Nitartha Digital Library
Tibetan
 
previousརྟོགས་དཀའ་དགེ་འདུན་བཤད་པ། next

རྟོགས་དཀའ་དགེ་འདུན་བཤད་པ།

བཞི་པ་རྟོགས་དཀའ་དགེ་འདུན་དཀོན་མཆོག་བྱེ་བྲག་ཏུ་བཤད་པ་ལ་གཉིས། སྤྱི་དོན་དང་ཡན་ལག་གི་དོན། དང་པོ་ལ་གང་ལ་གནས་པའི་འབྲས་བུ། དེ་ལ་གནས་པའི་གང་ཟག་གི་རྣམ་གཞག་གཉིས་ཀྱི་དང་པོ་ལ། འབྲས་བུའི་ངོ་བོ་གྲངས་དང་། གོ་རིམ་ངེས་པ། ཐོབ་བྱེད་ཀྱི་རྒྱུ། ཁམས་གང་དུ་གང་ཐོབ་པ་དང་ལྔ་ཡི་དང་པོ་ནི། དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་སྟེ། དེ་ཉིད་འབྲས་བུའི་མཆོག་ཡིན་པའི་ཕྱིར་རོ། །དེ་ཡང་སྤངས་པ་དང་རྟོགས་པ་གཉིས་ཀྱི་རང་བཞིན་ནོ། །དེ་དག་རེ་རེ་ལ་ཡང་བརྒྱད་ཅུ་རྩ་དགུ་རྩ་དགུ་སྟེ། འདོད་པའི་མཐོང་སྤང་རིས་བཞི་དང་། ཁམས་གོང་མ་གཉིས་ཀྱི་མཐོང་སྤང་རིས་བཞི་སྟེ། བརྒྱད་སྤངས་པའི་བྲལ་བ་བརྒྱད་དང་། དེ་རྙེད་ཀྱི་རྣམ་གྲོལ་ལམ་དང་། ས་དགུ་པོ་རེ་རེ་ལ་བསྒོམ་སྤང་ཆེ་འབྲིང་དགུ་དགུ་སྤངས་པའི་བྲལ་འབྲས་བརྒྱད་ཅུ་རྩ་གཅིག་དང་། དེ་རྙེད་ཀྱི་རྣམ་གྲོལ་ལམ་རྣམས་སོ། །དེ་ལ་དགེ་སྦྱོང་གི་ཚུལ་ནི། ཟག་མེད་ཀྱིས་བསྡུས་པའི་བར་ཆད་མེད་པའི་ལམ་སྟེ། འདིས་ཉོན་མོངས་པ་སྤངས་ནས་དོན་དམ་པའི་དགེ་སྦྱོང་དུ་བྱེད་པའི་ཕྱིར་ན་དགེ་སྦྱོང་གི་ཚུལ་ཞེས་བྱའོ། །དེ་ལྟར་ཡང་མདོ་ལས། སྡིག་པ་མི་དགེ་བའི་ཆོས་ཞེས་བྱ་བ་ནས། རྒྱས་པ་རྒ་ཤིར་གྱུར་པའི་བར་རྣམ་པ་དུ་མ་ཞི་བར་བྱས་པ་ཡིན་པས་དེའི་ཕྱིར་དགེ་སྦྱོང་ཞེས་གསུངས་པའི་ཕྱིར་རོ། །སྤངས་པ་རྣམས་ནི། དེའི་བྲལ་བའི་འབྲས་བུ་ཡིན་ལ། རྣམ་གྲོལ་ལམ་ནི་རྒྱུ་མཐུན་པའི་འབྲས་བུ་ཡིན་པའི་ཕྱིར། དེ་དག་ལ་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ཞེས་བྱའོ། །དེ་ལྟར་ཡང་མཛོད་དུ། དགེ་སྦྱོང་ཚུལ་ནི་དྲི་མེད་ལམ། །འབྲས་བུ་འདུས་བྱས་འདུས་མ་བྱས། །གྲོལ་ལམ་ཟད་པ་རྣམས་དང་བཅས། །དེ་དག་བརྒྱད་ཅུ་རྩ་དགུའོ། །ཞེས་སོ། །དེ་དག་གནས་སྐབས་ཀྱི་བྱེ་བྲག་ལས། རྒྱུན་དུ་ཞུགས་པ་ལ་སོགས་པའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་བཞིར་མདོ་ལས་གསུངས་པ་ཡིན་ནོ། །གཉིས་པ་ནི། དེ་ལྟར་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་བརྒྱད་ཅུ་རྩ་དགུ་ཡིན་ན། ཅིའི་ཕྱིར་འབྲས་བུ་བཞིར་བཞག་ཅེ་ན། མཛོད་དུ། འབྲས་བུ་རྣམ་བཞིི་བཞག་པ་ནི། །རྒྱུ་ལྔ་དག་ནི་སྲིད་ཕྱིར་རོ། །འབྲས་ལ་སྔོན་ལམ་བཏང་བ་དང་། །གཞན་ཐོབ་པ་དང་ཟད་སྡོམ་དང་། །ཤེས་པ་བརྒྱད་ཚན་ཐོབ་པ་དང་། །རྣམ་པ་བཅུ་དྲུག་ཐོབ་པའོ། །ཞེས་གནས་སྐབས་གང་དུ་རྒྱུ་ལྔ་སྲིད་པ་དེ་ཉིད་འབྲས་བུར་རྣམ་པར་བཞག་སྟེ། འདི་ལྟར་བཞུགས་པའི་ལམ་སྔོན་དུ་བཏང་བ་དང་། འབྲས་བུའི་ལམ་ཐོབ་པ་དང་། སྤངས་པ་ཀུན་གྱི་ཐོབ་པ་གཅིག་རྙེད་པ་དང་། ཆོས་དང་རྗེས་སུ་ཤེས་པ་བརྒྱད་གཅིག་ཅར་ཐོབ་པ་དང་། མི་རྟག་པ་ལ་སོགས་པའི་རྣམ་པ་བཅུ་དྲུག་ཐོབ་པས་སོ་ཞེས་བཤད་དོ། །ཡང་ན། འདི་ལྟར་བཤད་པར་བྱ་སྟེ། འདི་ལྟར་སྤང་བྱ་ནི་གསུམ་ཏེ། ཐར་པ་ལ་འཇུག་པའི་གེགས་སུ་གྱུར་པའི་ཀུན་སྦྱོར་གསུམ་དང་། འགྲོ་བ་ཐ་མ་དང་། ཁམས་ཐ་མ་ལས་འདའ་བའི་གེགས་སུ་གྱུར་པའི་ཐ་མའི་ཆ་མཐུན་པའི་ལྔ་དང་། ཁམས་གོང་མ་ལས་འདའ་བའི་གེགས་སུ་གྱུར་པ་གོང་མའི་ཆ་མཐུན་ལྔའོ། །དེ་དག་ནི་གོ་རིམ་བཞིན་དུ་ཐར་པ་འདོད་པ་རྣམས་ཀྱི་སྤང་བྱ་རགས་པ་དང་། ཕྲ་བ་དང་། ཤིན་ཏུ་ཕྲ་བ་རྣམས་ཡིན་ལ། དེ་དག་སྤངས་པ་ཡང་དོན་དུ་གཉེར་བྱའི་འབྲས་བུ་ཆུང་ངུ་དང་། འབྲིང་དང་། ཆེན་པོ་རྣམས་ཡིན་ནོ། །དེ་ལ་དང་པོ་སྤངས་པས་ནི་རྒྱུན་དུ་ཞུགས་པའི་འབྲས་བུར་རྣམ་པར་བཞག་སྟེ། མདོ་ལས། གདམས་ངག་འདི་ནི་ཀུན་ཏུ་སྦྱོར་བ་གསུམ་སྤངས་པས་རྒྱུན་དུ་ཞུགས་པའོ་ཞེས་སོ། །ཐ་མའི་ཆ་མཐུན་ལྔ་སྲབས་པར་བྱས་པ་དང་། མ་ལུས་པ་སྤངས་པ་ནི་གོ་རིམ་བཞིན་དུ་ཕྱིར་འོང་དང་། ཕྱིར་མི་འོང་གི་འབྲས་བུར་རྣམ་པར་བཞག་སྟེ། མདོ་ལས། ལན་ཅིག་ཕྱིར་འོང་གི་འབྲས་བུ་གང་ཞེ་ན། ཀུན་ཏུ་སྦྱོར་བ་སྤངས་པ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རྣམས་བསྲབས་པ་གང་ཡིན་པ་དེ་ཡིན་ནོ། །ཕྱིར་མི་འོང་གི་འབྲས་བུ་གང་ཞེ་ན། ཀུན་ཏུ་སྦྱོར་བ་ཐ་མའི་ཆ་དང་མཐུན་པ་ལྔ་སྤངས་པ་གང་ཡིན་པ་དེ་ཡིན་ནོ་ཞེས་གསུངས་སོ། །ཅིའི་ཕྱིར་འདོད་པའི་སྒོམ་སྤང་སྤངས་པ་ལ་འབྲས་བུ་གཉིས་བཞག་ཅེ་ན། འདོད་པའི་སྒོམ་སྤང་གི་ཉོན་མོངས་པ་རྣམས་ནི་ཆེས་རགས་པ་དང་། རིམ་གྱིས་སྤོང་བའི་ཕྱིར། འདོད་པའི་ཉོན་མོངས་ཕལ་ཆེར་ཟད་པ་ན་ཕྱིར་འོང་དང་། མ་ལུས་པ་ཟད་པ་ན་ཕྱིར་མི་འོང་གི་འབྲས་བུར་རྣམ་པར་བཞག་སྟེ། འདོད་པའི་ཉིས་དམིགས་བསྟན་པའི་ཕྱིར་དང་། དེ་ལས་མྱུར་དུ་འདའ་བར་བསྟན་པའི་ཕྱིར་རོ། །གསུམ་པ་སྤངས་པས་ནི། དགྲ་བཅོམ་པའི་འབྲས་བུ་རྣམ་པར་བཞག་སྟེ། མདོ་ལས། གོང་མའི་ཆ་དང་མཐུན་པ་ལྔ་སྤངས་པ་ནི། དགྲ་བཅོམ་པའི་འབྲས་བུའོ་ཞེས་སོ། །མདོར་བསྡུ་ན། སྤང་བྱ་ལ་མཐོང་སྤང་དང་། སྒོམ་སྤང་གཉིས་སུ་ངེས་པས། མཐོང་སྤངས་པའི་དབང་དུ་བྱས་ནས་རྒྱུན་ཞུགས་ཀྱི་འབྲས་བུར་བཞག་གོ །སྒོམ་སྤང་ལ་ཡང་འདོད་པ་དང་། ཁམས་གོང་གི་སས་བསྡུས་པ་གཉིས་ཡིན་ལ། འདོད་པའི་སྒོམ་སྤང་ལ་རགས་པ་དང་། ཕྲ་བ་གཉིས་ཀྱི་དེ་དག་སྤངས་པའི་དབང་དུ་བྱས་ནས་གོ་རིམ་བཞིན་འབྲས་བུ་བར་པ་གཉིས་བཞག་ལ། ཁམས་གོང་གི་སྒོམ་སྤང་སྤངས་པ་ལས་དགྲ་བཅོམ་པའི་འབྲས་བུར་བཞག་སྟེ། དེ་ལྟར་ན་སྤང་བྱའི་དབང་གིས་འབྲས་བུ་བཞིར་གྲངས་ངེས་པ་ཡིན་ནོ། །གསུམ་པ་ནི། འབྲས་བུ་བཞི་པོ་སྔ་མ་རྣམས་ཕྱི་མ་ཕྱི་མའི་རྒྱུ་ཡིན་པས་དོན་གྱི་གོ་རིམ་མོ། །བཞི་པ་ལ་གང་ལ་བརྟེན་ནས་ཐོབ་པ་ནི། འབྲས་བུ་དང་པོ་དང་གཉིས་པ་ནི། དང་པོའི་ཉེར་སྡོགས་མི་ཅོག་པ་མེད་པ་ལ་བརྟེན་ཏེ་འདོད་པའི་ཉོན་མོངས་པ་མ་སྤངས་པའི་ཕྱིར་རོ། །འབྲས་བུ་གསུམ་པ་ནི། གལ་ཏེ་རིམ་གྱིས་ཐོབ་ན། མི་ཅོག་པ་མེད་པ་ཁོ་ན་ལ་བརྟེན་ལ། འདོད་ཆགས་དང་བྲལ་བ་ཞིག་གིས་ཐོབ་ན་བསམ་གཏན་གྱི་དངོས་གཞི་གང་རུང་ལ་བརྟེན་ནོ། །གཟུགས་མེད་ལ་ནི་མི་བརྟེན་ཏེ། དེ་ནི་འདོད་པའི་ཉོན་མོངས་པའི་གཉེན་པོར་མི་རུང་བའི་ཕྱིར་དང་། ཕྱིར་མི་འོང་ཡང་འདོད་པའི་ཉོན་མོངས་པ་སྤངས་པས་རབ་ཏུ་ཕྱེ་བ་ཡིན་པས་སོ། །འབྲས་བུ་བཞི་པ་ནི། བསམ་གཏན་ས་དྲུག་གཟུགས་མེད་དང་པོ་གསུམ་རྣམས་ལ་བརྟེན་ཏེ། གལ་ཏེ་ཁམས་འོག་མ་ལ་གཉིས་སུ་ཐོབ་པར་བྱེད་ན་བསམ་གཏན་ས་དྲུག་ལ་བརྟེན་ལ། གཟུགས་མེད་དུ་ཐོབ་ན་གཟུགས་མེད་དང་པོ་གསུམ་གང་རུང་ལ་བརྟེན་ནས་ཐོབ་པའི་ཕྱིར་རོ། །མཐོང་སྒོམ་གང་གིས་ཐོབ་པ་ནི། འབྲས་བུ་དང་པོ་མཐོང་ལམ་ཁོ་ནས་ཐོབ་སྟེ། དེ་ནི་མཐོང་སྤང་སྤངས་པས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་རོ། །བར་པ་གཉིས་ནི། གལ་ཏེ་རིམ་གྱིས་ཐོབ་ན། སྒོམ་ལམ་གྱིས་ཐོབ་ལ། ཕལ་ཆེར་ལས། འདོད་ཆགས་དང་བྲལ་བ་དང་། འདོད་པ་ལ་འདོད་ཆགས་དང་བྲལ་བས་ཐོབ་ན་མཐོང་ལམ་གྱིས་ཐོབ་བོ། །འབྲས་བུ་བཞི་པ་ནི། སྒོམ་ལམ་ཁོ་ནས་ཐོབ་སྟེ་དེ་ནི་ཁམས་གོང་གི་སྒོམ་སྤང་སྤངས་པས་རབ་དུ་ཕྱེ་བ་ཡིན་པའི་ཕྱིར་རོ། །འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ལམ་གང་གིས་ཐོབ་པ་ནི། འབྲས་བུ་དང་པོ་དང་ཐ་མ་གཉིས་ནི་འདས་ལམ་ཁོ་ནས་་ཐོབ་སྟེ། མཐོང་སྤང་དང་སྲིད་རྩེའི་ཉོན་མོངས་པ་འཇིག་རྟེན་པའི་ལམ་གྱིས་སྤོང་བར་མི་ནུས་པའོ། །འབྲས་བུ་བར་པ་གཉིས་མཐོང་ལམ་གྱིས་ཐོབ་པ་ནི། འདས་ལམ་གྱིས་ཐོབ་ལ། སྒོམ་ལམ་གྱིས་ཐོབ་པ་ན་གལ་ཏེ་གང་ཟག་དེ་ཞི་གནས་སྤྱོད་པ་ཞིག་ཡིན་ན་འཇིག་རྟེན་པའི་ལམ་གྱིས་ཐོབ་ལ་གལ་ཏེ་ལྷག་མཐོང་སྤྱོད་པ་ཞིག་ཡིན་ན། འཇིག་རྟེན་ལས་འདས་པའི་ལམ་གྱིས་ཐོབ་བོ། །འབྲས་བུ་གང་འཇིག་རྟེན་ལས་འདས་པའི་ལམ་གྱིས་ཐོབ་པ་ལས་ནི་ཉམས་པ་མི་སྲིད་ཏེ། འདས་ལམ་ནི་སྤང་བྱའི་ས་བོན་དྲུངས་ནས་འབྱིན་བྱེད་ཡིན་པས་སོ། །འཇིག་རྟེན་པའི་ལམ་གྱིས་ཐོབ་པ་དག་ལ་ནི། ཉམས་པ་དག་སྲིད་དོ། །དེས་ན་འབྲས་བུ་དང་པོ་དང་ཐ་མ་གཉིས་ལས་ཉམས་པ་མི་སྲིད་ཅིང་། བར་པ་དག་ལས་ཉམས་པ་མི་སྲིད་དོ། །

