་ལ་བྱིན་གྱིས་བརླབས༔ སྐད་ཅིག་གིས་གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་དུ་དཔལ་རྟ་མགྲིན་ནག་པོ་ལ་འཁོར་དྲེགས་པ་སྡེ་བརྒྱད་ཀྱི་ཚོགས་དང་བཅས་པ་བྱོན་པར་བསམ༔ ཁྲོ་བོའི་རྒྱལ་པོའི་ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱིས་གཏོར་མའི་བཅུད་དྲངས་ནས་གསོལ་བར་གྱུར༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྷྲྀ་ཝ་ཧཱུྃ་ཕཊཿ ཡཀྴ་ནག་པོ་དགྲ་བགེགས་མཱ་ར་ཡ༔ མཾ་ས་རཀྟ༔ ཙིཏྟ་ཀོ་རོ་ཙ་ན༔ བ་སུ་ཏ་ཀེཾ་ནི་རི་ཏི༔ བྷ་ལིངྟ་ཁ་རཾ་ཁཱ་ཧི༔ ལན་གསུམ་མམ་བདུན་གྱིས་ཕུལ༔ཧཱུྃ༔ ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས༔ ཐུགས་རྗེའི་དབང་གིས་ཁྲོ་རྒྱལ་སྐུར་བསྟན་པ༔ གར་གྱི་དབང་ཕྱུག་ཁྲོ་བོ་ཀུན་གྱི་རྗེ༔ ཡེ་
ཤེས་སྤྲུལ་པའི་ཁྲོ་ཚོགས་འཁོར་དང་བཅས༔ བཀའ་ཡི་ཕོ་ཉ་དྲེགས་པ་སྡེ་བརྒྱད་ཚོགས༔ སྔོན་གྱི་ཁས་བླངས་དམ་བཅས་ཇི་བཞིན་དུ༔ ཐུགས་དམ་དབང་གིས་གཏོར་མ་འདི་བཞེས་ལ༔ དམ་ཚིག་དབང་གིས་རྣལ་འབྱོར་བདག་ཅག་སྐྱོངས༔ བྱང་ཆུབ་ལམ་གྱི་བར་ཆད་བསལ་བ་དང་༔ བསྟན་པ་བཤིག་པའི་དགྲ་དང་བགེགས་ལ་སོགས༔ བདུད་དང་ལོག་པར་འདྲེན་པ་ཐམས་ཅད་ལ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་པ་ཡི་དམ་ལྟར་མཆོད་ཅིང་ཕྲིན་ལས་བཅོལ་བའོ། ༈ །ཚོགས་བཏང་ན། རྃ་ཡྃ་ཁྃ༔ ཨོཾ་ཨཱཿཧཱུྃ༔ ཚོགས་རྫས་ཀྱི་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་རྣམ་པ་ཐམས་ཅད་པའི་རང་བཞིན་དུ་གྱུར༔ སྤྱན་འདྲེན་པ་ནི༔ ཧཱུྃ༔ ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང་༔ ཐུགས་རྗེ་ཁྲོས་པས་དགྲ་བགེགས་འཇོམས་མཛད་པ༔ ཁྲོ་མཆོག་དབང་གི་རྒྱལ་པོ་སྤྱན་འདྲེན་ན༔ དབང་གི་རྟ་སྐད་འཚེར་ཞིང་གཤེགས་སུ་གསོལ༔ བཛྲ་ས་མ་
ཡ་ཛཿཛཿ དང་པོ་མཆོད་པ་ནི༔ ཧཱུྃ༔ རྟ་མཆོག་རོལ་པ་འཁོར་དང་བཅས་རྣམས་ལ༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས༔ འདོད་ཡོན་ལོངས་སྤྱོད་ཚོགས་ཀྱི་མཆོད་པས་བཤགས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ༔ ག་ཎ་ཙཀྲ་པཱུ་ཛཿཁཱ་ཧི༔ བཤགས་པ་ནི༔ ཧཱུྃ༔ རྟ་མགྲིན་ནག་པོའི་ལྷ་ཚོགས་དགོངས་སུ་གསོལ༔ བདག་ནི་བསྐལ་པ་ཐོག་མ་མེད་རོལ་ནས༔ ཐ་མ་ལུས་འདི་བླངས་པ་ཡན་ཆོད་དུ༔ ཉོན་མོངས་འཁྲུལ་པའི་དབང་དུ་གྱུར་པས་ན༔ ལུས་ངག་ཡིད་ཀྱིས་མི་དགེ་ཅི་མཆིས་པ༔ རྒྱལ་བའི་སྐུ་གསུང་ཐུགས་དང་འགལ་བ་རྣམས༔ ཞལ་ཟས་ཚོགས་མཆོད་འདི་ལ་བརྟེན་ནས་སུ༔ གནོང་ཞིང་འགྱོད་པའི་སེམས་ཀྱིས་བཤགས་པར་བགྱི༔ ཐུགས་རྗེ་བརྩེ་བས་བཟོད་པ་ཡར་བཞེས་ལ༔ ཡེ་ཤེས་དོན་གྱི་ཚངས་པ་སྩལ་དུ་གསོལ༔ ས་མ་ཡ་ཨཱ་ཨཱཿབསྒྲལ་བ་ནི༔ ན་མོ༔ དཀོན་མཆོག་གསུམ་དང་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱི་བྱིན་རླབས་ནུས་པའི་
མཐུ་སྟོབས་དང་༔ ཆོས་ཉིད་རྣམ་པར་དག་པའི་བདེན་པ་ཆེན་པོས་དེང་འདིར་བསྟན་པ་ལ་གནོད་ཅིང་སེམས་ཅན་ལ་འཚེ་བར་བྱེད་པ་དང་༔ རྣལ་འབྱོར་པ་བདག་ཅག་དམ་པའི་ཆོས་བསྒྲུབ་པ་ལ་བར་དུ་གཅོད་པའི་དགྲ་བགེགས་འབྱུང་པོ་གང་ཡིན་པ་དེ་དག་སྐད་ཅིག་གིས་ཚོགས་ཐ་མ་འདི་ལ་ཁུག་ཅིག༔ ནྲྀ་ཡཾ་ཛཿཏྲི་ཡཾ་ཛཿབཛྲ་ཨཾ་གུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿ ཧཱུྃ༔ དབང་ཆེན་རྟ་མཆོག་ཧེ་རུ་ཀ༔ རྔམ་དྲག་གཏུམ་པའི་རང་བཞིན་ལས༔ དྲེགས་པ་སྡེ་བརྒྱད་སྐར་ལྟར་འཁྲུགས༔ ལས་བྱེད་ཕོ་ཉས་སྟོང་གསུམ་གང་༔ སྒྲོལ་བྱེད་མཚོན་ཆའི་ཆར་ཆེན་འབེབས༔ གནོད་བྱེད་གཟུགས་ཕུང་དུམ་བུར་གཏུབ༔ ལྔ་ཕུང་ལྷ་ཡི་ཞལ་དུ་བསྟབ༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་ཕཊ༔ གནོད་བྱེད་འབྱུང་པོ་མཱ་ར་ཡ་རྦདཿ བསྟབ་པ་ནི༔ ཧཱུྃ༔ རྟ་མཆོག་རོལ་པའི་ལྷ་ཚོགས་སྐུར་བཞེངས་ལ༔ རྔམ་བརྗིད་རབ་ཏུ་འཇིགས་པའི་ཞལ་ཕྱེས་ཤིག༔ གྲུ་གསུམ་བྷན་དྷ་འབར་བའི་སྣོད་ནང་དུ༔ དགྲ་བགེགས་
འབྱུང་པོ་བསྒྲལ་བའི་ཤ་ཁྲག་འདི༔ དབང་ཆེན་རྟ་མགྲིན་ལྷ་ཚོགས་ཞལ་དུ་བསྟབ༔ དགྱེས་པར་རོལ་ཅིག་བཛྲ་ཨཱ་ར་ལི༔ གཏི་མུག་ཤ་ལ་ཆེམ་ཆེམ་དགྱེས་པར་རོལ༔ འདོད་ཆགས་ཁྲག་ལ་ལྕིབ་ལྕིབ་དགྱེས་པར་རོལ༔ ཞེ་སྡང་རུས་ལ་ཀྲུམ་ཀྲུམ་དགྱེས་པར་རོལ༔ དངོས་གྲུབ་བར་ཆད་བྱེད་པའི་དགྲ་དང་བགེགས༔ དུག་གསུམ་ཤ་ཁྲག་རུས་པའི་མཆོད་པ་འདི༔ དབང་ཆེན་རྟ་མགྲིན་ཁྱེད་ཀྱིས་བཞེས་ནས་ཀྱང་༔ བྱང་ཆུབ་ལམ་ལ་བར་ཆད་མེད་པར་མཛོད༔ མ་ཧཱ་མཱཾ་ས༔ རཀྟཿ ཀེཾ་ནི་རི་ཏི༔ མ་ཧཱ་ཙིཏྟ༔ གོ་རོ་ཙ་ན༔ བ་སུ་ཏ་ལ་ཁཱ་ཧི༔ བསྐང་བ་ནི༔ བསྐང་རྫས་རྣམས་ནམ་མཁའ་མཛོད་ཀྱིས་བྱིན་གྱིས་བརླབས་ལ། ཧཱུྃ༔ སྔོན་ཚེ་སངས་རྒྱས་བཅོམ་ལྡན་འདས༔ སྣང་བ་མཐའ་ཡས་སྤྱན་སྔ་རུ༔ ཐུགས་བསྐྱེད་རྣམ་དག་རྒྱ་ཆེན་གྱིས༔ ཐུགས་དམ་གཉན་པོ་ཞལ་བཞེས་པའི༔ ཐུགས་རྗེ་ཆེན་པོ་གཤེགས་སུ་གསོལ༔ སྤྱན་རས་གཟིགས་དབང་གཤེགས་སུ་གསོལ༔ འཇིག་རྟེན་དབང་ཕྱུག་གཤེགས་སུ་གསོལ༔ གསུང་གི་
དབང་ཕྱུག་གཤེགས་སུ་གསོལ༔ གར་གྱི་དབང་ཕྱུག་གཤེགས་སུ་གསོལ༔ དབང་གི་རྒྱལ་པོ་གཤེགས་སུ་གསོལ༔ ཧྱ་གྷྲྀ་ཝ་གཤེགས་སུ་གསོལ༔ རྟ་མགྲིན་ནག་པོ་གཤེགས་སུ་གསོལ༔ གནོད་སྦྱིན་ནག་པོ་གཤེགས་སུ་གསོལཿ ཡཀྴ་ནག་པོ་གཤེགས་སུ་གསོལ༔ བདུད་འདུལ་ནག་པོ་གཤེགས་སུ་གསོལ༔ ཀླུ་འདུལ་ནག་པོ་གཤེགས་སུ་གསོལ༔ གཟའ་འདུལ་ནག་པོ་གཤེགས་སུ་གསོལ༔ གདོན་འདུལ་ནག་པོ་གཤེགས་སུ་གསོལ༔ བགེགས་འདུལ་ནག་པོ་གཤེགས་སུ་གསོལ༔ སྲི་འདུལ་ནག་པོ་གཤེགས་སུ་གསོལ༔ དགྲ་འདུལ་ནག་པོ་གཤེགས་སུ་གསོལ༔ དཔལ་མགོན་ནག་པོ་གཤེགས་སུ་གསོལ༔ ལེགས་ལྡན་ནག་པོ་གཤེགས་སུ་གསོལ༔ བསྟན་སྲུང་ནག་པོ་གཤེགས་སུ་གསོལ༔ ལས་མཁན་ནག་པོ་གཤེགས་སུ་གསོལ༔ སྲོག་བདུད་ནག་པོ་གཤེགས་སུ་གསོལ༔ ཤན་པ་ནག་པོ་གཤེགས་སུ་གསོལ༔ མོན་པ་ནག་པོ་གཤེགས་སུ་གསོལ༔
