Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  expand section
   
  collapse section
   
   
   
   
   
   
   
   
   
   
   
   
   
བདེན་གཉིས་ཀྱི་རྣམ་གཞག་བཤད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབདེན་གཉིས་ཀྱི་རྣམ་གཞག་བཤད་པ།next

བདེན་གཉིས་ཀྱི་རྣམ་གཞག་བཤད་པ།


GLG012_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་གཉིས་ཀྱི་རྣམ་གཞག་བཤད་པ།གཉིས་པ་ལ། འཇིག་རྟེན་གྱི་གྲགས་པས་གཞན་སྐྱེ་ཁས་བླངས་ནས་གནོད་པ་སྤང་བ། ཐ་སྙད་དུ་ཡང་གཞན་སྐྱེ་མེད་པས་གནོད་པ་སྤང་བ་གཉིས། དང་པོ་ལ་རྩོད་པ་དང་། ལན་གཉིས། དང་པོ་ནི། གཞན་སྐྱེ་དགག་པ་འདིར་ནི་རིགས་པ་སྨྲས་པ་ཉིད་ཀྱིས་ལྟ་གོ་ཅི་ཞིག་བྱ་སྟེ། འཇིག་རྟེན་པ་གང་གིས་རང་གི་ལྟ་བ་ཁོ་ན་ལ་གནས་ནས་འཇིག་རྟེན་གྱི་མཐོང་བ་ཚད་མར་འདོད་པས་ན་དེ་ལ་འཇིག་རྟེན་གྱི་མཐོང་བས་གནོད་པའི་ཕྱིར། གཞན་ལས་སྐྱེ་བ་ཡོད་པ་འདིར་ནི་རིགས་པ་ཅི་ཞིག་དགོས་ཏེ། གཞན་ལས་གཞན་འབྱུང་བ་ཡང་འཇིག་རྟེན་པ་ཡིས་མངོན་སུམ་དུ་རྟོགས་པར་འགྱུར་ཏེ་དེས་ནའོ་ཞེ་ན། གཉིས་པ་ལ་བདེན་གཉིས་སྤྱིའི་རྣམ་གཞག །སྐབས་དོན་ལ་སྦྱར་བ། བདེན་གཉིས་སོ་སོའི་ངོ་བོ་བཤད་པ། བཀག་པ་ལ་འཇིག་རྟེན་གྱི་གནོད་པ་དགག་པ། འཇིག་རྟེན་གྱིས་གནོད་ཚུལ་བསྟན་པ་དང་ལྔ།


GLG012_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ལ་བདེན་པ་གཉིས་སུ་དབྱེ་བ། འཇིག་རྟེན་ལ་ལྟོས་ཏེ་ཀུན་རྫོབ་ཀྱི་དབྱེ་བ། ཞེན་ཡུལ་ལ་འཁྲུལ་པའི་ཞེན་ཡུལ་ཐ་སྙད་དུ་ཡང་མེད་པར་བསྟན་པ་དང་གསུམ། དང་པོ་ལ་ཚིག་གི་དོན། སྤྱིའི་དོན། མཐའ་དཔྱད་པ་དང་གསུམ། དང་པོ་ནི། དངོས་པོ་ཀུན་ཆོས་ཅན། ངོ་བོ་གཉིས་གཉིས་ནི་འཛིན་པར་འགྱུར་ཏེ། ཡུལ་ཡང་དག་པ་མཐོང་བས་རྙེད་པ་དང་། རྫུན་པ་མཐོང་བ་ཡིས་རྙེད་དོན་གཉིས་ཡོད་པའི་ཕྱིར། བུམ་པ་བདེན་སྟོང་གང་ཡིན་པ་དེ་ཆོས་ཅན། དེ་ཉིད་དེ་དོན་དམ་བདེན་པ་ཡིན་ཏེ། ཡང་དག་པ་མཐོང་བའི་རིགས་ཤེས་ཀྱི་ཡུལ་གང་ཞིག །རིགས་ཤེས་དེ་ཁྱོད་ལ་རིགས་ཤེས་སུ་སོང་བའི་ཕྱིར། བུམ་པ་ཆོས་ཅན། ཀུན་རྫོབ་བདེན་པར་གསུངས་ཏེ། མཐོང་བ་རྫུན་པ་ཐ་སྙད་པའི་ཚད་མའི་རྙེད་དོན་གང་ཞིག །ཐ་སྙད་པའི་ཚད་མ་དེ་ཁྱོད་ལ་ཐ་སྙད་པའི་ཚད་མར་སོང་བའི་ཕྱིར། གཉིས་པ་ནི། སྐབས་འདིར་བདེན་པ་གཉིས་ཀྱི་རྣམ་གཞག་འཆད་པའི་རྒྱུ་མཚན་ཡོད་དེ། བདེན་གཉིས་ཀྱི་རྣམ་དབྱེ་མ་ཤེས་ན་ཟབ་མོའི་དེ་ཁོ་ན་ཉིད་མི་རྟོགས་ཤིང་། དེ་མ་རྟོགས་ན་འཁོར་བ་ལས་མི་གྲོལ་བའི་ཕྱིར་དང་། ཟབ་མོའི་དེ་ཉིད་རྟོགས་པ་ཐ་སྙད་བདེན་པ་རྟོགས་པ་ལ་རག་ལས་པའི་ཕྱིར་ཏེ། རྩ་ཤེ་ལས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །འཇིག་རྟེན་ཀུན་རྫོབ་བདེན་པ་དང་། །དམ་པའི་དོན་གྱི་བདེན་པའོ། །གང་དག་བདེན་པ་དེ་གཉིས་ཀྱི། །རྣམ་དབྱེ་རྣམ་པར་མི་ཤེས་པ། །དེ་དག་སངས་རྒྱས་བསྟན་པ་


GLG012_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །ཟབ་མོའི་དེ་ཉིད་རྣམ་མི་ཤེས། །ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་བསྟན་མི་ནུས། །དམ་པའི་དོན་ནི་མ་རྟོགས་པར། །མྱ་ངན་འདས་པ་ཐོབ་མི་འགྱུར། །ཞེས་གསུངས་པའི་ཕྱིར། ཐ་སྙད་བདེན་པ་ལ་བརྟེན་ནས་དོན་དམ་བདེན་པ་རྟོགས་ཚུལ་ཡོད་དེ། ཀུན་རྫོབ་རྟགས་སུ་བཀོད་ནས་དོན་དམ་བསྒྲུབ་བྱར་བྱས་ཏེ་རྟོགས་དགོས་པའི་ཕྱིར་ཏེ། རྩ་བ་ལས། ཐ་སྙད་བདེན་པ་ཐབས་སུ་གྱུར་པ་དང་། །དོན་དམ་བདེན་པ་ཐབས་བྱུང་གྱུར་པ་སྟེ། །ཞེས་གསུངས་པའི་ཕྱིར། ཤེས་བྱ་དེ་དབྱེ་གཞི་དང་། བདེན་གཉིས་དབྱེ་བའི་ཡ་གྱལ་ཡིན་ཏེ། ཡབ་སྲས་མཇལ་བའི་མདོ་ལས། དེ་བཞིན་གཤེགས་པས་ཀུན་རྫོབ་དང་དོན་དམ་པ་གཉིས་ཐུགས་སུ་ཆུད་དེ། ཤེས་པར་བྱ་བ་ཡང་ཀུན་རྫོབ་དང་དོན་དམ་པའི་བདེན་པ་འདིར་ཟད་དེ། དེ་ཡང་བཅོམ་ལྡན་འདས་ཀྱིས་སྟོང་པ་ཉིད་རབ་ཏུ་གཟིགས། རབ་ཏུ་མཁྱེན། ལེགས་པར་མངོན་དུ་བྱས་པས་དེའི་ཕྱིར་ཐམས་ཅད་མཁྱེན་པ་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར། དོན་དམ་བདེན་པ་གཞག་ཏུ་ཡོད་དེ། མཐར་ཐུག་དཔྱོད་པའི་རིགས་ཤེས་ཀྱི་རྙེད་དོན་གང་ཞིག །མཐར་ཐུག་དཔྱོད་པའི་རིགས་ཤེས་དེ་ཁྱོད་ལ་མཐར་ཐུག་དཔྱོད་པའི་རིགས་ཤེས་སུ་སོང་བ་དེ་ཡིན་པའི་ཕྱིར། འབྱེད་ཚུལ་ཡོད་དེ། རྒྱས་པར་ཕྱེ་ན་སྟོང་ཉིད་བཅུ་དྲུག །མདོར་བསྡུ་ན་དངོས་པོ་སྟོང་པ་ཉིད་དང་། དངོས་པོ་མེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། གཞན་གྱི་ངོ་བོ་སྟོང་པ་ཉིད་དང་བཞི། སྟོང་གཞི་ཆོས་ཅན་གྱི་སྒོ་ནས་ཤིན་ཏུ་བསྡུ་ན་གང་ཟག་གི་བདག་མེད་དང་ཆོས་ཀྱི་བདག་མེད་གཉིས་སུ་ཡོད་པའི་ཕྱིར། ཀུན་རྫོབ་བདེན་