ལྔ་པ་ནི། མཛོད་དུ། འདོད་པ་གསུམ་ཐོབ་ཐ་མ་ནི། །གསུམ་དུ་གོང་ནས་མཐོང་ལམ་མེད། །མི་སྐྱེ་ལུང་ལས་འདིར་རྩོམ་ཞིང་། །དེ་མཐར་ཕྱིན་ཞེས་འབྱུང་ཕྱིར་རོ། །ཞེས་པས། དང་པོ་གསུམ་ནི། འདོད་པའི་རྟེན་ཁོ་ནས་ཐོབ་སྟེ། རྒྱུན་ཞུགས་དང་ཕྱིར་འོང་ནི་འདོད་པ་ལ་འདོད་ཆགས་དང་མ་བྲལ་བའི་ཕྱིར་དང་། ཕྱིར་མི་འོང་ཡང་རིམ་གྱིས་པ་ནི། དང་པོའི་ཉེར་སྡོགས་ལ་བརྟེན་ནས་ཐོབ་པའི་ཕྱིར་དང་། ཐོས་རྒལ་བ་ནི་མཐོང་ལམ་ལ་བརྟེན་ནས་ཐོབ་ལ། ཁམས་གོང་གི་རྟེན་ལ་མཐོང་ལམ་མེད་པའི་ཕྱིར་རོ། །དེའི་རྒྱུ་མཚན་ཡང་། ཁམས་གོང་མའི་རྟེན་ལ་སྐྱོ་བ་མེད་པའི་ཕྱིར་དང་། སྐྱོ་བ་དང་བྲལ་བ་ཡང་ཁམས་གསུམ་ལ་ངེས་པ་འབྱུང་བར་བྱ་བའི་ཕྱིར་དུ་འཕགས་ལམ་ལ་རྩོམ་པ་མེད་པའི་ཕྱིར་རོ། །ལུང་ལས་ཀྱང་བར་དོར་མྱ་ངན་ལས་འདའ་བ་སོགས་ལྔ་པོ་འདིར་རྩོམ་ཞེས་དེར་མཐར་ཕྱིན་པར་འགྱུར་རོ་ཞེས་གསུངས་པའི་ཕྱིར་རོ། །བཞི་པ་ནི། ཁམས་གསུམ་གའི་རྟེན་ལ་ཐོབ་བོ། །གཉིས་པ་དེ་ལ་གནས་པའི་གང་ཟག་གི་རྣམ་པར་བཞག་པ་ལ་མཚོན་བྱེད་དཔེ་དང་། མཚོན་བྱ་དོན་གཉིས་ཀྱི་དང་པོ་ལ་ཟུང་བཞིའི་ཟུང་དང་པོ་ལ་གཉིས་ཞུགས་པ་དང་། འབྲས་བུ་ལ་གནས་པའོ། །དང་པོ་ལ་མཚན་ཉིད། དབྱེ་བ། ས་མཚམས་གསུམ་གྱི་དང་པོ་ནི། ཀུན་སྦྱོར་གསུམ་སྤངས་པས་རབ་ཏུ་ཕྱེ་བའི་འབྲས་བུ་ཐོབ་ཕྱིར་དུ། ལམ་ལ་བརྩོན་པ། སྤངས་པ་ནི་འདོད་པ་སྒོམ་སྤང་གཏན་མ་སྤངས་པའམ། ལྔ་པ་མན་ཆད་གང་རུང་སྤངས་ཤིང་། མཐོང་སྤང་སྤོང་བཞིན་པའོ། །རྟོགས་པ་ནི་སྦྱོར་མཐོང་གང་རུང་གི་ལམ་ལ་གནས་པའོ། །གཉིས་པ་ནི། དད་པ་དང་། ཆོས་ཀྱི་རྗེས་སུ་འབྲང་བ་གཉིས་ཏེ། དང་པོ་ནི་དབང་པོ་རྟུལ་པོ་དད་པས་ལམ་དེའི་རྗེས་སུ་འབྲང་བའོ། །གཉིས་པ་ནི། དབང་པོ་རྣོན་པོ་ཤེས་རབ་ཀྱིས་ལམ་དེའི་རྗེས་སུ་འབྲང་བའོ། །གསུམ་པ་ནི། སྦྱོར་ལམ་གཏན་གཅིག་པ་ནས་མཐོང་ལམ་སྐད་ཅིག་དང་པོ་བཅོ་ལྔ་གང་རུང་ལ་གནས་པའོ། །མཛོད་དུ། དེ་ལ་སྐད་ཅིག་བཅྭོ་ལྔ་ནི། །མ་མཐོང་མཐོང་ཕྱིར་མཐོང་བའི་ལམ། །དབང་པོ་རྣོ་རྟུལ་དེ་དག་དུ། །དད་དང་ཆོས་ཀྱི་རྗེས་སུ་འབྲང་། །ཞེས་བཤད། གཉིས་པ་ལ་རིམ་གྱིས་པ་དང་། ཅིག་ཅར་ངེས་པར་འབྱིན་པར་གཉིས་ཀྱི། དང་པོ་ལ་གསུམ་གྱི་དང་པོ་མཚན་ཉིད་ནི། ཀུན་ཏུ་སྦྱོར་བ་གསུམ་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ལ་གནས་པ། ཀུན་སྦྱོར་གསུམ་ནི། འཇིག་ལྟ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་དང་། ཐེ་ཚོམ་མོ། །ཅིའི་ཕྱིར་འདི་དག་སྤངས་པས་རྒྱུན་དུ་ཞུགས་པར་བཞག་ཅེ་ན། གསུམ་པོ་འདི་ནི། རྒྱུན་ཞུགས་ཀྱིས་སྤང་བྱའི་གཙོ་བོ་ཡིན་པའི་ཕྱིར་ཏེ། མྱ་ངན་ལས་འདའ་བའི་ལམ་ལ་ཞུགས་པའི་གེགས་ཀྱི་གཙོ་བོ་ཡིན་པས་སོ། །འདི་ལྟར་འཇིག་ལྟས་ཕུང་པོ་ལ་བདག་དུ་གཟུང་ནས་འཁོར་བ་ལ་མངོན་པར་དགའ་བས་སྡུག་བསྔལ་ལས་མི་འཕགས་པའི་རྒྱུ་བྱེད་ཅིང་། ཚུལ་བཞུགས་མཆོག་འཛིན་གྱིས་ལམ་ངན་པ་ལ་མངོན་པར་ཞེན་པས་འཕང་ཀྱང་ལོག་པས་ངེས་པར་འབྱུང་བའི་རྒྱུ་བྱེད་ལ། ཐེ་ཚོམ་གྱིས་ལམ་བཟང་པོ་ལ་སོམ་ཉི་ཟ་བས་ཡང་དག་པར་ངེས་པར་འབྱུང་བ་མ་ཡིན་པའི་རྒྱུ་བྱེད་པའི་ཕྱིར་ཏེ། དཔེར་ན། འགྲོ་བར་མི་འདོད་པ་དང་། འདོད་ཀྱང་ལམ་ལོག་པ་ལ་བརྟེན་པ་དང་། ཡང་དག་པའི་ལམ་ལ་ཐེ་ཚོམ་ཟ་བས་ནི། བགྲོད་བའི་ཡུལ་དུ་ཕྱིན་པར་བྱེད་པའི་གེགས་ཡིན་པ་བཞིན་ནོ། །དེ་སྐད་དུ། འགྲོ་མི་འདོད་དང་ལམ་ནོར་དང་། །ལམ་ལ་ཐེ་ཚོམ་ཇེ་སྙེད་གཅིག །ཐར་པ་བགྲོད་ལ་གེགས་བྱེད་པ། །དེའི་ཕྱིར་ན་གསུམ་བསྟན་ཏོ། །ཞེས་སོ། །ཅིས་རྒྱུན་དུ་ཞུགས་པ་ཞེས་བྱ་ཞེ་ན། ཐར་པའི་གེགས་དང་། གཉིས་པ་ལས་མྱ་ངན་འདས་པའི་རྒྱུན་ལ་ཞུགས་པའི་ཕྱིར་རོ། །གཉིས་པ་དབྱེ་བ་ནི། དད་མོས་དང་། མཐོང་ཐོབ་གཉིས་ཏེ། དང་པོ་ནི། སྔར་གྱི་དད་པའི་རྗེས་འབྲང་དེ་ཉིད་འབྲས་བུ་ལ་གནས་པའི་དུས་སུ་དད་པ་ལྷག་པ་ཉིད་ཀྱིས་ན། ལྷག་པར་མོས་པས་རབ་ཏུ་ཕྱེ་བའི་ཕྱིར་དད་མོས་ཞེས་བྱའོ། །གཉིས་པ་ནི། སྔར་གྱི་ཆོས་ཀྱི་རྗེས་འབྲངས་དེ་ཉིད་འབྲས་བུའི་དུས་སུ་ཤེས་རབ་ལྷག་པ་ཉིད་ཀྱིས་མཐོང་བས་རབ་ཏུ་ཕྱེ་བའི་ཕྱིར་དེ་སྐད་ཅེས་བྱའོ། །སྦྱོར་བས་ཕྱེ་བ་འབྲས་གནས་ཙམ་པོ་དང་ཁྱད་པར་ཅན་གཉིས། དང་པོ་ནི་འབྲས་བུ་ལ་གནས་པ་དེ་ཉིད་ཁྱད་པར་ཅན་གྱི་འབྲས་བུའི་དོན་དུ་ལམ་ལ་མི་བརྩོན་པ། གཉིས་པ་ནི་དེ་ལས་བཟློག་པའོ། །དབང་པོ་དང་། སྦྱོར་བས་ཕྱེ་བ་འདི་གཉིས་ནི། འབྲས་བུ་བར་པ་གཉིས་ལ་ཡང་འདི་ཁོ་ན་བཞིན་དུ་ལྟ་བར་བྱའོ། །

སྐྱེ་བའི་ཁྱད་པར་གྱིས་ཕྱེ་ན་དེ་ལྟར་ཐོགས་ན་ལན་བདུན་པ། རིགས་ནས་རིགས་སུ་སྐྱེ་བ་གཉིས་སོ། །དང་པོ་ནི། ཁྱད་པར་གསུམ་དང་ལྡན་པ་སྟེ། སྤངས་པའི་ཁྱད་པར་འདོད་པའི་སྒོམ་སྤང་གཏན་མ་སྤངས་པ། འབྲས་བུའི་ཁྱད་པར་འབྲས་བུ་ཙམ་ལ་གནས་པ། སྐྱེ་བའི་ཁྱད་པར་འདོད་པའི་ལྷ་དང་མིར་སྐྱེ་བ་ལན་བདུན་བླངས་ནས་བདུན་པ་ལ་སྡུག་བསྔལ་གྱི་ཐ་མ་མངོན་དུ་བྱེད་པའོ། །དེ་ལྟར་ཡང་། འབྲས་གནས་སྒོམ་སྤང་བྱ་མ་ཟད། །དེ་ལྟར་ཐོགས་ནས་ལན་བདུན་པ། །ཞེས་སོ། །འདི་ལ་བྱེ་བྲག་སྨྲ་བ་དག་མིར་སྐྱེ་སྲིད་ལན་བདུན། བར་སྲིད་ལན་བདུན། འདོད་པའི་ལྷར་སྐྱེ་སྲིད་ལན་བདུན་འདོད་པ་ལྟར། བར་སྲིད་ལན་བདུན་ཏེ། སྐྱེ་བ་ཉི་ཤུ་རྩ་བརྒྱད་ལེན་མོད་ཀྱི་བདུན་ཚན་དུ་འདྲ་བའི་ཕྱིར་ལན་བདུན་པ་ཞེས་བྱ་སྟེ། དཔེར་ན་ཤིང་འདབ་མ་བདུན་པ་དང་། གནས་བདུན་ལ་མཁས་པའི་དགེ་སློང་བཞིན་ནོ་ཞེས་ཟེར། མདོ་སྡེ་པ་རྣམས་ནི། མདོ་ལས། གང་ཟ ག་ལྟ་བ་ཕུན་སུམ་ཚོགས་པ་སྲིད་པ་བརྒྱད་འགྲུབ་པ་གནས་མེད་དེ་ཞེས་གསུངས་པ་དང་། ལྷ་དང་མི་རྣམས་ཀྱི་ནང་དུ་ལན་བདུན་ཞེས་སྤྱིར་གསུངས་པས། དེ་ནི་མི་རིགས་ཞེས་ཟེར། འདི་ལ་བརྗོད་པར་བྱ་བ་ལ་མང་སྟེ། རེ་ཞིག་བཞག་གོ །

གཉིས་པ་རིགས་ནས་རིགས་སུ་སྐྱེ་བ་ལ་ཡང་ཁྱད་པར་གསུམ་སྟེ། སྤངས་པའི་ཁྱད་པར་ནི། འདོད་པའི་སྒོམ་སྤང་གསུམ་མམ་བཞི་སྤངས་ཤིང་ལྔ་པ་མ་སྤངས་པའོ། །སྐྱེ་བའི་ཁྱད་པར་འདོད་པའི་ལྷའམ་མི་གང་རུང་དུ། སྐྱེ་བ་རིགས་མཐུན་གཉིས་སམ་གསུམ་བླངས་ནས་མྱ་ངན་ལས་འདས་པའོ། །གཉེན་པོའི་ཁྱད་པར་སྤངས་པ་དེ་དག་གི་གཉེན་པོ་ཟག་མེད་ཀྱི་དབང་པོ་ཐོབ་པའོ། །དེ་ལྟར་ཡང་རྣམ་གསུམ་རྣམ་བཞི་ལས་གྲོལ་བ། །ཚེ་གཉིས་གསུམ་དུ་རིགས་ནས་རིགས། །ཞེས་པ་ལྟར་རོ། །དེ་ལ་འདོད་པའི་ཉོན་མོངས་པ་གསུམ་པ་ངེས་པར་སྤང་དགོས་ཏེ། གཞན་དུ་ན་འདོད་པའི་ཉོན་མོངས་པ་ཆེན་པོ་ལུས་པས་སྐྱེ་བ་བཞི་པ་སོགས་འགྲུབ་པ་མ་བཀག་པའི་ཕྱིར་སྐྱེ་བའི་ཁྱད་པར་མི་འགྲུབ་པར་འགྱུར་བའི་ཕྱིར་རོ།།དེ་ལྟར་འདོད་པའི་ཉོན་མོངས་པ་ཆེན་པོ་མ་སྤངས་པ་ལ་ནི། སྐྱེ་བ་རིགས་མཐུན་བདུན་ཚུན་ཆད་འགྲུབ་པའི་ནུས་པ་ཡོད་དེ། དཔེར་ན་དེ་ལྟར་ཐོགས་ན་སྲིད་པ་ལན་བདུན་པ་བཞིན་ནོ། །འབྲིང་མ་སྤངས་པ་ལ་ནི། གསུམ་ཕན་ཆད་འགྲུབ་པའི་ནུས་པ་ཡོད་དེ། རིགས་ནས་རིགས་སྐྱེ་བཞིན་ནོ། །ཆུང་ངུ་མ་སྤངས་པ་ནི། སྐྱེ་བ་གཅིག་འགྲུབ་པའི་ནུས་པ་ཡོད་དེ། ལན་ཅིག་ཕྱིར་འོང་བཞིན་ནོ། །དེའི་ཕྱིར་འདོད་པའི་ཆེན་པོ་གསུམ་མ་སྤངས་ན། སྐྱེ་བའི་ཁྱད་པར་མི་འགྲུབ་བོ། །བཞི་པ་སྤངས་སམ། མ་སྤངས་ཀྱང་བླ། ལྔ་པ་སྔར་མ་སྤངས་ཤིང་ཚེ་དེ་ལ་གཏན་མི་སྤོང་བ་ཞིག་དགོས་ཏེ། དེ་སྤངས་ན་དྲུག་པ་ཡང་གདོན་མི་ཟ་བར་སྤོང་བས་ལན་ཅིག་ཕྱིར་འོང་དུ་འགྱུར་བའི་ཕྱིར། སྐྱེ་བའི་ཁྱད་པར་འགྲུབ་པར་འགྱུར་རོ། །དྲུག་པས་ནི་དགུ་པ་བཞིན་དུ་ཁམས་ལས་འདའ་མི་དགོས་པས་ཚེ་དེ་ལ་འབྲས་བུ་ཐོབ་པ་ལ་དགེག་བྱེད་མི་ནུས་སོ། །སྐྱེ་བ་རིགས་མཐུན་གཉིས་ངེས་པར་ལེན་དགོས་ཏེ། གཞན་དུ་ན། རིགས་ནས་རིགས་ཞེས་པ་རྒྱུད་པའི་ཚིག་གི་དོན་མི་རུང་བའི་ཕྱིར་དང་། ཉོན་མོངས་པ་འབྲིང་མ་སྤངས་པས་སྐྱེ་བ་གསུམ་ཚུན་ཆད་འགྲུབ་པའི་ནུས་པ་ཡོད་པའི་ཕྱིར་རོ། །གསུམ་པ་ལེན་ནམ། མི་ལེན་ཡང་རུང་། བཞི་པ་ཕན་ཆད་ལེན་པ་མི་སྲིད་དེ། ཉོན་མོངས་པ་ཆེན་པོ་གསུམ་སྤངས་པས་བཞི་པ་ཕན་ཆད་འགྲུབ་པ་མེད་པའི་ཕྱིར་རོ། །གཉེན་པོ་ཟག་མེད་ཀྱི་དབང་པོ་མ་ཐོབ་པའི་སྤངས་པ་ནི། སླར་ཉམས་པ་སྲིད་ལ་སྤངས་པ་ཉམས་ན་སྐྱེ་བའི་ཁྱད་པར་ཡང་མི་འགྲུབ་པས། དེའི་ཕྱིར་གཉེན་པོའི་ཁྱད་པར་ཟག་མེད་ཀྱི་དབང་པོ་ཐོབ་པ་རྣམ་པར་བཞག་གོ །དེ་ལ་གང་ཟག་གི་ལྷ་རྣམས་ཀྱི་ནང་དུ་བདེན་པ་མཐོང་བ་དེ་ནི། ལྷའི་རིགས་ནས་རིགས་སུ་སྐྱེས་ནས་མྱ་ངན་ལས་འདའ། མི་རྣམས་ཀྱི་ནང་དུ་བདེན་པ་མཐོང་བ་དེ་ནི། མིའི་རིགས་ནས་རིགས་སུ་སྐྱེས་ནས་མྱ་ངན་ལས་འདའོ། །དེའི་ཕྱིར་འདི་ལ་ལྷའི་རིགས་ནས་རིགས་སུ་སྐྱེ་བ་དང་། མིའི་རིགས་ནས་རིགས་སུ་སྐྱེ་བ་རྣམ་པ་གཉིས་སུ་དབྱེའོ། །འདི་ནི་འབྲས་བུ་ཁྱད་པར་ཅན་གྱི་ལམ་ལ་གནས་པའི་ཕྱིར་འབྲས་བུ་ཕྱི་མ་ལ་ཞུགས་པར་རྣམ་པར་བཞག་གོ །གསུམ་པ་ས་མཚམས་ནི། མཐོང་ལམ་སྐད་ཅིག་བཅུ་དྲུག་པ་ནས་བཟུང་སྟེ། འདོད་པའི་ཉོན་མོངས་དྲུག་པ་སྤོང་བའི་བར་ཆད་མེད་པའི་ལམ་ལ་གནས་པའི་བར་རོ། །གཉིས་པ་གཅིག་ཅར་བ་ལ་བཞི། མཚན་ཉིད། རྣམ་གཞག །དབྱེ་བ། ས་མཚམས་སོ། །དང་པོ་ནི། རྒྱུན་ཞུགས་གང་། ཁམས་གསུམ་གྱི་སྒོམ་སྤང་གིས་ཉོན་མོངས་རྣམས་རྣམ་པ་གཅིག་ཅར་སྤོང་བའོ། །གཉིས་པ་ལ། ཉོན་མོངས་སྤོང་ཚུལ། འབྲས་བུ་ཐོབ་ཚུལ། ཁུངས་ཀྱི་ལུང་དྲང་བ་གསུམ་གྱི་དང་པོ་ནི། ཀུན་ལས་བཏུས་སུ་གཅིག་ཅར་ངེས་པར་འབྱིན་པ་ནི། བདེན་པ་རྣམས་མངོན་པར་རྟོགས་པར་བྱས་ནས་མི་ལྕོག་པ་མེད་པ་ལ་བརྟེན་ནས། འཇིག་རྟེན་ལས་འདས་པའི་ལམ་གྱིས་ཁམས་གསུམ་པའི་ཉོན་མོངས་པ་རྣམས་རྣམ་པ་གཅིག་ཅར་སྤོང་སྟེ། འདི་ནི་རྒྱུན་དུ་ཞུགས་པ་དང་། དགྲ་བཅོམ་པའི་འབྲས་བུ་གཉིས་ལ་གདགས་སོ་ཞེས་གསུངས་པ་ལྟར་ཤེས་པར་བྱ་སྟེ། འདི་ཡང་དུས་ནམ་གྱི་ཚེ། ས་གང་ལ་བརྟེན་ནས། ལམ་གང་གིས། ཚུལ་ཇི་ལྟར། དེ་ལྟར་སྤོང་ནུས་པའི་རྒྱུ་མཚན། འབྲས་བུ་གང་ལ་གདམས་པ་རྣམས་ཀྱིས་ཤེས་པར་བྱའོ། །དང་པོ་ནི། བདེན་པ་རྣམས་མངོན་པར་རྟོགས་པར་བྱས་ནས་ཞེས་འབྱུང་བས། མཐོང་ལམ་ཐོབ་ནས་ཏེ། བྱིས་པས་ཁམས་གསུམ་གའི་ཉོན་མོངས་པ་སྤོང་བར་མི་ནུས་པས་སོ། །གཉིས་པ་ནི། བསམ་གཏན་དང་པོའི་ཉེར་སྡོགས་མི་ལྕོགས་པ་མེད་པ་ལ་བརྟེན་ནས་ཏེ། འདིས་ཁམས་གསུམ་གའི་ཉོན་མོངས་ཐམས་ཅད་སྤོང་ནུས་པའི་ཕྱིར་དང་། ས་གཞན་རྣམས་འདོད་པའི་སྒོམ་སྤང་གི་གཉེན་པོར་མི་རུང་བའི་ཕྱིར་རོ། །གསུམ་པ་ནི། བདེན་པའི་མཚན་ཉིད་ལ་དམིགས་པར་འཇིག་རྟེན་ལས་འདས་པའི་ལམ་སྟེ། འཇིག་རྟེན་པ་ནི། ཞི་རགས་ཀྱི་རྣམ་པ་ཅན་ཡིན་པས་རང་ས་དང་གོང་སའི་གཉེན་པོ་མི་བྱེད་པའི་ཕྱིར་རོ། །བཞི་པ་ནི། ཁམས་གསུམ་གྱི་སྒོམ་སྤང་གིས་ཉོན་མོངས་རྣམས་ས་དགུའི་བྱེ་བྲག་གིས་མ་ཕྱེ་བར་ཆེ་འབྲིང་གི་རྣམ་དགུར་ཕྱེ་ནས་སྤོངས་ཏེ། གང་གི་ཚེ་ཉོན་མོངས་པ་ཆེན་པོའི་ཆེན་པོ་སྤངས་པ་ན། འདོད་པ་ནས་སྲིད་རྩེའི་བར་གྱི་ཆེན་པོའི་ཆེན་པོ་ཐམས་ཅད་སྤོང་ལ། ཆུང་ངུའི་ཆུང་ངུ་སྤངས་པ་ན་ཡང་འདོད་པ་ནས་སྲིད་རྩེའི་བར་གྱི་ཆུང་ངུའི་ཆུང་ངུ་རྣམས་སྤོང་བའི་ཚུལ་གྱིས་སོ། །ལྔ་པ་ནི། དེ་ལྟར་སྤོང་ནུས་པའི་རྒྱུ་མཚན། འདིར་ཁམས་གསུམ་གྱི་གཟུགས་སོགས་ཕུང་པོ་ཐམས་ཅད་ཁམས་དང་ས་སོ་སོར་མ་ཕྱེ་བར་འདི་ཐམས་ཅད་མི་རྟག་སྡུག་བསྔལ་བདག་མེད་དོ་ཞེས་གཅིག་ཏུ་བསྡུས་ནས་བསྒོམ་པར་བྱེད་ཀྱི་རིམ་པ་ལྟར་གོང་འོག་ལ་ཞི་རགས་ཀྱི་རྣམ་པས་སམ། ཁམས་གསུམ་གྱི་སྡུག་བསྔལ་སོགས་སོ་སོར་ཕྱེ་ནས་བསྒོམ་པར་མི་བྱེད་པའི་ཕྱིར་རོ། །དེ་སྐད་དུ་ཡང་། སོར་མོའི་རྩེ་མོའི་མདོ་ལས། གཟུགས་གང་ཡིན་པ་ཅི་ཡང་རུང་སྟེ། ཞེས་པ་ནས་རྣམ་པར་ཤེས་པའི་བར་འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བ་ཞེས་རྒྱ་ཆེར་འབྱུང་བ་ནས། རྒྱང་རིང་བ་ནས་ཐག་ཉེ་བ་ཞེས་པའི་བར་དུ་དེ་ཐམས་ཅད་གཅིག་ཏུ་བསྡུས་ཏེ་ཆ་གཅིག་དུ་བྱེད་དོ། །གཅིག་དུ་བཟླུམ་མོ་གཅིག་ཏུ་བསྡོམ་མོོ། །ཕུང་པོ་གཅིག་དུ་བྱེད་དོ། །ཆ་གཅིག་ཏུ་བྱས་ཤིང་ཕུང་པོ་གཅིག་གི་བར་དུ་བྱས་ནས་འདི་ལྟར་ཡང་དག་པར་སློབ་སྟེེ། འདི་ཐམས་ཅད་ནི་མི་རྟག་པ་འདི་ཐམས་ཅད་ནི་སྡུག་བསྔལ་བ་ཞེས་རྒྱ་ཆེར་གསུངས་སོ། །དྲུག་པ་ནི། ཇི་སྐད་བཤད་པའི་སྤང་བྱ་སྤོང་ཚུལ་དེ་ནི་རྒྱུན་ཞུགས་དང་། དགྲ་བཅོམ་པའི་འབྲས་བུ་གཉིས་ལ་བཞག་སྟེ། བདེན་པ་མངོན་པར་རྟོགས་ནས་ཇི་སྲིད་སྒོམ་སྤང་མ་ལུས་པ་མ་སྤངས་པ་དེ་སྲིད་དུ་རྒྱུན་དུ་ཞུགས་པ་ཡིན་ལ། སྒོམ་སྤང་མ་ལུས་པ་སྤངས་པ་ན་ནི་དགྲ་བཅོམ་པ་ཡིན་པས་སོ། །བར་པ་གཉིས་ལ་ནི། འདི་མི་རུང་སྟེ། དེ་གཉིས་ནི་བདེན་པ་མངོན་པར་རྟོགས་ནས་འདོད་པའི་སྒོམ་སྤང་གི་ཉོན་མོངས་པ་ཕལ་ཆེར་སྤངས་པ་དང་མ་ལུས་པ་སྤངས་པས་རབ་དུ་ཕྱེ་བའི་ཕྱིར་རོ། །གཉིས་པ་འབྲས་བུ་ཐོབ་ཚུལ་ནི། ཀུན་ལས་བཏུས་སུ། ཕལ་ཆེར་མཐོང་བའི་ཆོས་སམ་འཆི་བའི་དུས་ཀྱི་ཚེ་ཀུན་ཤེས་པ་ཐོབ་པར་བྱེད་དོ། །གལ་ཏེ་མི་བྱེད་ན་ཡང་། སྨོན་ལམ་གྱི་སྟོབས་ཅན་ཡིན་པས་སྨོན་ལམ་གྱི་དབང་གིས་འདོད་པ་ཁམས་སུ་སྐྱེ་སྟེ། སངས་རྒྱས་འབྱུང་བ་མེད་པ་ན་རང་རྒྱལ་བར་འགྱུར་རོ། །ཞེས་སོ། གསུམ་པ་ཁུངས་ཀྱི་ལུང་ནི། རྣམ་པར་འབྱེད་པའི་མདོ་ལས། རྒྱུན་ཞུགས་ཀྱི་འོག་དུ་དགྲ་བཅོམ་པའི་འབྲས་བུ་རྣམ་པར་བཞག་པ་ནི། གཅིག་ཅར་ངེས་པར་འབྱིན་པའི་དབང་དུ་བྱས་པས་ཡིན་ཏེ། གཞན་དུ་ན། རྒྱུན་ཞུགས་ཀྱི་འོག་ཏུ་དགྲ་བཅོམ་པ་འཇོག་པ་མི་འཐད་པའི་ཕྱིར་རོ། །