སྤྲུལ་པ་ནག་པོ་གཤེགས་སུ་གསོལ༔ ཡང་སྤྲུལ་ནག་པོ་གཤེགས་སུ་གསོལ༔ བཀའ་ཉན་ཕོ་ཉ་གཤེགས་སུ་གསོལ༔ དྲེགས་པ་ཕོ་མོ་གཤེགས་སུ་གསོལ༔ ལྷ་སྲིན་སྡེ་བརྒྱད་གཤེགས་སུ་གསོལ༔ བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ༔ དགྲ་བགེགས་འདུལ་ཕྱིར་གཤེགས་སུ་གསོལ༔ ཕྲིན་ལས་བསྒྲུབ་ཕྱིར་གཤེགས་སུ་གསོལ༔ ཐུགས་དམ་བསྐང་ཕྱིར་གཤེགས་སུ་གསོལ༔ སྔོན་གྱི་ཐུགས་དམ་རྗེས་དགོངས་ལ༔ བསྒྲུབ་ཅིང་མཆོད་པའི་གནས་འདི་རུ༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཁྱེད་ལ་ཕྱག་འཚལ་མཆོད་པ་འབུལ༔ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ ཐུགས་དམ་བསྐང་བ་ནི༔ ཧཱུྃ༔ སྤྱན་གྱི་དབང་པོ་ཚིམ་བྱའི་ཕྱིར༔ སྣ་ཚོགས་གཟུགས་ཀྱིས་ཐུགས་དམ་བསྐང་༔ སྙན་གྱི་དབང་པོ་ཚིམ་བྱའི་ཕྱིར༔ སྣ་ཚོགས་སྒྲ་ཡིས་ཐུགས་དམ་བསྐང་༔ ཤངས་ཀྱི་དབང་པོ་ཚིམ་བྱའི་ཕྱིར༔ སྣ་ཚོགས་དྲི་ཡིས་ཐུགས་དམ་བསྐང་༔ ལྗགས་ཀྱི་དབང་པོ་
ཚིམ་བྱའི་ཕྱིར༔ སྣ་ཚོགས་རོ་ཡིས་ཐུགས་དམ་བསྐང་༔ སྐུ་ཡི་དབང་པོ་ཚིམ་བྱའི་ཕྱི༔ སྣ་ཚོགས་རེག་བྱས་ཐུགས་དམ་བསྐང་༔གསུང་གི་དབང་པོ་ཚིམ་བྱའི་ཕྱིར༔ སྣ་ཚོགས་དབྱངས་ཀྱིས་ཐུགས་དམ་བསྐང་༔ ཐུགས་ཀྱི་དབང་པོ་ཚིམ་བྱའི་ཕྱིར༔ སྣ་ཚོགས་ཆོས་ཀྱིས་ཐུགས་དམ་བསྐང་༔ ཕྱི་ནང་བར་ཆད་ཞི་བའི་ཕྱིར༔ ཕྱི་ཡི་མཆོད་པས་ཐུགས་དམ་བསྐང་༔ ཚེ་དབང་ལོངས་སྤྱོད་རྒྱས་པའི་ཕྱིར༔ ནང་གི་མཆོད་པས་ཐུགས་དམ་བསྐང་༔ སྣང་བ་དབང་དུ་བསྡུ་བའི་ཕྱིར༔ གསང་བའི་མཆོད་པས་ཐུགས་དམ་བསྐང་༔ དགྲ་བགེགས་མ་ལུས་བསྒྲལ་བའི་ཕྱིར༔ ཤ་ཁྲག་དམར་གྱིས་ཐུགས་དམ་བསྐང་༔ སྒྲུབ་ལ་དངོས་གྲུབ་སྟེར་བའི་ཕྱིར༔ བདུད་རྩི་སྨན་གྱིས་ཐུགས་དམ་བསྐང་༔ དབང་དང་བྱིན་རླབས་འབེབས་པའི་ཕྱིར༔ དམར་ཆེན་རཀྟས་ཐུགས་དམ་བསྐང་༔ སྣ་ཚོགས་ཕྲིན་ལས་མཛད་པའི་ཕྱིར༔ དམ་རྫས་གཏོར་མས་ཐུགས་དམ་བསྐང་༔
བསོད་ནམས་ཕུན་སུམ་ཚོགས་པའི་ཕྱིར༔ ལོངས་སྤྱོད་ཚོགས་ཀྱིས་ཐུགས་དམ་བསྐང་༔ ཧཱུྃ༔ འགྲོ་དྲུག་ཐབས་ཀྱིས་འདྲེན་པའི་ཕྱིར༔ ཐུགས་རྗེ་ཆེན་པོའི་ཐུགས་དམ་བསྐང་༔ ཡེ་ཤེས་ཕྱོགས་མེད་རྒྱས་པའི་ཕྱིར༔ སྤྱན་རས་གཟིགས་དབང་ཐུགས་དམ་བསྐང་༔ འཁོར་འདས་ཆོས་ལ་དབང་བསྒྱུར་ཕྱིར༔ འཇིག་རྟེན་དབང་ཕྱུག་ཐུགས་དམ་བསྐང་༔ གསུང་གི་ཕྲིན་ལས་སྤྲུལ་པའི་ཕྱིར༔ གསུང་གི་དབང་ཕྱུག་ཐུགས་དམ་བསྐང་༔ གང་ལ་གང་འདུལ་སྟོན་པའི་ཕྱིར༔ གར་གྱི་དབང་ཕྱུག་ཐུགས་དམ་བསྐང་༔ ཁྱད་པར་དབང་གི་ལས་མཛད་ཕྱིར༔ དབང་གི་རྒྱལ་པོའི་ཐུགས་དམ་བསྐང་༔ཐུགས་རྗེ་ཁྲོས་པའི་གར་མཛད་ཕྱིར༔ ཧ་ཡ་གྷྲྀ་བའི་ཐུགས་དམ་བསྐང་༔ འཇིག་རྟེན་དྲེགས་པ་ཚར་གཅོད་ཕྱིར༔ རྟ་མགྲིན་ནག་པོའི་ཐུགས་དམ་བསྐང་༔ གདུག་པ་མ་ལུས་འདུལ་བའི་ཕྱིར། དཔེ་ལ་ལར། བསྒྲལ་བའི་ཕྱིར༔ གནོད་སྦྱིན་ནག་པོའི་ཐུགས་དམ་བསྐང་༔ རྒྱལ་བསེན་ཕོ་མོ་འདུལ་བའི་ཕྱིར༔ ཡཀྴ་
ནག་པོའི་ཐུགས་དམ་བསྐང་༔ འཆི་བདག་ཕོ་མོ་འདུལ་བའི་ཕྱིར༔ བདུད་འདུལ་ནག་པོའི་ཐུགས་དམ་བསྐང་༔ གདོལ་པ་ཕོ་མོ་འདུལ་བའི་ཕྱིར༔ ཀླུ་འདུལ་ནག་པོའི་ཐུགས་དམ་བསྐང་༔ དྲང་སྲོང་ཕོ་མོ་འདུལ་བའི་ཕྱིར༔ གཟའ་འདུལ་ནག་པོའི་ཐུགས་དམ་བསྐང་༔ ས་བདག་ཀླུ་གཉན་འདུལ་བའི་ཕྱིར༔ གདོན་འདུལ་ནག་པོའི་ཐུགས་དམ་བསྐང་༔ མ་ཡམས་ཐམས་ཅད་འདུལ་བའི་ཕྱིར༔ བགེགས་འདུལ་ནག་པོའི་ཐུགས་དམ་བསྐང་༔ དམ་སྲི་ཐམས་ཅད་འདུལ་བའི་ཕྱིར༔ སྲི་འདུལ་ནག་པོའི་ཐུགས་དམ་བསྐང་༔ དགྲ་སྡང་ཐམས་ཅད་འདུལ་བའི་ཕྱིར༔དགྲ་འདུལ་ནག་པོའི་ཐུགས་དམ་བསྐང་༔ དམ་ཉམས་སྲོག་དབུགས་ལེན་པའི་ཕྱིར། །དཔེ་ལ་ལར། འབྱུང་པོ་ཕོ་མོ་འདུལ་བའི་ཕྱིར༔ ལྕགས་རལ་ནག་པོའི་ཐུགས་དམ་བསྐང་༔ སངས་རྒྱས་བསྟན་ལེན་པའི་ཕྱིར༔ སྡིག་པ་ནག་པོའི་ཐུགས་དམ་བསྐང་༔ སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར༔ དཔལ་ལྡན་མགོན་པོའི་ཐུགས་དམ་བསྐང་༔ ལྕགས་ར་ལ་ནག་པོའི་ཐུགས་དམ་བསྐང་ཿ
ལྷ་མིན་གཡུལ་ངོ་བཟློག་པའི་ཕྱིརཿ ལེགས་ལྡན་ནག་པོའི་ཐུགས་དམ་བསྐངཿ བསྟན་པའི་རུ་ཏྲ་བསྒྲལ་བའི་ཕྱིར༔ སྲུང་མ་ནག་པོའི་ཐུགས་དམ་བསྐང་༔ དྲག་པོའི་ལས་ལ་མངའ་མཛད་ཕྱིར༔ ལས་མཁན་ནག་པོའི་ཐུགས་དམ་བསྐང་༔ ཚེ་དང་སྲོག་ལ་མངའ་མཛད་ཕྱིར༔ སྲོག་བདུད་ནག་པོའི་ཐུགས་དམ་བསྐང་༔ གསོད་དང་གཅོད་ལ་མངའ་མཛད་པའི༔ ཤན་པ་ནག་པོའི་ཐུགས་དམ་བསྐང་༔ ཤ་དང་ཁྲག་ལ་མངའ་མཛད་ཕྱིར༔ མོན་པ་ནག་པོའི་ཐུགས་དམ་བསྐང་༔ སྟོང་གསུམ་དགྲ་བགེགས་འདུལ་བའི་ཕྱིར༔ སྤྲུལ་པ་ནག་པོའི་ཐུགས་དམ་བསྐང་༔ བདུན་བརྒྱུད་རྩད་ནས་གཅོད་པའི་ཕྱིར༔ ཡང་སྤྲུལ་ནག་པོའི་ཐུགས་དམ་བསྐང་༔ གཙོ་བོའི་བཀའ་བཞིན་བསྒྲུབ་པའི་ཕྱིར༔ བཀའ་ཉན་ཕོ་ཉའི་ཐུགས་དམ་བསྐང་༔དཔལ་གྱི་བཀའ་སྡོད་ཡིན་པའི་ཕྱིར༔ དྲེགས་པ་ཕོ་མོའི་ཐུགས་དམ་བསྐང་༔ བཀའ་དང་དམ་ལ་གནས་པའི་ཕྱིར༔ ལྷ་སྲིན་སྡེ་བརྒྱད་ཐུགས་