GLG012_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡོད་དེ། ཐ་སྙད་པའི་ཚད་མའི་རྙེད་དོན་གང་ཞིག །ཐ་སྙད་པའི་ཚད་མ་དེ་ཁྱོད་ལ་ཐ་སྙད་པའི་ཚད་མར་སོང་བ་དེ་ཡིན་པའི་ཕྱིར། འབྱེད་ཚུལ་ཡོད་དེ། འཇིག་རྟེན་ཤེས་ངོ་ལ་ལྟོས་ནས་ཡང་ལོག་གཉིས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། འཕྲལ་གྱི་འཁྲུལ་རྒྱུས་མ་བསླད་པའི་ཤེས་པ་ཡུལ་དང་བཅས་པ་དེ་ཡིན་པའི་ཕྱིར། གཉིས་པ་ཡོད་དེ། དེས་བསླད་པ་དེ་ཡིན་པའི་ཕྱིར། འཁྲུལ་རྒྱུ་གཞག་ཏུ་ཡོད་དེ། དབང་པོ་གཟུགས་ཅན་ལ་གནོད་པ་དང་ཡིད་དབང་ལ་གནོད་པ་གཉིས་ཡོད་པའི་ཕྱིར། དང་པོ་ཡོད་དེ། ནང་དང་ཕྱི་གཉིས་ལས། རབ་རིབ་དང་། མིག་སེར་དང་། ད་དྷུ་ར་ཟོས་པ་ལྟ་བུ་སྔ་མ་དང་། མེ་ལོང་དང་། བྲག་ཕུག་སྟོང་པའི་སྒྲ་དང་། ཉི་འོད་བྱེ་མ་ལ་ཕོག་པ། མིག་འཕྲུལ་མཁན་གྱིས་སྦྱར་བའི་སྨན་སྔགས་ལྟ་བུ་ཕྱི་མ་ཡིན་པའི་ཕྱིར། འཁྲུལ་ཚུལ་ཡོད་དེ། རབ་རིབ་ཀྱིས་སྐྲ་ཤད་འཛག་སྣང་གི་དབང་ཤེས་འཁྲུལ་པའི་རྒྱུ་བྱེད། མིག་སེར་གྱིས་དཀར་པོ་སེར་པོར་སྣང་བའི་དེ་བྱེད། ད་དྷུ་རས་ས་གཞི་གསེར་དུ་སྣང་བའི་དེ་བྱེད། མེ་ལོང་གིས་བྱད་བཞིན་གྱི་གཟུགས་བརྙན་བྱད་བཞིན་དུ་སྣང་བའི་དེ་བྱེད། བྲག་སྟོང་གིས་བྲག་ཅ་རྗོད་བྱེད་ཀྱི་སྒྲར་སྣང་བའི་དེ་བྱེད། བྱེ་མས་སྨིག་རྒྱུ་ཆུར་སྣང་བའི་དེ་བྱེད། མིག་འཕྲུལ་གྱིས་རྡེ་ཤིང་རྟ་གླང་དུ་སྣང་བའི་དེ་བྱེད་པའི་ཕྱིར། གཉིས་པ་ཡོད་དེ། གྲུབ་མཐའ་ངན་པ། གཏན་ཚིགས་ལྟར་སྣང་། གཉིད་ལ་སོགས་པ་ཡིན་པའི་ཕྱིར། འཁྲུལ་ཚུལ་ཡོད་དེ། དང་པོ་གཉིས་ཀྱིས་བདག་རྟག་པ་དང་། སྤྱི་གཙོ་བོ་ཡོད་པར་འཛིན་པའི་ཡིད་ཤེས་འཁྲུལ་པའི་རྒྱུ་བྱེད། ཕྱི་མས་ནི་རྨི་ལམ་གྱི་གླང་པོ་ཆེ་གླང་པོ་


GLG012_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ཆེར་འཛིན་པའི་དེ་བྱེད་པའི་ཕྱིར། འོན་ཀྱང་འཕྲལ་གྱི་འཁྲུལ་རྒྱུས་མ་བསླད་པའི་ཡུལ་དང་ཡུལ་ཅན་གང་རུང་ཡིན་ན་འཇིག་རྟེན་ཤེས་ངོ་ལ་ལྟོས་ནས་ཡང་དག་པ་ཡིན་པས་མ་ཁྱབ་སྟེ། གང་ཟག་རང་སྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་རྟོག་པ་ལྷན་སྐྱེས་ལྟ་བུ་སྔ་མ་ཡིན་ཀྱང་ཕྱི་མ་མ་ཡིན་པའི་ཕྱིར། དེས་བསླད་པའི་ཡུལ་ཡུལ་ཅན་གང་རུང་ཡིན་ན། འཇིག་རྟེན་ཤེས་ངོ་ལ་ལྟོས་ནས་ལོག་པ་ཡིན་པས་མ་ཁྱབ་སྟེ། གྲུབ་མཐས་བསླད་པའི་གང་ཟག་བདེན་གྲུབ་ཏུ་འཛིན་པའི་རྟོག་པ་ལྟ་བུ་སྔ་མ་ཡིན་ཀྱང་ཕྱི་མ་མ་ཡིན་པའི་ཕྱིར། ཤེས་བྱ་ལ་བདེན་པ་གཉིས་སུ་གྲངས་ངེས་ན་འཕགས་པའི་བདེན་པ་བཞིར་གསུངས་པ་དང་འགལ་ལམ་སྙམ་ན་སྐྱོན་མེད་དེ། འགོག་བདེན་དང་པོ་དང་གཞན་གསུམ་ཕྱི་མར་འདུ་བའི་ཕྱིར་ཏེ། རང་འགྲེལ་ལས། དེ་ལ་སྡུག་བསྔལ་དང་། ཀུན་འབྱུང་དང་། ལམ་གྱི་བདེན་པ་ནི་ཀུན་རྫོབ་ཀྱི་བདེན་པའི་ཁོངས་སུ་གཏོགས་སོ། །འགོག་པའི་བདེན་པ་ནི་དོན་དམ་པའི་བདེན་པའི་རང་གི་ངོ་བོའོ། །ཞེས་གསུངས་པའི་ཕྱིར། བུམ་པའི་ཆོས་ཉིད་ཆོས་ཅན། ཁྱོད་ལ་དོན་དམ་བདེན་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དོན་ཡང་ཡིན། དམ་པ་ཡང་ཡིན། བདེན་པ་ཡང་ཡིན་པས་དེ་ལྟར་བརྗོད་པའི་ཕྱིར། དང་པོ་གྲུབ་སྟེ། འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱི་རྙེད་དོན་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། གནས་ལུགས་དམ་པ་ཡིན་པའི་ཕྱིར། གསུམ་པ་གྲུབ་སྟེ། སྣང་ཚུལ་དང་གནས་ཚུལ་མཐུན་པས་མི་བསླུ་བའི་ཕྱིར། བུམ་པ་ཆོས་ཅན། ཀུན་རྫོབ་བདེན་པ་ཞེས་པའི་སྒྲ་བཤད་དུ་ཡོད་དེ། བློ་ཀུན་རྫོབ་པ་གཏི་མུག་བདེན་འཛིན་གྱི་ངོ་