གཞན་ཡང་སྔར་དྲངས་པའི་སོར་མོའི་རྩེ་མོའི་མདོ་ཉིད་ཀྱང་འདིའི་ཁུངས་ཡིན་ནོ། །གསུམ་པ་དབྱེ་བ་ནི། འབྲས་གནས་ཙམ་པོ་དང་། ཁྱད་པར་ཅན་གཉིས་སོ། །གཉིས་པ་ནི། དགྲ་བཅོམ་པའི་འབྲས་བུ་ལ་ཞུགས་པ་ཡིན་ནོ། །བཞི་པ་ས་མཚམས་ནི། བདེན་པ་མངོན་རྟོགས་སྐད་ཅིག་བཅུ་དྲུག་པ་ནས། སྒོམ་སྤང་ཆུང་ངུའི་ཆུང་ངུ་སྤོང་བའི་བར་ཆད་མེད་ལམ་ལ་གནས་པའི་བར་རོ། །

ཟུང་གཉིས་པ་ཕྱིར་འོང་གི་སྐོར་ལ། ཞུགས་པ་དང་། གནས་པ་གཉིས་ཀྱི་དང་པོ་ལ་གསུམ་གྱི་དང་པོ། མཚན་ཉིད་ནི། ཕལ་ཆེར་ལ་འདོད་ཆགས་དང་བྲལ་བས་རབ་དུ་ཕྱེ་བའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ཐོབ་ཕྱིར་དུ་ལམ་ལ་བརྩོན་པ་གཉིས། དབྱེ་བ་ནི། མཐར་གྱིས་པ་དང་། ཐོད་རྒལ་བའི་ཕྱིར་འོང་ཞུགས་པ་གཉིས་སོ། །དང་པོ་ལ་དད་མོས་དང་མཐོང་ཐོབ་གཉིས། གཉིས་པ་ལ་དད་པའི་རྗེས་འབྲང་དང་། ཆོས་ཀྱི་རྗེས་འབྲང་གཉིས་སོ། །གསུམ་པ་ས་མཚམས་ནི། མཐར་གྱིས་པའི་ཞུགས་པ་ལ་གཉིས་ནི། འདོད་པའི་སྒོམ་སྤང་དང་པོ་སྤོང་བའི་སྦྱོར་ལམ་ནས། དྲུག་པ་སྤོང་བའི་བར་ཆད་མེད་ལམ་གྱི་བར་རོ། །ཐོད་རྒལ་བའི་ཞུགས་པ་གཉིས་ནི། རྒྱུན་ཞུགས་ཞུགས་པ་ལྟར་ཏེ། སྒོམ་སྤང་དྲུག་པ་ནས། བརྒྱད་པའི་བར་སྤངས་པ་ནི་ཁྱད་པར། གཉིས་པ་འབྲས་གནས་ལ་གསུམ་གྱི་དང་པོ་མཚན་ཉིད་ནི། ཕལ་ཆེར་ལ་འདོད་ཆགས་དང་བྲལ་བས་རབ་ཏུ་ཕྱེ་བའི་དགེ་སྦྱོང་གྱི་ཚུལ་གྱི་འབྲས་བུ་ལ་གནས་པའོ། །ཅིའི་ཕྱིར་ལན་ཅིག་ཕྱིར་འོང་བ་ཞེས་བྱ་ཞེ་ན། འདོད་པའི་ཉོན་མོངས་པ་ཕལ་ཆེར་སྤངས་པས་འདོད་པར་ལྷ་མིའི་སྐྱེ་བ་རིགས་མཐུན་གྱི་ལྷག་མ་གཅིག་ལུས་པའི་ཕྱིར་རོ། །འདོད་པའི་ལྷར་ལན་ཅིག །མིར་ལན་ཅིག་སྟེ་སྐྱེ་བ་གཉིས་ལེན་སྲིད་ཀྱང་། རིགས་མཐུན་ལན་གཉིས་ལེན་མི་སྲིད་པའི་ཕྱིར། ལན་ཅིག་ཕྱིར་འོང་ཞེས་བྱའོ། །གཉིས་པ་དབྱེ་བ་ལ། འབྲས་བུ་ཐོབ་ཚུལ་གྱིས་དབྱེ་ན། མཐར་གྱིས་པ་དང་། ཐོད་རྒལ་བ་གཉིས་སོ། །དེ་དག་ནི་གོ་རིམ་བཞིན་དུ་སྒོམ་ལམ་གྱིས་ཐོབ་པ་དང་། མཐོང་ལམ་གྱིས་ཐོབ་པའི་ཕྱིར་འོང་གི་འབྲས་བུ་ལ་གནས་པའོ། །དང་པོ་ནི། འབྲས་བུ་མངོན་དུ་བྱེད་ཚུལ་གྱི་རིམ་པ་ལས་མ་འདས་པའི་ཕྱིར་མཐར་གྱིས་པ་ཞེས་བྱ་ལ། ཕྱི་མ་ནི། དེ་ལས་འདས་པའི་ཕྱིར་ཐོད་རྒལ་བ་ཞེས་བྱའོ། །གཞན་དག་ཕྱི་མ་ལ་ཆགས་བྲལ་སྔོན་སོང་གི་ཕྱིར་འོང་ཞེས་སྨྲ་བ་ནི། ཆགས་བྲལ་གྱི་ཐ་སྙད་ལ་མི་མཁས་པ་སྟེ། འདི་ལྟར། འདོད་པའི་ཉོན་མོངས་པ་གཅིག་གམ་གཉིས། སྤངས་པ་ནི་ཆ་ལས་འདོད་ཆགས་དང་བྲལ་བ་ཞེས་བྱ་ལ། གསུམ་སྤངས་པ་ན་ཕྱོགས་གཅིག་ལས་དང་། དྲུག་སྤངས་པ་ན་ཕལ་ཆེར་ལས་དང་། དགུ་པ་སྤངས་པ་ན་འདོད་པ་ལ་འདོད་ཆགས་དང་བྲལ་བ་ཞེས་པའི་མིང་ཐོབ་ཀྱི་ཇི་སྲིད་དུ་འདོད་པའི་ཉིན་མོངས་དགུ་པ་མ་སྤངས་པ་དེ་སྲིད་དུ་ཆགས་བྲལ་གྱི་མིང་མི་ཐོབ་པའི་ཕྱིར་རོ། །ཕྱིར་འོང་འབྲས་གནས་ཁྱད་པར་ཅན་བར་ཆད་གཅིག་པ་ནི་ཁྱད་པར་གསུམ་སྟེ། སྤངས་པའི་ཁྱད་པར་འདོད་པའི་ཉོན་མོངས་པ་བདུན་ནམ། བརྒྱད་པ་སྤངས་ཤིང་དགུ་པ་མ་སྤངས། སྐྱེ་བའི་ཁྱད་པར་འདོད་པར་སྐྱེ་བ་གཅིག་བླངས་ནས་མྱ་ངན་ལས་འདའ་བ། གཉེན་པོའི་ཁྱད་པར་སྤང་བྱ་དེ་དག་གི་གཉེན་པོ་ཟག་མེད་ཀྱི་དབང་པོ་ཐོབ་པའོ། །དེ་ལ་རྣམ་པ་བདུན་པ་ངེས་པར་སྤང་དགོས་ཏེ། གཞན་དུ་ན་འདོད་པའི་ཉོན་མོངས་ཆུང་ངུ་གསུམ་མ་སྤངས་པས་ཕྱིར་འོང་གཞན་དང་འདྲ་བར་ཚེ་གཉིས་ལེན་སྲིད་པས་སྐྱེ་བའི་ཁྱད་པར་མི་འགྲུབ་པའི་ཕྱིར་རོ། །བརྒྱད་པ་སྤངས་སམ་མ་སྤངས་ཀྱང་རུང་དགུ་པ་ཚེ་དེ་ལ་གཏན་མི་སྤོང་བ་གཅིག་དགོས་ཏེ། དེ་ལྟ་མ་ཡིན་ན། ཕྱིར་མི་འོང་ཐོབ་པས་འདོད་པར་སྐྱེ་བ་མི་ལེན་པའི་ཕྱིར་རོ། །འདོད་པར་སྐྱེ་བ་གཅིག་ལེན་པའི་ནུས་པ་ཡོད་དེ། ཉོན་མོངས་པ་དགུ་པ་མ་སྤངས་པའི་ཕྱིར་རོ། །སྐྱེ་བ་གཅིག་ལས་ལྷག་པ་ལེན་པའི་ནུས་པ་མེད་དེ། ཆུང་ངུའི་ཆེན་པོ་སྤངས་པའི་ཕྱིར་དང་། དེ་མ་སྤངས་སུ་ཟིན་ཀྱང་སྐྱེ་བ་གཉིས་ལས་ལྷག་པ་ལེན་པའི་ནུས་པ་མེད་པའི་ཕྱིར་རོ། །གཉེན་པོའི་ཁྱད་པར་སྔར་བཞིན་ནོ། །དེ་ནི་ཕྱིར་མི་འོང་གི་འབྲས་བུ་ཐོབ་པ་ལ་ཉོན་མོངས་པའི་རྣམ་པ་གཅིག་གིས་བར་དུ་ཆོད་པའི་ཕྱིར་རམ། མྱ་ངན་ལས་འདས་པ་ཐོབ་པ་ལ་ཚེ་གཅིག་གིས་བར་དུ་ཆོད་པའི་ཕྱིར་བར་ཆད་གཅིག་པ་ཞེས་བྱའོ། །བདུན་པ་སྤངས། བརྒྱད་པ་མ་སྤངས་པ་ན། རྣམ་པ་གཉིས་ཀྱི་བར་དུ་ཆོད་པ་མ་ཡིན་ནམ། ཇི་ལྟར་ན། བར་ཆད་གཅིག་པ་ཞེས་བྱ་ཞེ་ན། བརྒྱད་པ་མ་སྤངས་ཀྱང་དེས་བར་དུ་གཅོད་མི་ནུས་ཏེ། ཚེ་དེ་ལ་སྤོང་ནུས་པའི་ཕྱིར་རོ། །དགུ་པས་ནི། ཚེ་དེར་ཕྱིར་མི་འོང་ཐོབ་པ་ལ་གེགས་བྱེད་ནུས་ཏེ། དེ་སྤངས་ནས། ཁམས་ལས་འདའ་དཀའ་བའི་ཕྱིར་དང་། གཟོད་ཕྱིར་མི་འོང་དགྲ་བཅོམ་ཐོབ་པ་ལ་བགེགས་ཤིན་ཏུ་བྱེད། ཅེས་པ་ལྟར། གནས་སྐབས་གསུམ་དུ་ལས་བགེགས་བྱེད་པ་བཞིན་དུ་ཉོན་མོངས་པ་དག་ཀྱང་བགེགས་བྱེད་པའི་ཕྱིར་རོ། །གསུམ་པ་ས་མཚམས་ནི། ཐོད་རྒལ་བ་བདེན་པ་ལ་མངོན་རྟོགས་སྐད་ཅིག་བཅུ་དྲུག་པ་ནས་དང་། མཐར་གྱིས་པ་དྲུག་པ་སྤངས་པའི་རྣམ་གྲོལ་ནས་དགུ་པའི་བར་ཆད་མེད་ལམ་གྱི་བར་རོ། །

