Nitartha Digital Library
Tibetan
རྙིང་མ་རྒྱུད་འབུམ་པོད་གསུམ་པ། ག༽


   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཀའ་རྟགས་ཕྱག་རྒྱའི་དབང་།
   
   
   
   
   
   
   
   
   
   


 
previousབཀའ་རྟགས་ཕྱག་རྒྱའི་དབང་། next

བཀའ་རྟགས་ཕྱག་རྒྱའི་དབང་།


DNG003_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ས་ཀ་ར་ཨ་བྷི་མུ་ཏྲ་ནཱ་མ། བོད་སྐད་དུ། བཀའ་རྟགས་ཕྱག་རྒྱའི་དབང་ཞེས་བྱ་བ། བཅོམ་ལྡན་འདས་རང་བྱུང་གི་སྒྲོན་མ་འབར་བ་ལ་ཕྱག་འཚལ་ལོ། །དེ་ནས་འདུས་པའི་ཚོགས་རྣམས་ཀྱི་ནང་ནས། གསང་བའི་བདག་པོ་ཉིད་ལངས་ནས། འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །ཁམས་གསུམ་སེམས་ཅན་ཐམས་ཅད་ནི། །གྲོལ་ཞིང་ཐར་པའི་སྐབས་མེད་ན། །འདི་ནས་ཚིག་ཆད་བཅོམ་ལྡན་མགོན་པོས་བཀའ་སྩོལ་ཅིག །དེ་ནས་རྡོ་རྗེ་འཆང་ཆེན་དེས། །འཁོར་དེ་ཉིད་ལ་བཀའ་སྩལ་པ། །ཨེ་མ་གསང་བདག་གོས་སྔོན་ཅན། །སེམས་ཅན་རྟོག་པ་སྦྱོང་སླད་དུ། །ཆོས་སྐུ་ཐོབ་པར་བྱ་བའི་ཕྱིར། །བཀའ་རྟགས་ཕྱག་རྒྱའི་དབང་བསྐུར་བྱ། །བཀའ་རྟགས་ཕྱག་རྒྱའི་དབང་བསྐུར་ནི། །ཤིན་ཏུ་དབེན་ཞིང་ཉམས་དགའ་བར། །དཀྱིལ་འཁོར་འདོམ་གང་གྲུ་བཞི་སྟེ། །ཆག་ཆག་ལ་སོགས་ཐིག་གདབ་བྱ། །ཚོན་ཚོགས་རྒྱས་པར་དགྱེ་བར་བྱ། །ཕོ་བྲང་མཐིང་ནག་གྲུ་གསུམ་སྟེ། །ཕྱི་རིམ་འཁོར་ལོ་རྩིབས་བཞིར་ལྡན། །ཟླུམ་པོ་རྡོ་རྗེའི་ར་བར་བཅས། །དེ་ཡི་ཕྱི་རིམ་དག་ཏུ་ཡང་། །གྲུ་བཞི་སྒོ་དང་བཅས་པ་བྲི། །མཚམས་ཀྱི་གྲུ་ལ་བུམ་པ་བྲི། །ཕྱི་རིམ་ཟླུམ་པོ་དག་ཏུ་བཤད། །དེ་ལྟར་དཀྱིལ་འཁོར་བྲིས་བྱས་པར། །རྫས་ནི་རབ་ཏུ་དགྲམ་པར་བྱ། །དབུས་སུ་དབང་གི་རྫས་བཞི་བཞག །བུམ་པའི་སྟེང་དུ་བུམ་པ་རེ། །རྒྱན་དང་བཅས་ཏེ་གཞག་པར་བྱ། །ཚོགས་དང་གཏོར་མ་གོང་དང་འདྲ། །དེ་ལྟར་དཀྱིལ་འཁོར་