GLG012_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

བོར་བདེན་ལ། གཞན་དུ་རྫུན་པས་དེ་ལྟར་བརྗོད་པའི་ཕྱིར། བདེན་རྫུན་གྱི་དབྱེ་བ་འཆད་པའི་རྒྱུ་མཚན་ཡོད་དེ། མྱུ་གུ་ལྟ་བུའི་ཆོས་གཅིག་རྫུན་པ་བསླུ་བའི་ཆོས་ཅན་དུ་ཡོངས་དཔྱོད་ལ་གྲུབ་ན་མི་བསླུ་བ་གནས་ལུགས་ཀྱི་དོན་ཡིན་པ་རྣམ་དཔྱད་ལ་ཁེགས་དགོས་པའི་ཕྱིར། དེར་ཐལ། བསླུ་མི་བསླུ་གཉིས་ཕན་ཚུན་སྤངས་པའི་དངོས་འགལ་ཡིན་པའི་ཕྱིར་ཏེ། དབུ་མ་སྣང་བ་ལས། ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཀྱི་ཆོས་དག་ནི་ཅིག་ཤོས་དགག་པ་གཞན་སྒྲུབ་པ་མེད་ན་མེད་པ་ཡིན་པའི་ཕྱིར། གཉིས་ཀ་མ་ཡིན་པའི་ཕྱོགས་སུ་གཏོགས་པ་ཡང་རིགས་པ་མ་ཡིན་ནོ། །ཞེས་དང་། གང་ཞིག་ཡོངས་སུ་གཅོད་པ་གང་རྣམ་པར་བཅད་པ་མེད་ན་མེད་པ་དེ་གཉིས་ནི་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཡིན་ནོ། །གང་དག་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཡིན་པ་དེ་དག་ནི་རྣམ་པ་ཐམས་ཅད་ལ་ཁྱབ་པར་བྱེད་པ་དག་ཡིན་ནོ། །གང་དག་རྣམ་པ་ཐམས་ཅད་ལ་ཁྱབ་པར་བྱེད་པ་ཡིན་པ་དེ་དག་ནི་ཕུང་པོ་གཞན་སེལ་བར་བྱེད་པ་དག་ཡིན་ཏེ། དཔེར་ན་ལུས་ཅན་དང་ལུས་ཅན་མ་ཡིན་པ་ལ་སོགས་པའི་བྱེ་བྲག་ལྟ་བུའོ། །ཞེས་གསུངས་པའི་ཕྱིར། གསུམ་པ་ནི། ཁ་ཅིག །མཐར་ཐུག་དཔྱོད་པའི་རིགས་ཤེས་ཀྱི་རྙེད་དོན། དོན་དམ་བདེན་པའི་མཚན་ཉིད་ཟེར་ན། མྱུ་གུ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། ཇི་ལྟ་བ་རྟོགས་པའི་རྣམ་མཁྱེན་གྱི་རྙེད་དོན་ཡིན་པའི་ཕྱིར། གཞན་ཡང་། ཐེག་ཆེན་གྱི་མཐོང་ལམ་བར་ཆད་མེད་ལམ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། ཐེག་ཆེན་གྱི་


GLG012_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་ལམ་བར་ཆད་མེད་ལམ་གྱི་རྙེད་དོན་ཡིན་པའི་ཕྱིར། དེར་ཐལ། དེས་དེ་རྟོགས་པའི་ཕྱིར། དེར་ཐལ། དེས་དེ་ལ་སྣང་བ་དེ་རྟོགས་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཁྱོད་ཀྱིས་རང་ལ་སྣང་བ་དེ་རྟོགས་པར་ཐལ། ཁྱོད་རང་གི་སྣང་བ་ལ་ཚད་མ་ཡིན་པའི་ཕྱིར། ཁྱོད་ཤེས་པ་ཡིན་པའི་ཕྱིར། ཁ་ཅིག་འཕགས་པའི་མཉམ་གཞག་ཟག་མེད་ཡེ་ཤེས་ཀྱིས་གཉིས་སྣང་དང་བཅས་པའི་སྒོ་ནས་རྟོགས་པར་བྱ་བ་ཀུན་རྫོབ་བདེན་པའི་མཚན་ཉིད་ཟེར། དེ་ལ་ཁ་ཅིག །མཉམ་གཞག་ཟག་མེད་ཡེ་ཤེས་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། འཕགས་པའི་མཉམ་གཞག་ཟག་མེད་ཡེ་ཤེས་ལ་སྣང་བར་ཐལ། འདོད་པའི་ཕྱིར། འདོད་ན། ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་ལ་སྣང་བར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། ཁ་ཅིག །ཐ་སྙད་པའི་ཚད་མའི་རྙེད་དོན་ཀུན་རྫོབ་བདེན་པའི་མཚན་ཉིད་ཟེར་ན། བུམ་པའི་ཆོས་ཉིད་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། རྟགས་བསལ་སླ། ཁ་ཅིག །མཐར་ཐུག་དཔྱོད་པའི་རིགས་ཤེས་ཀྱི་དངོས་ཀྱི་རྙེད་དོན་དོན་དམ་བདེན་པའི་མཚན་ཉིད་ཟེར་ན། བདག་མེད་ཀྱི་དོན་སྤྱི་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། བདག་མེད་རྟོགས་པའི་རྗེས་དཔག་གི་དངོས་ཀྱི་རྙེད་དོན་ཡིན་པའི་ཕྱིར། དེར་ཐལ། དེའི་དངོས་ཡུལ་གང་ཞིག །རྙེད་དོན་ཡིན་པའི་ཕྱིར། དང་པོ་མ་གྲུབ་ན། བདག་མེད་རྟོགས་པའི་རིགས་ཤེས་རྗེས་དཔག་ཆོས་ཅན། བདག་མེད་ཀྱི་དོན་སྤྱི་དེ་ཁྱོད་ཀྱི་དངོས་ཡུལ་ཡིན་པར་ཐལ། ཁྱོད་བདག་མེད་རྟོགས་པའི་རྗེས་དཔག་ཡིན་པའི་ཕྱིར། ཁ་ཅིག །ཡུལ་


GLG012_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཀུན་རྫོབ་གང་ཞིག །རང་ཉིད་གཙོ་བོར་སྣང་ཡུལ་དུ་བྱེད་པའི་བློ་ལ་སྣང་བ་ལྟར་མ་གྲུབ་པར་འཇིག་རྟེན་རང་དགའ་བས་རྟོགས་ནུས་པ་དེ་འཇིག་རྟེན་ཤེས་ངོ་ལ་ལྟོས་ཏེ་ཡུལ་གྱི་ལོག་པའི་ཀུན་རྫོབ་ཀྱི་མཚན་ཉིད་ཟེར་ན། བུམ་པའི་དོན་སྤྱི་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། མདོ་སྡེ་པས་དེ་ལྟར་རྟོགས་ནུས་པའི་ཕྱིར་ཏེ། མདོ་སྡེ་པས་བུམ་པའི་དོན་སྤྱི་བུམ་པ་མིན་པར་རྟོགས་པའི་ཕྱིར། རྩ་བར་འདོད་ན། བུམ་འཛིན་རྟོག་པ་དེ་འཇིག་རྟེན་ཤེས་ངོ་ལ་ལྟོས་ཏེ་ཡུལ་ཅན་ལོག་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས། ཁ་ཅིག །ཤེས་པ་གང་ཞིག །རང་གི་སྣང་ཡུལ་ལ་འཁྲུལ་བ། སེམས་ཙམ་པ་ཡན་གྱི་གྲུབ་མཐའ་ལ་མ་ཞུགས་པ་རྣམས་ཀྱིས་རྟོགས་ནུས་པ་དེ་འཇིག་རྟེན་ཤེས་ངོ་ལ་ལྟོས་ཏེ་ཡུལ་ཅན་ལོག་པའི་ཀུན་རྫོབ་ཀྱི་མཚན་ཉིད་ཟེར་ན། བུམ་འཛིན་རྟོག་པ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། ཕྱི་མ་དེར་ཐལ། མདོ་སྡེ་པས་དེ་ལྟར་རྟོགས་ནུས་པའི་ཕྱིར། དེར་ཐལ། མདོ་སྡེ་པས་བུམ་འཛིན་རྟོག་པ་ལ་བུམ་པའི་དོན་སྤྱི་བུམ་པར་སྣང་བ་བུམ་པ་མ་ཡིན་པར་རྟོགས་ནུས་པའི་ཕྱིར། རྩ་བར་འདོད་ན། སྟོང་ཉིད་རྟོགས་མ་མྱོང་བའི་གང་ཟག་གི་རྒྱུད་ཀྱི་ཐ་སྙད་པའི་ཚད་མས་ལོག་ཤེས་སུ་རྟོགས་ནུས་པར་ཐལ། འདོད་པའི་ཕྱིར། ཁ་ཅིག །ཀུན་རྫོབ་བདེན་པ་ཚད་མས་ངེས་པའི་གང་ཟག་ཡིན་ན། བདེན་མེད་ཚད་མས་ངེས་པའི་གང་ཟག་ཡིན་པས་ཁྱབ་ཟེར་ན། ཀུན་རྫོབ་བདེན་པ་རྟོགས་པའི་བློ་ལ་ཐབས་དང་། དོན་དམ་བདེན་པ་རྟོགས་པའི་བློ་ལ་ཐབས་བྱུང་དུ་བཤད་པ་མི་འཐད་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན།