དམ་བསྐང་༔ མཆོད་ན་དགེ་བའི་གྲོགས་མཛད་ཕྱིར༔ ཡུལ་ལྷ་ཟོ་དོར་ཐུགས་དམ་བསྐང་༔ ཁྱེད་ཀྱི་ཐུགས་དམ་བསྐངས་གྱུར་ནས༔ བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི༔ དམ་ཚིག་ཉམས་ཆག་བསྐང་གྱུར་ཅིག༔ ཆགས་ཆེ་ཉམས་ང་མེད་པར་མཛོད༔ སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན༔ མི་མཐུན་ཕྱོགས་རྣམས་ཞི་བར་མཛོད༔ ཚེ་དང་ལོངས་སྤྱོད་རྒྱས་པར་མཛོད༔ འཁོར་དང་བསྟན་པ་རྒྱས་པར་མཛོད༔ སྣང་བ་དབང་དུ་བསྡུ་བ་དང་༔ བསམ་པ་ཡིད་བཞིན་འགྲུབ་པར་མཛོད༔ ལུས་ངག་ཡིད་གསུམ་བསྲུང་བ་དང་༔ ཕྱི་ནང་བར་ཆད་བཟློག་ཏུ་གསོལ༔ བྱིན་རླབས་མཐུ་རྩལ་ཆེན་པོ་དང་༔ དབང་དྲག་ཕྲིན་ལས་ཐོག་ལྟར་ཕོབ༔ དགྲ་ལ་རྦད་ན་དགྲ་དཔུང་ཆོམ༔ བགེགས་ལ་རྦད་ན་བགེགས་དཔུང་ཐུལ༔གདོན་ལ་རྦད་ན་གདོན་སྐུང་ཕུད༔ ལུས་གདོན་ནད་གདོན་རྩད་ནས་ཆོད༔ གོད་འདྲེ་ཡུལ་འདྲེ་ཕུགས་ནས་ཕྱུང་༔ དམ་སྲི་འདྲེ་མོ་ཚང་ནས་ཐོན༔ ས་
བདག་ཀླུ་གཉན་སྙིང་ནས་དྲོངས༔ རྒྱལ་བསེན་འབྱུང་པོ་སྤྱི་ནས་ཆོམ༔ གཟའ་གདོན་ཐམས་ཅད་རྡུལ་དུ་རློག༔ བྱད་མ་རང་གཤེད་རང་ལ་ཕོབ༔ ནད་པ་ཡོད་ན་ཡོ་ནས་སློངས༔ སྲིའུ་ཡོད་ན་ཚང་ནས་སྐྱེད༔ ཤི་ཁ་ཆོད་ལ་གོད་ཁ་སྡོམས༔ གོད་ཁ་ཆོད་ལ་ནོར་ཕྱུགས་སྐྱོངས༔ མི་ཁ་སྒྱུར་ལ་ཡམས་ཁ་ཟློག༔ དུས་ལ་བབ་པོ་ས་མཱ་ཡ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བཤགས་པ་ནི༔ ཧཱུྃ༔ ཐུགས་རྗེ་ཆེན་པོ་གསན་ཅིང་དགོངས་སུ་གསོལ༔ བྱམས་མགོན་ཐུགས་རྗེ་ཕྱོགས་རིས་མི་མངའ་ཡང་༔ སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་མཐའ་ཡས་ཀྱིས༔ ཞི་ལ་ཞི་དང་ཁྲོ་ལ་ཁྲོ་བོ་སོགས༔ གང་ལ་གང་འདུལ་དེ་ལ་དེར་སྟོན་ཅིང་༔ ཕྲིན་ལས་རྣམ་བཞིས་འགྲོ་བ་ཐབས་ཀྱིས་འདུལ༔ མ་རིག་དབང་གིས་དེ་ལྟར་མ་རྟོགས་ཏེ༔ བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་པ༔ བྱམས་མགོན་ཐུགས་རྗེ་ཅན་ལ་བཟོད་པར་གསོལ༔ བཟོད་པར་གསོལ་ལོ་ཚངས་པ་སྩལ་དུ་གསོལ༔ ཧཱུྃ༔ རྟ་
མགྲིན་ནག་པོ་གསན་ཅིང་དགོངས་སུ་གསོལ༔ ཆོས་ཀྱི་སྐུ་ལ་བྱམས་སྡང་མི་མངའ་ཡང་༔ གདུག་པ་འདུལ་ཕྱིར་ཁྲོ་བོའི་སྐུར་སྟོན་པ༔ དབང་དྲག་སྟོབས་ཀྱིས་ཚར་གཅོད་རྗེས་བཟུང་མཛད༔ ཤིན་ཏུ་ཁྲོས་པ་གནོད་སྦྱིན་དྲག་པོའི་གཟུགས༔ གནམ་ལྕགས་རལ་པས་སྟོང་ཁམས་མུན་ལྟར་གཏིབས༔ཆོས་ཉིད་ཡངས་པས་འཇིག་རྟེན་ལྟོ་བར་བཅུག༔ སྙིང་རྗེ་རྔམ་པས་འགྲོ་དྲུག་ཐབས་ཀྱིས་འདྲེན༔ མ་རིག་དབང་གིས་དེ་ལྟར་མ་རྟོགས་ཏེ༔ བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་པ༔ འཕགས་མཆོག་སྤྱན་རས་གཟིགས་ལ་བཟོད་པར་གསོལ༔ བཟོད་པར་གསོལ་ལོ་ཚངས་པ་སྩལ་དུ་གསོལ༔ ཧཱུྃ༔ རྟ་མགྲིན་ནག་པོ་གསན་ཅིང་དགོངས་སུ་གསོལ༔ ཆོས་ཀྱི་སྐུ་ལ་བྱམས་སྡང་མི་མངའ་ཡང་༔ ཐུགས་རྗེའི་དབང་གིས་མ་རུངས་ཚར་གཅོད་ཕྱིར༔ ཤིན་ཏུ་མི་བཟད་གནོད་སྦྱིན་གདུག་པ་ཅན༔ ཁྲོ་གཏུམ་སྲིན་པོའི་ཆ་ལུགས་སྲོག་ལ་རྔམ༔ རབ་འཇིགས་དྲག་པོའི་འཁོར་ཚོགས་ལས་ལ་འགྱེད༔ བསྟན་པ་
བསྲུང་ཕྱིར་བཀའ་ཡི་བྱ་ར་མཛད༔ དཀར་པོའི་ཕྱོགས་སྐྱོང་ནག་པོའི་ཕྱོགས་རྣམས་འཇོམས༔ མ་རིག་དབང་གིས་དེ་ལྟར་མ་རྟོགས་ཏེ༔ བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་པ༔ དབང་ཆེན་དྲེགས་པ་འདུལ་ལ་བཟོད་པར་གསོལ༔ བཟོད་པར་གསོལ་ལ་ཚངས་པ་སྩལ་དུ་གསོལ༔ ཧཱུྃ༔ གསང་སྔགས་གཉན་པོའི་སྒོར་ཞུགས་རྣལ་འབྱོར་པ༔ ཤེས་བཞིན་མི་ལྡན་བག་མེད་དབང་གྱུར་པས༔ སྐུ་ཡི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ གསུང་གི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ ཐུགས་ཀྱི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ རྩ་བའི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ ཡན་ལག་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ ཕྲིན་ལས་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ སྡོམ་པ་སྤྱི་དང་འགལ་བ་མཐོལ་ལོ་བཤགས༔ བཀའ་ལུང་དབང་དང་མི་ལྡན་མཐོལ་ལོ་བཤགས༔ དམ་ཚིག་སྣོད་དང་མི་ལྡན་མཐོལ་ལོ་བཤགས༔ མན་ངག་བཅུད་དང་མི་ལྡན་མཐོལ་ལོ་བཤགས༔
ཉམས་ལེན་གདིངས་དང་མི་ལྡན་མཐོལ་ལོ་བཤགས༔ ཡི་དམ་བླང་དོར་བྱས་པ་མཐོལ་ལོ་བཤགས༔ བསྙེན་སྒྲུབ་བར་ཆད་བྱས་པ་མཐོལ་ལོ་བཤགས༔ བསྐྱེད་རིམ་ཏིང་འཛིན་མ་གསལ་མཐོལ་ལོ་བཤགས༔ རྫོགས་རིམ་དགོངས་པ་མ་རྫོགས་མཐོལ་ལོ་བཤགས༔ བཟླས་བརྗོད་སྙིང་པོ་མ་དག་མཐོལ་ལོ་བཤགས༔ ཕྲིན་ལས་གཞུང་བཞིན་མ་བསྲང་མཐོལ་ལོ་བཤགས༔ མཆོད་པ་ལོ་ཟླར་འདས་པ་མཐོལ་ལོ་བཤགས༔ ཚོགས་དང་གཏོར་མ་ཆག་པ་མཐོལ་ལོ་བཤགས༔ དུས་དང་དུས་ལས་འདས་པ་མཐོལ་ལོ་བཤགས༔ དུས་མིན་ལས་ལ་སྦྱར་བ་མཐོལ་ལོ་བཤགས༔ མཐོལ་ལོ་བཤགས་སོ་བླ་མ་ཡི་དམ་ལྷ༔ གནོང་ངོ་འགྱོད་དོ་དཔའ་བོ་མཁའ་འགྲོའི་ཚོགས༔ བཟོད་པར་གསོལ་ལོ་སྲུང་མ་དམ་ཚིག་ཅན༔ ཚངས་པར་སྩོལ་ཅིག་བཛྲ་ས་མཱ་ཡ༔ ཨ་ཨཿ ཚོགས་ལ་རོལ༔ དེ་ནས་བཟློག་པ་བྱ་བར་འདོད་ན༔ ཐོག་མར་གཏོར་མ་ལ་ཕུད་དང་བཅས་པའི་རཀྟ་སྦྲེང་ཞིང་མངའ་གསོལ་ནི༔ ཧཱུྃ༔ དཔལ་ལྡན་མ་ཧཱ་
ཀཱ་ལ་རྟ་གདོང་ཞལ༔ ཁྱེད་ལ་མཆོད་ཅིང་བསྟོད་དེ་མངའ་གསོལ་ལོ༔ བླ་མར་མངའ་གསོལ་ཚད་མེད་ཐུགས་རྗེ་ཅན༔ ཁྱེད་ལ་མཆོད་ཅིང་བསྟོད་དེ་མངའ་གསོལ་ལོ༔ ཡི་དམ་མངའ་གསོལ་བྱམས་མགོན་སྤྱན་རས་གཟིགས༔ ཁྱེད་ལ་མཆོད་ཅིང་བསྟོད་དེ་མངའ་གསོལ་ལོ༔ དཔལ་བོར་མངའ་གསོལ་རྟ་མགྲིན་དབང་གི་ལྷ༔ ཁྱེད་ལ་མཆོད་ཅིང་བསྟོད་དེ་མངའ་གསོལ་ལོ༔ ཁྲོ་བོར་མངའ་གསོལ་གནམ་ལྕགས་རལ་པ་ཅན༔ ཁྱེད་ལ་མཆོད་ཅིང་བསྟོད་དེ་མངའ་གསོལ་ལོ༔ མགོན་པོར་མངའ་གསོལ་དཔལ་ལྡན་ནག་པོ་ཆེ༔ ཁྱེད་ལ་མཆོད་ཅིང་བསྟོད་དེ་མངའ་གསོལ་ལོ༔ ཆོས་སྐྱོང་མངའ་གསོལ་མ་ཧཱ་ཀཱ་ལ་ཆེ༔ ཁྱེད་ལ་མཆོད་ཅིང་བསྟོད་དེ་མངའ་གསོལ་ལོ༔ བསྟན་སྲུང་མངའ་གསོལ་ལྷ་ཆེན་ཚོགས་ཀྱི་བདག༔ ཁྱེད་ལ་མཆོད་ཅིང་བསྟོད་དེ་མངའ་གསོལ་ལོ༔ ལས་མཁན་མངའ་གསོལ་ཡཀྴ་མཐུ་བོ་ཆེ༔ ཁྱེད་ལ་མཆོད་ཅིང་བསྟོད་དེ་མངའ་གསོལ་ལོ༔ ཤན་པར་མངའ་གསོལ་གནོད་སྦྱིན་སྲོག་ལ་རྔམསཿ