ཟུང་གསུམ་པ་ཕྱིར་མི་འོང་གི་སྐོར་ལ་ཞུགས་པ་དང་། གནས་པ་གཉིས་ཀྱི་དང་པོ་ལ་གསུམ་གྱི་དང་པོ་མཚན་ཉིད་ནི། ཐ་མའི་ཆ་མཐུན་ལྔ་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ཐོབ་ཕྱིར་དུ་ལམ་ལ་བརྩོན་པ། དབྱེ་བ་ཕྱིར་འོང་དང་འདྲ། ས་མཚམས་ནི་ཆགས་བྲལ་སྔོན་སོང་གི་ཕྱིར་མི་འོང་ཞུགས་པ་གཉིས་ཀྱི་ས་མཚམས་ཐོད་རྒལ་བའི་ཕྱིར་འོང་ཞུགས་པ་དང་འདྲ་ལ། འདོད་པའི་དགུ་པ་ནས་ཅི་ཡང་གི་དགུ་པའི་བར་མཐོང་ལམ་གྱིས་སྔར་སྤངས་པ་ནི་ཁྱད་པར་རོ། །མཐར་གྱིས་པའི་ཞུགས་པ་གཉིས་ནི་བདུན་པ་སྤོང་བའི་སྦྱོར་ལམ་ནས་དགུ་པའི་བར་ཆད་མེད་ལམ་གྱི་བར་ལ་གནས་པའོ། །འབྲས་གནས་ལ་གསུམ་གྱི་མཚན་ཉིད་ནི། ཐ་མའི་ཆ་མཐུན་ལྔ་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ལ་གནས་པའོ། །ཐ་མའི་ཆ་མཐུན་ལྔ་ནི། ཀུན་སྦྱོར་གསུམ་དང་འདོད་པ་ལ་བདུན་པ་དང་། གནོད་སེམས་སོ། །དང་པོ་གསུམ་ནི། འགྲོ་བ་ཐ་མ་སོ་སྐྱེའི་རྒྱུ་ཡིན་པའི་ཕྱིར་དང་། ཐ་མ་གཉིས་ནི། ཁམས་ཐ་མ་འདོད་ཁམས་ཀྱི་རྒྱུ་ཡིན་པས་དེའི་ཕྱིར་ཐ་མའི་ཆ་དང་མཐུན་པ་ཞེས་བྱའོ། །ཅིའི་ཕྱིར། ཕྱིར་མི་འོང་ཞེས་བྱ་ཞེ་ན། འདོད་པར་སླར་མི་སྐྱེ་བའི་ཕྱིར་རམ། སྐྱེ་བའི་སྐྱེ་བ་ཆད་དེ་དེར་སྐྱེ་བ་གཉིས་པ་མི་ལེན་པའི་ཕྱིར་རོ། །གཉིས་པ་དབྱེ་བ་ལ་འབྲས་བུ་ཐོབ་ཚུལ་གྱིས་ཕྱེ་ན་མཐར་གྱིས་པ་དང་། ཆགས་བྲལ་སྔོན་སོང་གི་ཕྱིར་མི་འོང་གཉིས། འཕགས་ཆོས་བརྟེན་ཚུལ་གྱིས་ཕྱེ་ན། འདོད་པར་ཚེ་ཡོངས་སུ་གྱུར་པ་དང་། མ་གྱུར་པའི་ཕྱིར་མི་འོང་གཉིས། དང་པོ་ནི། འདོད་པར་འཕགས་ལམ་སྐྱེ་བ་བརྒྱུད་མར་བརྟེན་ནས་ཕྱིར་མི་འོང་ཐོབ་པ་སྟེ། དེ་ནི་སྐྱོ་བ་ཤས་ཆེ་བའི་ཕྱིར། ཕྱིར་མི་འོང་ཐོབ་པའི་ཚེ་དེ་ཉིད་ལ་མྱ་ངན་ལས་འདའ་སྟེ། མཛོད་དུ། འདོད་པ་ཚེ་ཡོངས་གྱུར་པའི་འཕགས། ཁམས་གཞན་དུ་ནི་འགྲོ་བ་མེད། །ཅེས་སོ། །འདི་མཐོང་ཆོས་ཞི་དང་མི་འདྲ་སྟེ། འཕགས་ལམ་ཐོབ་པའི་ཚེ་དེ་ལ་མྱང་འདས་མངོན་སུམ་དུ་མ་བྱས་པའི་ཕྱིར་རོ། །གཉིས་པ་ནི། འཕགས་ལམ་ཐོབ་པའི་ཚེ་དེ་ཉིད་ལ་ཕྱིར་མི་འོང་ཐོབ་པ་སྟེ། དེ་ལ་བཞི། གཟུགས་སུ་ཉེར་འགྲོ། གཟུགས་མེད་དུ་ཉེར་འགྲོ། མཐོང་ཆོས་ཞི། ལུས་མངོན་བྱེད་རྣམས་སོ། །དང་པོ་ལ། མཚན་ཉིད་དང་། དབྱེ་བ་གཉིས་ཀྱི་དང་པོ་ནི། འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་གི་གང་ཟག་གི་གཟུགས་ཀྱི་བར་སྲིད་དམ་སྐྱེ་སྲིད་དུ་ཉིང་མཚམས་སྦྱོར་བ། གཉིས་པ་ལ་ལྔའི་དང་པོ་བར་མ་དོར་མྱ་ངན་ལས་འདའ་བ་ནི། གཟུགས་སུ་སྐྱེ་བའི་ཀུན་སྦྱོར་སྤངས་ལ། མངོན་པར་འགྲུབ་པའི་ཀུན་སྦྱོར་མ་སྤངས་པས་གཟུགས་ཀྱི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའོ། །དེ་ཡང་རྣམ་པ་གསུམ་སྟེ། དཔེར་ན། ཞོགས་མའི་མེ་སྟག་འཕར་མ་ཐག་འཆི་བ་ལྟར། བར་སྲིད་གྲུབ་མ་ཐག་མྱ་ངན་ལས་འདའ་བ་དང་། ལྕགས་ཀྱི་ཚ་ཚ་གནམ་དུ་ཡར་བཞིན་པ་འཆི་བ་ལྟར། བར་སྲིད་ཀྱི་ཚེ་དཀྱིལ་དུ་མྱ་ངན་ལས་འདའ་བ་དང་། ཆ ཚ་ཡར་བ་ས་ལ་མ་ལྷུང་ཙམ་ན་འཆི་བ་ལྟར། བར་སྲིད་ཀྱི་ཚེ་ཞུགས་དུ་མྱ་ངན་ལས་འདའ་བའོ། །འདི་དག་ནི་ལྷག་མེད་དུ་མྱ་ངན་ལས་འདའ་བ་ཡིན་ཏེ། བར་སྲིད་ནི་སྐྱེ་སྲིད་ཚོལ་བའི་ངང་ཚུལ་ཅན་ཡིན་པས་སྐྱེ་སྲིད་ལ་འདུན་པ་དང་བྲལ་བ་ན་འཆི་བར་འགྱུར་ལ། དགྲ་བཅོམ་པ་ན་སྐྱེ་སྲིད་ལ་འདུན་པ་དང་བྲལ་བས་ལུས་འགགས་པར་འགྱུར་བའི་ཕྱིར་རོ། །ཡང་ན་བར་སྲིད་ནི། དུས་ཐུང་ངུར་གནས་པས་མྱུར་བར་ལྷག་མེད་དུ་འཇུག་པའི་ཕྱིར་ལྷག་མེད་དུ་འདའ་ཞེས་བྱའོ། །གཟུགས་སུ་ཉི་འགྲོ་རྣམས་ཀྱི་ནང་ནས་འདི་དག་མངོན་འགྲུབ་ཀྱི་ལས་ཅན། དབང་པོ་རྣོ་བ་ཉོན་མོངས་ཆུང་ངུ་ཅན་ཡིན་ནོ། །གཉིས་པ་སྐྱེས་འདའ་བ་ནི། སྐྱེ་བ་དང་མངོན་འགྲུབ་ཀྱི་ཀུན་སྦྱོར་གཉིས་ཀ་མ་སྤངས་པས་་གཟུགས་ཀྱི་སྐྱེ་སྲིད་གྲུབ་ཙམ་ན། ལམ་མངོན་དུ་བྱས་ཏེ་མྱང་འདས་ཐོབ་པའོ། །གསུམ་པ་འདུ་བྱེད་དང་བཅས་པ་ནི་གཞན་སྔ་མ་དང་འདྲ་ཞིང་འབད་རྩོལ་གྱིས་ལམ་མངོན་དུ་བྱས་ནས་མྱ་ངན་ལས་འདའ་བའོ། །བཞི་པ་མངོན་པར་འདུ་བྱེད་མེད་པ་ནི། གོམས་པའི་དབང་གིས་འབད་པ་མེད་པར་ལམ་མངོན་དུ་བྱས་ནས་མྱང་འདས་ཐོབ་པའོ། །འདི་གསུམ་ནི་སྐྱེས་ནས་མྱོང་འགྱུར་གྱི་ལས་ཅན་དང་། དབང་པོ་དང་ཉོན་མོངས་པ་འབྲིང་དུ་གནས་པའོ། །འདི་དག་ནི། ཉོན་མོངས་པ་སྤངས་པ་ན་ལྷག་བཅས་སུ་འདའི་ཇི་སྲིད་ཚེའི་འཕེན་པ་མ་ཟད་པ་དེ་སྲིད་དུ་མི་འཆི་བའི་ཕྱིར་ལྷག་མེད་དུ་མ་ཡིན་ནོ། །ལྔ་པ་གོང་འཕོ་ལ་མཚན་ཉིད། དབྱེ་བ། རྒྱུ་སྤེལ་སྒོམ་བཤད་པ་དང་གསུམ་གྱི་དང་པོ་ནི། ཕྱིར་མི་འོང་གང་གཟུགས་སུ་སྐྱེ་ན་རྒྱུད་ནས། འོག་མིན་ནམ་སྲིད་རྩེའི་རྟེན་ལ་མྱ་ངན་ལས་འདའ་བར་རུང་བ། དེ་ལ་གོང་ནི་འོག་མིན་དང་སྲིད་རྩེའི་སྟེ། གོ་རིམ་བཞིན་དུ། གཟུགས་ཅན་དང་། སྲིད་པའི་སྤངས་མཐར་ཡིན་པས་སོ། །འཕོ་བ་ནི། དེར་སྐྱེ་བ་བརྒྱུད་ནས་འགྲོ་བའོ། །གཉིས་པ་ནི། རྒྱུའི་སྒོ་ནས་འོག་མིན་གྱི་མཐར་ཐུག་པར་འགྲོ་བ་དང་། སྲིད་རྩེའི་མཐར་ཐུག་པར་འགྲོ་བ་གཉིས་ཏེ། གང་ཟག་གི་ལྷག་མཐོང་སྤྱོད་པ་དེ་ནི་ཟག་བཅས་ཟག་མེད་ཀྱི་བསམ་གཏན་སྤེལ་མར་བསྒོམས་པས་འོག་མིན་དུ་འགྲོ་ལ། ཞི་གནས་སྤྱོད་པ་དེ་ནི། ཇི་ལྟར་རྒྱུད་ལ་སྐྱེས་པའི་བསམ་གཏན་གྱི་རོ་མྱངས་པས་ཚངས་ཆེན་དང་འོག་མིན་མ་གཏོགས་པ་གཟུགས་གཟུགས་མེད་ཀྱི་གནས་གཞན་རིམ་གྱིས་རྒྱུད་དེ་སྲིད་རྩེེར་འགྲོ་བར་བྱེད་དོ། །དེ་དག་གི་མཚན་ཉིད་ནི་གོ་རིམ་བཞིན་དུ། གཟུགས་སུ་སྐྱེ་བ་བརྒྱུད་དེ་འོག་མིན་གྱི་རྟེན་ལ་མྱ་ངན་ལས་འདའ་རུང་བ་དང་། སྲིད་རྩེའི་རྟེན་ལ་མྱ་ངན་ལས་འདའ་རུང་བ་ཞེས་སྦྱར་རོ། །འདི་གཉིས་པར་ནི། གདོན་མི་ཟ་བར་འོག་མིན་དང་། སྲིད་རྩེར་འགྲོ་བའི་ངེས་པ་མེད་དེ། བར་སྐབས་སུ་ཡང་མྱ་ངན་ལས་འདར་རུང་བའི་ཕྱིར་རོ། །དེ་ལྟ་ན་ཡང་དེ་ཕན་ཆད་དུ་འགྲོར་མེད་པའི་ཕྱིར་དེ་སྐད་ཅེས་བྱ་སྟེ། རྒྱུན་དུ་ཞུགས་པ་དེ་ལྟར་ཐོགས་ན་ལན་བདུན་པ་བཞིན་ནོ། །ཅིའི་ཕྱིར་དེ་ཕན་ཆད་དུ་མི་འགྲོ་ཞེ་ན། འོག་མིན་གྱི་གོང་ན་འཕགས་པའི་གནས་གཞན་མེད་པའི་ཕྱིར་དང་། སྲིད་རྩེའི་གོང་ན་ས་གཞན་མེད་པའི་ཕྱིར་རོ། །འདི་དག་ནི་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་ཅན་དང་། དབང་པོ་རྟུལ་པོ་དང་། ཉོན་མོངས་པ་ཆེན་པོ་ཅན་ཡིན་ནོ། །དེ་ལ་འོག་མིན་གྱི་མཐར་ཐུག་པར་འགྲོ་བ་ནི་གསུམ་སྟེ། འཕར་བ་དང་། ཕྱེད་དུ་འཕར་བ་དང་། གནས་ཐམས་ཅད་དུ་འཆི་འཕོ་བའོ། །དང་པོ་ནི། འདིར་བསམ་གཏན་བཞི་པ་སྤེལ་མར་བསྒོམས་པས་དང་པོའི་རོ་མྱངས་པས་གཉིས་པ་ཡན་ཆད་ལས་ཉམས་ཏེ། ཕྱི་མ་ལ་ཚངས་རིས་སུ་སྐྱེས་ནས་དེར་སྔོན་གོམས་པའི་སྟོབས་ཀྱིས་བཞི་པ་སྤེལ་མར་བསྒོམས་པས་དེའི་འོག་དུ་འོག་མིན་དུ་སྐྱེས་ཏེ། མྱ་ངན་ལས་འདའ་བའོ། །གཉིས་པ་ནི། གཞན་སྔ་མ་དང་འདྲ་ཞིང་ཚངས་རིས་ནས་གནས་གཙང་མའི་འོག་མ་གསུམ་གང་རུང་དུ་སྐྱེས་ནས་དེའི་རྗེས་སུ་འོག་མིན་དུ་ཞུགས་ནས་མྱ་ངན་ལས་འདའ་བའོ། །གསུམ་པ་ནི། ཚངས་ཆེན་མ་གཏོགས་པ་གཟུགས་ཀྱི་གནས་གཞན་ཐམས་ཅད་རིམ་གྱིས་བརྒྱུད་དེ། མཐར་འོག་མིན་དུ་མྱ་ངན་ལས་འདའ་བའོ། །ཚངས་ཆེན་ནི་ལྟ་བའི་གནས་དང་། གཙོ་བོ་གཅིག་ཏུ་ཟད་པས་དེར་འཕགས་པ་མི་སྐྱེ་ལ། སྲིད་རྩེའི་མཐར་ཐུག་འགྲོ་ནི་རྒྱུ་བསམ་གཏན་སྤེལ་མར་མ་བསྒོམས་པས་གནས་གཙང་མ་རྣམས་སུ་ཡང་མི་སྐྱེའོ། །གསུམ་པ་ལ། གང་ཟག་གང་གིས། དགོས་པ་ཅིའི་དོན་དུ། སེམས་གང་ལ་བརྟེན་ནས། ཚུལ་ཇི་ལྟར་ན། བསྒོམས་པ་ལས་འབྲས་བུ་གང་འགྲུབ་པའོ། །དང་པོ་ནི། ཕྱིར་མི་འོང་ལུས་མངོན་བྱེད་དང་། དགྲ་བཅོམ་པ་གཉིས་ཀའི་ཆ་ལས་རྣམ་གྲོལ་གྱིས་བསྒོམ་མོ། །གཉིས་པ་ནི། དབང་པོ་རྟུལ་པོ་རྣམས་རོ་མྱང་གྱི་སྒྲིབ་པ་ཐམས་ཅད་ཐག་སྲིད་བར་བྱ་བའི་ཕྱིར་དང་། རྣོན་པོ་རྣམས་མཐོང་ཆོས་ལ་བདེ་བར་གནས་པར་བྱ་བའི་ཕྱིར་དང་། ཕྱིར་མི་འོང་དག་གནས་གཙང་མར་སྐྱེ་བར་བྱ་བའི་ཕྱིར་ཡང་བསྒོམ་པར་བྱེད་ལ་དགྲ་བཅོམ་པ་སྐྱེ་བའི་ཕྱིར་མི་བསྒོམ་མོ། །ཇི་སྐད་དུ། སྐྱེད་དང་གནས་པར་བྱ་ཕྱིར་དང་། །ཉོན་མོངས་པས་ནི་འཇིགས་ཕྱིར་དང་། །ཞེས་སོ། །གསུམ་པ་ནི། དང་པོར་བསམ་གཏན་བཞི་པའི་སེམས་ལ་བརྟེན་ནས་བསྒོམ་སྟེ། དེ་ནི་སེམས་ལས་སུ་རུང་བའི་མཆོག་ཉིད་ཀྱིས་སླ་བའི་ཕྱིར་རོ། །ཕྱིས་ནི་བསམ་གཏན་དང་གཟུགས་མེད་གཞན་དག་དང་ཡང་སྤེལ་ལོ། །དང་པོར་བཞི་པ་སྤེལ་བར་བྱེད། །ཅེས་སོ། །བཞི་པ་ནི། ཆུང་ངུ་དང་། འབྲིང་དང་། ཆེན་པོ་དང་། ཤིན་ཏུ་ཆེན་པོ་དང་། ཆེས་ཤིན་ཏུ་ཆེན་པོ་རྣམ་པ་ལྔར་བསྒོམ་སྟེ། དེ་ལ་དང་པོ་ཆུང་ངུར་བསྒོམ་པ་ནི་བསམ་གཏན་བཞི་པ་ཟག་མེད་ལ་སྙོམས་པར་འཇུག །དེ་འོག་དུ་ཟག་བཅས་ལ། དེའི་འོག་དུ་ཟག་མེད་གསུམ་དུ་སྤེལ་ལོ། །ཚུལ་དེ་དྲུག་དང་། དགུ་དང་། བཅུ་གཉིས་དང་། བཅོ་ལྔར་སྤེལ་བ་ནི་འབྲིང་ལ་སོགས་པར་ཤེས་པར་བྱའོ། །བྱེ་བྲག་སྨྲ་བ་དག་ནི་ཟག་བཅས་དང་ཟག་མེད་སྐད་ཅིག་རེ་རེེར་སྤེལ་ནུས་པ་ན་འགྲུབ་པ་ཡིན་ནོ་ཞེས་ཟེར་རོ། །དེ་ནི་སངས་རྒྱས་ལས་གཞན་པས་མི་ནུས་པའི་ཕྱིར། ཟག་བཅས་དང་ཟག་མེད་ཀྱི་སེམས་རྒྱུན་ལྡན་པ་འདོད་རྒུར་སྙོམས་པར་འཇུག་ནུས་པ་ན་འགྲུབ་པ་ཡིན་ནོ། །དེ་ཡང་སྦྱོར་བ་གཅིག་གིས་ཟག་བཅས་ཟག་མེད་ཀྱི་སེམས་གསུམ་མངོན་དུ་བྱེད་ནུས་པ་ན། ཆུང་ངུ་འགྲུབ་ལ། སྦྱོར་བ་གཅིག་གིས་སེམས་བཅྭོ་ལྔ་མངོན་དུ་བྱེད་ནུས་པ་ན་ཆེས་ཤིན་ཏུ་ཆེན་པོ་འགྲུབ་པ་ཡིན་ནོ་ཞེས་སོགས་ཤེས་པར་བྱའོ། །ལྔ་པ་ནི། རྒྱུ་ཆུང་ངུར་ཡོངས་སུ་བསྒོམས་པ་ལ་སོགས་པ་ལྔ་པོ་དེ་དག་ལས་གོ་རིམ་བཞིན་དུ། འབྲས་བུ་མི་ཆེ་བ་ནས་འོག་མིན་གྱི་བར་གྱི་གནས་གཙང་མའི་སྐྱེ་བ་ལྔ་འགྲུབ་སྟེ། ཇི་སྐད་དུ། དེ་ནི་རྣམ་པར་ལྔའི་ཕྱིར། །གནས་གཙང་སྐྱེ་བ་ལྔ་ཁོ་ན། །ཞེས་སོ། །འདིར་གནས་གཙང་མ་རྣམས་སུ་སྐྱེ་བའི་ལས་དེ་སྔོན་སོ་སོ་སྐྱེ་བོའི་དུས་ན་བསོག་གམ། འོན་ཏེ་འཕགས་པའི་རྟེན་ལ་བསོག །དང་པོ་མི་རིགས་ཏེ། སོ་སྐྱེ་ལ་ཟག་མེད་སྤེལ་སྒོམ་མེད་པའི་ཕྱིར། གཉིས་པ་ཡང་མི་རིགས་ཏེ། བདེན་པ་མཐོང་བ་ཡང་སྲིད་ཀྱི། ལས་སོག་པ་མེད་པས་སོ་ཞེ་ན། འདི་ནི་སྔོན་སོ་སོ་སྐྱེ་བོའི་དུས་ན་བསམ་གཏན་བཞི་པ་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་བསགས་པ་དེ་ཉིད་འཕགས་པ་ཐོབ་ནས་སྤེལ་སྒོམ་གྱིས་གནས་གཙང་མར་སྐྱེ་བའི་རྒྱུར་འགྱུར་པར་བྱེད་པ་ཡིན་ནོ། །དེས་ན་བདེན་པ་མཐོང་བ་ལ་འཕེན་པ་ཡོད་པ་ཡང་མི་འགྱུར་ཏེ། སྤེལ་སྒོམ་ནི། གནས་གཙང་མངོན་པར་འགྲུབ་བྱེད་ཡིན་གྱི་འཕེན་བྱེད་མ་ཡིན་པའི་ཕྱིར་རོ། །དེ་ལྟ་ན་བསམ་གཏན་བཞི་པའི་ལས་དེ་མི་གཡོ་བའི་ལས་མ་ཡིན་པར་འགྱུར་ཏེ་རྣམ་སྨིན་གཡོས་པས་སོ་ཞེ་ན། སྐྱོན་མེད་དེ། གནས་གཙང་རྣམས་ནི་བཞི་པའི་ས་པ་ཡིན་པས་རྣམ་སྨིན་ས་གཞན་དུ་གཡོས་པ་མེད་པས་སོ། །གཉིས་པ་གཟུགས་མེད་ཉེ་འགྲོ་ལ་མཚན་ཉིད་དང་། དབྱེ་བ་གཉིས་ཀྱི་དང་པོ་ནི། གཟུགས་ལ་འདོད་ཆགས་དང་བྲལ་བའི་འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་གང་ཟག་གི་གཟུགས་མེད་ཀྱི་རྟེན་ལ་མྱང་འདས་མངོན་དུ་བྱེད་པ། གཉིས་པ་ནི། གཟུགས་མེད་ལ་བར་སྲིད་མེད་པས་བར་མ་དོར་མྱང་འདས་མ་གཏོགས་པ་སྐྱེ་འདའ་བ་སོགས་བཞིའོ། །འདིའི་གོང་འཕོ་ལ་འཕར་གསུམ་གྱི་དབྱེ་བ་མེད་དེ། ཞི་གནས་ལ་སྤྱོད་པ་ཡིན་པས་འཕང་བ་སོགས་བྱེད་མི་ནུས་སོ། །གསུམ་པ་མཐོང་ཆོས་ཞི་ནི། འཕགས་ལམ་སྐྱེས་པའི་ཚེ་དེ་ཉིད་ལ་མྱང་འདས་མངོན་དུ་བྱེད་པའི་ཕྱིར་མི་འོང་། རྒྱུན་ཞུགས་དང་ཕྱིར་འོང་དག་ལ་ཡང་འཕགས་ལམ་ཐོབ་པའི་ཚེ། དེ་ཉིད་ལ་མྱང་འདས་མངོན་དུ་བྱེད་པ་ཡོད་པ་མ་ཡིན་ནམ། ཅིའི་ཕྱིར་དེ་དག་ལ་ཡང་མཐོང་ཆོས་ཞི་རྣམ་པར་མ་བཞག་ཅེ་ན། དེ་དག་ནི་ཚེ་དེ་ལ་མྱང་འདས་མངོན་དུ་བྱེད་པ་སྲིད་པ་ཙམ་དུ་ཟད་ཀྱི་གདོན་མི་ཟ་བ་མ་ཡིན་ནོ། ཁམས་གསུམ་གའི་ཀུན་སྦྱོར་དང་བཅས་པའི་ཕྱིར་དང་། འབྲས་བུ་གསུམ་མམ་གཉིས་གང་རུང་ཞིག་མངོན་དུ་བྱ་དགོས་པའི་ཕྱིར་རོ། །རྒྱུ་མཚན་དེ་ཉིད་ཀྱིས་ན། དེ་དག་ལ་བར་མ་དོར་འདའ་བ་ཡང་མ་བཞག་སྟེ། བར་སྲིད་ནི་དུས་ཐུང་ངུར་གནས་པས། སྤང་བྱ་དུ་མ་སྤོང་བ་དང་། འབྲས་བུ་དུ་མ་མངོན་དུ་བྱེད་པའི་བྱ་བ་མི་རྫོགས་པས་སོ། །གཟུགས་གཟུགས་མེད་དུ་ཉེར་འགྲོ་ཡང་མ་བཞག་སྟེ། འདོད་པ་ལ་འདོད་ཆགས་དང་མ་བྲལ་བ་དེ་དག་ཏུ་སྐྱེ་བའི་ངེས་པ་མེད་པའི་ཕྱིར་རོ། །ལུས་མངོན་བྱེད་ནི། སློབ་པ་རྣམ་ཐར་བརྒྱད་དང་ལྡན་པའོ། ཁ་ཆེ་བ་རྣམས་ཞི་བ་མྱང་འདས་དང་འདྲ་བའི་འགོག་པ། སེམས་མེད་པའི་ལུས་ཀྱིས་མངོན་སུམ་དུ་བྱས་པའི་ཕྱིར་རོ་ཞེས་ཟེར་རོ། །སློབ་དཔོན་དབྱིག་གཉེན། འགོག་པ་ལས་ལངས་ནས་འདི་སྙམ་དུ་སྐྱེ་བ་འགོག་པའི་སྙོམས་འཇུག་ནི། མྱ་ངན་ལས་འདས་པ་དང་འདྲ་བར་ཞི་བ་ཡིན་ནོ་སྙམ་དུ་སེམས་པར་འགྱུར་བ་རྣམ་ཤེས་དང་བཅས་པའི་ལུས་ཞི་བ་སྔོན་མ་ཐོབ་པ་ཐོབ་པའི་ཕྱིར་རོ། །ཞེས་འཆད་དོ། །འཕགས་པ་ཐོགས་མེད་རྣམ་ཐར་བརྒྱད་ལུས་ཀྱིས་མངོན་སུམ་དུ་བྱས་པས་སོ། །ཞེས་འཆད་དོ། །གསུམ་པ་ས་མཚམས་ནི། མཐར་གྱིས་པ་ནི། འདོད་ཉོན་དགུ་པའི་རྣམ་གྲོལ་ལམ་ནས། སྲིད་རྩེའི་དགུ་པ་སྤེལ་བའི་བར་ཆད་མེད་ལམ་ལ་གནས་ཀྱི་བར་ཡིན་ལ། ཆགས་བྲལ་སྔོན་སོང་བདེན་པ་མངོན་རྟོགས་སྐད་ཅིག་བཅུ་དྲུག་པ་ནས་བཞག་གོ །

ཟུང་བཞི་པ་དགྲ་བཅོམ་གྱི་སྐོར་ལ་ཞུགས་གནས་གཉིས་ཀྱི་དང་པོ་ལ་གསུམ་གྱི་མཚན་ཉིད་ནི། གོང་མའི་ཆ་མཐུན་ལྔ་སྤངས་པས། རབ་ཏུ་ཕྱེ་བའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་པ། གཉིས་པ་དབྱེ་བ་ནི། མཐར་གྱིས་པ་དང་གཅིག་ཅར་བའི་དགྲ་བཅོམ་ཞུགས་པ་གཉིས། དང་པོ་ལ་དད་མོས་དང་། མཐོང་ཐོབ་གཉིས་སོ། །གསུམ་པ་ས་མཚམས་ནི། མཐར་གྱིས་པའི་ཞུགས་པ་ཆགས་བྲལ་སྔོན་སོང་ཞིག་ཡིན་ན། སྒོམ་སྤང་ལྷག་མ་སྤོང་བའི་སྦྱོར་བ་ལ་བརྩོན་པ་ནས་བཟུང་ལ། གཞན་ནི་བསམ་གཏན་དང་པོའི་ཉོན་མོངས་སྤོང་བའི་སྦྱོར་བ་ནས་སྲིད་རྩེའི་དགུ་པའི་བར་ཆད་མེད་ལམ་གྱི་བར་རོ། །གཅིག་ཅར་བའི་ཞུགས་པ་ནི། གཅིག་ཅར་བའི་རྒྱུན་ཞུགས་ཁྱད་པར་ཅན་བཞིན་ནོ། །གཉིས་པ་འབྲས་གནས་ལ། གསུམ་གྱི་དང་པོ་མཚན་ཉིད་ནི། གོང་མའི་ཆ་མཐུན་ལྔ་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུར་གནས་པའོ། །གོང་མའི་ཆ་མཐུན་ལྔ་ནི། གཟུགས་གཟུགས་མེད་ཀྱི་འདོད་ཆགས་དང་རྒོད་པ་དང་། ང་རྒྱལ་དང་། རྨོངས་པ་རྣམས་ཏེ། དེ་དག་ནི་ཁམས་གོང་མ་གཉིས་ཀྱི་རྒྱུ་ཡིན་པའི་ཕྱིར། དེ་སྐད་ཅེས་བྱའོ། །ཅིའི་ཕྱིར་དགྲ་བཅོམ་པ་ཞེས་བྱ་ཞེ་ན། ཉོན་མོངས་པ་མ་ལུས་པ་སྤངས་པས་ཆགས་བཅས་ཐམས་ཅད་ཀྱིས་མཆོད་པར་འོས་པའི་ཕྱིར་རོ། །

གཉིས་པ་དབྱེ་བ་ལ་སྤང་བྱ་ལས་ངེས་པར་འབྱུང་ཚུལ་གྱིས་དབྱེ་ན། མཐར་གྱིས་པ་དང་། གཅིག་ཅར་བ་གཉིས། དང་པོ་ནི། ས་དགུ་ལ་རིམ་གྱིས་འདོད་ཆགས་དང་བྲལ་བས་ཐོབ་པའི་དགྲ་བཅོམ་པ། གཉིས་པ་ནི། ཁམས་གསུམ་གྱི་ཉོན་མོངས་པ་རྣམས་རྣམ་པས་གཅིག་ཅར་སྤངས་པས་ཐོབ་པའི་དགྲ་བཅོམ་པའོ། །དབང་པོའི་སྒོ་ནས་ཕྱེ་ན་དྲུག་སྟེ། ཡོངས་སུ་ཉམས་པའི་ཆོས་ཅན། བདག་གསོད་པའི་ཆོས་ཅན། རྗེས་སུ་སྲུང་བའི་ཆོས་ཅན། གནས་པ་ལས་མི་སྐྱོད་པའི་ཆོས་ཅན། རྟོགས་པའི་འོས་སུ་གྱུར་པའི་ཆོས་ཅན། མི་གཡོ་བའི་ཆོས་ཅན་རྣམས་སོ། །དབང་པོ་རྟུལ་པོ་སྔོན་ལམ་གྱི་གནས་སྐབས་སུ་སྦྱོར་བ་གཉིས་དང་མི་ལྡན་པ་འདོད་ཡོན་གྱིས་དབེན་སྤྱོད་རུང་མ་སྤྱོད་རུང་གསོད་ཀྱང་མཐོང་ཆོས་ལ་བདེ་གནས་ཀྱི་བསམ་གཏན་ལས་ཉམས་པར་འགྱུར་བའོ། །གཉིས་པ་གཞན་རྣམས་སྔ་མ་དང་འདྲ་ལ། རང་གིས་རང་སྲོག་བཅད་ན་ཉམས་པར་མི་འགྱུར་བའོ། །གསུམ་པ་ནི། སྔོན་རྒྱུན་དུ་སྦྱོར་བ་དང་ལྡན་པས་འདོད་ཡོན་ལ་སེམས་བསྲུང་ན་ཉམས་པར་མི་འགྱུར་བའོ། །བཞི་པ་སྔོན་གུས་སྦྱོར་དང་ལྡན་པས་འདོད་ཡོན་གྱིས་སྤྱོད་རུང་ཉམས་པར་མི་འགྱུར་ལ། དབང་པོ་རྟུལ་པོ་རྣོན་པོར་སྦྱོར་བར་མི་ནུས་པས་སོ། །ལྔ་པ་ནི། སྔོན་སྦྱོར་བ་གཉིས་ལྡན་དུ་བསྒོམ་པས། འདོད་ཡོན་གྱིས་སྤྱོད་ཀྱང་ཉམས་པར་མི་འགྱུར་ལ། དབང་པོ་རྟུལ་པོ་རྣོན་པོར་སྦྱོར་ནུས་པས་སོ། །དྲུག་པ་ནི། སྔོན་སྦྱོར་བ་གཉིས་ལྡན་དུ་བསྒོམ་པས་འདོད་ཡོན་གྱིས་སྤྱོད་ཀྱང་ཉམས་པར་མི་འགྱུར་ལ། རང་བཞིན་གྱིས་དབང་པོ་རྣོ་བས་དབང་པོ་སྦྱར་མི་དགོས་པའོ། །དང་པོ་ལྔ་དད་མོས་སྔོན་དུ་འགྲོ་བ་ཅན་ཡིན་ལ། ཕྱི་མ་ནི་མཐོང་བས་ཐོབ་པ་སྔོན་དུ་འགྲོ་བ་ཅན་ཡིན་ནོ། །ཡང་དང་པོ་ལྔ་ནི། མཐོང་ཆོས་ལ་བདེ་གནས་ཀྱི་སེམས་རྣམ་གྲོལ་མངོན་དུ་བྱེད་པ་ཏིང་ངེ་འཛིན་སྐྱེ་བ་དང་རྗེས་སུ་མཐུན་པའི་ཡོ་བྱད་དང་། ནད་མེད་པ་དང་། ཡུལ་ཁྱད་པར་བ་ལ་ལྟོས་པའི་ཕྱིར་རོ། །རྣམ་གྲོལ་དུས་དང་སྦྱོར་བ་ཞེས་བྱ་ལ། ཕྱི་མ་ནི། རང་ཉིད་ཀྱིས་འདོད་རྒུར་ཏིང་ངེ་འཛིན་མངོན་དུ་གྱུར་པའི་ཕྱིར་སེམས་ཀྱི་རྣམ་གྲོལ་མངོན་དུ་བྱེད་པ་དུས་དང་མི་སྦྱོར་བ་ཞེས་བྱའོ། །ཡང་ན་མཐོང་ཆོས་ལ་བདེ་གནས་ཀྱི་བསམ་གཏན་ལས་ཡོངས་སུ་ཉམས་སྲིད་པ་དང་། མ་ིསྲིད་པའི་སྒོ་ནས་དུས་གཞན་གྱི་བར་དང་། གཏན་དུ་རྣམ་པར་གྲོལ་བའི་ཕྱིར་རིམ་པ་ལྟར། དུས་ཀྱི་རྣམ་པར་གྲོལ་བ་དང་དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བ་ཡིན་ནོ། །ཡོངས་སུ་ཉམས་པ་ཞེས་པ་བྱེ་བྲག་སྨྲ་བ་འབྲས་བུ་ལས་ཉམས་པར་འདོད་ཀྱང་། འདིར་ནི་མཐོང་ཆོས་ལ་བདེ་གནས་ཀྱི་བསམ་གཏན་ཙམ་ལས་ཉམས་པ་ཡིན་གྱི། འབྲས་བུ་ལ་མ་ཡིན་ཏེ། རྣམ་འགྲེལ་ལས། འཚེ་བ་མེད་དང་ཡང་དག་དོན། །རང་བཞིན་ལས་ནི་ཕྱིན་ལོག་གིས། །འབད་དུ་ཟིན་ཀྱང་མི་བཟློག་སྟེ། །བློ་ནི་དེ་ཕྱོགས་འཛིན་ཕྱིར་རོ། །ཞེས་པས་རིགས་པས་འཕགས་པའི་སྤངས་པ་ནི། ལེགས་པར་སྤངས་པ་ཡིན་པས་སླར་མི་ལྡོག་པའི་ཕྱིར་རོ། །གཞན་དུ་ན་ཐར་པ་ལ་ཡིད་བརྟན་དུ་མེད་པར་འགྱུར་རོ། །མཛོད་འགྲེལ་དུ། ཡོངས་སུ་ཉམས་པའི་ཆོས་ཅན་ཡང་གདོན་མི་ཟ་བར་ཉམས་པར་འགྱུར་བ་མ་ཡིན་ལ་རྟོགས་པའི་སྐལ་བ་ཅན་གྱི་བར་དུ་ཡང་རྟོགས་པར་འགྱུར་བ་མ་ཡིན་གྱི་སྲིད་པའི་ཕྱིར་དེ་སྐད་ཅེས་བྱའོ། །དེ་ལྟར་བྱས་ནས་ཁམས་གསུམ་ཆར་ན་ཡང་དགྲ་བཅོམ་པ་དྲུག་ཡོད་དུ་རུང་ངོ་། །གང་དག་གིས་གདོན་མི་ཟ་བར་ཡོངས་སུ་ཉམས་པར་འགྱུར་བ་ནས། མངོན་པར་རྟོགས་པའི་བར་དུ་འགྱུར་བ་དེ་དག་གི་ལྟར་ན། འདོད་པའི་ཁམས་ན་ནི་དྲུག་ལ། གོང་མ་གཉིས་ན་གནས་ལས་མི་བསྐྱོད་པ་མི་གཡོ་བའི་ཆོས་ཅན་གཉིས་ཏེ། དེ་གཉིས་ན་ཡོངས་སུ་ཉམས་པ་དང་། འཆི་བར་སེམས་པ་དང་། དབང་པོ་འཕོ་བ་མི་སྲིད་པའི་ཕྱིར་རོ་ཞེས་བཤད་དོ། །གསུམ་པ་ས་མཚམས་ནི། སྲིད་རྩེའི་རྣམ་གྲོལ་ལམ་ཟད་མི་སྐྱེ་ཤེས་པ་ནས་ལྷག་མེད་ཀྱི་མྱང་འདས་སུ་མ་ཞུགས་ཀྱི་བར་རོ། །