GLG012_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཉིད་ལས། ཐ་སྙད་བདེན་པ་ཐབས་སུ་གྱུར་པ་དང་། དོན་དམ་བདེན་པ་ཐབས་བྱུང་གྱུར་པ་སྟེ། ཞེས་བཤད་པ་མི་འཐད་པར་ཐལ། འདོད་པའི་ཕྱིར། དེ་ལ་ཁོ་ན་རེ། ཀུན་རྫོབ་བདེན་པ་ཚད་མས་ངེས་ནས་བདེན་མེད་ཚད་མས་མ་ངེས་པའི་གང་ཟག་ཆོས་ཅན། ཀུན་རྫོབ་བདེན་པ་ཀུན་རྫོབ་བདེན་པར་ཚད་མས་ངེས་པའི་གང་ཟག་ཡིན་པར་ཐལ། ཀུན་རྫོབ་བདེན་པ་ཚད་མས་ངེས་པའི་གང་ཟག་ཡིན་པའི་ཕྱིར། འདོད་ན། ཀུན་རྫོབ་བདེན་པ་བདེན་མེད་དུ་ཚད་མས་ངེས་པའི་གང་ཟག་ཡིན་པར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། ཊཱིཀ་ཆེན་ལས། གཞི་དེ་ཀུན་རྫོབ་ཀྱི་བདེན་པ་ཡིན་པར་ཚད་མས་རྙེད་པ་ལ་ནི། ཞེས་སོགས་གསུངས་པའི་ཕྱིར། ཞེ་ན། སངས་འཕགས་ཆོས་ཅན། ཀུན་རྫོབ་བདེན་པ་ཀུན་རྫོབ་བདེན་པར་ཚད་མས་ངེས་པའི་གང་ཟག་ཡིན་པར་ཐལ། ཀུན་རྫོབ་བདེན་པ་ཚད་མས་ངེས་པའི་གང་ཟག་ཡིན་པའི་ཕྱིར། འདོད་ན། ཀུན་རྫོབ་བདེན་པ་ཀུན་རྫོབ་བདེན་པར་ཚད་མས་རྟོགས་པར་ཐལ། དེ་དེར་སངས་འཕགས་ཀྱིས་རྟོགས་པའི་ཕྱིར། འདོད་ན། ཀུན་རྫོབ་བདེན་པ་ཀུན་རྫོབ་བདེན་པར་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། གཞི་གྲུབ་ན་ཀུན་རྫོབ་བདེན་པ་ཀུན་རྫོབ་བདེན་པར་ཡོད་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། ཁྱོད་བདེན་པས་སྟོངས་པ་ཁྱོད་ཀྱི་གནས་ལུགས་ཡིན་པར་ཐལ། ཁྱོད་ཀུན་རྫོབ་བདེན་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ལ་ཁྱབ་པ་ཡོད་པར་ཐལ། བུམ་པ་བདེན་པས་སྟོངས་པ་བུམ་པའི་གནས་ལུགས་ཡིན་པའི་ཕྱིར། འདོད་ན། ཀུན་རྫོབ་བདེན་པ་ཀུན་རྫོབ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། ཀུན་རྫོབ་བདེན་པ་ཀུན་རྫོབ་བདེན་པས་སྟོངས་པ་


GLG012_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཅན། ཁྱོད་ཡོད་པར་ཐལ། ཁྱོད་ཀུན་རྫོབ་བདེན་པ་ཀུན་རྫོབ་ཀྱི་གནས་ལུགས་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། ཀུན་རྫོབ་བདེན་པ་ཀུན་རྫོབ་བདེན་པས་སྟོངས་པ་ཞིག་མེད་པར་ཐལ། གཞི་གྲུབ་ན་ཀུན་རྫོབ་བདེན་པ་ཀུན་རྫོབ་བདེན་པར་ཡོད་པས་ཁྱབ་པའི་ཕྱིར། ཁ་ཅིག །ལོག་པའི་ཀུན་རྫོབ་མེད་ཟེར་ན། ཡོད་པར་ཐལ། མེ་ལོང་ནང་གི་བྱད་བཞིན་གྱི་གཟུགས་བརྙན་བྱད་བཞིན་དུ་སྣང་བའི་མིག་ཤེས་དེ་དེ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཁྱོད་ལོག་པའི་ཀུན་རྫོབ་ཡིན་པར་ཐལ། ཁྱོད་སྟོང་ཉིད་རྟོགས་མ་མྱོང་བའི་གང་ཟག་གི་རྒྱུད་ཀྱི་ཐ་སྙད་པའི་ཚད་མས་ལོག་ཤེས་སུ་རྟོགས་ནུས་པའི་ཕྱིར། དེར་ཐལ། དེས་མེ་ལོང་ནང་གི་བྱད་བཞིན་གྱི་གཟུགས་བརྙན་སྣང་བ་ལྟར་མ་གྲུབ་པར་རྟོགས་པའི་ཕྱིར། དེར་ཐལ། དེས་དེ་བྱད་བཞིན་དུ་མ་གྲུབ་པར་རྟོགས་པའི་ཕྱིར། ཁ་ཅིག །ཀུན་རྫོབ་ཡིན་ན་ལོག་པའི་ཀུན་རྫོབ་ཡིན་པས་ཁྱབ་ཟེར་ན། བདེན་འཛིན་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དེ་སྟོང་ཉིད་རྟོགས་མ་མྱོང་པའི་གང་ཟག་གི་རྒྱུད་ཀྱི་ཐ་སྙད་པའི་ཚད་མས་ལོག་ཤེས་སུ་རྟོགས་ནུས་པར་ཐལ། འདོད་པའི་ཕྱིར། འདོད་ན། རྣམ་བཤད་ལས། མ་རིག་པའི་བག་ཆགས་ཀྱིས་བསླད་པ་ནི་འཁྲུལ་བར་ཐ་སྙད་པའི་ཚད་མས་མི་འགྲུབ་པའི་ཕྱིར་རོ། །ཞེས་བཤད་པ་མི་འཐད་པར་ཐལ་ལོ། ཁ་ཅིག །ཀུན་རྫོབ་ལ་ཡང་ལོག་གཉིས་སུ་འབྱེད་ཟེར་ན། མི་འཐད་པར་ཐལ། ཡང་དག་ཀུན་རྫོབ་མེད་པའི་ཕྱིར། དེར་ཐལ། ཡང་དག་དང་ཀུན་རྫོབ་འགལ་བའི་ཕྱིར། དེར་ཐལ། ཡང་དག་ཡིན་ན་བདེན་པ་ཡིན་དགོས། ཀུན་རྫོབ་ཡིན་ན་རྫུན་པ་ཡིན་དགོས་པའི་ཕྱིར།