ཁྱེད་ལ་མཆོད་ཅིང་བསྟོད་དེ་མངའ་གསོལ་ལོ༔ ཚར་གཅོད་མངའ་གསོལ་ཕྱག་གཡས་རལ་གྲི་བསྣམས༔ ཁྱེད་ལ་མཆོད་ཅིང་བསྟོད་དེ་མངའ་གསོལ་ལོ༔ རྗེས་བཟུང་མངའ་གསོལ་ཕྱག་གཡོན་ལྕགས་ཀྱུ་འཛིན༔ ཁྱེད་ལ་མཆོད་ཅིང་བསྟོད་དེ་མངའ་གསོལ་ལོ༔ ཟིལ་གནོན་མངའ་གསོལ་དར་ནག་བེར་ཆེན་གསོལ༔ ཁྱེད་ལ་མཆོད་ཅིང་བསྟོད་དེ་མངའ་གསོལ་ལོ༔ དབང་དྲག་མངའ་གསོལ་སྤྱི་གཙུག་རྟ་སྐད་འཚེར༔ ཁྱེད་ལ་མཆོད་ཅིང་བསྟོད་དེ་མངའ་གསོལ་ལོ༔ ཡོན་ཏན་མངའ་གསོལ་དཔལ་གྱི་ཆ་ལུགས་ཅན༔ ཁྱེད་ལ་མཆོད་ཅིང་བསྟོད་དེ་མངའ་གསོལ་ལོ༔ ཕྲིན་ལས་མངའ་གསོལ་སྲིད་གསུམ་གདུག་པ་འདུལ༔ ཁྱེད་ལ་མཆོད་ཅིང་བསྟོད་དེ་མངའ་གསོལ་ལོ༔ ལྷ་དབང་མངའ་གསོལ་ལྷ་རྣམས་ཟིལ་གྱིས་གནོན༔ ཁྱེད་ལ་མཆོད་ཅིང་བསྟོད་དེ་མངའ་གསོལ་ལོ༔ ཀླུ་དབང་མངའ་གསོལ་ཀླུ་རྣམས་ཟས་སུ་ཟ༔ ཁྱེད་ལ་མཆོད་ཅིང་བསྟོད་དེ་མངའ་གསོལ་ལོ༔ སྟོབས་ལྡན་
མངའ་གསོལ་དྲེགས་པ་ལས་ལ་བཀོལ༔ ཁྱེད་ལ་མཆོད་ཅིང་བསྟོད་དེ་མངའ་གསོལ་ལོ༔ ཡེ་ཤེས་མངའ་གསོལ་མེ་དཔུང་དབུས་ན་བཞུགས༔ ཁྱེད་ལ་མཆོད་ཅིང་བསྟོད་དེ་མངའ་གསོལ་ལོ༔ འཇིག་རྟེན་མངའ་གསོལ་སྡེ་བརྒྱད་ཕོ་ཉར་འགྱེད༔ ཁྱེད་ལ་མཆོད་ཅིང་བསྟོད་དེ་མངའ་གསོལ་ལོ༔དམ་ཅན་མངའ་གསོལ་སངས་རྒྱས་བསྟན་པ་སྲུངས༔ ཁྱེད་ལ་མཆོད་ཅིང་བསྟོད་དེ་མངའ་གསོལ་ལོ༔ དགྲ་ལྷ་མངའ་གསོལ་དགྲ་བགེགས་རྩད་ནས་གཅོད༔ ཁྱེད་ལ་མཆོད་ཅིང་བསྟོད་དེ་མངའ་གསོལ་ལོ༔ རྣལ་འབྱོར་བདག་གིས་ཁྱེད་ལ་མངའ་གསོལ་བས༔ ཁྱེད་ཀྱི་སྐུ་གསུང་ཐུགས་ཀྱི་རྒྱུད་མཉེས་ནས༔ ཡོན་ཏན་ཕྲིན་ལས་རྩལ་གྱི་སྟོབས་བསྐྱེད་ལ༔ བསྟན་པའི་དགྲ་བགེགས་མ་རུངས་རྡུལ་དུ་རློགས༔ བདག་ཅག་ཡོན་མཆོད་འཁོར་བཅས་བསྲུང་དུ་གསོལ༔ མི་མཐུན་རྐྱེན་ཟློག་བཅོལ་བའི་ཕྲིན་ལས་མཛོད༔ དེ་ནས་བསྐུལ་པ་ནི༔ ཧཱུྃ༔ གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་
ནས༔ དགྲ་བགེགས་དྲེགས་པ་བསྣོལ་བའི་གདན་སྟེང་ན༔ རྟ་མགྲིན་ནག་པོ་སྐུ་བཞེངས་ཤིག༔ གནོད་སྦྱིན་ནག་པོ་སྐུ་བཞེངས་ཤིག༔ ལས་མཁན་ནག་པོ་སྐུ་བཞེངས་ཤིག༔ བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ ཆོས་དབྱིངས་ངང་ལས་མ་གཡོས་ཀྱང་༔ གདུག་པ་འདུལ་ཕྱིར་དྲག་པོའི་སྐུ༔ སྐུ་མདོག་ནག་པོ་འཇིགས་པ་ལ༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་བསྒྲད༔ སྤྱི་གཙུག་རྟ་དབུ་ལྗང་ཞུར་འཚེར་བ་ཡིས༔ ཁམས་གསུམ་མ་ལུས་དབང་དུ་སྡུད༔ སྐུ་ལ་དར་ནག་བེར་ཆེན་གསོལ་བ་ཡིས༔ དྲེགས་པ་ལྷ་སྲིན་སྡེ་བརྒྱད་ཟིལ་གྱིས་གནོན༔དབུ་ལ་ཐོད་སྐམ་ལྔ་ཡིས་བརྒྱན་པ་ཡིས༔ རིག་པའི་དབང་རྫོགས་དོན་དམ་རྒྱས་པའི་རྟགས༔ དབུ་སྐྲ་ལྕགས་ཀྱི་རལ་བ་བསིགས་པ་ཡིས༔ ཁྲོ་ཆུང་མང་པོས་དགྲ་བགེགས་ཚར་གཅོད་མཛད༔ སྙན་ནས་དྲག་པོའི་འབྲུག་སྒྲ་སྒྲོགས་པ་ཡིས༔ དགྲ་བགེགས་མ་ལུས་ཟིལ་གྱིས་གནོན་པར་བྱེད༔ སྤྱན་
ནས་མེ་ཡི་ཚྭ་ཚྭ་འཕྲོ་བ་ཡིས༔ དགྲ་བགེགས་མ་ལུས་སྲེག་པར་བྱེད༔ ཤངས་ནས་དྲག་པོའི་འཐོར་རླུང་འབུད་པ་ཡིས༔ དགྲ་བགེགས་མ་ལུས་གཏོར་བར་བྱེད༔ ཞལ་ནས་ཁྲོ་བོའི་གད་བརྒྱངས་སྒྲོགས་པ་ཡིས༔ དགྲ་བགེགས་མ་ལུས་བརྒྱལ་བར་བྱེད༔ མཆེ་བ་དཀར་པོ་ཟུར་གསུམ་གཙིགས་པ་ཡིས༔ དགྲ་བགེགས་མ་ལུས་ཟ་བར་བྱེད༔ གཡས་པས་སྒྲོལ་བྱེད་རལ་གྲི་བསྣམས་པ་ཡིས༔ དགྲ་བགེགས་མ་ལུས་དུམ་བུར་གཏུབ་པར་བྱེད༔ གཡོན་པས་འཛིན་བྱེད་ལྕགས་ཀྱུ་བསྣམས་པ་ཡིས༔ དགྲ་བགེགས་མ་ལུས་སྙིང་ནས་འདྲེན་པར་བྱེད༔ ཞབས་གཉིས་རོལ་པའི་རྟ་བྲོ་བརྡུང་བ་ཡིས༔ དགྲ་བགེགས་མ་ལུས་ཐལ་བ་རྡུལ་དུ་རློག༔ ཐོད་རློན་ལྔ་བཅུའི་དོ་ཤལ་བྱས་པ་ཡིས༔ དགྲ་བགེགས་བསྒྲལ་ནས་ཐུགས་དམ་གཉན་པོ་སྐོང་༔ སྐུ་སྟོད་ཞིང་ཆེན་གཡང་གཞི་གསོལ་བ་ཡིས༔ ཉོན་མོངས་ཕྲག་དོག་གནས་སུ་དག་པར་བྱེད༔ སྐུ་སྨད་སྟག་གི་ཤམ་ཐབས་གསོལ་བ་ཡིས༔ ང་རྒྱལ་སྡུག་བསྔལ་རྩད་ནས་
གཅོད་པར་བྱེད༔ བ་སྤུ་བསྐལ་པའི་མེ་ལྟར་འབར་བ་ཡིས༔ ས་བདག་ཀླུ་གཉན་མ་ལུས་གཞོབ་ཐུལ་བསྲེགས༔ གནམ་ལྕགས་སྡིག་པའི་ཚྭ་ཚྭ་འཕྲོ་བ་ཡིས༔ རྒྱལ་བསེན་འབྱུང་པོ་མ་ལུས་རྡུལ་དུ་རློག༔ ཧཱུྃ༔ བསྐུལ་ལོ་ཡཀྴ་མཐུ་བོ་ཆེ༔ རྦད་དོ་དྲེགས་པ་སྡེ་བརྒྱད་ཚོགས༔ མ་གཡེལ་སྲུང་མ་དམ་ཚིག་ཅན༔ དམ་རྫས་གཏོར་མ་འདི་བཞེས་ལ༔ སངས་རྒྱས་བསྟན་པ་ཁྱེད་ཀྱིས་སྲུངས༔ དཀོན་མཆོག་དབུ་འཕང་ཁྱོད་ཀྱིས་བསྟོད༔ རྣལ་འབྱོར་སྐུ་ཚེ་ཁྱེད་ཀྱིས་སྲིངས༔ ཡོན་བདག་བར་ཆད་ཁྱེད་ཀྱིས་སོལ༔ སྡང་བའི་དགྲ་ལ་རྟགས་ཕྱུངས་ཤིག༔ གནོད་པའི་བགེགས་ལ་ལས་མཛོད་ཅིག༔ དུས་ལ་བབ་པོ་ས་མ་ཡ༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཟློག་པའི་ཕྲིན་ལས་བཅོལ་བ་ནི༔ ཧཱུྃ༔ ཡབ་ཅིག་ཐུགས་རྗེ་ཆེན་པོ་སྙན་གསོན་དང་༔ རྟ་མགྲིན་ནག་པོ་སྙན་གསོན་དང་༔ ནག་པོ་ཆེན་པོ་སྙན་གསོན་དང་༔ ཡཀྴ་ནག་པོ་སྙན་གསོན་དང་༔ འཁོར་གྱི་དྲེགས་པ་སྙན་གསོན་དང་༔
