Nitartha Digital Library
Tibetan
གསུང་འབུམ་པོད་བདུན་པ། དྲང་ངེས་སོགས།


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དབུ་མ་པའི་ལུགས་སྤྱི་དང༌། བྱེ་བྲག་སོ་སོར་བཤད་པ་དང་གཉིས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདབུ་མ་པའི་ལུགས་སྤྱི་དང༌། བྱེ་བྲག་སོ་སོར་བཤད་པ་དང་གཉིས།next

དབུ་མ་པའི་ལུགས་སྤྱི་དང༌། བྱེ་བྲག་སོ་སོར་བཤད་པ་དང་གཉིས།

དབུ་མ་པའི་ལུགས་སྤྱི་དང༌། བྱེ་བྲག་སོ་སོར་བཤད་པ་དང་གཉིས།དང་པོ་ནི།

སྤྱིར་དབུ་མ་པ་རྣམས་ཀྱིས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་ཨརྱ་དེ་བ་གཉིས་ཕྱི་མོའི་དབུ་མ་པ་ཡིན་པར་འདོད་ལ། གཞུང་ཡང་རིགས་ཚོགས་དྲུག་དང་བསྟོད་ཚོགས་དབུ་མའི་གཞུང་དུ་འདོད། བཀའ་ལ་དྲང་ངེས་ཕྱེ་ཞིང༌།འཁོར་ལོ་བར་བ་ངེས་དོན་འདོད་མཁན་དང༌། ཐ་མ་ངེས་དོན་འདོད་མཁན་གཉིས་བྱུང་བ་འོག་ཏུ་འཆད་པར་འགྱུར་རོ། །སློབ་དཔོན་གྱི་དབུ་མའི་བསྟན་བཅོས་རྣམས་ཀྱི་ནང་ནས་གཙོ་བོ་རྩ་བ་ཤེས་རབ་ཡིན། དེ་ལ་འགྲེལ་བ་ཡང་རང་འགྲེལ་ག་ལས་འཇིགས་མེད་དང༌། དེ་བ་ཤར་མ་དང༌། གུ་ན་མ་ཏི་དང༌། གུ་ན་ཤྲི་དང་སྠི་ར་མ་ཏི་དང༌། སངས་རྒྱས་བསྐྱངས་དང༌། ལེགས་ལྡན་འབྱེད་དང༌། ཟླ་བ་གྲགས་པའི་འགྲེལ་པ་སྟེ་བརྒྱད་ཡོད་ཅིང༌། ལེགས་ལྡན་འབྱེད་ནི་དེ་བ་ཤར་མའི་འགྲེལ་པ་དཀར་པོ་རྣམ་པར་འཆར་བའི་རྗེས་སུ་འབྲང་བར་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་བཤད་དོ། །རྗེ་བློ་བཟང་གྲགས་པས་རྒྱུ་མཚན་གཉིས་ཀྱིས་ག་ལས་འཇིགས་མེད་རང་འགྲེལ་མ་ཡིན་པར་ལེགས་བཤད་སྙིང་པོ་ལས་བཤད་དེ། དྲང་ངེས་ལེགས་བཤད་སྙིང་པོ་ལས། རབ་བྱེད་ཉེར་བདུན་པའི་འགྲེལ་པ་ག་ལས་འཇིགས་མེད་ལས། བཙུན་པ་འཕགས་པ་ལྷས་ཀྱང༌། ཉན་པ་པོ་དང་མཉན་བྱ་དང༌། །སྨྲ་བོ་འབྱུང་བ་ཤིན་ཏུ་དཀོན། །དེ་ཕྱིར་མདོར་ན་འཁོར་བ་ནི། །མཐའ་ཡོད་མ་ཡིན་མཐའ་མེད་མིན། །ཞེས་བཤད་དོ། །ཞེས་བཞི་བརྒྱ་པའི་ལུང་ཤེས་བྱེད་དུ་དྲངས་