GLG012_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

དེར་ཐལ། ཀུན་རྫོབ་ཡིན་ན་བསླུ་བ་ཡིན་དགོས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། ཀུན་རྫོབ་བདེན་པ་མེད་པར་ཐལ། ཀུན་རྫོབ་དང་བདེན་པ་འགལ་བའི་ཕྱིར་ན་མ་ཁྱབ། བྱས་པ་ལ་ཁོ་ན་རེ། ལས་རྒྱུ་འབྲས་ཆོས་ཅན། བསླུ་བ་ཡིན་པར་ཐལ། ཀུན་རྫོབ་ཡིན་པའི་ཕྱིར།འདོད་ན། མ་ཡིན་པར་ཐལ། མི་བསླུ་བ་ཡིན་པའི་ཕྱིར། དེར་ཐལ། མི་བསླུ་བའི་ཕྱིར་ན་མ་ཁྱབ། འོ་ན་མ་འོངས་པ་ཆོས་ཅན། མ་འོངས་པ་མ་ཡིན་པར་ཐལ། འོངས་པ་ཡིན་པའི་ཕྱིར། དེར་ཐལ། འོངས་པའི་ཕྱིར། གཞན་ཡང་། བདེན་ན་བདེན་པ་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། སངས་རྒྱས་ཀྱི་བཀའ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། ལས་རྒྱུ་འབྲས་མི་བསླུ་བའི་ཕྱིར། ཁ་ཅིག་ཚད་མ་ཆོས་ཅན། བསླུ་བ་མ་ཡིན་པར་ཐལ། མི་བསླུ་བ་ཡིན་པའི་ཕྱིར། དེར་ཐལ། མི་བསླུ་བའི་རིག་པ་ཡིན་པའི་ཕྱིར་ན་མ་ཁྱབ། འོ་ན། ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་ཆོས་ཅན། རྟོག་པ་ཡིན་པར་ཐལ། ཡང་དག་པའི་རྟོག་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། དེར་ཐལ། འཕགས་ལམ་ཡན་ལག་ཡིན་པའི་ཕྱིར། ཁ་ཅིག །ཀུན་རྫོབ་ཏུ་བདེན་པ་ཡིན་ན་ཀུན་རྫོབ་བདེན་པ་ཡིན་པས་ཁྱབ་ཟེར་ན། ཆོས་ཉིད་ཆོས་ཅན། དེར་ཐལ་དེའི་ཕྱིར། དེར་ཐལ། ཀུན་རྫོབ་ཏུ་ཡོད་པ་གང་ཞིག །བདེན་པ་ཡིན་པའི་ཕྱིར། ཁ་ཅིག །འཇིག་རྟེན་གྱི་ཤེས་ངོར་བདེན་པ་ཡིན་ན་ཡོད་པས་ཁྱབ་ཟེར་ན། བདེན་གྲུབ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། དེ་དེའི་ངོར་ཡང་དག་ཡིན་པའི་ཕྱིར། དེར་ཐལ། དེ་བདེན་འཛིན་ལྷན་སྐྱེས་ཀྱི་ངོར་ཡང་དག་ཡིན་པའི་ཕྱིར། ཁ་ཅིག །གློ་བུར་གྱི་འཁྲུལ་རྒྱུས་བསླད་པའི་ཡུལ་ཡུལ་ཅན་གང་རུང་ཡིན་ན།


GLG012_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་ཤེས་ངོ་ལ་ལྟོས་ཏེ་ལོག་པ་ཡིན་པས་ཁྱབ་ཟེར་ན། གྲུབ་མཐས་རྒྱུད་བསླད་པའི་དབང་གིས་གང་ཟག་བདེན་གྲུབ་ཏུ་འཛིན་པའི་བློ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། དེ་འདྲའི་ཡུལ་ཅན་ཡིན་པའི་ཕྱིར། ཆོས་ཅན་དེ་ཡིན་པའི་ཕྱིར། རྩ་བར་འདོད་ན། འཇིག་རྟེན་རང་དགའ་བའི་ཤེས་པས་དེ་ལོག་ཤེས་སུ་རྟོགས་པར་ཐལ། འདོད་པའི་ཕྱིར། འདོད་ན། སྟོང་ཉིད་ལ་བློ་ཁ་མ་ཕྱོགས་པའི་ཐ་སྙད་པའི་ཚད་མས་དེ་ལོག་ཤེས་སུ་རྟོགས་པར་ཐལ། འདོད་པའི་ཕྱིར། འདོད་ན། དེས་དེའི་ཞེན་ཡུལ་མེད་པར་རྟོགས་པར་ཐལ། འདོད་པའི་ཕྱིར། འདོད་ན། དེས་དེ་བདེན་མེད་དུ་རྟོགས་པར་ཐལ། འདོད་པའི་ཕྱིར། ཁ་ཅིག །སངས་རྒྱས་ཀྱི་རྒྱུད་ལ་ཀུན་རྫོབ་ཙམ་འཇོག་པའི་བློ་མེད་ཟེར་ན། སངས་འཕགས་ཀྱི་རྒྱུད་ལ་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་མེད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེའི་རྒྱུད་ལ་ཀུན་རྫོབ་མཁྱེན་པའི་ཡེ་ཤེས་མེད་པར་ཐལ། འདོད་པའི་ཕྱིར། འདོད་ན། ཡོད་པར་ཐལ། དེའི་རྒྱུད་ལ་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ཡོད་པའི་ཕྱིར། དེར་ཐལ། དེའི་རྒྱུད་ལ་སྟོབས་བཅུ་ཡོད་པའི་ཕྱིར། གཞན་ཡང་། མི་འཐད་པར་ཐལ། དེའི་རྒྱུད་ལ་བརྩེ་བ་སྙིང་རྗེ་ཆེན་པོ་ཡོད་པའི་ཕྱིར་རོ། །སྨྲས་པ། བདེན་གཉིས་གྲུ་གཟིངས་ལ་བརྟེན་ནས། །ཀུན་མཁྱེན་ནོར་གླིང་མ་བགྲོད་པར། །ཚུར་མཐོང་བྱིས་པའི་སྐྱེ་བོ་རྣམས། །འཁྲུལ་པའི་ཚང་ལ་ལྟད་མོར་གཡེངས། །ནོར་གྱིས་ལྷག་པར་དབུལ་བའི་མིས། །རྨི་ལམ་ཡུལ་དུ་རྨུགས་འཛིན་གྱི། །བང་མཛོད་ཀུན་ལ་ལོངས་སྤྱོད་ཀྱང་། །སད་ཚེ་འབྱོར་བ་ལྡན་ནམ་ཅི། །ཐ་སྙད་ངོ་བོར་