གཉིས་པ་མཚོན་བྱའི་དོན་ལ་བཞི། འཇོག་ཚུལ་གྱི་མཚན་ཉིད་ལ་དཔྱད་པ། དབྱེ་གཞི་གང་ལ་ཉི་ཤུར་ཇི་ལྟར་ཕྱེ་བ། དངོས་བཏགས་ཀྱི་ཁྱད་པར། ས་མཚམས་ལ་དཔྱད་པའོ། །དང་པོ་ནི། གཞན་དག་མདོའི་སྒྲ་ཇི་བཞིན་པའི་རྗེས་སུ་འབྲངས་ནས་འདི་དག་གིས་མཚན་ཉིད་འཇོག་པར་བྱེད་པ་ནི་མི་རིགས་ཏེ། སློབ་དཔོན་དང་འཕགས་པ་གཉིས་ཀས་འདི་དག་ཕལ་ཆེ་བའི་མཚན་ཉིད་སྤངས་པའི་སྒོ་ནས་རྣམ་པར་བཞག་པའི་ཕྱིར་དང་། མདོའི་སྒྲས་ཟིན་ལ་སྤངས་པས་ཁྱད་པར་མིག་གསལ་བའི་ཕྱིར་རོ། །ཡང་སྔོན་གྱི་ཁྱུང་ལ་སོགས་པ་གཟུང་འཛིན་གྱི་རྟོག་པ་སྤངས་པ་ཉན་ཐོས་དང་ཆ་འདྲ་བས་འཇོག་གོ་ཞེས་ཟེར་བ་ཡང་མ་ཡིན་ཏེ། འཕགས་པས་ཕྱིར་འོང་དང་། ཕྱིར་མི་འོང་ལ་འབྲས་བུ་ཐོད་རྒལ་བའི་རྣམ་གཞག་མཛད་པའི་ཕྱིར་དང་། མཐོང་ལམ་གྱི་སྔར་གཟུང་འཛིན་གྱི་རྣམ་རྟོག་སྤོང་བར་མི་རིགས་པའི་ཕྱིར་རོ། །དེ་བས་ན། འདི་དག་གི་མཚན་ཉིད་ཉོན་མོངས་པའི་སྒྲིབ་པ་སྤངས་པ་དང་གཉེན་པོའི་བྱེ་བྲག་གིས་རྣམ་པར་བཞག་སྟེེ། སློབ་དཔོན་གྱིས་དེ་ལྟར་མཛད་པའི་ཕྱིར་རོ། །གལ་ཏེ་ཀུན་ལས་བཏུས་ལས། བྱང་ཆུབ་སེམས་དཔའ་རྣམས་ནི་ས་བཅུ་དག་དུ་སྒོམ་པའི་ལམ་ལ་ཤེས་བྱའི་སྒྲིབ་པའི་གཉེན་པོ་ཉིད་དུ་ལམ་བསྒོམ་པར་བྱེད་ཀྱི། ཉོན་མོངས་པའི་སྒྲིབ་པའི་གཉེན་པོ་ཉིད་དུ་ནི་མ་ཡིན་ནོ་ཞེས་བཤད་པ་མ་ཡིན་ནམ། ཇི་ལྟར་ན་ཉོན་སྒྲིབ་ཀྱིས་སྤངས་པའི་སྒོ་ནས་རྣམ་པར་འཇོག་ཅེ་ན། བདེན་མོད་ཀྱི་འོན་ཀྱང་། འདིར་དེ་ལྟར་རྣམ་པར་བཞག་པ་ནི། ཉོན་སྒྲིབ་གཉིས་བྱང་སེམས་ཀྱི་སྤང་བྱའི་གཙོ་བོ་ཡིན་པའི་དབང་གིས་བཞག་པ་མ་ཡིན་གྱི། དགོས་དབང་གིས་རྣམ་པར་བཞག་པའི་ཕྱིར་རོ། །འདིར་དགོས་པ་གང་ཞེ་ན། མདོ་ལས་གསུངས་པའི་བྱང་སེམས་རྣམས་ལ་རྗེ་བཙུན་གྱིས་ཞུགས་གནས་ཀྱི་མིང་གི་སྒོ་ནས་ཐ་སྙད་ཀྱིས་བསྟན་བཅོས་སུ་བསྡུས་པ་ནི། ཐ་སྙད་ཟོར་ཡང་བར་བྱ་བའི་ཕྱིར་ཡིན་ལ། རྩ་བའི་ཐ་སྙད་དང་མཐུན་པས་འགྲེལ་པས་དེའི་དོན་བཤད་པ་ཡིན་པས་སོ། །བྱང་སེམས་རྣམས་ཀྱིས་ཉོན་སྒྲིབ་གཙོ་བོར་མི་སྤོང་ཡང་དེ་དག་ལ་ཉོན་སྒྲིབ་ཀྱི་སྤོང་གཉེན་གྱི་རིམ་པ་ཉོན་སྒྲིབ་ཀྱི་སྤོང་གཉེན་གྱི་རིམ་པ་ཉན་ཐོས་དང་མཐུན་པ་མེད་པ་ནི་མ་ཡིན་ཏེ། འདི་ལྟར། བྱང་སེམས་ཤེས་སྒྲིབ་གཙོ་བོར་སྤངས་པའི་ཞར་ལ་ཉོན་སྒྲིབ་སྤོང་བའི་ཕྱིར་དང་། ཤེས་སྒྲིབ་སྤོང་བ་ན་ཡང་འདོད་པ་ལ་སོགས་པ་ས་དགུ་པོ་དག་ལ་རེ་རེ་ཞིང་གཟུང་འཛིན་གྱི་རྣམ་པར་རྟོག་པ་ཆེ་འབྲིང་དགུར་ཕྱེ་ནས་སྤོང་བའི་ཕྱིར་དང་། གང་གི་ཚེ་འདོད་པ་ན་སྤྱོད་པའི་ཤེས་སྒྲིབ་གཟུང་འཛིན་གྱི་རྣམ་རྟོག་ཆེན་པོའི་ཆེན་པོ་སྤངས་པ་ན། དེའི་རྒྱུ་ཅན། ཉོན་མོངས་པ་ཆེན་པོའི་ཆེན་པོ་སྤོང་ལ། སྲིད་རྩེའི་གཟུང་འཛིན་གྱི་རྣམ་རྟོག་ཆུང་ངུའི་ཆུང་ངུ་སྤངས་པ་ན་དེའི་ཉོན་མོངས་པ་ཆུང་ངུའི་བར་དུ་སྤོང་བར་འགྱུར་བས་སོ། །དེ་ལྟར་བྱས་ན་ཀུན་ལས་བཏུས་སུ། བྱང་སེམས་ཀྱིས་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་གཅིག་ཅར་སྤོང་བ་དང་། གཅིག་ཅར་དགྲ་བཅོམ་པ་དང་། ངེས་པར་འགྱུར་བར་བཤད་པ་དང་། ཉི་སྣང་དུ། སྲིད་རྩེའི་ཉོན་མོངས་པ་བརྒྱད་པ་སྤངས་པ་དགྲ་བཅོམ་འབྲས་ཞུགས་སུ་བཞག་ནས། ས་བཅུ་ལ་ནི། བྱང་སེམས་དེའང་སངས་རྒྱས་ཁོ་ནར་བརྗོད་པར་བྱ་སྟེ། ཞེས་པ་ཁུངས་སུ་དྲངས་ནས། དེ་ཉིད་ས་བཅུ་པར་བཤད་པ་ཡང་ལེགས་པར་བཤད་པར་འགྱུར་རོ། །དེ་བས་ན། བྱང་སེམས་རྣམས་ཀྱང་ཉན་ཐོས་དང་འདྲ་བའི་རྒྱུན་ཞུགས་སོགས་ཀྱི་ཐ་སྙད་འཇུག་པའི་རྒྱུ་མཚན་ཉིད་ཡོད་ལ། འདིར་དེ་དག་ལ་ཞུགས་གནས་ཀྱི་མིང་གིས་བསྟན་ཅིང་དེའི་དོན་རྣམ་པར་བཞག་པ་ནི། སྐབས་འདིར་མིང་གི་ཐ་སྙད་མེད་པའི་བྱང་སེམས་མང་པོ་ཞིག་མདོ་ལས་གསུངས་པའི་དེ་རྣམས་བདེ་བླག་དུ་རྟོགས་པའི་དོན་དུ་ཐ་སྙད་ཡང་བའི་དགོས་པར་གཟིགས་ནས་མཛད་པ་ཡིན་ནོ། །གཉིས་པ་ལ་དབྱེ་གཞི། སྐྱེས་བུ་ཆེན་པོ་བདུན་པོ། རང་སངས་རྒྱས་དང་བརྒྱད་པོའམ། ཡང་ན་བྱང་སེམས་སློབ་པ་ཕྱིར་མི་ལྡོག་པ་ཙམ་མོ། །ཉི་ཤུར་ཕྱེ་ཚུལ་ནི། ཤནྟི་པ་དང་། བུདྡྷ་ཤྲཱིིས་བསྟན་བཅོས་ཀྱི་སྒྲས་ཟིན་བཞིན་འཆད་ལ། འབྲེ་ལ་སོགས་པ་བོད་ཁ་ཅིག་ཀྱང་དེ་དག་དང་མཐུན་པར་འཆད་མོད། སློབ་དཔོན་དང་འཕགས་པ་གཉིས་ཀ་དང་མི་མཐུན་པའི་ཕྱིར་ཡིད་བརྟན་དུ་མི་རུང་ངོ་། །ལེའུ་བརྒྱད་མ་ལས་གཞུང་གིས་ཟིན་པ་ཉི་ཤུ་དང་། བརྒྱད་པ་དང་། འབྲས་གནས་དང་པོ་གསུམ་དང་། དགྲ་བཅོམ་འབྲས་ཞུགས་རྣམས་ཀྱི་མདོ་ཉི་ཤུ་རྩ་ལྔ་འབྱུང་ལ། དེ་ལ་འཕགས་པས་གཞུང་གི་འོག་མིན་འགྲོ་ནས། སྲིད་རྩེའི་མཐར་ཐུག་འགྲོའི་བར་ལྔ་པོ་གོང་དུ་འཕོ་ཞེས་པ་གཅིག་དུ་བགྲང་ཞིང་བརྒྱད་པ་དང་། འབྲས་གནས་བར་པ་གཉིས། དགྲ་བཅོམ་ཞུགས་པ་དང་བཅས་པ་བཞི་བསྣན་ནས་ཉི་ཤུར་འཆད་དོ། །སློབ་དཔོན་གྱིས་བརྒྱད་པ་རྗེས་འབྲང་གཉིས་ཀྱི་དབྱེ་གཞི་དང་། ཕྱིར་མི་འོང་འབྲས་གནས་ཙམ་པོ། འོག་མིན་འགྲོ་ནས་ལུས་མངོན་བྱེད་བར་གྱིས་དབྱེ་གཞི་དང་། འོག་མིན་འགྲོ་འཕགས་གསུམ་གྱི་དབྱེ་གཞི་ཡིན་པས་དེ་དག་དུ་འདུ་བར་དགོངས་ནས་གྲངས་འཛིན་དུ་མ་བགྲང་། རིགས་སྐྱེ་གཉིས་དང་། བར་ཆད་གཅིག་པ་རྒྱུན་ཞུགས་དང་། ཕྱིར་འོང་གི་ཁྱད་པར་ཡིན་པས་དེ་དག་གིས། དེ་གཉིས་ཀྱི་འབྲས་གནས་ཙམ་པོ་མ་བསྡུས་པས་རྒྱུན་ཞུགས་དང་ཕྱིར་འོང་གི་འབྲས་གནས་དང་། དགྲ་བཅོམ་འབྲས་ཞུགས་གསུམ་ཁ་བསྐང་ལ། མངོན་པ་ཀུན་ལས་བཏུས་སུ་གཟུགས་མེད་ཉེར་འགྲོའི་ཕྱིར་མི་འོང་མ་བཤད་པ་དང་། བྱང་སེམས་གཟུགས་མེད་ཁམས་སུ་སྐྱེ་བ་དོན་དུ་མི་གཉེར་བས། གཟུགས་མེད་ཉེར་འགྲོ་དང་སྲིད་རྩེའི་མཐར་ཐུག་འགྲོ་མཚན་ཉིད་པ་བྱང་སེམས་ལ་མི་འཐད་པར་དགོངས་ནས་སྲིད་རྩེའི་མཐར་ཐུག་འགྲོ་དང་། གཟུགས་ཀྱི་ཆགས་བཅོམ་གཅིག་ཏུ་བསྡུས་ཏེ། མཐོང་ཆོས་ཞི་དང་ལུས་མངོན་བྱེད་ཀྱི་དབྱེ་གཞིར་མཛད་ནས་ལོགས་སུ་མ་བགྲང་ངོ། །དད་མོས་མཐོང་ཐོབ་གཉིས་ཀྱང་གྲངས་འཛིན་མ་ཡིན་གྱིས། འབྲས་བུ་བར་པ་གཉིས་ཀྱི་ཞུགས་པ་ཡིན་པས་ཞུགས་པ་གཉིས་གྲངས་སུ་བགྲང་ངོ་། །འཕགས་པ་རྗེས་འབྲང་གཉིས་ཕྱིར་འོང་དང་། ཕྱིར་མི་འོང་ཐོད་རྒལ་བའི་ཞུགས་པར་བཞག་ལ། དད་མོས་མཐོང་ཐོབ་གཉིས་མཐར་གྱིས་པའི་ཞུགས་པར་མཛད་དོ། །གསུམ་པ་ནི། འདི་དག་ནི་རྒྱུན་ཞུགས་སོགས་མཚན་ཉིད་པ་ཡིན་ནམ། འོན་ཏེ་བཏགས་པ་བ་ཡིན་ཞེ་ན། ཤནྟི་པ་བཏགས་པར་བཞེད་ཅིང་། དེང་སང་བོད་ཕལ་ཆེ་བ་ཡང་དེ་དང་མཐུན་པར་འཆད་དེ། འདོགས་པའི་རྒྱུ་མཚན་ཡང་རྟོགས་པ་འགའ་ཞིག་ཆ་འདྲ་བ་ཙམ་དང་། དགོས་པ་དགེ་འདུན་དཀོན་མཆོག་དུ་ཡིད་ཆེས་པར་བྱ་བའི་དོན་དང་། གནོད་པ་ཅན་གྱི་ཚད་མ་བྱང་ཆུབ་སེམས་པར་བཤད་པའི་ཕྱིར་ཟེར་རོ། །དེ་ནི་མི་རིགས་ཏེ། བཏགས་པའི་དགོས་པ་དང་། གནོད་བྱེད་ཀྱི་ཚད་མ་ཇི་སྐད་བཤད་པ་དེ་དག་ཡང་དག་པར་ཡིན་པའི་ཕྱིར་རོ། །འདི་ལྟ་སྟེ། རེ་ཤིག་བཏགས་པའི་དགོས་པ་མི་འགྲུབ་ཏེ། གལ་ཏེ་བྱང་སེམས་དེ་དག་ལ་རྒྱུན་ཞུགས་སོགས་ཀྱི་དོན་མེད་ན། མིང་ཙམ་བཏགས་པས་དགེ་འདུན་དུ་ཡིད་ཆེས་པར་འགྱུར་བའི་གང་ཟག་རྨོངས་པ་དེ་སུ་ཞིག་ཡིན། གལ་ཏེ་ཉན་རང་གི་རིགས་ཅན་དག་ཡིན་ཏེ། དེ་དག་ནི་གང་ཟག་ཟུང་བཞི་ཡ་བརྒྱད་ཁོ་ན་དགེ་འདུན་དུ་མངོན་པར་འདོད་པས་སོ་ཞེ་ན། མི་རིགས་ཏེ། དོན་མེད་པའི་མིང་ཙམ་བཏགས་པས། དེ་དག་ཀྱང་ཡིད་ཆེས་པར་མི་འགྱུར་བའི་ཕྱིར་དང་། དེ་དག་གིས་བྱང་སེམས་དགེ་འདུན་དཀོན་མཆོག་དུ་ཡིད་མ་ཆེས་ཀྱང་རང་གི་འདོད་པའི་དོན་མི་འགྲུབ་པའི་ཉེས་པ་ལྕི་ཡང་མེད་པའི་ཕྱིར་དང་། སྐབས་འདིའི་དགེ་འདུན་དཀོན་མཆོག་ནི་བྱང་སེམས་ཁོ་ནའི་དབང་དུ་བྱས་པ་ཡིན་པའི་ཕྱིར་རོ། །བྱང་སེམས་ཀྱི་དབང་དུ་བྱས་ནས་དེ་ལྟར་བསྟན་པ་ཡང་མི་རིགས་ཏེ། དེ་དག་ལ་ནི་ཞུགས་གནས་ཀྱི་ཐ་སྙད་མ་བཏགས་ཀྱང་བྱང་སེམས་འཕགས་པ་རྣམས་ལ་དགེ་འདུན་དུ་ཡིད་མི་ཆེད་པའི་དགོས་པ་མེད་པའི་ཕྱིར་རོ། །དེ་བས་ན། ཇི་སྐད་དུ། བརྡ་སྤྲོད་པའི་གཞུང་ལས། དགོས་པ་མེད་པར་གཙོ་བོ་སྒྲ། །སྒྲ་དོན་ལས་འདི་སྦྱོར་མ་ཡིན། །ཞེས་བཤད་པས། བཏགས་པའི་དགོས་པ་མི་འགྲུབ་པའི་ཕྱིར། བཏགས་པ་བར་མི་འགྲུབ་བོ། །བྱང་སེམས་ཉིད་ནི་རྒྱུན་ཞུགས་སོགས་ལ་གནོད་བྱེད་ཀྱི་ཚད་མར་ཡང་མི་འགྲུབ་སྟེ། བྱང་སེམས་ཉིད་ལ་བཅོམ་ལྡན་འདས་ཀྱི་ཕྱིར་མི་ལྡོག་འཁོར་ལོའི་མདོར་རྒྱུན་ཞུགས་སོགས་ཀྱི་རྣམ་གཞག་མཛད་པའི་ཕྱིར་དང་། ཉན་ཐོས་རྣམས་ལ་རྒྱུན་ཞུགས་སོགས་དངོས་མིང་དུ་འཇུག་པའི་རྒྱུ་ུམཚན་ཡང་། སངས་རྒྱས་ཀྱི་རྣམ་གཞག་མཛད་པ་ལས་གཞན་མེད་པའི་ཕྱིར། ཅི་སྟེ་ཕྱིར་མི་ལྡོག་འཁོར་ལོའི་མདོར་དེ་སྐད་གསུངས་པ་ནི། ཉན་ཐོས་རྣམ་ཐེག་ཆེན་ལ་བཞུགས་པའི་དོན་དུ་དགོངས་ཏེ་གསུངས་པ་ཡིན་ནོ་ཞེ་ན། ཁོ་བོས་བཟློག་ཏེ། སྨྲ་བར་བྱ་ཡི་རྣམ་པར་དཔྱོད་པ་ལྡན་པ་སུ་ཡིན་པས་ལན་ཐོབ་ཅིག །བཅོམ་ལྡན་འདས་ཀྱིས་དང་པོར་ཉན་ཐོས་ཀྱི་ཐེག་པར་རྒྱུན་ཞུགས་སོགས་ཀྱི་རྣམ་གཞག་མཛད་པ་ནི། གདུལ་བྱ་ཐེག་པ་གསུམ་ལ་རིམ་གྱིས་གཞུག་པའི་དོན་དུ་དགོངས་ཏེ་གསུངས་པ་ཡིན་གྱི་ཡང་དག་པར་ན་དེ་དག་ལ་རྒྱུན་ཞུགས་སོགས་མཚན་ཉིད་པ་མེད་དེ། རྒྱུན་ཞུགས་སོགས་ནི་མྱ་ངན་ལས་འདས་པ་ཐོབ་པའི་དགོས་པ་ཅན་ཡིན་ན། དེ་དག་ལ་མྱང་འདས་མཚན་ཉིད་པ་མེད་པའི་ཕྱིར་རོ། །གལ་ཏེ་རྒྱུན་ཞུགས་སོགས་མཚན་ཉིད་པ་ཡོད་ན། མྱང་འདས་མཚན་ཉིད་པ་ཡོད་པར་འགྱུར་ཞིང་། དེ་ལྟར་ན་མཐར་ཐུག་ཐེག་པ་གཅིག་ཏུ་སྒྲུབ་མི་ནུས་པར་འགྱུར་རོ། །གལ་ཏེ་མིང་གང་དོན་གང་ལ་ཐོག་མར་བརྡ་སྦྱར་བ་དེ་ལ་དངོས་མིང་དང་། ཕྱིས་དོན་གཞན་ལ་སྦྱར་བ་ན་བཏགས་མིང་དུ་འགྱུར་ཏེ། དཔེར་ན། རི་དྭགས་ཀྱི་རྒྱལ་པོ་དང་། བྲམ་ཟེ་ཁྱེའུ་ལ་སེང་གེ་ཞེས་བརྡ་བཏགས་པ་བཞིན་ནོ། །རྒྱུན་ཞུགས་སོགས་ཀྱི་མིང་ཡང་ཐུབ་པས་ཉན་ཐོས་ཀྱི་ཐེག་པར་ཐོག་མར་བརྡ་མཛད་ལ་བྱང་སེམས་རྣམས་ལ་ནི། ཕྱིས་བརྡ་སྦྱར་བའི་ཕྱིར། དེ་དག་ལ་དངོས་བཏགས་སུ་འཇུག་པར་རིགས་སོ་ཞེ་ན། དེ་ལྟ་ན་ཐེག་ཆེན་པ་ལ་ཆོས་དང་དགེ་འདུན་དཀོན་མཆོག་ཀྱང་བཏགས་པ་ཙམ་ལས་མེད་པར་འགྱུར་ཏེ། ཐོག་མར་ཉན་ཐོས་ཀྱི་ཐེག་པའི་མྱ་ངན་འདས་དང་གང་ཟག་བརྒྱད་ལ་ཆོས་དང་དགེ་འདུན་དཀོན་མཆོག་གི་བརྡ་མཛད་ནས་དེའི་འོག་དུ་ཐེག་ཆེན་ལ་དེ་དག་གི་རྣམ་གཞག་མཛད་པའི་ཕྱིར་རོ། །གལ་ཏེ་ཐེག་པ་ཆེ་ཆུང་གི་སྐྱབས་གནས་ཀྱི་མཚན་ཉིད་ཐ་དད་པས། ཐེག་ཆེན་པའི་འགོག་ལམ་དང་། བྱང་སེམས་འཕགས་པ་དག་རང་ལུགས་ཀྱི་དཀོན་མཆོག་མཚན་ཉིད་པར་རུང་ངོ་ཞེ་ན། ཐེག་པ་ཆེ་ཆུང་གི་ཞུགས་གནས་དག་ཀྱང་མཚན་ཉིད་ཐ་དད་པས་བྱང་སེམས་རྣམས་ཐེག་ཆེན་གྱི་ཞུགས་གནས་མཚན་ཉིད་པ་ཡིན་ཞེས་སྨྲ་བར་ཡང་ནུས་སོ། །དེ་བས་ན། འདིར་རྒྱུན་ཞུགས་སོགས་དངོས་ཡིན་གྱི་བཏགས་པ་བ་མ་ཡིན་ཏེ། དངོས་ལ་གནོད་བྱེད་ཀྱི་ཚད་མ་མེད་པའི་ཕྱིར་དང་། བཏགས་པའི་དགོས་པ་མི་འགྲུབ་པའི་ཕྱིར་དང་། འཕགས་པ་དང་སློབ་དཔོན་གཉིས་ཀས་ཀྱང་ཕྱིར་མི་ལྡོག་པ་འཁོར་ལོའི་མདོ་ཤེས་བྱེད་དུ་དྲངས་ནས་རྒྱུན་ཞུགས་སོགས་སུ་བསྒྲུབས་པའི་ཕྱིར་རོ། །གལ་ཏེ་དེ་ནི་བྱང་སེམས་ལ་རྒྱུན་ཞུགས་སོགས་ཀྱི་ཐ་སྙད་བཏགས་པའི་ཁུངས་སུ་དྲངས་པ་ཡིན་གྱི་མཚན་ཉིད་པར་བསྒྲུབ་པ་མ་ཡིན་ནོ་ཞེ་ན། འདིར་མཚན་ཉིད་པར་སྒྲུབ་པར་མི་བཞེད་ན། འདོགས་པའི་ཆོས་གསུམ་འཆད་པར་རིགས་ཀྱི་ལུང་ཙམ་དྲངས་པས་ཅིར་ཡང་མི་འགྱུར་ཏེ། དེ་ཉིད་དུ་ཡང་བྱང་སེམས་ལ་རྒྱུན་ཞུགས་སོགས་ཀྱི་མིང་ཉེ་བར་བཏགས་པ་ཡིན་ན། འདོགས་པའི་རྒྱུ་མཚན་ལ་སོགས་ཅི་སྙམ་དུ་ཐེ་ཚོམ་དུ་འགྱུར་བའི་ཕྱིར་རོ། །གལ་ཏེ་ཀུན་ལས་བཏུས་ལས། ཅིའི་ཕྱིར་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་ཞུགས་པ་ན་རྒྱུན་དུ་ཞུགས་པར་མི་འགྱུར་ཞེ་ན། རྒྱུན་ལ་འཇུག་པ་ཡོངས་སུ་མ་གྲུབ་པའི་ཕྱིར་རོ། །ཅིའི་ཕྱིར་ལན་ཅིག་ཕྱིར་འོང་བར་མི་འགྱུར་ཞེ་ན། བསམ་བཞིན་དུ་སྲིད་པར་སྐྱེ་བ་ཚད་མེད་པ་ལེན་པའི་ཕྱིར་རོ་ཞེས་སོགས་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། དེ་དག་ནི་མཐར་ཐུག་ཐེག་པ་གསུམ་དུ་འདོད་པའི་ལུགས་ཡིན་ལ། འདིར་བྱང་སེམས་ལ་རྒྱུན་ཞུགས་སོགས་སུ་རྣམ་པར་བཞག་པ་ནི་ཕྱིར་མི་ལྡོག་པ་འཁོར་ལོའི་མདོའི་རྗེས་སུ་འབྲང་ནས། མཐར་ཐུག་ཐེག་པ་གཅིག་ཏུ་འདོད་པའི་དབང་དུ་བྱས་པ་ཡིན་པས་སོ། །བོད་དག་འདི་བཏགས་པ་བར་འདོད་པ་ནི། ཀུན་ལས་བཏུས་ཀྱི་གཞུང་འདིའི་སྐྱོན་སྤོང་མ་ཤེས་པས་འཁྲུལ་ལ། ཤནྟི་པ་མཐར་ཐུག་ཐེག་པ་གསུམ་འདོད་པས་ཁོ་རང་གི་གྲུབ་མཐའ་དང་མི་འགལ་ལོ། །ཕྱིར་མི་ལྡོག་འཁོར་ལོའི་མདོ་དང་འདི་གཉིས་རྒྱུན་ཞུགས་སོགས་མཚན་ཉིད་པར་རྣམ་པར་བཞག་པ་འདྲ་ལ། དགོངས་པ་མི་འདྲ་སྟེ། མདོ་དེར་ནི། མཐར་ཐུག་ཐེག་པ་གཅིག་ཏུ་བསྒྲུབ་པའི་ཕྱིར་ཡིན་ལ། འདིར་ནི། ཐ་སྙད་ཟོར་ཡང་བའི་ཕྱིར་ཡིན་ནོ། །འཇོག་ཚུལ་གྱི་མཚན་ཉིད་ཀྱང་མི་འདྲ་སྟེ། འདིར་ནི། ཉན་ཐོས་རྣམས་ལ་རྒྱུན་ཞུགས་སོགས་སུ་འཇོག་པའི་མཚན་ཉིད། ཉོན་སྒྲིབ་ཀྱི་སྤངས་པ་དང་གཉེན་པོ་ཇི་ལྟ་བ་བཞིན་དུ། སྔར་ཇི་སྐད་བཤད་པའི་ཚུལ་གྱིས་བྱང་སེམས་ལ་ཡང་སྤངས་པ་དང་གཉེན་པོའི་རིམ་པ་དེ་ཡོད་པའི་དབང་དུ་བྱས་ནས་གསུངས། ཕྱིར་མི་ལྡོག་འཁོར་ལོའི་མདོར་ནི། མཚན་ཉིད་གཞན་གསུངས་ཏེ། ཇི་སྐད་དུ། ལོག་པ་བརྒྱད་ལ་ཡན་ལག་འདས། །རྣམ་པར་ཐར་པ་བརྒྱད་ལ་ཏོག །ཡན་ལག་བརྒྱད་ལ་ཞེན་པ་མེད། །དེས་དེ་བརྒྱད་པ་ཞེས་བྱའོ། །སངས་རྒྱས་མཐོང་ལ་ཆགས་པ་མེད། །སེམས་ཅན་དཔག་མེད་དད་པར་བྱེད། །དེ་ནི་དེ་ལ་ཆགས་མེད་དེ། །དེ་ཕྱིར་བློོ་ལྡན་དད་པས་འབྲང་། །ཆོས་རྒྱུན་བསམ་གྱིས་མི་ཁྱབ་པ། །རྒྱུན་དེ་ལས་ཀྱང་འདའ་མི་བྱེད། །ཆོས་ཉིད་དེའི་རྗེས་སུ་ཐོབ། །དེ་ཕྱིར་ཆོས་རྗེ་འབྲང་ཞེས་གསུང་། །ལམ་ལ་རྒྱུན་ཞེས་ངས་བརྗོད་ན། །བསམ་དུ་མེད་པ་སངས་རྒྱས་ལམ། །གང་དག་ལ་ལ་དེར་ཞུགས་པ། །དེ་དང་དེ་ནི་རྒྱུན་ལ་གཞོལ། །གང་གི་བྱང་ཆུབ་འགྲུབ་གྱུར་པའི། །རྐྱེན་རྣམས་མང་པོ་གང་གསུངས་པ། །བདག་གིས་ཤེས་པར་བྱའོ་ཞེས། །དེ་ཚོལ་བར་ནི་འོངས་པ་ཡིན། །འགྲོ་བ་རྣམ་གསུམ་གང་དུ་ཡང་། །དེ་ནི་ཕྱིར་ཞིང་མི་འགྲོ་སྟེ། །སངས་རྒྱས་ཆོས་རྣམས་ཐོས་པས་ན། །དེ་ནི་ཕྱིར་མི་འོང་ཞེས་བརྗོད། །གང་གིས་སེམས་ཅན་རབ་སྡུག་བསྔལ། །ཉོན་མོངས་ཐམས་ཅད་དེ་ཡིས་བཅོམ། །ཉོན་མོངས་པ་ལས་རབ་ཏུ་གྲོལ། །དེས་ནི་དགྲ་བཅོམ་པ་ཞེས་བརྗོད། །བྱང་ཆུབ་སེམས་དཔའ་འཇིགས་མེད་པ། །སངས་རྒྱས་ཆོས་རྣམས་བསམ་ཡས་དང་། །སེམས་ཅན་རྣམས་ལ་སྒྲོགས་པར་བྱེད། །དེས་དེ་ཉན་ཐོས་ཞེས་བརྗོད་དོ། །མ་རིག་ནམ་མཁའ་ཇི་བཞིན་དུ། །ཆོས་རྣམས་ཐམས་ཅད་མཚན་ཉིད་མེད། །འདི་ནི་མངོན་དུ་གྱུར་པས་ན། །རང་རྒྱལ་བ་ཞེས་བརྗོད་པ་ཡིན། །ཞེས་གསུངས་སོ། །བཞི་པ་ནི། ཤནྟི་པས་ངེས་འབྱེད་ཡན་ལག་ནས་བཟུང་སྟེ། ཞེས་པའི་རྗེས་སུ་འབྲངས་ནས་སྦྱོར་ལམ་ནས་འཇོག་ཀྱང་། འཕགས་པ་དང་སློབ་དཔོན་གྱི་རྒྱུད་བླར། ཇི་ལྟར་ཇི་སྙེད་ནང་གི་ནི། །ཡེ་ཤེས་གཟིགས་པ་དག་པའི་ཕྱིར། །བློོ་ལྡན་ཕྱིར་མི་ལྡོག་པའི་ཚོགས། །བླ་མེད་ཡོན་ཏན་དང་ལྡན་ཉིད། །ཅེས་གསུངས་པ་ལྟར་། སྤྱིའི་ས་མཚམས་ས་དང་པོ་ནས་བཞག་ལ། ནང་སེལ་ནི་ས་མཚམས་ངེས་པ་ཤེས་དཀའ་ཡང་རྗེས་འབྲང་གཉིས་དང་། རྒྱུན་ཞུགས་འབྲས་གནས་ཙམ་པོ་དང་། ཐོད་རྒལ་བའི་ཕྱིར་འོང་དང་ཕྱིར་མི་འོང་འབྲས་གནས་ཙམ་པོ་རྣམས་མཐོང་ལམ་པ་དང་། རིགས་སྐྱེ་གཉིས་དང་། མཐར་གྱིས་པའི་ཕྱིར་འོང་དང་། བར་ཆད་གཅིག་པ་དང་། ཕྱིར་མི་འོང་འབྲས་གནས་ཙམ་པོ་རྣམས་ས་དང་པོ་དང་གཉིས་པས་བསྡུས་པའི་སྒོམ་ལམ་པར་མངོན་ཏེ། སྔ་མ་རྣམས། འདོད་པ་ལ་འདོད་ཆགས་དང་མ་བྲལ་བའི་ཕྱིར་དང་། ཕྱིར་མི་འོང་འབྲས་གནས་ཙམ་པོས་ཀྱང་བསམ་གཏན་གྱི་དངོས་གཞི་མ་ཐོབ་པའི་ཕྱིར་རོ། །ས་གསུམ་པ་ནས་བསམ་གཏན་ཐོབ་སྟེ། དབུ་མ་འཇུག་པར། ས་དེར་བསམ་གཏན་མངོན་ཤེས་འབྱུང་འགྱུར་ཞིང་། །འདོད་ཆགས་ཞེ་སྡང་གཏི་མུག་ཟད་པར་འགྱུར། །ཞེས་གསུངས་པའོ། །དེས་ན། མདོ་སྡེ་རྒྱན་ལས། བསམ་གཏན་བཞི་པ་ཤིན་ཏུ་དག་ཐོབ་ནས། །མི་རྟོག་ཡེ་ཤེས་ཡོངས་སུ་བཟུང་བ་དང་། །ཇི་ལྟར་རྣམ་གནས་ཡིད་ལ་བྱེད་པ་ལས། །མཐུ་གྲུབ་པའི་དམ་པ་ཐོབ་པར་འགྱུར་། །ཞེས་ཚོགས་སྦྱོར་ནས་བསམ་གཏན་གྱི་སེམས་ཐོབ་པར་བཤད་པ་ནི། བྱང་སེམས་དབང་རྣོན་ཁ་ཅིག་གི་དབང་དུ་བྱས་པ་ཡིན་གྱི་ངེས་པ་མ་ཡིན་ཏེ། ས་གཉིས་པ་མན་ཆད་དུ་བསམ་གཏན་གྱི་དངོས་གཞི་མི་ཐོབ་པ་ཡང་ཡོད་པས་སོ། །ས་གསུམ་པ་ནས་གདོན་མི་ཟ་བར་བསམ་གཏན་དང་མངོན་ཤེས་ཐོབ་པར་མདོ་སྡེ་ས་བཅུ་པ་ནས་བཤད་དོ། །ཕྱིར་མི་འོང་འབྲས་གནས་ཁྱད་པར་བ་ས་གཉིས་པ་ནས་གཟུང་ལ། དགྲ་བཅོམ་འབྲས་ཞུགས་ས་བཅུ་པར་བཤད་ཅིང་། གཞན་རྣམས་ཀྱི་ས་མཚམས་ངེས་དཀའོ། །ཨ་བྷ་ཡས་བཞག་པའི་ས་མཚམས་དང་། ལོ་ཙཱ་བ་ཆེན་པོས་བྱང་སེམས་བཞི་དང་སྦྱར་བ་ཡང་ཤེས་བྱེད་མེད་པའི་ཕྱིར་ཡིད་བརྟན་མི་རུང་ངོ་། །

