བཙན་མཆོད་བདེ་ལེགས་ཀུན་འབྱུང་རི་ཆོས་མཚམས་ཀྱི་ཞལ་གདམས།
བཙན་མཆོད་བདེ་ལེགས་ཀུན་འབྱུང་རི་ཆོས་མཚམས་ཀྱི་ཞལ་གདམས་བཞུགས་སོ།
བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ལ། །གཉིས་མེད་གུས་པའི་ཚུལ་གྱིས་ཕྱག་འཚལ་ལོ། །རི་ཆོས་མཚམས་ཀྱི་ཞལ་གདམས་ལས། །བཙན་མཆོད་བདེ་ལེགས་ཀུན་འབྱུང་བསྟན། །དེ་ལ་དངོས་རྫས་བསགས་པ་དང་། །ལྟ་སྒོམ་སྤྱན་འདྲེན་མཆོད་འབུལ་དང་། །ཕྲིན་བཅོལ་གཤེགས་གསོལ་སྤྱི་དོན་དྲུག་ཏུ་བསྟན། །དེ་ལ་མཐུན་རྫས་བསགས་པ་ནི། །རིན་ཆེན་སྣོད་དུ་བཤོས་ལྡེམ་བརྗིད་ལྡན་ནི། །བཙན་བཤོས་གཡོན་དཀྱུས་འཁོར་བདུན་གྱིས་བསྐོར་བྱ། །མདུན་དུ་ཁ་ཤའི་རྭ་ལ་མཚལ་བྱུག་བཙུགས། །གཡས་སུ་སེ་བའི་བལ་ཚོན་དམར་པོ་དང་། །གཡོན་དུ་མི་དམར་མགོ་ལ་བྱ་སྤུ་ཅན། །རྒྱབ་ནས་བཙན་བྱ་དམར་པོ་ཀླད་ལ་ལྡིང་། །ནམ་མཁའ་ལྗང་བུ་མདའ་དང་མདུང་ལ་སོགས། །ཀུན་
ཀྱང་བདུན་རེའི་གྲངས་སུ་ཤེས་པར་གྱིས། །སྟག་རས་གཟིག་རས་དར་ཚོན་འཕན་དར་སོགས། །ཤ་དར་ཚིལ་དར་ལ་སོགས་འབྱོར་དང་བསྟུན། །བྱ་དམར་ཁྱི་དམར་རྟ་དམར་མི་དམར་སོགས། །མར་མེ་ཏིང་ལོ་ཆངས་བུ་ཤ་དུམ་སོགས། །ནས་འབྲས་གྲོ་དང་དཀར་གསུམ་མངར་གསུམ་སོགས། །ཀུན་ཀྱང་བདུན་རེའི་གྲངས་ནི་ངེས་པར་དགོས། །འཛོམ་ན་ཤོག་བཀྲ་གྲི་ཤིང་གང་རུང་ལ། །བསེ་ཁྲབ་བསེ་རྨོག་མདའ་གཞུ་རལ་གྲི་དང་། །མདུང་དང་ཞགས་པ་རུ་མཚོན་དམར་པོ་སོགས། །རྔམས་ཤིང་བརྗིད་དང་ལྡན་པ་བཤམ་པར་བྱ། །སྔགས་དྲུག་ཕྱག་དྲུག་དག་གིས་བྱིན་གྱིས་རླབས། །དེ་ནི་ཐོག་མར་རྫ་ས་ཀྱི་རིམ་པའོ།། །།གཉིས་པ་རང་ཉིད་ལྷ་སྒོམ་རིམ་པ་ནི། །རང་ཉིད་གནས་གྱུར་སྐད་ཅིག་དྲན་རྫོགས་
སུ། །རྟ་མགྲིན་དམར་པོ་གཡས་པས་དབྱུག་ཏོ་འཛིན། །གཡོན་པས་སྡིགས་མཛུབ་བཀའ་འདས་ཡོངས་སུ་བསྒྲལ། །སྐུ་ལས་ཁྲོ་ཆས་མ་ལུས་རབ་ཏུ་རྫོགས། །སྤྱི་གཙུག་རྟ་དབུ་ལྗང་ཁུར་འཚེར་བ་ཡིས། །བཙན་གྱི་གཙོར་བྱས་སྡེ་བརྒྱད་མ་ལུས་ཀུན། །ཤ་རུས་སྦྲང་མ་འདུས་པའི་ངང་ཚུལ་གྱིས། །ཞལ་གྱི་འཛུམ་མདངས་བསྟན་ནས་བྱོན་པར་བསམ། །ཡི་དམ་གཞུང་བཏོན་རང་ཉིད་སྟན་ལ་འདུག །གསུམ་པ་སྤྱན་འདྲེན་རིམ་པ་འདི་སྐད་དོ།། ཧཱུྃ་ཧཱུྃ། ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན། །ཉི་མ་ཕྱོགས་བཞི་མཚམས་བརྒྱད་ན། །བཙན་རྗེ་རྒྱལ་པོ་འཁོར་དང་བཅས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཤར་ཕྱོགས་དུང་མཁར་ལྡེམ་པ་ནས། །བཙན་རྗེ་མི་དཀར་རྟ་དཀར་ཅན། །དར་མདུང་དུང་ཁྲབ་དུང་རྨོག་ཅན། །མདའ་གཞུ་འཁོར་གསུམ་སྐུ་ལ་བརྒྱན། །ཁྱེད་ཀྱིས་ཞི་བའི་ལས་མཛོད་ལ། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ལྷོ་ཕྱོགས་གསེར་མཁར་ལྡེམ་པ་ནས། །བཙན་རྗེ་མི་སེར་རྟ་སེར་ཅན། །གསེར་མདུང་གསེར་ཁྲབ་གསེར་རྨོག་གསོལ། །མདའ་གཞུ་འཁོར་གསུམ་སྐུ་ལ་བརྒྱན། །ཁྱེད་ཀྱིས་རྒྱས་པའི་ལས་
མཛོད་ལ། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ནུབ་ཕྱོགས་ཟངས་མཁར་ལྡེམ་པ་ནས། །བཙན་རྗེ་མི་དམར་རྟ་དམར་ཅན། །ཟངས་མདུང་ཟངས་ཁྲབ་ཟངས་རྨོག་གསོལ། །ཁྱེད་ཀྱིས་དབང་གི་ལས་མཛོད་ལ། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །བྱང་ཕྱོགས་གཡུ་མཁར་ལྡེམ་པ་ནས། །བཙན་རྗེ་མི་སྔོན་རྟ་སྔོན་ཅན། །གཡུ་མདུང་གཡུ་ཁྲབ་གཡུ་རྨོག་གསོལ། །མདའ་གཞུ་འཁོར་གསུམ་སྐུ་ལ་གསོལ། །ཁྱེད་ཀྱིས་དྲག་པོའི་ལས་མཛོད་ལ། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཧཱུྃ། ཕྱོགས་ཕྱོགས་དག་ཀྱང་སྟེང་གི་ཕྱོགས་རོལ་ནས། །ཕྱོགས་མེད་ནམ་མཁའ་ཡངས་པའི་དཀྱིལ་འཁོར་ནས། །ལྷ་བཙན་དཀར་པོ་ཞི་ཚུལ་བག་དང་ལྡན། །ཁྲོས་པའི་ཆ་ལུགས་ལྷ་བཙན་འབར་བའི་སྐུ། །མི་བརྫུ་དགུ་བརྫུ་སྤྲུལ་པ་སྣ་ཚོགས་འགྱེད། །།རྣལ་འབྱོར་བདག་གིས་གདུང་བས་སྤྱན་འདྲེན་ན། །མ་ཐོགས་གནས་འདིར་མྱུར་དུ་གཤེགས་སུ་གསོལ། །ཧཱུྃ། བོད་ཁམས་མཐའ་དབུས་ཀུན་ལ་དབང་བསྒྱུར་བའི། །བཙན་རྒོད་འབར་བ་མ་རུངས་མཆེད་སྡེ་བདུན། །སྔོན་ཚེ་སློབ་
དཔོན་པདྨའི་སྤྱན་སྔ་རུ། །ཁས་བླངས་དམ་བཅའ་བཞིན་དུ་ད་ཚུར་བྱོན། །དགེ་བསྙེན་ཆེན་པོ་རྡོ་རྗེ་དྲག་པོ་རྩལ། །རྡོ་རྗེ་དབང་བཙན་རྡོ་རྗེ་ཡེ་ཤེས་རྩལ། །རྡོ་རྗེ་མཆོང་རྒོད་རྡོ་རྗེ་གཡང་དྲུང་རྩལ། །རྡོ་རྗེ་དགྲ་འཇོམས་རྡོ་རྗེ་ལེགས་པ་རྩོལ། །ཀུན་ཀྱང་མི་བཟད་ཆོ་འཕྲུལ་དུ་མ་སྟོན། །རྣལ་འབྱོར་བདག་གིས་གདུང་བས་སྤྱན་འདྲེན་ན། །མ་ཐོགས་གནས་འདིར་མྱུར་དུ་གཤེགས་སུ་གསོལ། །ཧཱུྃ། ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ཐམས་ཅད་དང་། །ས་འོག་ས་སྟེང་ས་བླ་གནས་པའི་བཙན། །འདས་དང་མ་འདས་ཡེ་ཤེས་འཇིག་རྟེན་གྱི། །བཙན་རྒོད་འབར་བ་མ་རུངས་འཁོར་བཅས་རྣམས། །དམ་ཚིག་དབང་གིས་གནས་འདིར་གཤེགས་སུ་གསོལ། །གཞན་ཡང་གནམ་བཙན་དང་ནི་ས་བཙན་དང་། །གངས་བཙན་དང་ནི་གཡའ་བཙན་དང་། །ཆུ་བཙན་དང་ནི་བྲག་བཙན་དང་། །ལ་བཙན་དང་ནི་ལུང་བཙན་དང་། །བར་སྣང་ཁམས་ན་གནས་པའི་བཙན་རྣམས་དང་། །ཁ་བཞི་མིག་བརྒྱད་ཡ་བ་རྐྱ་གཅིག་དང་། །བཀའ་དང་དམ་ལ་གནས་པའི་བཙན་རྣམས་ཀྱང་། །མ་ཐོགས་གནས་འདིར་གཤེགས་སུ་གསོལ། །བཞི་པ་མཆོད་པ་
འབུལ་བ་ནི། །ཧཱུྃ། བཙན་རྗེ་རྒྱལ་པོ་འཁོར་དང་བཅས་པ་ལ། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་འབུལ་བ་ནི། །རིན་ཆེན་སྣོད་དུ་བཤོས་དམར་རི་ལྟར་སྤུངས། །རང་རང་དགྱེས་པའི་མཆོད་རྫས་སྣ་ཚོགས་དང་། །འདོད་ཡོན་ལྔ་སོགས་མཆོད་རྫས་བསམ་མི་ཁྱབ། །བཙན་རྒོད་འབར་བ་འཁོར་དང་བཅས་ལ་འབུལ། །གཞན་ཡང་མཆོད་པའི་བྱེ་བྲག་སྣ་ཚོགས་འདི། །རང་རང་མཐུན་པའི་བཤོས་བུ་སྣ་ཚོགས་དང་། །དམ་རྫས་མཁོ་དགུ་རི་ལྟར་སྤུངས་པ་འདི། །བཙན་རྗེ་རྒྱལ་པོ་འཁོར་དང་བཅས་ལ་འབུལ། །གོ་ཁྲབ་དར་མདུང་རལ་གྲི་རུ་མཚོན་དང་། །བསེ་ཕུག་སྟག་རིལ་གཟིག་ཤུབས་འཁོར་གསུམ་རྣམས། །བཙན་རྗེ་རྒྱལ་པོ་འཁོར་དང་བཅས་ལ་འབུལ། །ནམ་མཁའ་མདའ་འཕང་ཤིང་རིས་གཟུགས་འགྲོས་དང་། །བཙན་རྟ་བཙན་ཁྱི་བཙན་བྱ་མི་དམར་སོགས། །བཙན་རྗེ་རྒྱལ་པོ་འཁོར་དང་བཅས་ལ་འབུལ། །འབྲུ་སྣ་ཁྲག་སྣ་རིན་ཆེན་སྣ་ཚོགས་དང་། །ཕྱེ་མར་མདའ་དར་སྣང་སྲིད་མེ་ལོང་རྣམས། །བཙན་རྗེ་རྒྱལ་པོ་འཁོར་དང་བཅས་ལ་འབུལ། །དར་ཚོན་འཕན་དང་སྟག་རས་གཟིག་རས་དང་། །མར་མེ་ཞལ་ཟས་
ཆངས་བུ་མཐེབ་སྐྱ་སོགས། །བཙན་རྗེ་རྒྱལ་པོ་འཁོར་དང་བཅས་ལ་འབུལ། །ཤ་དང་ཁྲག་དང་རུས་པ་ནང་རོལ་དང་། །དབང་པོ་རྣམ་ལྔ་གསང་བའི་དམ་རྫ་ས་འདི། །བཙན་རྗེ་རྒྱལ་པོ་འཁོར་དང་བཅས་ལ་འབུལ། །ལྔ་པ་ཕྲིན་ལས་བཅོལ་བ་ནི། །ཧཱུྃ། བཙན་རྗེ་རྒྱལ་པོ་འཁོར་དང་བཅས་རྣམས་ལ། །རྣལ་འབྱོར་བདག་གིས་ཕྲིན་ལས་བཅོལ་བ་ནི། །སངས་རྒྱས་བསྟན་པ་གཉན་པོ་ཁྱེད་ཀྱིས་སྲུངས། །དཀོན་མཆོག་གསུམ་གྱི་དབུ་འཕང་ཁྱོད་ཀྱིས་བསྟོད། །བླ་མ་དམ་པའི་ཕྲིན་ལས་ཁྱོད་ཀྱིས་སྒྲུབས། །རྣལ་འབྱོར་བདག་གིས་སྐུ་ཚེ་ཁྱོད་ཀྱིས་སྲིངས། །སྦྱིན་བདག་སྐུ་ཡི་བར་ཆད་ཁྱོད་ཀྱིས་ཟློག །བྱིས་པ་ཆུང་གི་འགལ་རྐྱེན་ཁྱོད་ཀྱིས་སོལ། །མི་མཐུན་རྐྱེན་ངན་བར་ཆད་ཁྱོད་ཀྱིས་ཟློག །སྡང་དགྲ་གདོན་བགེགས་བསམ་ངན་སྦྱོར་རྩུབ་དང་། །ངན་སྔགས་མཐུ་དང་མི་ཁ་བྲ་མཆུ་སོགས། །མིང་ཙམ་མེད་པར་ཐལ་བ་རྡུལ་དུ་རློགས། །གཞན་ཡང་ཁྱེད་ལ་ཕྲིན་ལས་བཅོལ་བ་ནི། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །ན་བ་སེལ་ལ་ཚ་བ་སེལ། །ཡོ་བ་བསྲང་ལ་ཆད་པ་མཐུད། །རལ་བ་དྲུབ་ལ་གས་པ་སྦྱོར། །ལ་ཁ་གསུམ་ནས་སོ་མ་བཙུགས། །
ལུང་ཁུང་གསུམ་ནས་སོ་མ་བཙུགས། །ལུང་ཁུང་གསུམ་ནས་རྐུ་མ་འཇབས། །བྲག་དམར་ཟུར་ནས་མདའ་མ་འཕེན། །རྒྱུ་ལམ་གཞུང་ནས་མི་མ་བཤའ། །ལམ་འཕྲང་དཀྱིལ་ནས་སར་མ་འདེབས། །དམག་གི་ཚུལ་དུ་གོ་མ་གྱོན། །ཇག་པའི་ཚུལ་དུ་འཕྲུ་མ་བཙུགས། །རྐུན་མའི་ཚུལ་དུ་ཞགས་མ་འདེབས། །སྐྱེས་པ་ཕོ་ཡི་སེམས་མ་དཀྲུགས། །ཟ་མ་མོ་ཡི་མངལ་མ་བརྐུ། །འདོ་བ་རྟ་ཡི་གཡང་མ་བརྐུ། །རྣལ་འབྱོར་བདག་གིས་ཁྱོད་མཆོད་ནས། །ཉི་མ་དེ་རིང་ཕྱིན་ཆོད་ལ། །ཁྱོད་ལ་ཐུགས་ཀྱང་དོ་མི་བསྡོ། །ཁྱོད་ལ་ཕོག་ཀྱང་མདའ་མི་འཕེན། །སྔར་བྱས་ལས་ཀྱི་གཉེར་ལེན་བྱེད། །ད་བྱས་ལས་ཀྱི་གཏང་རག་འབུལ། །།སྡང་བའི་དགྲ་བོ་མྱུར་དུ་སྒྲོལ། །ཉིན་གསུམ་ཉིན་གྱི་བྱ་ར་གྱིས། །མཚན་གསུམ་མཚན་གྱི་མེལ་ཚེ་མཛོད། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །མཐུ་དཔུང་སྡོང་གྲོགས་མགོན་སྐྱབས་མཛོད། །དྲུག་པ་གཤེགས་སུ་གསོལ་བ་ནི། །ཡེ་ཤེས་བཙན་རྣམས་དབྱིངས་སུ་གཤེགས། །འཇིག་རྟེན་བཙན་རྣམས་རང་ཡུལ་གཤེགས། །འབྱུང་པོ་ས་འོག་རྒྱུ་བ་དང་། །གང་ཡང་ས་སྟེང་འཁོད་པ་དང་། །ས་
བླར་རྒྱུ་བ་གང་ཡིན་པ། །མགུ་བར་གྱིས་ལ་རང་གནས་སུ། །ཐམས་ཅད་ཐམས་ཅད་འགྲོ་བར་གྱིས། ཕྱིར་དུ། །ཞེས་བཙན་མཆོད་བདེ་ལེགས་ཀུན་འབྱུང་འདི། །འགྲོ་བ་ཉམ་ཆུང་དག་ལ་ཕན་ཕྱིར་དུ། །སྔགས་ཀྱི་བཙུན་པ་རཱ་ག་ཨ་སྱས་མཛད། །ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།