GLG012_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་བདེན་ལྟར། །གྲུབ་པའི་བྱ་བྱེད་མ་ལུས་པ། །དོན་དམ་སྟོང་པའི་ཐང་ཡངས་དེར། །དཀྱུས་ཐོག་བཅད་ཚེ་གར་མ་མཐོང་། །སྒོམ་ཆེན་རྒན་པོའི་བཞུགས་གྲལ་ལ། །པུས་འཁྱུད་སྒོམ་ཞྭ་དྲ་ཕད་དང་། སྨིན་མ་ཟང་ཟང་མ་མཆིས་པས། །ཆུད་པའི་སྐལ་བ་ཆེས་དམན་ཡང་། །རིགས་པ་སྨྲ་བའི་ཁྱུ་ནང་དུ། །ཤེས་བྱ་འདོམ་ལ་གཞལ་ཙ་ན། །བདེན་རྫུན་ཆོས་ཀྱི་སྣང་ཚུལ་ཀུན། །གསལ་པར་ཤེས་འདི་བློ་རེ་བདེ། །དེ་ཡང་ཀུན་མཁྱེན་ཙོང་ཁ་པའི། །རིང་ལུགས་འཛིན་ལ་ཟླ་བྲལ་བ། །ཡོངས་འཛིན་དཀོན་མཆོག་ཆོས་འཕེལ་གྱི། །མཚུངས་པ་མེད་པའི་བཀའ་དྲིན་ནོ། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་ནི། མཐོང་བ་རྫུན་པའང་ཆོས་ཅན། འཇིག་རྟེན་ཉིད་ལ་ལྟོས་ནས་ཡང་ལོག་གཉིས་སུ་འདོད་དེ། འཕྲལ་གྱི་འཁྲུལ་རྒྱུས་མ་བསླད་པའི་དབང་པོ་གསལ་བ་དང་། བསླད་པའི་སྐྱོན་ཅན་གྱི་ཤེས་པ་གཉིས་ཡོད་པའི་ཕྱིར། དེ་འདྲའི་སྐྱོན་དང་ལྡན་པའི་དབང་པོ་ཅན་རྣམས་ཀྱི་ཤེས་པ་ནི་ཆོས་ཅན། དེ་འདྲས་མ་བསླད་པའི་དབང་པོ་ལེགས་པར་གྱུར་པའི་ཤེས་པ་ལྟོས་ནས་ལོག་པར་འདོད་དེ། འཕྲལ་གྱི་འཁྲུལ་རྒྱུས་བསླད་པའི་ཤེས་པ་ཡིན་པའི་ཕྱིར། འཕྲལ་གྱི་འཁྲུལ་རྒྱུས་གནོད་པ་མེད་པའི་དབང་པོ་དྲུག་པོ་རྣམས་ཀྱིས་བཟུང་བ་གང་ཞིག །འཇིག་རྟེན་གྱིས་རྟོགས་པའི་གཟུགས་དེ་ཆོས་ཅན། འཇིག་རྟེན་ཉིད་ལ་ལྟོས་ན་བདེན་པ་ཡིན་ཏེ། གནས་ལུགས་མ་རྟོགས་པའི་སྔ་རོལ་ཏུ་སྣང་སྟོང་གི་ཚུལ་རྟོགས་མི་ནུས་པའི་ཕྱིར། ལྷག་མ་མེ་ལོང་ནང་གི་གཟུགས་བརྙན་ནི་ཆོས་ཅན། འཇིག་རྟེན་ཉིད་ལ་ལྟོས་ནས་


GLG012_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་པར་རྣམ་པར་བཞག་སྟེ། གནས་ལུགས་མ་རྟོགས་པའི་སྔ་རོལ་ཏུ་སྣང་སྟོང་གི་ཚུལ་རྟོགས་ནུས་པའི་ཕྱིར། གསུམ་པ་ནི། མི་ཤེས་པའི་གཉིད་ཀྱིས་རབ་ཏུ་བསྐྱོད་པའི་མུ་སྟེགས་ཅན་རྣམས་ཀྱིས་རང་གཞུང་ལས་བདག་ཉིད་ཇི་བཞིན་དུ་བཏགས་པའི་གཙོ་བོ་སོགས་དང་། སྒྱུ་མ་སྨིག་རྒྱུ་སོགས་ལ་བཏགས་པའི་རྟ་གླང་སོགས་དེ་དག་ཆོས་ཅན། འཇིག་རྟེན་གྱི་ཐ་སྙད་ལས་ཀྱང་ཡོད་པ་མིན་པ་ཉིད་དེ། ཐ་སྙད་དུ་ཚད་མས་མ་གྲུབ་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། འཕགས་པའི་མཉམ་གཞག་གི་གཟིགས་ངོ་ལ་ལྟོས་ཏེ་གཞན་སྐྱེ་བཀག་པ་ལ་འཇིག་རྟེན་གྱི་གྲགས་པས་ཀྱང་མི་གནོད་དེ། དྲི་མེད་ཡེ་ཤེས་སྤངས་པ་སྟེ་དེ་དང་བྲལ་བའ་ིབློས། སློབ་པའི་རྒྱུད་ཀྱི་དྲི་མ་མེད་པའི་བློ་ལ་གནོད་པ་མ་ཡིན་པའི་ཕྱིར། ཇི་ལྟར་ཏེ་དཔེར་ན། མིག་ནི་རབ་རིབ་ཅན་གྱིས་སྐྲ་ཤད་དམིགས་པ་ཡིས་རབ་རིབ་མེད་པའི་ཤེས་པ་ལ་གནོད་པ་མིན་པ་དེ་ལྟར་ཡིན་པའི་ཕྱིར། གསུམ་པ་ལ་ཀུན་རྫོབ་བདེན་པ་བཤད་པ་དང་། དོན་དམ་བདེན་པ་བཤད་པ་གཉིས། དང་པོ་ནི། གཟུགས་སོགས་བདེན་འཛིན་གྱི་གཏི་མུག་ཆོས་ཅན། ཀུན་རྫོབ་ཡིན་ཏེ། གནས་ལུགས་ཀྱི་རང་བཞིན་མངོན་སུམ་དུ་མཐོང་བ་ལ་སྒྲིབ་པའི་ཕྱིར། བདེན་འཛིན་དེས་བཅོས་མ་སྟེ་བདེན་པར་མེད་བཞིན་དུ་བདེན་པར་སྣང་བའི་གཟུགས་གང་ཡིན་པ་དེ་ནི་ཆོས་ཅན། ཐུབ་པ་དེས་ཀུན་རྫོབ་བདེན་པ་ཞེས་གསུངས་པའི་རྒྱུ་མཚན་ཡོད་དེ། བློ་ཀུན་རྫོབ་པ་བདེན་འཛིན་གྱི་ངོར་བདེན་པའི་ཕྱིར། གཟུགས་ཆོས་ཅན། ཉན་རང་དགྲ་བཅོམ་དང་དག་ས་ལ་གནས་པའི་བྱང་སེམས་ཀྱི་རྗེས་ཐོབ་ལ་ལྟོས་ནས་ཀུན་རྫོབ་ཙམ་དུ་གྲུབ་ཀྱི་བདེན་གྲུབ་མ་ཡིན་ཏེ། དེས་བཅོས་མར་གྱུར་པའི་དངོས་པོར་


GLG012_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་ཀྱི་བདེན་པར་ཞེན་པ་མེད་པའི་ཕྱིར་རོ། །གཉིས་པ་ལ་ཚིག་གི་དོན་དང་། མཐའ་དཔྱད་པ་གཉིས། དང་པོ་ནི། རབ་རིབ་མཐུ་ཡིས་སྐྲ་ཤད་ལ་སོགས་པའི་ངོ་བོ་ལོག་པ་གང་ཞིག །རྣམ་པར་བཏགས་པ་དེ་ཉིད་ཀྱིས་བདག་ཉིད་གཞི་གང་དུ་མིག་དག་པས་སྐྲ་ཤད་མེད་པར་མཐོང་བ་དེ་སྐྲ་ཤད་ཀྱི་དེ་ཉིད་ཡིན་པ་དེ་བཞིན་དུ་དོན་གྱི་སྐབས་འདིར་ཡང་ཤེས་པར་བྱ་རིགས་ཏེ། དཔེ་དེ་ལྟར་སོ་སྐྱེས་གཟུང་བ་ལྟར་གྱི་ཕུང་སོགས་བདེན་གྲུབ་ཕུང་སོགས་ཀྱི་དེ་ཁོ་ན་ཉིད་མ་ཡིན་ལ། སངས་རྒྱས་ཀྱིས་གཟིགས་པ་ལྟར་གྱི་ཕུང་སོགས་བདེན་སྟོང་ཕུང་སོགས་ཀྱི་དེ་ཁོ་ན་ཉིད་ཡིན་པའི་ཕྱིར། གཉིས་པ་ལ། ཁ་ཅིག །སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་ཁོ་རང་གཉིས་སྣང་ནུབ་པའི་ཚུལ་གྱིས་རྟོགས་ཟེར་ན། མི་འཐད་པར་ཐལ། གཉིས་སྣང་དང་བཅས་པའི་ཚུལ་གྱིས་རྟོགས་པའི་ཕྱིར། དེར་ཐལ། དེས་དེ་གཟིགས་པའི་གཟིགས་ངོར་གཉིས་སྣང་ཡོད་པའི་ཕྱིར། དེར་ཐལ། དེའི་ངོར་སངས་རྒྱས་ཀྱིས་བྱས་མི་རྟག་རྟོགས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། སངས་རྒྱས་ཀྱི་ཡེ་ཤེས་དེ་ཁོ་རང་དང་ཐ་དད་ཡིན་པར་ཐལ། དེ་ལྟར་རྟོགས་པའི་ཕྱིར་ན་མ་ཁྱབ། འོ་ན་རྣམ་མཁྱེན་ཆོས་ཅན། ཁྱོད་སྟོང་ཉིད་དང་ཐ་མི་དད་ཡིན་པར་ཐལ། ཁྱོད་ཀྱིས་སྟོང་ཉིད་རང་དང་ཐ་མི་དད་པའི་ཚུལ་དུ་རྟོགས་པའི་ཕྱིར། ཁྱབ་པ་ཁས། དེར་ཐལ། དེས་གཉིས་སྣང་ནུབ་པའི་ཚུལ་གྱིས་རྟོགས་པའི་ཕྱིར། གཞན་ཡང་། ཇི་ལྟ་བ་རྟོགས་པའི་རྣམ་མཁྱེན་གྱིས་ཕུང་སོགས་ཀྱི་ཆོས་ཉིད་གཟིགས་པའི་གཟིགས་ངོར་ཕུང་སོགས་མེད་པར་ཐལ། དེས་དེ་གཟིགས་པའི་གཟིགས་ངོར་དེ་མེད་པ་དེ་དེའི་གནས་