རབ་རྫོགས་ནས། །བཀྲ་ཤིས་ཉི་མ་ཕྱེད་དག་ལ། །སློབ་མ་ཤེས་རབ་ལྡན་པ་དེས། །དབང་གི་དོན་ལ་འཇུག་པར་བྱ། །དྲི་ཞིམ་ཆུ་ཡིས་ལུས་བཀྲུས་ཏེ། །དབང་ནོད་ཚིག་ཀྱང་བརྗོད་པར་བྱ། །དེ་ལྟར་གུས་པའི་ཚུལ་བྱས་ཏེ། །དབང་ཉིད་འདི་ལྟར་བསྐུར་བར་བྱ། །ཆགས་མེད་ཡེ་ཤེས་དྲི་མ་མེད། །རྣམ་དག་འོད་གསལ་ཤེས་རབ་ཐབས། །སྐུ་གསུམ་ཤེས་རབ་འབྱུང་བའི་གཏེར། །བྱང་ཆུབ་སེམས་ལས་སྤྲུལ་སྐུ་བསྐྱེད། །ཆོས་ཉིད་རྟོག་མེད་རྫས་བཞི་སྟེ། །གཉིས་འདས་ཆོས་སྐུའི་དབང་བསྐུར་རོ། །སུ་ཁ་བཛྲ་པྲ་ཏི་སྟ་ཧ་ཧ་ཨོཾ་ཨཱ། བྱང་ཆུབ་སྙིང་པོ་སྟོང་པའི་སྐུ། །སྐུ་གསུམ་ངོ་བོ་ཉིད་ལ་ནི། །ཡེ་ནས་མ་སྐྱེས་རང་རྫོགས་པས། །གཞན་ལ་བཙལ་བར་མི་བྱ་ཞིང་། །རང་ཉིད་ལྷ་ཡི་ལྷ་ལྟར་མཆོད། །རྫོགས་ཆེན་འདུ་འབྲལ་མེད་པ་ཡི། །སྟོང་པའི་ཡེ་ཤེས་དབང་བསྐུར་རོ། །སྭ་བྷཱ་ཝ་ཨ་ཊ་རི་ཤ་ཨེ་བཾ་ཧཱུཾ་ཨ། ཆོས་སྐུ་རྟོག་ལས་འདས་པས་ན། །བསམ་འདས་བརྗོད་མེད་ངོ་བོ་སྟོང་། །རང་བཞིན་རྫོགས་ཆེན་ལྷུན་གྲུབ་པས། །ཐིག་ལེ་གཅིག་པར་དབང་བསྐུར་རོ། །ཨ་བེ་སྟ་བྷ་ཡ་ཨ་ཧཱུཾ། ཨེ་མ་ངོ་མཚར་རྨད་བྱུང་བའི། །སྟོང་ཉིད་སྙིང་པོ་འོད་གསལ་དང་། །མ་ཆགས་གོས་མེད་བྱང་ཆུབ་སེམས། །དྲི་མེད་དག་པའི་རིག་སྣང་སྟེ། །རྫོགས་ཆེན་མཐའ་དང་དབུས་མེད་པས། །སྣང་བ་གཅིག་རྫོགས་དབང་བསྐུར་རོ། །ཨོཾ་སྭ་མ་མ་རཏྣ་ལམ་ཧཱུཾ། ཆོས་སྐུ་སྟོང་པ་ཉིད་ཀྱི་ངང་། །རང་བྱུང་ཡེ་ཤེས་རྟོག་མེད་དབྱིངས། །སྟོང་གསལ་རིག་པ་སྙིང་པོར་ལྡན། །སྟོང་ཞིང་བདག་མེད་ཡེ་ཤེས་ངང་། །ཆོས་རྣམས་ལྷུན་གྲུབ་རྫོགས་པ་ཆེ། །ཡང་དག་ཡེ་ཤེས་འོད་གསལ་བ། །སྟོང་པ་ཉིད་དུ་དབང་བསྐུར་རོ། །ཨ་ཨཱ་ཨི་ཨཱིཾ་ཨོཾ་ཧཱུཾ། ཞེས་རྫོགས་པ་རང་བྱུང་ཆེན་པོའི་རྒྱུད་ལས། བཀའ་རྟགས་ཕྱག་རྒྱའི་དབང་གི་ལེའུ་སྟེ་ཉི་ཤུ་པའོ། །རྫོགས་སོའོ།། །།


previousབཀའ་རྟགས་ཕྱག་རྒྱའི་དབང་། next