ཕོ་ཉ་ལས་མཁན་སྙན་གསོན་དང་༔ ཁྱོད་ནི་སྔོན་གྱི་ཐུགས་དམ་ཅན༔ བདག་ནི་རྣལ་འབྱོར་སྒྲུབ་པ་པོ༔ བདག་ནི་ཁྱེད་ལ་མཆོད་ཅིང་གསོལ༔ ཁྱེད་ཀྱི་ཕྲིན་ལས་དུས་ལ་བབ༔ དུས་ལ་བབ་བོ་དམ་ཚིག་ཅན༔ ཁྱེད་ལ་ཟློག་བསྒྱུར་ཕྲིན་ལས་བཅོལ༔ ཟློག་བསྒྱུར་ཕྲིན་ལས་བཅོལ་བ་ནི༔ སྔོན་ཚེ་ཟློག་པ་གང་ནས་བྱུང་༔ སྟོང་གསུམ་སྟོང་གི་འཇིག་རྟེན་དུ༔ རཱུ་ཏྲ་སྡེ་གསུམ་དར་བའི་ཚེ༔ དཔལ་ཆེན་རིགས་གསུམ་མགོན་པོ་ཡིས༔ དྲག་པོ་དཔལ་གྱི་གཏོར་ཆེན་བཤམས༔ གསང་སྔགས་མཐུ་ཡི་རྔ་ཆེན་བརྡུངས༔ རིག་སྔགས་ཐུན་གྱི་ཟོར་ཆེན་འདྲིལ༔ རུ་ཏྲ་སྡེ་གསུམ་གཏན་ནས་བརླག༔ དེ་ནས་ཟློག་པ་གར་སྲིད་ན༔ སུམ་ཅུ་རྩ་གསུམ་ལྷ་གནས་སུ༔ ལྷ་དང་ལྷ་མིན་འཐབ་པའི་ཚེ༔ ལྷ་དབང་རྒྱལ་པོ་སྟོབས་ཆེན་གྱིས༔ དྲག་པོ་དཔལ་གྱི་གཏོར་ཆེན་བཤམས༔གསང་སྔགས་མཐུ་ཡི་རྔ་ཆེན་བརྡུངས༔ རིགས་སྔགས་ཐུན་གྱི་ཟོར་ཆེན་འདྲིལ༔ ལྷ་མིན་གཡུལ་ངོ་བཟློག་པར་མཛད༔ དེ་ནས་ཟློག་པ་གར་སྲིད་ན༔ རྒྱ་
གར་རྡོ་རྗེ་གདན་དྲུང་དུ༔ མུ་སྟེགས་དམག་ཚོགས་རྒོལ་བའི་ཚེ༔ སློབ་དཔོན་ཤཱཀྱ་སེང་གེ་ཡིས༔ དྲག་པོ་དཔལ་གྱི་གཏོར་ཆེན་བཤམས༔ གསང་སྔགས་མཐུ་ཡི་རྔ་ཆེན་བརྡུངས༔ རིག་སྔགས་ཐུན་གྱི་ཟོར་ཆེན་འདྲིལ༔ མུ་སྟེགས་དམག་ཚོགས་ཕམ་པར་མཛད༔ སྔོན་བྱུང་སྲིད་པ་དེ་བཞིན་དུ༔ ད་ལྟ་སྔགས་འཆང་སྒྲུབ་པ་པོས༔ བདག་དང་རྣལ་འབྱོར་ཡོན་བདག་གི༔ ཕྱི་ནང་བར་ཆད་བཟློག་པའི་ཕྱིར༔ དྲག་པོ་དཔལ་གྱི་གཏོར་ཆེན་བཤམས༔ གསང་སྔགས་མཐུ་ཡི་རྔ་ཆེན་རྡུང་༔ རིག་སྔགས་ཐུན་གྱི་ཟོར་ཆེན་འདྲིལ༔ མི་མཐུན་བར་ཆད་བཟློག་གྱུར་ཅིག༔ བྷྱོཿདྲག་པོ་དཔལ་གྱི་གཏོར་ཆེན་འདི༔ གསང་སྔགས་འདུས་པའི་བྱིན་རླབས་ཡིན༔ རིག་སྔགས་འདུས་པའི་མཚོན་ཆ་ཡིན༔ ཁྲོ་བོ་འདུས་པའི་མཐུ་རྩལ་ཡིན༔ ཁྲོ་མོ་འདུ་བའི་དྲག་སྔགས་ཡིན༔ ཕོ་ཉ་འདུ་བའི་ལས་མཁན་ཡིན༔ སྡེ་བརྒྱད་འདུ་བའི་དམོད་མོ་ཡིན༔ འདི་ཡིས་མི་བཟློག་གང་ཡང་མེད༔
བདག་ཅག་ཡོན་མཆོད་འཁོར་བཅས་ལ༔ ཆགས་ཆེ་ཉམ་ང་མཆིས་པ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ སྔོན་གྱི་ལས་ལས་གྱུར་པ་ཡང་༔བཟློག་གོ་དམར་ཆེན་གཏོར་མས་ཟློག༔ འཕྲལ་གྱི་རྐྱེན་ལས་གྱུར་པ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ ཡས་ཀྱི་བདུད་ཁ་གཡོས་པ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ མས་ཀྱི་སྲི་ཁ་ལྡངས་པ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ ཕ་རོལ་རྦོད་གཏོང་བཏང་བ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ ཚེ་ལ་བར་དུ་གཅོད་པ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ སྲོག་ལ་ཧུར་ཐུམ་འབྱུང་བ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ ལུས་ཀྱི་འབྱུང་བ་འཁྲུགས་པ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ སེམས་ལ་སྡུག་བསྔལ་འདབ་པ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ དུས་མིན་འཆི་བ་ཐམས་ཅད་ཀྱང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ ཧེ་རུ་ཀ་ཡི་དྲག་སྔགས་ཀྱང་༔ བཟློག་གོ་
དམར་ཆེན་གཏོར་མས་ཟློག༔ ཁྲོ་ཚོགས་ཡབ་ཀྱི་དྲག་སྔགས་ཀྱང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ མ་ཚོགས་ཡུམ་གྱི་དྲག་སྔགས་ཀྱང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ འཁོར་ཚོགས་སྤྲུལ་པའི་དྲག་སྔགས་ཀྱང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ ཕོ་ཉ་ལས་ཀྱི་དྲག་སྔགས་ཀྱང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ མགོན་པོས་དམོད་པའི་དྲག་སྔགས་ཀྱང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ མ་མོས་དམོད་པའི་དྲག་སྔགས་ཀྱང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ གཤིན་རྗེས་དམོད་པའི་དྲག་སྔགས་ཀྱང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ གནོད་སྦྱིན་དམོད་པའི་དྲག་སྔགས་ཀྱང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ ཕོ་བརྒྱུད་དམོད་པའི་དྲག་སྔགས་ཀྱང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ མོ་བརྒྱུད་དམོད་པའི་དྲག་སྔགས་ཀྱང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ ལྷ་རྣམས་དམོད་པའི་དྲག་སྔགས་ཀྱང་༔ བཟློག་གོ་
དམར་ཆེན་གཏོར་མས་ཟློག༔ ཀླུ་རྣམས་དམོད་པའི་མཚོན་ཆ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ གཉན་རྣམས་དམོད་པའི་མཚོན་ཆ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ གཟའ་རྣམས་དམོད་པའི་མཚོན་ཆ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ བདུད་རྣམས་དམོད་པའི་མཚོན་ཆ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ བཙན་རྣམས་དམོད་པའི་མཚོན་ཆ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ རུ་ཏྲས་དམོད་པའི་མཚོན་ཆ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ མ་ཡམས་དམོད་པའི་མཚོན་ཆ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ འགོང་པོས་དམོད་པའི་མཚོན་ཆ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ རྒྱལ་པོས་དམོད་པའི་མཚོན་ཆ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ བསེན་མོས་དམོད་པའི་མཚོན་ཆ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ ཐེའུ་རང་དམོད་པའི་མཚོན་ཆ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔
ས་བདག་དམོད་པའི་མཚོན་ཆ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ མུ་སྟེགས་དམོད་པའི་མཚོན་ཆ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ བགེགས་རྣམས་དམོད་པའི་མཚོན་ཆ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ ལྷ་ཡི་དལ་ཟོར་འཕེན་པ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ ལྷ་མིན་མཚོན་ཆ་འཁྲུགས་པ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ གཟའ་རྒོད་ཀིང་ཀང་འབེབས་པ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ གཤིན་རྗེའི་འཁོར་ལོ་སྐོར་བ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ མ་མོས་ཁྲག་ནད་གཏོང་བ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ འཆི་བདག་ཁྲམ་ལ་བཏབ་པ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ བདུད་ཀྱི་ཞགས་པ་འཕེན་པ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ བཙན་གྱི་ཇག་སྣ་རྒྱུག་པ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ རྒྱལ་པོས་སྨྱོ་འབོག་གཏོང་བ་ཡང་༔ བཟློག་
གོ་དམར་ཆེན་གཏོར་མས་ཟློག༔ འབྱུང་པོས་བར་ཆད་བྱེད་པ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ གནོད་སྦྱིན་ཟ་ཁ་སྟོན་པ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ ས་བདག་ཁྲམ་ལ་བཏབ་པ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ ཀླུ་ཡི་གཏད་ཁྲམ་བཅུག་པ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ ཐེའུ་རང་སྲིས་ལ་རྐུ་བ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ མུ་སྟེགས་ངན་སྔགས་བྱེད་པ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ བེནྡས་རིག་སྔགས་བྱེད་པ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ བོན་པོས་མཐུ་ཐུབ་བྱེད་པ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ སྐྱེ་བོས་མདའ་ཟོར་འཕེན་པ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ བུད་མེད་དུག་ཟོར་ཤམ་པ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ ནད་རིགས་བཞི་བརྒྱ་རྩ་བཞི་ཡང་༔ བཟློག་
གོ་དམར་ཆེན་གཏོར་མས་ཟློག༔ ཀེག་རིགས་སུམ་བརྒྱ་དྲུག་བཅུ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ ལྟས་ངན་བརྒྱད་ཅུ་རྩ་བཞི་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ གློ་བུར་ཉི་ཁྲི་ཆིག་སྟོང་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ དུས་མིན་འཆི་བ་བཅོ་བརྒྱད་ཀྱང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ མོ་ལྟས་མཚན་མ་ངན་པ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ ཕ་ཚན་ནང་གི་རྒྱ་འདྲེ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ མ་ཚན་ནང་གི་སྟོང་འདྲེ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ དར་ཚན་ནང་གི་སྟོང་འདྲེ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ དར་སྲི་གཞོན་སྲི་ཆུང་སྲི་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ བརྒྱ་ཡི་མི་ཁ་ཟུག་པ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ སྟོང་གི་བྲམ་ཆུ་ཟུག་པ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་
ཟློག༔ མ་ཉེས་ཁ་ཡོག་ངན་པ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ མི་ལ་ན་ཚ་ཐམས་ཅད་ཀྱང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ ནོར་ལ་གོད་ཁ་ཐམས་ཅད་ཀྱང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ ཞིང་ལ་བཙའ་སད་སེར་གསུམ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ ཐན་ལྟས་ངན་པ་ཐམས་ཅད་ཀྱང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ ཟློག་སྒྱུར་ཕྲིན་ལས་བཅོལ་བ་ནི༔ བསྒྱུར་རོ་ལྟས་ངན་འཚེར་རྩུབ་སྒྱུར༔ ཟློག་པའི་རྒྱལ་པོས་བཟློག་ཏུ་གསོལ༔ སྒྱུར་བའི་རྒྱལ་པོས་བསྒྱུར་དུ་གསོལ༔ བཟློག་བསྒྱུར་ཕྲིན་ལས་དུས་ལ་བབ༔ དུས་ལ་བབ་པོ་ས་མ་ཡ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཡང་དགྲ་ཆོས་དང་འབྲེལ་ན༔ འབྱོར་ན་གོ་མཚོན་དང་སྔགས་པ་ཆས་སུ་ཞུགས་ནས༔ དར་ནག་ཐོད་ལྡེང་སོགས་ཡོ་བྱད་འབྱོར་ཚད་ཚོགས་པར་བྱས་ནས༔ ཁྲོ་བོ་རྟ་མགྲིན་གྱི་ལྷ་ཚོགས་ཐམས་ཅད་དམག་དཔུང་ལྟར་བསྐྱེད་ནས༔ རང་ཉིད་ལྷ་ཡི་ང་རྒྱལ་དང་ལྡན་པར༔ ཧཱུྃ༔ ང་ནི་ཐུགས་རྗེ་ཆེན་པོའི་སྐུ༔ ང་ནི་རྟ་མགྲིན་དབང་གི་ལྷ༔ ང་ནི་ཁྲོ་བོ་ཀུན་གྱི་རྗེ༔ ང་
ནི་མཁའ་འགྲོ་ཀུན་གྱི་གཙོ༔ ང་ནི་སྣང་སྲིད་ཀུན་གྱི་བདག༔ ཁམས་གསུམ་སྲིད་གསུམ་ང་ཡི་ཟས༔ ཆེ་བའི་ལྷ་རྣམས་ང་ཡི་འཁོར༔ ཆུང་བའི་ལྷ་རྣམས་ང་ཡི་བྲན༔ མཐུ་ཆེན་སྟོབས་ལྡན་ཟིལ་གྱིས་གནོན༔ ང་ཡི་ཐུགས་ཀྱི་སྤྲུལ་པ་སྟེ༔ ཐུགས་རྗེ་ཆེན་པོ་ཁྲོས་པའི་སྐུ༔ མ་ཧཱ་ཀཱ་ལ་རྟ་གདོང་ཞལ༔ ཡཀྴ་ནག་པོ་མཐུ་བོ་ཆེ༔ ལས་མཁན་གནམ་ལྕགས་རལ་པ་ཅན༔ རབ་འཇིགས་དྲེགས་པའི་འཁོར་ཚོགས་ལས་ལ་འགྱེད༔ གཏིང་ནས་ཁྲོས་ཤིང་ཆས་ཙ་ན༔ སྟོང་གསུམ་ཀུན་ཀྱང་ཤིགས་སེ་ཤིག༔ གནམ་ས་ཀུན་ཀྱང་འུ་རུ་རུཿ རི་རབ་ཀུན་ཀྱང་སྒ་ར་ར༔ རྒྱ་མཚོ་ཀུན་ཀྱང་མེ་རེ་རེ༔ ཉི་ཟླ་གཟའ་སྐར་ཆ་ལ་ལ༔ རིགས་དྲུག་སེམས་ཅན་ཉི་ལི་ལི༔ ལྷ་སྲིན་སྡེ་བརྒྱད་ཤ་ར་ར༔ མཁའ་ལ་འབྲུག་སྒྲ་དི་རི་རི༔ བར་སྣང་གློག་དམར་ཁྱུགས་སེ་ཁྱུག༔ གནམ་ལྕགས་སེར་ཆེན་ཁྲ་ལ་ལ༔ རླུང་ནག་འཚུབ་མ་ཀྱི་ལི་ལི༔ བསྐལ་པའི་མེ་འབར་ལྷབས་སེ་ལྷབ༔ མཚོན་ཆའི་ཚ་ཚ་དཔུངས་སེ་དཔུང་༔