GLG012_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་མཐར་ཐུག་ཡིན་པའི་ཕྱིར། དེར་ཐལ། རང་འགྲེལ་ལས། དངོས་པོ་བྱས་པ་ཅན་ལ་མ་རེག་པར་རང་བཞིན་འབའ་ཞིག་མངོན་སུམ་དུ་མཛད་པས། དེ་ཉིད་ཁོང་དུ་ཆུད་པའི་ཕྱིར་སངས་རྒྱས་ཞེས་བརྗོད་དོ། །ཞེས་གསུངས་པའི་ཕྱིར། གཞན་ཡང་། ཇི་ལྟ་བ་རྟོགས་པའི་རྣམ་མཁྱེན་དེས་དེ་གཟིགས་པའི་གཟིགས་ངོར་ཇི་སྙེད་པ་མེད་པར་ཐལ། དེས་དེ་གཟིགས་པའི་གཟིགས་ངོར་ཅིག་ཤོས་མེད་པ་དེ་ཅིག་ཤོས་ཀྱི་གནས་ལུགས་མཐར་ཐུག་ཡིན་པའི་ཕྱིར། དེར་ཐལ། དེས་དེ་གཟིགས་པའི་གཟིགས་ངོར་ཅིག་ཤོས་མ་གཟིགས་པ་དེ་དེས་ཇི་སྙེད་པ་གཟིགས་པའི་གཟིགས་ཚུལ་ཡིན་པའི་ཕྱིར། དེར་ཐལ། མདོ་ལས། མཐོང་བ་མེད་པ་ནི་མཐོང་བ་དམ་པའོ། །ཞེས་གསུངས་པའི་ཕྱིར། ཁ་ཅིག །བདེན་མེད་ཀྱི་ཐ་སྙད་བཏགས་པའི་བཏགས་དོན་བཙལ་བའི་ཚེ་ན་བདེན་མེད་མི་རྙེད་ཟེར་ན། མི་འཐད་པར་ཐལ། དེའི་ཚེ་བདེན་མེད་ཚད་མས་རྟོགས་པའི་ཕྱིར། དེར་ཐལ། དེའི་ཚེ་བདེན་མེད་ཡོད་པའི་ཕྱིར། དེར་ཐལ། དེའི་ཚེ་བདེན་གྲུབ་མེད་པ་ཡོད་པའི་ཕྱིར། མ་གྲུབ་ན། དེའི་ཚེ་བདེན་གྲུབ་ཆོས་ཅན། ཁྱོད་མེད་པ་ཡོད་པར་ཐལ། ཁྱོད་མེད་པའི་ཕྱིར། བཞི་པ་ནི། གལ་ཏེ་འཇིག་རྟེན་གྱི་མཐོང་བ་དེ་ཉིད་ལ་ཚད་མ་ཡིན་ན་ནི། དེ་ཉིད་མངོན་སུམ་དུ་མཐོང་བ་འཕགས་པ་དང་འཕགས་པའི་ལམ་གཞན་གྱིས་ཅི་ཞིག་བྱ་སྟེ་འཚོལ་བར་བྱ་མི་དགོས་ཏེ། འཇིག་རྟེན་གྱིས་དེ་ཉིད་མཐོང་བའི་ཕྱིར། དེ་ཉིད་ལ་དཔྱོད་པའི་སྐབས་སུ་འཇིག་རྟེན་གྱིས་གནོད་པ་མེད་དེ། དེ་ཉིད་ལ་རྣམ་པ་ཀུན་ཏུ་འཇིག་རྟེན་གྱི་མཐོང་བ་ཚད་མ་མིན་པ་དེའི་ཕྱིར་ཏེ།


GLG012_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

བླུན་པོ་ནི་དེ་ཉིད་ལ་ཚད་མར་རིགས་པའང་མ་ཡིན་པའི་ཕྱིར། ལྔ་པ་ནི། འཇིག་རྟེན་གྲགས་པའི་དོན་རྫ་བུམ་ནི་ཆོས་ཅན། ཁྱོད་གལ་ཏེ་སེལ་ན་འཇིག་རྟེན་གྱིས་གནོད་པར་འགྱུར་ཏེ། ཁྱོད་འཇིག་རྟེན་གྱི་གྲགས་པ་ཉིད་ཀྱིས་གྲུབ་པའི་ཕྱིར། གཉིས་པ་ནི། འཇིག་རྟེན་གྱི་ཐ་སྙད་ལས་ཀྱང་གཞན་སྐྱེ་མེད་དེ། གང་གི་ཕྱིར་འཇིག་རྟེན་ན་བུ་དང་ཤིང་གི་ས་བོན་ཙམ་ཞིག་བཏབ་ནས། བདག་གིས་བུ་འདི་སྐྱེད་ཅེས་སྨྲ་བར་བྱེད་ཅིང་། ཤིང་ཡང་བཙུགས་སོ་སྙམ་དུ་རྟོག་པ་དེས་ན་སྟེ་དེའི་ཕྱིར། གསུམ་པ་ནི། ཤེས་བྱ་ཆོས་ཅན། མྱུ་གུ་སྐྱེས་པའི་ཚེ་ས་བོན་ཞིག་པ་སྟེ་རྒྱུན་ཆད་པའི་ཉེས་པ་མེད་དེ། གང་གི་ཕྱིར་མྱུ་གུ་ས་བོན་ལས་རང་བཞིན་གྱིས་གཞན་མིན་པས་རྒྱུ་འབྲས་སུ་གྲུབ་པ་དེའི་ཕྱིར། མྱུ་གུའི་ཚེ་ས་བོན་ཡོད་ཅེས་བརྗོད་པར་མི་བྱ་སྟེ། གང་གི་ཕྱིར་ས་མྱུག་གཅིག་ཉིད་ནི་ཡོད་པ་མིན་པས་རྒྱུ་འབྲས་སུ་གྲུབ་པ་དེའི་ཕྱིར། བཞི་པ་ལ། རང་གི་མཚན་ཉིད་ཀྱིས་གྲུབ་པ་ཡོད་པར་འདོད་པ་དགག་པ། དེ་ལྟར་བཀག་པ་ལ་རྩོད་པ་སྤོང་བ་གཉིས། དང་པོ་ལ་འཕགས་པའི་མཉམ་གཞག་དངོས་པོའི་འཇིག་རྒྱུར་ཐལ་བ། ཐ་སྙད་བདེན་པ་རིགས་པས་དཔྱད་བཟོད་དུ་ཐལ་བ། དོན་དམ་པའི་སྐྱེ་བ་མི་ཁེགས་པར་ཐལ་བས་དགག་པ་དང་གསུམ། དང་པོ་ནི། སྟོང་ཉིད་རྟོགས་པའི་འཕགས་པའི་མཉམ་གཞག་ཡེ་ཤེས་ཆོས་ཅན། དངོས་པོའི་རང་བཞིན་དེ་ལ་སྐུར་བ་བཏབ་པའི་ཚུལ་གྱིས་སྟོང་ཉིད་རྟོགས་པ་དང་། དངོས་པོ་འཇིག་པའི་རྒྱུར་འགྱུར་བར་ཐལ། གལ་ཏེ་སྔར་དངོས་པོ་རང་གི་མཚན་ཉིད་ཀྱིས་གྲུབ་པ་ལ་བརྟེན་པར་འགྱུར་བ་གང་ཞིག །ཁྱོད་ཀྱིས་དངོས་པོ་རང་གི་མཚན་ཉིད་ཀྱིས་གྲུབ་པ་མེད་པར་རྟོགས་པའི་ཕྱིར། ཤེས་བྱ་ཆོས་ཅན།