གཉིས་པ་ཡན་ལག་གི་དོན་ལ་གསུམ་གྱི་དང་པོ། མཚམས་སྦྱར་བ་ནི། དགེ་འདུན་དཀོན་མཆོག་གི་ཞེས་སོ། །གཉིས་པ་རྩ་བ་ནི། འཕགས་པ་ལྟར་བཤད་དེ། འདིར་དགེ་འདུན་ནི་བྱང་སེམས་འཕགས་པ་ཕྱིར་མི་ལྡོག་པའི་ཚོགས་ཡིན་ལ་དེ་དག་ཀྱང་ཞུགས་གནས་ཀྱི་དབྱེ་བས་སྐྱེས་བུ་ཟུང་བཞིར་འགྱུར་ལ། དེ་དག་ཀྱང་བརྒྱད་པ་ལ་སོགས་པར་འདུས་པས། རེ་ཤིག་བརྒྱད་པའི་དབང་དུ་བྱས་ནས། བཅོམ་ལྡན་འདས་གང་དག་གི་ཤེར་ཕྱིན་གྱི་གནས་པ་འདིས་གནས་པའི་བྱང་སེམས་དེ། གང་ནས་ཤི་འཕོས་ནས་འདིར་སྐྱེ་བར་འགྱུར་ཞེས་སོ། །འདི་ནས་ཤི་འཕོས་ནས་གང་དུ་སྐྱེ་བ་འགྱུར་ཞེས་སོ། །དེ་ལ་ལམ་ཤེས་ཀྱི་མཐོང་ལམ་སྐད་ཅིག་མ་བཅུ་དྲུག་གི་དང་པོ་བཅྭོ་ལྔ་ལ་བྱང་སེམས་དབང་པོ་རྟུལ་པོ་གང་ཡིན་པ་དེ་ནི་དད་པའི་རྗེས་འབྲང་ཞེས་བྱ་སྟེ། དད་པས་ལམ་དེའི་རྗེས་སུ་འབྲང་བའི་ཕྱིར་རོ། །དབང་པོ་རྣོན་པོ་གང་ཡིན་པ་དེ་ནི་ཆོས་ཀྱི་རྗེས་འབྲང་ཞེས་བྱ་སྟེ། ཤེས་རབ་ཀྱིས་ལམ་དེའི་རྗེས་སུ་འབྲང་བའི་ཕྱིར་རོ། །དང་པོ་ནི་ཤ་བུ་བྱང་ཆེན་མིའི་ནང་ནས་ཤི་འཕོས་ནས་མི་རྣམས་དང་སྐལ་བ་མཉམ་པར་སྐྱེས་པ་གང་ཡིན་པ་དེ་ནི་ཕྱིར་མི་ལྡོག་པའི་བྱང་ཆེན་མ་གཏོགས་པ་དབང་པོ་རྟུལ་བ་ཡིན་ནོ་ཞེས་སོ། །ཕྱིར་མི་ལྡོག་བཀོལ་བ་ནི། དབང་པོ་རྣོན་པོས་ས་དེར་ཕྱིར་མི་ལྡོག་ཐོབ་པས་སོ། །གཉིས་པ་ནི། བྱང་ཆེན་སངས་རྒྱས་ཀྱི་ཞིང་གཞན་ནམ། དགའ་ལྡན་གྱི་རིས་ནས་ཤི་འཕོས་ནས་འདིར་སྐྱེས་པ་དེ་ནི་དབང་པོ་རྣོ་བར་འགྱུར་ཞིང་། ཞེས་སོ། །དེ་ལ་རྗེས་འབྲང་གཉིས་པོ་དེ་གལ་ཏེ་སྔར་འདོད་པའི་ཉོན་མོངས་དྲུག་པ་ནས་བརྒྱད་པའི་བར་སྤངས་ན། དེ་དག་འབྲས་བུ་གཉིས་པ་ལ་ཞུགས་པ་ཡིན་ལ། དགུ་པ་ནས་ཅི་ཡང་གི་བར་ལ་འདོད་ཆགས་དང་བྲལ་ན། གསུམ་པ་ལ་ཞུགས་པ་ཡིན་ནོ། །སྐད་ཅིག་མ་བཅུ་དྲུག་པ་ལ་ནི་དེ་དག་གོ་རིམ་བཞིན་དུ་ཕྱིར་འོང་དང་ཕྱིར་མི་འོང་གི་འབྲས་བུ་ལ་གནས་པར་འགྱུར་གྱི། དགྲ་བཅོམ་པའི་འབྲས་བུ་ལ་ནི་མ་ཡིན་ཏེ། མཐོང་ལམ་གྱིས་སྒོམ་སྤང་སྤོང་བར་མི་སྲིད་པའི་ཕྱིར། སྔར་ཡང་སྲིད་པའི་རྩེ་མོའི་འདོད་ཆགས་དང་བྲལ་བར་མི་སྲིད་པའི་ཕྱིར་རོ། །དེའི་ཚེ་སྔར་དད་པའི་རྗེས་འབྲང་གང་ཡིན་པ་དེ་ནི། དད་པས་མོས་པ་ཞེས་བྱ་སྟེ། དད་པ་ལྷག་པས་ལྷག་པར་མོས་པས་རབ་ཏུ་ཕྱེ་བའི་ཕྱིར་རོ། །ཆོས་ཀྱི་རྗེས་འབྲང་ནི། མཐོང་བས་ཐོབ་པ་ཞེས་བརྗོད་དེ། ཤེས་རབ་ལྷག་པས་མཐོང་བས་རབ་ཏུ་ཕྱེ་བའི་ཕྱིར་རོ། །དང་པོ་ནི་ཤ་བུ་བྱང་སེམས་ཐབས་ལ་མི་མཁས་པ་གང་དག་བསམ་གཏན་བཞི་པོ་རྣམས་སྒྲུབ་པར་བྱེད། ཕར་ཕྱིན་དྲུག་ལ་ཡང་སྤྱོད་པར་བྱེད་ཅིང་། བསམ་གཏན་ཐོབ་པ་དེས་ཀྱང་ལྷ་ཚེ་རིང་པོ་རྣམས་སུ་སྐྱེས་ཏེ། དེ་ནས་ཤི་འཕོས་ནས། དེ་གལ་ཏེ་འདོད་པའི་ཁམས་སུ་ལྷ་དང་མི་རྣམས་ཀྱི་ནང་དུ་སྐྱེས་ན། དེ་དག་ནི་དབང་པོ་རྟུལ་བར་འགྱུར་གྱི་དབང་པོ་རྣོ་བར་མི་འགྱུར་བ་དག་ཡོད་དོ་ཞེས་སོ། །གཉིས་པ་ནི། ཤ་བུ་བྱང་ཆེན་ཐབས་ལ་མཁས་པ་གང་དག་བསམ་གཏན་དང་གཟུགས་མེད་པ་ལ་སྙོམས་པར་འཇུག་པ་རྣམས་ལ་སྙོམས་པར་ཞུགས་ཤིང་། བྱང་ཕྱོགས་སོ་བདུན་པོ་རྣམས་ལ་ཡང་སྙོམས་པར་འཇུག་ལ། བསམ་གཏན་ལ་སོགས་པའི་དབང་གིས་མ་ཡིན་ཏེ། འོན་ཀྱང་ཐབས་ལ་མཁས་པས་གང་དང་གང་་ན་སངས་རྒྱས་བཅོམ་ལྡན་འདས་མཉེས་པར་བྱེད་པ་དེ་དང་དེ་དག་ཏུ་སྐྱེ་བར་འགྱུར་བ་དག་ཡོད་དེ་ཞེས་སོ། །རྒྱུན་དུ་ཞུགས་པ་ནི། ཤ་བུ་བྱང་ཆེན་ཤེར་ཕྱིན་ལ་སྤྱོད་ཅིང་སྦྱོར་བ་ལ་བརྩོན་པར་བྱེད་པ་ན། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། ཐབས་ལ་མཁས་པའི་སྟོབས་ཀྱིས་རྒྱུན་ཞུགས་ཀྱི་འབྲས་བུ་མངོན་དུ་བྱེད་ཀྱང་། དེས་ང་རྒྱལ་དུ་མི་བྱེད་པ་དག་ཡོད་དོ་ཞེས་སོ། །འཕགས་པས་འདི་མ་བགྲངས་ཏེ། ཕལ་ཆེར་འགྲེལ་པའི་ཡི་གེ་ཉམས་པར་མངོན་ཏེ། ལེའུ་བརྒྱད་མ་ལས་འབྱུང་བའི་ཕྱིར་རོ། །རྒྱུན་ཞུགས་དེ་ཉིད་རིགས་ནས་རིགས་སུ་སྐྱེ་བ་གཉིས་སུ་ཤེས་པར་བྱ་སྟེ། འདི་ལྟར། ལྷའི་རིགས་ནས་རིགས་སུ་དང་། མིའི་རིགས་ནས་རིགས་སུའོ། །དང་པོ་ནི། ཤ་བུ་བྱང་སེམས་གང་དག་བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བསྐྱེད་ནས། ཐབས་ལ་མཁས་པས་མིའི་རིགས་རྣམས་སུ་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའམ། བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའམ། ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའི་རིགས་སུ་སྐྱེ་བར་འགྱུར་བ་དག་ཡོད་དོ་ཞེས་སོ། །གཉིས་པ་ནི། བྱང་སེམས་བསམ་གཏན་སོགས་ཐོབ་པ་གང་དག་ཐབས་ལ་མཁས་པས་རྒྱལ་ཆེན་བཞིའི་རིགས་ནས། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་བར་དུ་སྐྱེ་སྟེ་ཞེས་སོ། །ཕྱིར་འོང་ནི། ཤ་བུ་བྱང་ཆེན་ཤེར་ཕྱིན་ལ་སྤྱོད་པ་གང་དག་ཐབས་ལ་མཁས་པས་བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དག་ལ་སྙོམས་པར་ཞུགས་ཞེས་སོགས་སོ། །བར་ཆད་གཅིག་པ་ནི། ཤ་བུ་བྱང་ཆེན་གང་དག་བསམ་གཏན་བཞི་པ་ནས་འཕགས་པའི་བདེན་པ་བཞིའི་བར་དུ་ཐོབ་ཀྱང་དེ་མངོན་དུ་བྱེད་པ་དག་ཡོད་དེ། དེ་དག་ནི་ཚེ་གཅིག་གིས་ཐོགས་པ་ཞེས་བྱའོ། །ཕྱིར་མི་འོང་ནི། ཤ་བུ་བྱང་སེམས་མངོན་པར་ཤེས་པ་དྲུག་པོ་ཐོབ་པ་གང་དག །འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་གཟུགས་མེད་པའི་ཁམས་སུ་མི་སྐྱེའོ། །

འོན་ཀྱང་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འདོད་པ་ནས་བརྩམས་ཏེ། གང་དང་གང་ན་སངས་རྒྱས་བཅོན་ལྡན་འདས་རྣམས་བཞུགས་པ་དེ་དང་དེར་སྐྱེ་བར་འགྱུར་བ་བྱེད་པ་དག་ཀྱང་ཡོད་དོ་ཞེས་སོ། །ཕྱིར་མི་འོང་དེ་ཡང་རྣམ་པར་ལྔ་སྟེ། བར་མ་དོར་འདའ་བ་ནི། ཤ་བུ་བྱང་སེམས་བསམ་གཏན་སོགས་ཐོབ་པ་གང་དག་ཐབས་ལ་མཁས་པས་ཚངས་རིས་ཀྱི་ལྷ་རྣམས་ནས་འོག་མིན་གྱི་ལྷ་རྣམས་ཀྱི་བར་དུ་སྐྱེ་བར་འགྱུར་བ་དག་ཡོད་དོ་ཞེས་སོ། །སྐྱེས་ནས་་འདའ་བ་ནི། ཤ་བུ་བྱང་སེམས་གང་དག་དང་པོ་སེམས་བསྐྱེད་པ་ཉིད་ཀྱིས་བླ་མེད་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་ཞིང་། ཞེས་སོ། །འདུ་བྱེད་དང་བཅས་པས་འདའ་བ་ནི། ཤ་བུ་བྱང་སེམས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་གང་དག་འཇིག་རྟེན་གྱི་ཁམས་ནས་འཇིག་རྟེན་གྱི་ཁམས་སུ་འདོང་ཞིང་། དེ་དག་སེམས་ཅན་རྣམས་ཀྱི་དོན་ལ་རྟག་ཏུ་བརྩོན་ཏེ། ཞེས་སོ། །འདུ་བྱེད་མེད་པས་མྱ་ངན་ལས་འདའ་བ་ནི། ཤ་བུ་བྱང་སེམས་གང་དག་སེམས་དང་པོ་བསྐྱེད་པ་ཉིད་ཀྱིས་བྱང་སེམས་ཀྱི་སྐྱོན་མེད་པ་ལ་འདའ་ཞིང་། ཞེས་སོ། །གོང་དུ་འཕོ་བ་ནི། ཕྱིར་མི་འོང་ལྔ་པ་སྟེ། དེ་ཡང་འོག་མིན་གྱི་མཐར་ཐུག་པར་འགྲོ་བ་དང་། སྲིད་རྩེའི་མཐར་ཐུག་པར་འགྲོ་བ་གཉིས་ཀྱི་དང་པོ་འོག་མིན་འགྲོ་ནི། ཤ་བུ་བྱང་སེམས་ཕར་ཕྱིན་དྲུག་ལ་སྤྱོད་པ་གང་དག་འཁོར་ལོས་བསྒྱུར་བའི་རྒྱལ་པོར་གྱུར་ནས་སེམས་ཅན་རྣམས་ལ་བདེ་བའི་ཡོ་བྱད་ཐམས་ཅད་ཉེ་བར་བསྒྲུབ་ཅིང་། ཟས་འདོད་པ་རྣམས་ལ་ཟས་ཞེས་པ་ནས། སེམས་ཅན་རྣམས་དགེ་བ་བཅུ་ལ་བཞག་ནས་ཚངས་རིས་ཀྱི་ལྷ་ནས་འོག་མིན་གྱི་བར་དུ་སྐྱེས་ཏེ། སངས་རྒྱས་ཀྱི་ཞིང་སྣ་ཚོགས་པ་རྣམས་སུ་བླ་མེད་བྱང་ཆུབ་དུ་མངོན་པར་འཚང་རྒྱ་བ་དག་ཡོད་དོ་ཞེས་སོ། །འོག་མིན་དུ་འགྲོ་བ་དེ་ནི། འཕར་བ་ལ་སོགས་པ་གསུམ་སྟེ། འཕར་བ་དང་། ཆེད་དུ་འཕར་བ་དང་། གནས་ཐམས་ཅད་དུ་འཆི་འཕོ་བའོ། །དང་པོ་ནི། ཤ་བུ་བྱང་ཆེན་གང་དག་བསམ་གཏན་བཞི་རྫོགས་པར་བྱས་ནས་བསམ་གཏན་ལས་ཡོངས་སུ་ཉམས་ནས་བསམ་གཏན་དང་པོ་བསྒྲུབས་ཏེ། ཚངས་རིས་ཀྱི་ལྷ་རྣམས་སུ་སྐྱེ་ཞིང་། དེ་དག་དུ་ཡང་བསམ་གཏན་རྣམས་བསྒྲུབས་ནས། འོག་མིན་གྱི་ལྷ་རྣམས་སུ་སྐྱེས་ནས་སངས་རྒྱས་ཀྱི་ཞིང་སྣ་ཚོགས་པར་བླ་མེད་རྫོགས་བྱང་དུ་མངོན་པར་རྫོགས་པ་འཚང་རྒྱ་བ་དག་ཡོད་དོ་ཞེས་སོ། །གཉིས་པ་ནི། ཤ་བུ་བྱང་ཆེན་གང་དག་ཚངས་པའི་འཇིག་རྟེན་ནས་ཤི་འཕོས་ནས། གནས་གཙང་མ་རྣམས་སུ་སྐྱེས་ཏེ། དེ་དག་གནས་གཙང་མའི་གནས་གཅིག་གམ་གཉིས་བརྒལ་ཏེ། འོག་མིན་དུ་སྐྱེས་ནས་སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་ཞེས་སོ། །གསུམ་པ་ནི། ཤ་བུ་བྱང་ཆེན་གང་དག་དགའ་ལྡན་གྱི་གནས་སྦྱངས་ནས་ཚངས་རིས་ནས་འོག་མིན་གྱི་བར་དུ་སྟེ། ཐབས་མཁས་པས་དམྱལ་བ་དང་དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་སེམས་ཅན་རྣམས་ལ་ཆོས་སྟོན་པར་བྱེད་པ་དག་ཕྱོགས་བཅུ་རྣམས་སུ་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་ཞིང་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བྱེད་པ་དང་ཞེས་སོ། །སྲིད་རྩེའི་མཐར་ཐུག་པར་འགྲོ་ནི། ཤ་བུ་བྱང་ཆེན་གང་དག་བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་བསྒྲུབ་པར་བྱེད་པ་དག་ཚངས་རིས་ནས་དགེ་རྒྱས་ཀྱི་བར་གྱི་ལྷ་རྣམས་སུ་སྐྱེ་བར་འགྱུར་ཞིང་། དེ་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ནས་སྲིད་རྩེའི་བར་དུ་སྐྱེ་བར་འགྱུར་ལ། དེ་ནས་སངས་རྒྱས་ཀྱི་ཞིང་སྣ་ཚོགས་པ་རྣམས་སུ་ཞེས་སོ། །གཟུགས་ཀྱི་འདོད་ཆགས་བཅོམ་པའི་ཕྱིར་མི་འོང་འདི་ནས་ཤི་འཕོས་ནས་གཟུགས་མེད་དུ་སྐྱེ་བ་ནི་ཕྱིར་མི་འོང་དྲུག་པ་སྟེ། དེ་ནི་ཤ་བུ་བྱང་ཆེན་གང་དག་བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་ཐོབ་པ་གྱུར་པ་དེ་དག་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ནས་སྲིད་རྩེའི་བར་དུ་སྐྱེ་བར་འགྱུར་ཞིང་། དེ་ནས་སངས་རྒྱས་ཀྱི་ཞིང་སྣ་ཚོགས་རྣམས་སུ་ཞེས་སོ། །བདུན་པ་མཐོང་བའི་ཆོས་ལ་ཞི་བ་མྱང་འདས་མངོན་དུ་བྱེད་པ་ནི། ཤ་བུ་བྱང་ཆེན་གང་དག་ལུས་ལ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་ཅིང་དབང་པོ་ཡོངས་སུ་དག་པ་བླ་ན་མེད་པ་དག་དང་ལྡན་ཏེ། ནམ་ཡང་ངན་སོང་ངམ་ངན་འགྲོ་ལོག་པར་ལྟུང་བ་རྣམས་སུ་སྐྱེ་བར་མི་འགྱུར་བ་དང་། བདག་ཉིད་བསྟོད་པར་མི་བྱེད། གཞན་སྨོས་པར་མི་བྱེད་དེ། དེ་དག་ལ་འགྲོ་བ་མང་པོ་བྱམས་ཤིང་ཡིད་དུ་འོང་བ་སྟེ། སེམས་ཅན་གང་དག་གིས་བྱང་སེམས་དེ་དག་མཐོང་བ་དེ་དག་གིས་ཀྱང་། སེམས་རབ་ཏུ་དང་བ་དེ་ཉིད་ཀྱིས་ཐེག་པ་གསུམ་གྱིས་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་པ་དང་། ཞེས་སོ། །འགོག་པའི་སྙོམས་འཇུག་ཐོབ་པའི་ཕྱིར་མི་འོང་ནི། ཞི་བ་མྱང་འདས་དང་འདྲ་བའི་འགོག་པ་སེམས་མེད་པའི་ལུས་ཀྱིས་མངོན་སུམ་དུ་བྱེད་པས་ན་ལུས་ཀྱིས་མངོན་སུམ་དུ་བྱེད་པ་སྟེ། དེ་ནི་ཤ་བུ་བྱང་ཆེན་གང་དག་ཤེར་ཕྱིན་ལ་སྤྱོད་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་འཇུག་རྣམས་ཀྱི་རྣམ་པར་རྩེ་ཞིང་དེ་དག་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་འགོག་པའི་སྙོམས་པར་འཇུག་པ་ལའོ་ཞེས་སོ། །སྲིད་རྩེའི་ཉོན་མོངས་བརྒྱད་པ་སྤངས་ནས་དགུ་པ་སྤོང་བའི་སྦྱོར་བ་ལ་བརྩོན་པ་ན་དགྲ་བཅོམ་པའི་འབྲས་བུ་ལ་ཞུགས་པ་ཞེས་བྱ་སྟེ། དེ་ནི། ཤ་བུ་བྱང་ཆེན་གང་དག་ཕར་ཕྱིན་དྲུག་ལ་གནས་ནས་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་ཆོས་རྣམས་སྣང་བར་བྱེད་ཅིང་། བདག་ཉིད་ཀྱང་བླ་མེད་རྫོགས་བྱང་དུ་མངོན་པར་རྫོགས་པ་སངས་རྒྱས་ཀྱི་བར་དུ་སངས་རྒྱས་ཀྱི་ཆོས་ཀྱི་སྣང་བ་དང་འབྲལ་བར་མི་བྱེད་པ་དག་ཡོད་དོ་ཞེས་སོ། །བསེ་རུ་ལྟ་བུའི་རང་རྒྱལ་ནི། ཤ་བུ་བྱང་ཆེན་གང་དག་སངས་རྒྱས་མི་ཞུགས་ཤིང་ཉན་ཐོས་མེད་པའི་འཇིག་རྟེན་གྱི་ཁམས་རྣམས་སུ་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་དག་ཡོད་དེ། དེ་དག་ཐབས་ལ་མཁས་པས་སྲོག་ཆགས་བྱེ་བ་བ རྒྱ་སྟོང་མང་པོ་ཐེག་པ་གསུམ་པོ་རྣམས་སུ་ཡོངས་སུ་སྨིན་པར་བྱས་ནས་བླ་མེད་རྫོགས་བྱང་དུ་འཚང་རྒྱའོ་ཞེས་སོ། །