བསྐུལ་ལོ་སྟོབས་ལྡན་ནག་པོ་ཆེ༔ རྦད་དོ་དྲེགས་པ་སྡེ་བརྒྱད་ཚོགས༔ ཆོས་ཤིག་སྡང་བའི་དགྲ་ལ་ཆོས༔ སྟོབས་ལྡན་ནག་པོ་དགྲ་ལ་ཆོས༔ སྲོག་བདུད་ནག་པོ་དགྲ་ལ་ཆོས༔ ཡཀྴ་ནག་པོ་དགྲ་ལ་ཆོས༔ གནོད་སྦྱིན་ནག་པོ་དགྲ་ལ་ཆོས༔ རུ་ཏྲ་ནག་པོ་དགྲ་ལ་ཆོས༔ ལས་མཁན་ནག་པོ་དགྲ་ལ་ཆོས༔ཤན་པ་ནག་པོ་དགྲ་ལ་ཆོས༔ མོན་པ་ནག་པོ་དགྲ་ལ་ཆོས༔ ལྷ་དམག་འབུམ་སྡེ་དགྲ་ལ་ཆོས༔ ཀླུ་དམག་འབུམ་སྡེ་དགྲ་ལ་ཆོས༔ གཉན་དམག་འབུམ་སྡེ་དགྲ་ལ་ཆོས༔ བདུད་དམག་འབུམ་སྡེ་དགྲ་ལ་ཆོས༔ བཙན་དམག་འབུམ་སྡེ་དགྲ་ལ་ཆོས༔ མི་ནག་འབུམ་སྡེ་དགྲ་ལ་ཆོས༔ བྱ་ནག་འབུམ་སྡེ་དགྲ་ལ་ཆོས༔ ཁྱི་ནག་འབུམ་སྡེ་དགྲ་ལ་ཆོས༔ གཅན་གཟན་འབུམ་སྡེ་དགྲ་ལ་ཆོས༔ དགྲ་བོ་མི་དཔའ་རྟ་མགྱོགས་ཀྱི༔ དཔུང་པ་ཆོག་ལ་རྒྱུས་པ་ཆིངས༔ གོ་ཁྲབ་བཤུས་ལ་མཚོན་ཆ་འཕྲོགས༔ མི་རྟ་ཕྱེས་ལ་ནང་ཚན་དཀྲུགས༔ དམག་དཔོན་སོད་ལ་དམག་མི་གཏོར༔ དགྲ་བོའི་བུ་རྟ་ཆོམ་ལ་ཕོབ༔ དགྲ་བོའི་ཕོ་
བརྒྱུད་རྩད་ནས་ཆོད༔ དགྲ་བོའི་མོ་བརྒྱུད་མངལ་ནས་སྐེམས༔ དགྲ་བོའི་རིགས་བརྒྱུད་མཐའ་ནས་སྡུས༔ དགྲ་བོའི་བླ་རི་རྨིང་ནས་ཤིགས༔དགྲ་བོའི་བླ་མཚོ་གཏིང་ནས་སྐེམས༔ དགྲ་བོའི་བླ་ཤིང་རྐེད་ནས་ཆོག༔ དགྲ་བོའི་སྒོ་ནོར་ཕྱགས་མས་ཐོབ༔ དགྲ་བོའི་ཡུལ་མཁར་རླུང་ལ་སྐུར༔ གཏོར་མ་འདི་དང་དགྲ་བོ་གཉིས༔ མཉམ་པོར་བཞེས་ལ་མེད་པར་མཛོད༔ སངས་རྒྱས་ཆོས་ལ་དགྲ་བྱུང་ན༔ སྲུང་མ་དམ་ཅན་ར་མདར་བཟློག༔ རེམས་ཤིག་ཆོས་སྐྱོང་དམག་ལ་ཆོས༔ ཆོས་ཤིག་དགྲ་དང་བགེགས་ལ་ཆོས༔ མགོན་པོའི་དམག་ཚོགས་དགྲ་ལ་ཆོས༔ མ་མོའི་དམག་ཚོགས་དགྲ་ལ་ཆོས༔ གཤིན་རྗེའི་དམག་ཚོགས་དགྲ་ལ་ཆོས༔ གནོད་སྦྱིན་དམག་ཚོགས་དགྲ་ལ་ཆོས༔ ལྷ་ཡི་དམག་ཚོགས་དགྲ་ལ་ཆོས༔ ཀླུ་ཡི་དམག་ཚོགས་དགྲ་ལ་ཆོས༔ གཉན་གྱི་དམག་ཚོགས་དགྲ་ལ་ཆོས༔ གཟའ་ཡི་དམག་ཚོགས་དགྲ་ལ་ཆོས༔ བདུད་ཀྱི་དམག་ཚོགས་དགྲ་ལ་ཆོས༔ བཙན་གྱི་དམག་ཚོགས་དགྲ་ལ་ཆོས༔ རྒྱལ་
པོའི་དམག་ཚོགས་དགྲ་ལ་ཆོས༔ འགོང་པོའི་དམག་ཚོགས་དགྲ་ལ་ཆོས༔ ཐེའུ་རང་དམག་ཚོགས་དགྲ་ལ་ཆོས༔ ས་བདག་དམག་ཚོགས་དགྲ་ལ་ཆོས༔ ཡུལ་ལྷའི་དམག་ཚོགས་དགྲ་ལ་ཆོས༔ ཟོ་དོར་དམག་ཚོགས་དགྲ་ལ་ཆོས༔ དམག་ཚོགས་དགྲ་ལ་ཆས་ཙ་ན༔ བཙན་པོ་གྱོན་ལ་རྣོན་པོ་ཐོགས༔ གོ་ཆ་གྱོན་ལ་མཚོན་ཆ་བདོར༔ མགྱོགས་པ་ཞོན་ལ་རིངས་པར་རྒྱུག༔ དཔའ་བའི་གོ་གྱོན་ལྷུབས་སེ་ལྷུབ༔ མགྱོགས་པའི་རྟ་རྒྱུག་སྤྲེངས་སེ་སྤྲེང་༔ ཤན་པས་མཚོན་ཐོགས་ཟངས་སེ་ཟང་༔ ཀུ་བསོ་ཆ་སྒྲ་དི་རི་རི༔ དར་ནག་རུ་མཚོན་པུ་རུ་རུ༔ རླུང་ནག་འཚུབས་མ་ཀྱི་ལི་ལི༔ ནད་ཀྱི་ན་བུན་ཐུ་ལུ་ལུ༔ ཡམས་ཀྱི་ངས་པ་ཕྱུ་རུ་རུ༔ ཁྲག་གི་སེར་བ་ཧྲི་ལི་ལི༔ དུག་གི་ཁུ་འཕང་ཤ་ར་ར༔ མཚོན་གྱི་ཆར་པ་སི་ལི་ལི༔ སྔགས་ཀྱི་འབྲུག་སྒྲ་དི་རི་རི༔ ཐུན་གྱི་གློག་དམར་ཁྱུགས་སེ་ཁྱུག༔ ཟོར་མདའ་དགྲ་བོའི་སྙིང་ལ་རྒྱོབ༔ མཱ་ར་ཡ་ཡི་ལས་མཛོད་ཅིག༔ ཀྱཻ༔ ལས་ངན་སྡིག་ཅན་དགྲ་བོ་འདིས༔ བདེ་གཤེགས་རྒྱལ་བའི་
བསྟན་པ་བཤིག༔ ཐེག་ཆེན་ཆོས་ལ་སྐུར་པ་བཏབ༔ དགེ་འདུན་འདུས་པའི་དཀོར་ལ་འཕྲོགས༔ དགེ་བ་བཅུ་པོ་རྒྱབ་ཏུ་སྐྱུར༔ མི་དགེ་བཅུ་པོ་དང་དུ་བླང་༔ དམ་ཅན་ཡོངས་ལ་དོ་ཡང་བསྡོས༔ སྔགས་འཆང་བདག་ལ་འགྲས་སུ་བཙལ༔ སྒྲུབ་པ་པོ་ལ་ལྷ་མེད་ཟེར༔ སངས་རྒྱས་ཆོས་ལ་བདེན་མེད་ཟེར༔ ཆོས་སྐྱོང་ཁྱོད་ལ་མཐུ་མེད་ཟེར༔ བདག་ནི་མ་ཉེས་ཁོ་ཡིས་ཉེས༔ ཆགས་པ་མེད་པར་བུ་ལོན་བརྡས༔ བྱས་པ་མེད་པར་སྲོག་ལ་རྔམ༔ དེ་བས་བསྒྲལ་བའི་ཞིང་བཅུ་ཚང་༔ ཞིང་བཅུ་ཚང་བའི་སྡིག་པོ་ཆེ༔ སྡིག་ཅན་མྱུར་དུ་མ་བསྒྲལ་ན༔ དཀོན་མཆོག་གསུམ་གྱི་བསྟན་པ་བཤིག༔ སྲུང་མ་དམ་ཚིག་མེད་པར་འགྱུར༔ དེ་བས་སྲུང་མ་དམ་མ་གཡེལ༔ དེ་བས་སྲུང་མ་མཐུ་མ་ཆུང་༔ དེ་བས་སྲུང་མ་རྩལ་མ་ཞན༔ དུས་ལ་བབ་པོ་དམ་ཚིག་ཅན༔ གཏད་དོ་གཉེར་རོ་དགྲ་དང་བགེགས༔ ཁུག་ཅིག་དྲོངས་ཤིག་དབང་དུ་སྡུས༔ སོད་ཅིག་ཐུལ་ཅིག་མེད་པར་
མཛོད༔ སོད་རྟགས་དོན་སྙིང་ཁྱེར་ལ་ཤོག༔ གནམ་གྱི་འཇུ་ཐག་ཆོད་ལ་ཤོག༔ ས་ཡི་བརྟེན་ཕུར་ཕུད་ལ་ཤོག༔ ཚེ་ཡི་འདུ་བྱེད་བསྡུས་ལ་ཤོག༔ སྲོག་གི་འཕར་ཐག་ཆོད་ལ་ཤོག༔ སེམས་ཀྱི་མར་མེ་སོད་ལ་ཤོག༔ དགྲ་བོ་ལས་ངན་སྡིག་ཅན་འདི༔ ལྷན་ཅིག་སྐྱེས་པའི་ལྷ་དང་ཕྱེས༔ མཉམ་པོར་འོང་བའི་བདུད་དང་སྤྲོད༔ ལས་ཀྱི་གཤིན་རྗེས་ཤན་པ་གྱིས༔ ཕོ་བརྒྱུད་རྣམས་ཀྱིས་ཤ་ལ་ཟོ༔ མོ་བརྒྱུད་རྣམས་ཀྱིས་ཁྲག་ལ་འཐུང་༔ བྱ་ཅན་རྣམས་ཀྱིས་ནང་རོལ་ཟོ༔ ཁོང་ཁྲག་ཁ་ནས་སྐྱུགས་སུ་ཆུག༔ ནང་དབུགས་ཕྱི་རུ་འདྲེན་དུ་ཆུག༔ ཕུང་པོ་ས་ལ་འགྱེལ་དུ་ཆུག༔ འོ་དོད་གནམ་དུ་འབོད་དུ་ཆུག༔ཡན་ལག་ས་ལ་རྡེབ་ཏུ་ཆུག༔ ཡར་ཤ་ཡར་ལ་དགྲ་ཤ་ཟ༔ མར་ཤ་མར་ལ་དགྲ་ཁྲག་འཐུང་༔ ཕར་ཤ་ཚུར་ལ་དགྲ་རུས་མུར༔ ཏིལ་འབྲུ་ཙམ་ཡང་མེད་པར་གྱིས༔ མཱ་ར་ཡ་ཡི་དུས་ལ་བབས༔ དུས་ལ་བབ་པོ་ས་མ་ཡ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ གཏོར་མ་དགྲ་ཕྱོགས་སུ་འཕེན༔ ལྷག་མ་ནི༔
ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལྷག་མའི་དམ་ཚིག་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་གྱུར༔ ཨེ་ཨཱཿརལླི་ཧྲིཾ་ཧྲིཾ་ཛཿཛཿཧཱུྃཿ རྟ་མགྲིན་ནག་པོའི་འཁོར་དུ་གནས་པ་ཡི༔ ཕྱི་འཁོར་སྐྱོང་བའི་སྲུང་མ་ཐམས་ཅད་དང་༔ དབང་ཕྱུག་མཁའ་འགྲོ་གིང་དང་ལངྐ་དང་༔ ཕྲ་མེན་ཤུགས་འགྲོ་གཤིན་རྗེ་སྲིན་པོའི་ཚོགས༔ འཇིགས་པའི་ལུས་ལ་རྔམ་པའི་ཆ་བྱད་ཅན༔ ལེགས་ཉེས་སྟང་འཛིན་དམ་ཚིག་རྗེས་གཅོད་ཅིང་༔ རྫུ་འཕྲུལ་ཐོགས་མེད་དཔལ་གྱི་ཕམ་ཕབ་སྡུད༔ ཏིང་འཛིན་དྲོད་ཉུལ་རྣལ་འབྱོར་ཚོགས་ཁང་འགྲིམས༔ རང་རང་སྤྲུལ་པ་འཁོར་དང་བཅས་པ་རྣམས༔ཞལ་ཟས་ཚོགས་ཀྱི་ལྷག་མ་འདི་བཞེས་ལ༔ ཇི་ལྟར་དབང་བའི་ཕྲིན་ལས་སོ་སོར་མཛོད༔ ཨོཾ་ཨུཙྪི་ཥྚ་སརྦ་ཌཱ་ཀི་ནི་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཆད་ཐོ་ནི༔ ཧཱུྃ༔ སྔོན་གྱི་བསྐལ་པ་དང་པོ་ལ༔ འོག་མིན་ཆོས་དབྱིངས་དུར་ཁྲོད་དུ༔ དབང་ཆེན་རྟ་མཆོག་རོལ་པ་ཡིས༔ ཡེ་ཤེས་རྩལ་དབང་ཞིང་ཁམས་ཀྱི༔
མཁའ་འགྲོ་དམ་ཅན་དབང་དུ་བསྡུས༔ རང་རང་ལས་ལ་བཀོལ་བའི་ཚེ༔ རྣལ་འབྱོར་བར་ཆད་བསྲུང་བ་དང་༔ གཏོར་མ་ལེན་པར་མ་ཆད་དམ༔ ཁས་བླངས་མ་གཡེལ་ཕྲིན་ལས་མཛོད༔ དེ་འོག་བར་གྱི་བསྐལ་པ་ལ༔ འཇིགས་བྱེད་པདྨ་ཐོད་ཕྲེང་གིས། ཟངས་མདོག་དཔལ་རི་དུར་ཁྲོད་བརྒྱད༔ རྡོ་རྗེ་གདན་སོགས་གནས་རྣམས་སུ༔ དམ་ལ་བཏགས་པའི་ལྷ་འདྲེ་རྣམས༔ རྣལ་འབྱོར་བར་ཆད་བསྲུང་བ་དང་༔ གཏོར་མ་ལེན་པར་མ་ཆད་དམ༔ ཁས་བླངས་མ་གཡེལ་ཕྲིན་ལས་མཛོད༔ དེ་འོག་བསྐལ་པ་ཐ་མ་ལ༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ བསམ་ཡས་ཟབ་ལུང་སྟག་ཚང་དང་༔ ཨ་སུ་ར་སོགས་གནས་རྣམས་སུ༔ དམ་ལ་བཏགས་པའི་ལྷ་འདྲེ་རྣམས༔ རྣལ་འབྱོར་བར་ཆད་བསྲུང་བ་དང་༔ གཏོར་མ་ལེན་པར་མ་ཆད་དམ༔ བཀའ་ཡི་གཏོར་མ་འདི་ལོངས་ལ༔ ཁས་བླངས་མ་གཡེལ་ཕྲིན་ལས་མཛོད༔ ང་ནི་པད་མའི་བརྒྱུད་འཛིན་ཡིན༔ ཁྱོད་ནི་སློབ་དཔོན་གཏོར་ལེན་ཡིན༔
དམར་གཏོར་དམ་པ་འདི་བཞེས་ལ༔ ཁས་བླངས་མ་གཡེལ་ཕྲིན་ལས་མཛོད༔ ས་མ་ཡ་བྷྱོ༔ བརྟན་མ་ནི༔ ཨོཾ་ཨཱཿཧཱུྃ་བཛྲ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཿ ཧཱུྃ༔ ཕྱོགས་མཚམས་སྟེང་འོག་དག་ན་གནས་པ་ཡི༔ བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས་རྣམས༔ བྲན་གཡོག་འཁོར་དང་བཅས་ཏེ་གཤེགས་སུ་གསོལ༔ སྔོན་ཚེ་སློབ་དཔོན་པདྨ་འབྱུང་གནས་ཀྱི༔ སྤྱན་སྔར་ཁས་བླངས་དམ་བཅས་མ་གཡེལ་བར༔ དམ་རྫས་རྒྱན་གྱི་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བསམ་པ་ཡིད་བཞིན་བསྒྲུབ་པ་དང་༔ སྡང་དགྲ་གདོན་བགེགས་ཐམས་ཅད་རྡུལ་དུ་རློག༔ སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་མཛོད༔ བརྟན་མ་ཆེན་མོ་བཅུ་གཉིས་ཀྱི་ཞལ་དུ་མ་ཧཱ་བ་ལིངྟ་ལ་ཁཱ་ཧི༔ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ རྟ་བྲོ་ནི༔ ཧཱུྃ༔ དགྲ་བགེགས་བསྒྲལ་བའི་ཕུང་པོ་ལ༔ དཔའ་བོ་ཆེན་པོས་བྲོ་བརྡུངས་པས༔ ཕྱོགས་བཅུ་ནམ་མཁའི་
ཁམས་གང་ནས༔ ཁྲོ་བོའི་ཚོགས་དང་ཁྲོ་མོའི་ཚོགས༔ མ་སྲིང་ཚོགས་དང་ཕོ་ཉའི་ཚོགས༔ བྲོ་ལ་གཤེགས་སོ་ཆེམས་སེ་ཆེམ༔ ཧཱུྃ༔ ང་ནི་རྟ་མགྲིན་ཁྲོས་པའི་སྐུ༔ རྟ་སྐད་ལན་གསུམ་སྟེང་དུ་སྒྲོགས༔ དང་པོས་གཟུགས་མེད་ཁམས་ཀུན་གཡོས༔ གཉིས་པས་གཟུགས་ཁམས་དབང་དུ་བསྡུ༔ གསུམ་པས་འདོད་ཁམས་ཟིལ་གྱིས་གནོན༔ འདི་ནི་རྟ་མགྲིན་ཁྲོས་པའི་བྲོ༔ ཧཱུྃ༔ རྟ་བྲོ་འཁོར་གསུམ་འོག་ཏུ་བརྡུང་༔ དང་པོས་ས་སྟེང་འཇིག་རྟེན་གཡོ༔ གཉིས་པས་ས་བླ་དབང་དུ་བསྡུ༔ གསུམ་པས་ས་འོག་ཟིལ་གྱིས་གནོན༔ ཁྲོ་བོ་ཆེན་པོའི་མཐུ་རྩལ་ཡིན༔ ཧཱུྃ༔ ང་ནི་རྟ་མགྲིན་ཁྲོས་པའི་སྐུ༔ དུག་གསུམ་དགྲ་བགེགས་ཞབས་སུ་མནན༔ ཞེ་སྡང་ཕོ་རྒྱུད་གཡས་སུ་ནོན༔ འདོད་ཆགས་མོ་རྒྱུད་གཡོན་དུ་ནོན༔ གཏི་མུག་རིགས་རྒྱུད་རྩད་ནས་བརླག༔ འདི་ནི་ཕོ་ཉའི་ཕྲིན་
ལས་ཡིན༔ ཧཱུྃ༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ བྱད་མ་དམ་སྲི་གདོན་གྱི་ཚོགས༔ ཞབས་ཀྱི་འོག་ཏུ་བསྡུས་ནས་ནི༔ རྟ་མགྲིན་ཁྲོས་པའི་ཆོགས་ཀྱིས་བརྡུངས༔ ཡེ་ཤེས་རི་རབ་བརྗིད་ཀྱིས་མནན༔ དྲག་སྔགས་རྡོ་རྗེའི་མཚོན་གྱིས་གཏུབས༔ གཟི་བརྗིད་མེ་དཔུང་འབར་བས་བསྲེགས༔ སྲིད་པ་ལས་ཀྱི་རླུང་གིས་གཏོར༔ ཇི་སྲིད་བསྐལ་པ་མ་རྫོགས་པར༔ དགྲ་བགེགས་ལྡང་བར་མ་གྱུར་ཅིག༔ སརྦ་སཏྭཾ་བྷ་ཡ་ནན༔ ཨོཾ་ནན༔ ཨཱཿནན༔ ཧཱུྃ་ནན༔ སརྦ་བིག་ནན༔ ཤ་ཏྲུཾ་ནན༔ དེ་ནས་མཆོད་ཅིང་བསྟོད་པ་ནི༔ ཨོཾ་ཧྱ་གྷྲི་ཝ་ས་པ་རི་ཝ་ར་ཨརྒྷཾ་དང་༔ གོང་ལྟར་ཤོ་ལོ་ཀས་བསྟོད༔ བཤགས་པ་ནི༔ བདག་ནི་མ་རིག་འཁྲུལ་པའི་དབང་གྱུར་པས༔ རྩ་བ་ཡན་ལག་དམ་ཚིག་ཉམས་པ་དང་༔ སྒོ་གསུམ་ཉེས་པའི་ཚོགས་རྣམས་ཅི་མཆིས་པ༔ ཁྲོ་མཆོག་རྟ་མགྲིན་
སྐུ་ལ་མཐོལ་ལོ་བཤགས༔ ཞེས་ཡིག་བརྒྱ་བཟླས༔ འདོད་གསོལ་ནི༔ ཁྲོ་རྒྱལ་རྟ་མགྲིན་དགོངས་སུ་གསོལ༔ ཁྱེད་ལ་མཆོད་བསྟོད་བགྱིས་པའི་བྱིན་རླབས་ཀྱིས༔ མཆོག་དང་ཐུན་མོང་དངོས་གྲུབ་ཀུན་ཐོབ་ཅིང་༔ དབང་དྲག་འགུགས་བསྐྲད་མནན་གཟིར་ལ་སོགས་པའི༔ ཕྲིན་ལས་ཐམས་ཅད་འགྲུབ་པར་མཛད་དུ་གསོལ༔ ཞེས་གསོལ་བ་གདབ་བོ༔ དངོས་གྲུབ་ཀྱང་སྔགས་ཙམ་གྱིས་བླང་༔ རྫོགས་རིམ་ནི༔ རང་རིག་སེམས་ཀྱི་དཀྱིལ་འཁོར་དུ༔ ཁྲོ་རྒྱལ་གསལ་སྟོང་ཆེན་པོར་ཤར༔ ནམ་མཁའི་འཇའ་ཚོན་ཡལ་བ་བཞིན༔ སྐྱེ་མེད་ཆོས་དབྱིངས་ངང་དུ་བཞག༔ ཨཱ་ཨཱཿསླར་ཡང་སྔགས་བརྗོད་པས་ལྷར་ལྡང་ལ༔ སྨོན་ལམ་ནི༔ དགེ་བ་འདི་ཡིས་མྱུར་དུ་བདག༔ སོགས་བྱའོ༔ བཀྲ་ཤིས་ནི༔ བླ་མ་དཔལ་ཆེན་ཧེ་རུ་ཀ༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱིས༔ མཆོག་ཐུན་དངོས་གྲུབ་ཀུན་ཐོབ་ནས༔ ཕྲིན་ལས་ཐོགས་མེད་བཀྲ་ཤིས་ཤོག༔
གཞན་ཡང་བཀྲ་ཤིས་ཅི་རིགས་བརྗོད་པར་བྱའོ། །ཞེས་པ་འདི་ནི་སྔགས་པ་རྟ་མགྲིན་དབང་རྒྱལ་ནས་བསྐུལ་ངོར་རྟ་ནག་རང་གི་གཏེར་གཞུང་ལས། ཉང་གཏེར་གུར་དྲག་བདེ་གཤེགས་འདུས་པས་ཁ་བསྐངས་ཏེ་ལས་འགྲིགས་སུ་མི་ཕམ་རྣམ་པར་རྒྱལ་བ་པདྨ་བཞད་པས་བསྡེབས་པ་དངོས་གྲུབ་གཉིས་ཀྱི་དཔལ་མྱུར་དུ་འགྲུབ་པའི་རྒྱུར་གྱུར་ཅིག་མངྒ་ལཾ། །དགེའོ།། །།