པས་རང་འགྲེལ་གྱི་དོན་མེད་དོ། །སངས་རྒྱས་བསྐྱངས་དང་ལེགས་ལྡན་འབྱེད་དང་ཟླ་བ་གྲགས་པའི་འགྲེལ་པར་འགྲེལ་པ་དེའི་ཟུར་ཙམ་ཡང་མ་བྱུང་བས་ཀྱང་ཤེས་སོ། །ཞེས་གསུངས་སོ། །གོ་རམས་པས་ཀྱང་དེ་ལྟར་བཤད་དོ། །རང་ལུགས་ལ་རང་འགྲེལ་ཡིན་ཡང་ག་ལས་འཇིགས་མེད་ལས། བཙུན་པ་འཕགས་པ་ལྷས་ཀྱང༌། ཉན་པ་པོ་དང་མཉན་བྱ་དང༌། །ཞེས་སོགས་ད་ལྟའི་དཔེ་ན་ཡོད་པ་མཆན་དཀྱུས་སུ་ཤོར་བ་ཡིན་སྙམ་སྟེ། ག་ལས་འཇིགས་མེད་ཀྱི་སྐབས་དེར་ཕུང་པོ་ཡོད་མེད་ཀྱི་མཐའ་གང་ཡང་མ་ཡིན་པར་བཤད་པའི་མཚམས་དེར་བཞི་བརྒྱ་བའི་ལུང་འདི་དྲང་བ་འབྲེལ་མེད་པའི་ཕྱིར་ཏེ། ཉན་པ་པོ་དང་མཉན་བྱ་དང༌། །ཞེས་སོགས་ཀྱིས་སྤྱིར་ཐ་སྙད་དུ་འཁོར་བ་མཐའ་ཡོད་མེད་བཤད་ལ། རྩ་ཤེས་རྩ་འགྲེལ་གྱི་སྐབས་དེར་དོན་དམ་པར་ཡོད་མེད་ཀྱི་མཐའ་དང་བྲལ་བར་བསྟན་པ་ཡིན་པའི་ཕྱིར་རོ། །ཇོ་བོ་རྗེའི་ལམ་སྒྲོན་རང་འགྲེལ་ལས།དེ་ལ་དབུ་མའི་རྩ་བ་ཤེས་རབ་ལ་འགྲེལ་བ་བརྒྱད་ཡོད་དེ། སློབ་དཔོན་ཉིད་ཀྱིས་མཛད་པའི་ག་ལས་འཇྀགས་མེད་དང༌། ཞེས་དང༌། བཻ་རོ་ཙ་ན་སོགས་མཁས་པ་མི་བཞིས་མཛད་པའི་གསང་སྔགས་ལུང་གི་བང་མཛོད་ལས། དབུ་མའི་བསྟན་བཅོས་རིགས་ཚོགས་དྲུག་མཛད་དེ།དེ་ཡང་རྩ་བ་ཤེས་རབ། རིགས་པ་དྲུག་ཅུ་བ། སྟོང་ཉིད་བདུན་ཅུ་བ། ཞིབ་མོ་རྣམ་པར་འཐག་པའི་མདོ། ག་ལས་འཇིགས་མེད། རྩོད་པ་བཟློག་པ་དང་དྲུག་མཛད། ཅེས་གསུངས་པ་དང༌། ག་ལས་འཇིགས་མེད་ཀྱི་མཇུག་བྱང་ལས། སློབ་དཔོན་བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱི་མི་འཕྲོགས་པའི་མཁྱེན་རབ་དང་ཐུགས་རྗེར་ལྡན་པ། དེ་བཞིན་གཤེགས་པའི་ཐེག་པ་བླ་ན་མེད་པའི་ཚུལ་རབ་ཏུ་འབྱེད་པ་རབ་ཏུ་དགའ་བའི་ས་བསྒྲུབས་ནས། བདེ་བ་ཅན་གྱི་ཞིང་དུ་གཤེགས་པ་འཇིག་རྟེན་གྱི་ཁམས་དང་བའི་འོད་ཅེས་བྱ་བར། དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བར་འགྱུར་བས་མཛད་པ་ཞེས་བྱ་བ་རྫོགས་སོ། །ཞེས་ལོ་པཎ་གྱིས་བསྒྱུར་ཡོད་པས་དེ་དག་གིས་རྫུན་བཤད་པ་མ་ཡིན་པས་སོ། །གཞན་ཡང་བུ་སྟོན་དང་བཅོམ་ལྡན་རིག་རལ་སོགས་མཁས་པ་མང་པོས་དེ་ལྟར་བཞེད་དོ། །རྗེས་དོགས་པ་གནང་རྗེས་སུ་གོ་རམས་པ་སོགས་ཀྱིས་ག་ལས་འཇིགས་མེད་རང་འགྲེལ་མ་ཡིན་པར་བཤད་མོད་ག་ལས་འཇིགས་མེད་ཀྱི་སྐབས་སུ་གཞན་སྟོང་གསུངས་པས་རང་འདོད་དང་མི་མཐུན་པ་ལས་གཞན་རྒྱུ་མཚན་ཡང་དག་ཡིན་མིན་དཔྱད་དགོས་སོ། །སངས་རྒྱས་བསྐྱངས་དང་ལེགས་ལྡན་འབྱེད་པས་ག་ལས་འཇིགས་མེད་མ་གཞི་བྱས་ནས་བརྩམས་པས་ཚིག་ཇི་ལྟ་བ་བཞིན་དྲང་ཡོད་ཀྱང་ལུང་ཁུངས་དངོས་སུ་མ་སྨོས་པ་ཡོད་ཀྱང་ལུང་ཁུངས་སྨོས་ནས་ཡང་དྲང་ཡོད་པར་སྣང་སྟེ། རྩ་ཤེས་མཆོད་བརྗོད་ཀྱི་སྐབས་སུ་ཤེས་རབ་སྒྲོན་མ་ལས། དེ་ལས་བསྟན་བཅོས་ཀྱི་འགྲེལ་པ་སྨྲས་པ། འདི་ལ་བཅོམ་ལྡན་འདས་ཐུགས་རྗེ་དམ་པས་སྤྲོ་བ་རབ་ཏུ་བསྐྱེད་པའི་བློ་མངའ་བ། ཞེས་སོགས་གསུངས་པའི་འགྲེལ་བ་ག་ལས་འཇིགས་མེད་ཡིན་པ་འདྲའོ། །བཅོམ་ལྡན་རིག་རལ་གྱི་རྩ་ཤེས་རྒྱན་གྱི་མེ་ཏོག་ལས། སངས་རྒྱས་བསྐྱངས་ཀྱིས་ཕལ་ཆེར་རང་འགྲེལ་ཉིད་བྲིས་ནས་སྣང་སྟེ་རང་རྒྱུད་ནི་མ་བྱས་པར་སྣང་ངོ། །ཤེས་རབ་སྒྲོན་མེ་ན་རང་འགྲེལ་ཕལ་ཆེར་སྣང༌། ཞེས་གསུངས་སོ། །རིགས་ཚོགས་ཀྱི་སྐབས་སུ་གཙོ་བོར་བདེན་དངོས་འགོག་པ་ཡིན་ཏེ། བསྟན་པ་སྤྱི་འགྲེལ་གྱི་རྣམ་བཤད་ལས། གཞན་ཡང་རྩ་ཤེར། གང་གི་རྟེན་ཅིང་འབྲེལ་བར་འབྱུང༌། །ཞེས་འཆད་པའི་དབུ་མ་ཚིག་གསལ་གྱི་སྐབས་སུ་ཡང་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་འདུས་བྱས་ཉིད་༼ཚིག་གསལ་ལས། རྒྱུ་དག་རྐྱེན་གྱི་ཚོགས་པ་དེ་དང་དེ་ཕྲད་ནས་འབྱུང་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའོ། །ཞེས་སོ། །༽ལ་བཤད་ཅིང༌། རྟེན་ཅིང་འབྲེལ་འབྱུང་མ་གཏོགས་པ། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་ཀླུ་སྒྲུབ་ཀྱིས་གསུངས་པ་ཡང་འདུས་བྱས་ཀྱི་ཆོས་ལ་དགོངས་ཏེ་བདེན་དངོས་འགོག་པའི་སྐབས་ཡིན་གྱི་འདུས་མ་བྱས་ཀྱི་ཆོས་བདེན་པ་འགོག་པའི་སྐབས་མ་ཡིན་ནོ། །རྟེན་ཅིང་འབྲེལ་འབྱུང་གི་ཆོས་ཡིན་ན་རྒྱུ་རྐྱེན་གྱིས་བསྐྱེད་དགོས་ཏེ། འདུས་བྱས་ཡིན་པས་སོ། །དེས་ན་ངོ་བོ་ཉིད་སྐུ་སོགས་རྟེན་འབྲེལ་མ་ཡིན་པར་སྤྱན་རས་གཟིགས་ཀྱིས་གསུངས་སོ། །ཞེས་གསུངས་ལ། རྩ་ཤེས་ལས། རང་བཞིན་གང་ཡིན་བཅོས་མིན་དང༌། །གཞན་ལ་ལྟོས་པ་མེད་པར་བཤད། །ཅེས་པའི་འཐད་ཀྱི་བུདྷ་པཱ་ལི་ཏ་དང་ཚིག་གསལ་སོགས་ན་རྟེན་འབྲེལ་གྱི་དོན་འདུས་བྱས་ལ་བཤད་པ་སྔར་གཞན་སྟོང་བགྲོ་གླེང་ཐེངས་དང་པོའི་དྲིས་ལན་གྱི་སྐབས་སུ་བཀོད་པ་ལྟར་ཡིན་པས་གཞི་གྲུབ་ན་རྟེན་འབྲེལ་ཡིན་པས་ཁྱབ་ཟེར་བ་ལེགས་བཤད་དུ་མ་མཐོང་ངོ། །འོ་ན་རྩོད་བཟློག་ལས། གང་ཞིག་སྟོང་དང་རྟེན་འབྱུང་དག །དབུ་མའི་ལམ་དུ་དོན་གཅིག་པར། །ཞེས་གསུངས་པའི་དོན་ཅི་ཞེ་ན། དེ་ནི་ཀུན་རྫོབ་རྟེན་འབྲེལ་རྟོགས་པ་དོན་དམ་ལ་འཇུག་པའི་ལམ་ཡིན་པའི་དོན་ཡིན་ཏེ། བཀའ་བསྡུ་བཞི་བ་ལས། ཀུན་རྫོབ་རྟེན་འབྲེལ་ལེགས་པར་རྟོགས་པ་ནི། །དབུ་མ་ཆེན་པོའི་གྲོང་དུ་འཇུག་པའི་ལམ། །ཞེས་སོ། །སངས་རྒྱས་ཀྱི་མདོ་གང་ན་ཡང་རྟེན་འབྲེལ་གྱི་དོན་འདུས་བྱས་ལ་བཤད་པ་ལས་གཞན་ལུང་གཅིག་ཀྱང་མ་དམིགས་སོ། །དབུ་མ་པའི་མཚན་ཉིད་ནི། ཉ་ཊཱིཀ་ཡིད་ཀྱི་མུན་སེལ་ལས། དབུ་མ་པའི་མཚན་ཉིད། ཐེག་ཆེན་པ་གང་ཞིག དོན་དམ་པར་བདེན་དངོས་ཁས་མི་ལེན་པ། ཞེས་དང༌། གྲུབ་མཐའི་རྣམ་བཞག་དོན་གསལ་ལས། དབུ་མ་པས་ནི་ཆོས་རྣམས་ཀུན། །གདོད་ནས་མ་བཅོས་རང་བཞིན་སྟོང༌། །ཡོད་མེད་མཐའ་གཉིས་རྣམ་གྲོལ་བ། །མཐའ་བྲལ་རྣམ་དག་ཉིད་དུ་འདོད། །ཅེས་དབུ་མ་པས་ཆོས་ཀུན་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བར་འདོད་པར་གསུངས་སོ། །དབུ་མ་པ་ལ་དབྱེ་བ་བཞི་བཞག་ཚུལ་ཡོད་དེ། རྗེ་བཙུན་གྱི་རྣམ་གྲངས་མདོ་སློབ་ལས། དབུ་མ་པ་ནི། རྣལ་འབྱོར་སྤྱོད་དང་མདོ་སྡེ་སྤྱོད། །འཇིག་རྟེན་གྲགས་སྡེ་སྤྱོད་པ་དང༌། །ཕྱི་མོའི་དབུ་མ་པ་སྟེ་བཞི། །ཞེས་གསུངས་སོ། །


previousདབུ་མ་པའི་ལུགས་སྤྱི་དང༌། བྱེ་བྲག་སོ་སོར་བཤད་པ་དང་གཉིས།next