གསུམ་པ་འགྲེལ་པ་ལ་ལྔའི་ཟུང་དང་པོ་རྒྱུན་ཞུགས་ཀྱི་སྐོར་ལ་ཞུགས་གནས་གཉིས་ཀྱི་དང་པོ་ནི། སྐབས་གཉིས་པར་འཆད་པར་འགྱུར་བའི་ལམ་ཤེས་ཀྱིས་བསྡུས་པའི་མཐོང་ལམ་སྐད་ཅིག་བཅུ་དྲུག་གི་དང་པོ་བཅྭོ་ལྔ་ལ་བརྟེན་ནས་གནས་ཤིང་སྔར་འདོད་པའི་སྒོམ་སྤང་གཏན་ནས་མ་སྤངས་པའི་བྱང་སེམས་ཆོས་ཅན། བྱང་སེམས་ཀྱི་འབྲས་བུ་དང་པོ་ལ་ཞུགས་པ་ཡིན་ཏེ། ཐེག་ཆེན་ལམ་གྱི་ཐོབ་བྱར་གྱུར་པའི་ཀུན་སྦྱོར་གསུམ་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་པ་ཡིན་པས་སོ། །ཐེག་ཆེན་ལམ་གྱི་ཐོབ་བྱ་ཞེས་པ་འོག་མ་རྣམས་ལ་ཡང་སྦྱར་རོ། །དབྱེ་ན་རྣམ་པ་གཉིས་ཏེ། དབང་རྟུལ་དད་པའི་རྗེས་འབྲང་དང་། རྣོན་པོ་ཆོས་ཀྱི་རྗེས་སུ་འབྲང་བའི་བྱེ་བྲག་གིས་སོ། །གཉིས་པ་ལ་ཙམ་པོ་དང་། ཁྱད་པར་ཅན་གྱི་དང་པོ་ནི། དེའི་འོག་དུ་ཞེས་པ་བཤད་པའི་རིམ་པ་སྟོན་པའོ། །སྔར་སྒོམ་སྤང་མ་སྤངས་ཤིང་བཅུ་དྲུག་པ་ལ་གནས་པའི་སེམས་དཔའ་ཆོས་ཅན། བྱང་སེམས་ཀྱི་རྒྱུན་ཞུགས་འབྲས་གནས་ཡིན་ཏེ། ཐེག་ཆེན་ལམ་གྱིས་ཐོབ་བྱ་ཀུན་སྦྱོར་གསུམ་སྤངས་པའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ལ་གནས་པ་ཡིན་པས་སོ། །གཉིས་པ་ནི། རྒྱུན་ཞུགས་དེ་ཉིད་འདོད་དཔའི་སྒོམ་སྤང་གསུམ་མམ་བཞི་སྤངས་ལྔ་པ་མ་སྤངས་ཤིང་། དེའི་གཉེན་པོ་ཟག་མེད་ཀྱི་དབང་པོ་ཐོབ་འདོད་པའི་ལྷ་མིར་སྐྱེ་བ་རིགས་མཐུན་གཉིས་སམ་གསུམ་ལེན་པ། དེ་ནི་བྱང་སེམས་རིགས་ནས་རིགས་སྐྱེ་ཡིན་ལ། དེ་ཉིད་འདོད་པའི་ལྷར་སྐྱེ་བ་རིགས་མཐུན་བརྒྱུད་ནས་ལེན་པ་ལྷའི་རིགས་ནས་རིགས་སུ་སྐྱེ་བ་དང་། མིར་སྐྱེ་བ་རིགས་མཐུན་བརྒྱུད་ནས་ལེན་པ་མིའི་རིགས་ནས་རིགས་སུ་སྐྱེ་བ་ཉིད་ཀྱིས་རྒྱུན་ཞུགས་འབྲས་གནས་ཙམ་པོ་ལས་གཞན་ཁྱད་པར་ཅན་གཉིས་སོ། །ཟུང་གཉིས་པ་ཕྱིར་འོང་གི་སྐོར་ལ་ཞུགས་འབྲས་ཀྱི་དང་པོ་ནི། སྔར་གྱི་དབང་པོ་རྟུལ་པོ་དད་རྗེས་འབྲང་དང་། རྣོན་པོ་ཆོས་རྗེས་འབྲང་དེ་དག་བཅུ་དྲུག་པའི་རྟོགས་པ་ལ་གནས་པ་ན་གོ་རིམ་བཞིན་དུ ། དད་པས་མོས་པ་དང་མཐོང་བས་ཐོབ་པ་ཞེས་བྱ་སྟེ། དད་པ་ལྷག་པ་དང་། ཤེས་རབ་ལྷག་པས་རབ་ཏུ་ཆེ་བའི་འབྲས་གནས་ཡིན་པས་སོ། །དེ་དག་ཉོན་མོངས་པ་ལྔ་པ་སྤངས་ནས་དྲུག་པ་སྤོང་བའི་སྦྱོར་བ་ལ་བརྩོན་པ་ན་བྱང་སེམས་ཀྱི་འབྲས་བུ་གཉིས་པ་ལ་ཞུགས་པ་ཡིན་ཏེ། ཐེག་ཆེན་ལམ་གྱིས་འཐོབ་བྱ་ཕལ་ཆེར་ལ་འདོད་ཆགས་དང་བྲལ་བས་རབ་ཏུ་ཕྱེ་བའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་པས་སོ། །དེ་གཉིས་ཀྱི་ནི་ཉི་ཤུའི་གྲངས་འཛིན་གཅིག་ཁོ་ནའོ། །མཐོང་ལམ་སྐད་ཅིག་མ་རྣམས་བར་མ་ཆད་དུ་སྐྱེ་བས་དབང་པོ་འཕོ་བ་མེད་པའི་ཕྱིར་རྗེས་འབྲང་གཉིས་སོ་སོར་བཞག་ལ། སྒོམ་ལམ་ལ་དབང་པོ་རྣོན་པོ་རྟུལ་པོར་འཕོ་སྲིད་པས་གཅིག་ཏུ་བཞག་གོ །ཞེས་སྔ་རབས་པ་དག་འཆད་དོ། །གཉིས་པ་ལ་ཙམ་ཁྱད་གཉིས་ཀྱི་དང་པོ་ནི ། འདོད་ཉོན་དྲུག་པ་སྤངས་པའི་རྣམ་གྲོལ་ལམ་ལ་གནས་པའི་སེམས་དཔའ་ཆོས་ཅན། བྱང་སེམས་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་གནས་པ་ཡིན་ཏེ། ཐེག་ཆེན་ལམ་གྱི་ཐོབ་བྱ་ཕལ་ཆེར་ལ་འདོད་ཆགས་དང་བྲལ་བས་རབ་ཏུ་ཕྱེ་བའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ལ་གནས་པས་སོ། །གཉིས་པ་ནི། ཕྱིར་འོང་དེ་ཉིད་ཉོན་མོངས་པ་བདུན་ནམ་བརྒྱད་པ་སྤངས་དགུ་པ་མ་སྤངས་པ་དེའི་གཉེན་པོ་ཟག་མེད་ཀྱི་དབང་པོ་ཐོབ་འདོད་པར་སྐྱེ་བ་གཅིག་ལེན་པ་དེ་ནི་བར་ཆད་གཅིག་པ་ཞེས་བྱའོ། །

ཟུང་གསུམ་པ་ཕྱིར་མི་འོང་གི་སྐོར་ལ་ཞུགས་གནས་གཉིས་ཀྱི་དང་པོ་ནི། དད་མོས་དང་མཐོང་ཐོབ་དེ་དག་ཉོན་མོངས་པ་བརྒྱད་པ་སྤངས་ནས་དགུ་པ་སྤོང་བའི་སྦྱོར་བ་ལ་བརྩོན་པ་ན། བྱང་སེམས་ཀྱི་འབྲས་བུ་གསུམ་པ་ལ་ཞུགས་པ་ཡིན་ཏེ། ཐེག་ཆེན་གྱི་ཐོབ་བྱ་ཐ་མའི་ཆ་མཐུན་ལྔ་སྤངས་པའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་པས་སོ། །དེ་གཉིས་ནི། སྔ་མ་ཕྱིར་འོང་ཞུགས་པ་བཞིན་དུ་གཅིག་ཁོ་ནའོ། །འདོད་པའི་ཉོན་མོངས་དགུ་པ་སྤངས་པའི་རྣམ་གྲོལ་ལམ་ལ་གནས་པའི་སེམས་དཔའ་ཆོས་ཅན། བྱང་སེམས་ཀྱི་ཕྱིར་མི་འོང་གི་འབྲས་བུ་ལ་གནས་ཏེ། ཐེག་ཆེན་ལམ་གྱིས་ཐོབ་བྱ་ཐ་མའི་ཆ་མཐུན་ལྔ་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ལ་གནས་པས་སོ། །དེ་ཉིད་རྣམ་པ་ལྔ་སྟེ། དེ་ལ་དང་པོ་བྱང་སེམས་བར་མ་དོར་འདས་པ་ནི། གཟུགས་སུ་སྐྱེ་བའི་ཀུན་སྦྱོར་སྤངས་ལ་མངོན་པར་གྲུབ་པའི་ཀུན་སྦྱོར་མ་སྤངས་པའི་གཟུགས་ཀྱི་བར་སྲིད་གྲུབ་ཙམ་ན་ལམ་མངོན་དུ་བྱས་ནས་སྡུག་བསྔལ་མཐར་བྱེད་པ་ཐོབ་པའོ། །

འདིར་སྡུག་བསྔལ་མཐར་བྱེད་པ་ཐོབ་ཅེས་པའི་དོན་ཁམས་གསུམ་ཀྱི་སྐྱེ་བའི་རྒྱུ་ཉོན་སྒྲིབ་རགས་པ་སྤངས་པའི་རྣམ་གྲོལ་མངོན་སུམ་བྱས་པ་ཡིན་ལ། དེ་ཡང་ས་བརྒྱད་པ་ནས་ཐོབ་ཏེ། དེར་ཀུན་ནས་ཉོན་མོངས་པ་མ་ལུས་པ་སྤངས་པའི་ཕྱིར་ཏེ། ཇི་སྐད་དུ། དབུ་མ་འཇུག་པར། ས་བརྒྱད་པ་ལ་དྲི་མ་དེ་དག་རྩ་བཅས་ཉེ་བར་ཞི་གྱུར་ཞིང་། །ཞེས་བཤད་པས་སོ། །འོ་ན་དགྲ་བཅོམ་པའི་འབྲས་བུ་ལ་ཞུགས་པ་ས་བཅུ་པར་བཤད་ཅིང་། དེ་ལ་སྲིད་རྩེའི་ཉོན་མོངས་པ་དགུ་པ་སྤང་རྒྱུ་ཡོད་པ་ཡིན་ནམ་ཞེ་ན། དེ་ནི་ཉོན་མོངས་པའི་བག་ལ་ཉལ་ཕྲ་མོའི་དབང་དུ་བྱས་པའི་ཕྱིར་སྐྱོན་མེད་དོ། །གཉིས་པ་སྐྱེས་ནས་འདའ་བ་ནི། ཀུན་སྦྱོར་གཉིས་ཀ་ལ་མ་སྤངས་པའི་གཟུགས་སུ་སྐྱེས་ཙམ་ནས་ལམ་མངོན་དུ་བྱས་ནས་ཁམས་གསུམ་གྱི་ཉོན་སྒྲིབ་རགས་པ་སྤངས་པའི་རྣམ་གྲོལ་མངོན་དུ་བྱེད་པའོ ། །གསུམ་པ། འདུ་བྱེད་དང་བཅས་པས་འདའ་བ་ནི། ཀུན་སྦྱོར་གཉིས་ཀ་མ་སྤངས་གཟུགས་སུ་སྐྱེས་ནས། འབད་རྩོལ་གྱིས་ལམ་མངོན་དུ་བྱས་ནས་ཁམས་གསུམ་གྱི་ཉོན་སྒྲིབ་རགས་པ་སྤངས་པའི་རྣམ་གྲོལ་མངོན་དུ་བྱེད་པའོ། །བཞི་པ་འདུ་བྱེད་མེད་པར་མྱ་ངན་ལས་འདའ་བ་ནི། འབད་མེད་དུ་ལམ་མངོན་དུ་བྱས་ནས་མྱ་ངན་ལས་འདའ་བའོ། །ལྔ་པ་ནི། གོང་དུ་འཕོ་བ་སྟེ། དེ་ཡང་གཉིས་ཀྱི་དང་པོ་འོག་མིན་གྱི་མཐར་ཐུག་པར་འགྲོ་བ་ནི། འཕར་བ་དང་། ཕྱེད་དུ་འཕར་བ་དང་། གནས་ཐམས་ཅད་དུ་འཆི་འཕོ་བ་ཉིད་ཀྱིས་གོང་དུ་འཕོ་བ་སྲིད་རྩེའི་མཐར་ཐུག་འགྲོ་ལས་གཞན་རྣམ་པ་གསུམ་སྟེ། དང་པོ་ནི། འདིར་བསམ་གཏན་སྤེལ་མར་སྒོམ་པ་ནས། དང་པོའི་རོ་མྱང་པས་བསམ་གཏན་གོང་མ་རྣམས་ལས་ཉམས་ནས། ཕྱི་མ་ཚངས་རིས་སུ་སྐྱེས་ནས་དེར་གོམས་པའི་སྟོབས་ཀྱིས་བསམ་གཏན་སྤེལ་ཏེ་འོག་མིན་དུ་ཞུགས་ནས་དེར་སྡུག་བསྔལ་མཐར་བྱེད་པ་ཐོབ་པའོ། །གཉིས་པ་ནི། གཞན་སྔ་མ་དང་འདྲ་བ་ལ་སྐྱེ་བ་གཉིས་པ་ལ། གནས་གཙང་འོག་མ་གསུམ་གང་རུང་དུ་སྐྱེ་བའོ། །གསུམ་པ་ནི། ཚངས་ཆེན་མ་གཏོགས་པ་གཟུགས་ཀྱི་གནས་གཞན་རིམ་གྱིས་བརྒྱུད་དེ། མཐར་འོག་མིན་དུ་སྡུག་བསྔལ་མཐར་བྱེད་པའོ། །གཉིས་པ་ཕྱིར་མི་འོང་དེ་ཉིད་སྲིད་རྩེའི་མཐར་ཐུག་པར་འགྲོ་བ་ནི། བྱང་འཕགས་གཟུགས་མེད་དུ་སྐྱེ་བ་དོན་དུ་མི་གཉེར་ཏེ། དེ་སེམས་ཅན་འདུལ་བའི་གནས་མ་ཡིན་པའི་ཕྱིར། དེས་ན་གཟུགས་ཀྱི་འདོད་ཆགས་དང་བྲལ་བས་དེར་སྐྱེ་བའི་ནུས་པ་ཡོད་པ་ཙམ་ལ་བྱ་སྟེ། དེ་ཡང་དབྱེ་ན། ཕྱིར་མི་འོང་ཐོབ་པའི་ཚེ་དེ་ཉིད་ལ་སྡུག་བསྔལ་མཐར་བྱེད་པ་མཐོང་བའི་ཆོས་ལ་ཞི་བ་དང་། རྣམ་ཐར་བརྒྱད་ཏིང་ངེ་འཛིན་གྱི་ལུས་ཀྱིས་མངོན་དུ་བྱེད་པ་གོང་དུ་འཕོ་བ་འོག་མིན་འགྲོ་ལས་གཞན་རྣམ་པ་གཉིས་སོ། །བཞི་པ་ནི། དགྲ་བཅོམ་པའི་འབྲས་བུ་ལ་ཞུགས་པ་ནི། སྲིད་རྩེའི་ཉོན་མོངས་བརྒྱད་པ་སྤངས་པ་ནས་དགུ་པ་སྤོང་བའི་སྦྱོར་བ་ལ་བརྩོན་པའི་བྱང་སེམས་ཏེ། ཐེག་ཆེན་ལམ་གྱིས་ཐོབ་བྱ་གོང་མའི་ཆ་མཐུན་ལྔ་སྤངས་པའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་པས་སོ། །ལྔ་པ་བསེ་རུ་ལྟ་བུའི་རང་རྒྱལ་གྱི་བྱང་སེམས་ནི། སངས་རྒྱས་མི་འབྱུང་ཞིང་བྱང་སེམས་གཞན་མེད་པའི་འཇིག་རྟེན་དུ་སྐྱེས་ནས། ཉན་ཐོས་ཀྱི་སྡེ་སྣོད་ལ་དམིགས་ནས་ཉོན་སྒྲིབ་སྤོང་བའི་ལམ་མངོན་དུ་བྱས་ནས་སྡུག་བསྔལ་མཐར་བྱེད་པའི་བྱང་སེམས་སོ། །འདི་ཉན་ཐོས་ཀྱི་སྡེ་སྣོད་ལ་དམིགས་པར་འགྲེལ་ཆེན་དུ་བཤད་པ་ནི། ཐེག་ཆེན་གྱི་བསྟན་པ་མེད་ཅིང་ཉན་ཐོས་ཀྱི་བསྟན་པ་ཙམ་ཡོད་པའི་དབང་དུ་བྱས་པའོ། །ཐེག་ཆེན་གྱི་བསྟན་པ་ཡོད་ན་སངས་རྒྱས་དང་བྱང་སེམས་ཡོད་པས་འགྲན་ཟླ་དང་བཅས་པའི་ཕྱིར། བསེ་རུ་ལྟ་བུའི་རང་རྒྱལ་དུ་མི་འགྱུར་རོ། །ཉན་ཐོས་ཡོད་ཀྱང་རང་ལས་དམན་པའི་ཕྱིར་འགྲན་ཟླ་དང་བཅས་པར་མི་འགྱུར་རོ། །དགེ་འདུན་དཀོན་མཆོག་སློབ་དཔོན་གྱི་དགོངས་པ་བཞིན་འཆད་ཤེས་པ་སྔར་གངས་ཅན་གྱི་ཁྲོད་དུ་བྱུང་རེ་སྐན་ནོ། །


previousརྟོགས་དཀའ་དགེ་འདུན་བཤད་པ། next