GLG012_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་རང་བཞིན་གྱིས་ཡོད་པ་མིན་ཏེ། དངོས་པོ་རང་བཞིན་གྱིས་ཡོད་ན་སྟོང་ཉིད་རྟོགས་པའི་མཉམ་གཞག་དངོས་པོ་འཇིག་པའི་རྒྱུར་འགྱུར་དགོས་ན་དེ་ནི་རིགས་པ་མིན་པ་དེའི་ཕྱིར། གཉིས་པ་ནི། འཇིག་རྟེན་གྱི་ཐ་སྙད་བདེན་པ་ལ་རིགས་པས་རྣམ་པར་དཔྱད་པར་མི་བྱ་སྟེ། གང་གི་ཕྱིར་དངོས་པོ་འདི་དག་རྣམ་པར་དཔྱད་ན་དེ་ཁོ་ན་ཉིད་ཀྱི་བདག་ཉིད་ཅན་གྱི་དངོས་པོ་ལས་ཚུར་རོལ་ཏུ་རང་བཞིན་གྱིས་གྲུབ་པའི་གནས་རྙེད་པ་མ་ཡིན་པ་དེའི་ཕྱིར། གསུམ་པ་ནི། གཟུགས་ཆོས་ཅན། ཁྱོད་ཀྱི་རང་བཞིན་གྱིས་སྐྱེ་བ་གང་གིས་གྲུབ་པ་ཡིན་པར་འགྱུར་ཏེ་མི་འགྱུར་བར་ཐལ། དེ་ཁོ་ན་ཉིད་ལ་དཔྱོད་པའི་སྐབས་སུ་རིགས་པ་གང་ཞིག་གིས་བདག་དང་གཞན་ལས་སྐྱེ་བ་རིགས་པ་མིན་པ་དེ་བཞིན་དུ་རིགས་པ་དེས་ཐ་སྙད་དུ་ཡང་རང་བཞིན་གྱིས་སྐྱེ་བ་རིགས་པ་མ་ཡིན་པས་སོ། །གཉིས་པ་ནི། གཟུགས་ཐ་སྙད་དུ་རང་བཞིན་གྱིས་མི་སྐྱེ་བས། སྐྱེ་བར་དམིགས་པ་ལ་སྐྱོན་མི་འཇུག་སྟེ། དངོས་པོ་ཐམས་ཅད་རང་བཞིན་གྱིས་སྟོངས་ན་ཡང་དེས་སྟོང་པ་ཉིད་ཀྱི་རྒྱུ་དག་ལས་འབྲས་བུ་རབ་ཏུ་སྐྱེ་བར་འགྱུར་བའི་ཕྱིར། དངོས་པོ་སྟོང་པ་སྟེ་རྫུན་པ་གཟུགས་བརྙན་ལ་སོགས་པ་རྒྱུ་རྐྱེན་ཚོགས་པ་ལ་ལྟོས་པ་རྣམས་མ་གྲགས་པ་ཡང་མིན་ལ་ཇི་ལྟར་གྲགས་པ་དེར་ནི་གཟུགས་བརྙན་སོགས་སྟོང་ཞིང་རྫུན་པ་ལས་མིག་གི་ཤེས་པ་གཟུགས་བརྙན་དེའི་རྣམ་པ་ཅན་སྐྱེ་བར་འགྱུར་བ་ལྟར་ཏེ་དཔེ་དེ་བཞིན་ཡིན་པའི་ཕྱིར། ལྔ་པ་ལ་རྟག་ཆད་ཀྱི་ལྟ་བ་སྤང་སླ་བའི་ཡོན་ཏན། ལས་ཀྱི་འབྲེལ་བ་ཆེས་འཐད་པའི་ཡོན་ཏན་གཉིས།དང་པོ་ནི། གཟུགས་སོགས་དེ་དག་ཆོས་ཅན། རང་བཞིན་གྱིས་གྲུབ་པའི་རྟག་པ་མ་ཡིན་ལ་


GLG012_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་རང་བཞིན་གྱིས་གྲུབ་པ་ཕྱིས་མེད་པའི་ཆད་པའང་མ་ཡིན་ཏེ། བདེན་པ་གཉིས་སུའང་རང་བཞིན་གྱིས་མེད་པའི་ཕྱིར། གཉིས་པ་ལ་གསུམ། རང་བཞིན་གྱིས་མེད་པར་འདོད་པ་ལ་ཀུན་གཞི་སོགས་ཁས་བླངས་མི་དགོས་པར་བསྟན་པ། རང་བཞིན་གྱིས་མེད་པའི་ལས་འགགས་པ་ལས་འབྲས་བུ་འབྱུང་བར་བསྟན་པ། དེ་ལྟར་བསྟན་པ་ལ་རྩོད་པ་སྤོང་བ་དང་གསུམ། དང་པོ་ལ་ཚིག་དོན་དང་མཐའ་དཔྱོད་གཉིས། དང་པོ་ནི། ལས་རང་བཞིན་གྱིས་མེད་པར་འདོད་པའ་ིལུགས་ལ་ཆོས་ཅན། ཀུན་གཞི་སོགས་ཁས་བླངས་པ་མེད་ཀྱང་རྒྱུད་ལ་ལར་ལས་འགགས་ནས་ཡུན་རིང་དུ་ལོན་པ་ལས་ཀྱང་འབྲས་བུ་ཡང་དག་པ་སྟེ་མི་འཁྲུལ་པར་འབྱུང་བར་རིག་པར་བྱ་སྟེ། དེ་མེད་ཀྱང་ལས་ལས་འབྲས་བུ་འདི་འབྱུང་བར་ནུས་པའི་ཕྱིར་ཏེ། གང་གི་ཕྱིར་རང་བཞིན་གྱིས་ལས་དེ་མི་འགག་པ་ལ་ཞིག་པ་དངོས་པོར་མི་འགལ་བ་དེའི་ཕྱིར། གཉིས་པ་ནི། ཁ་ཅིག །རང་ཉིད་དུས་གང་དུ་འཇོག་པ་དངོས་པོ་གང་གི་རང་དུས་ལ་ལྟོས་ནས་འཇོག་དགོས་པའི་ལྟོས་པར་གྱུར་པའི་དངོས་པོ་དེའི་རང་དུས་དེ་ལས་ཐལ་ཟིན་པ་འདས་པའི་མཚན་ཉིད་ཟེར་ན། བུམ་པ་ཞིག་པ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། དེར་ཐལ། ཞིག་པ་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་བུམ་པའི་དུས་སུ་ཐལ་ཟིན་པར་ཐལ། འདོད་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། དེའི་དུས་སུ་མ་སླེབ་པའི་ཕྱིར་ཏེ། དེའི་དུས་སུ་མ་འོངས་པ་ཡིན་པའི་ཕྱིར། དེར་ཐལ། དེའི་འབྲས་བུ་ཡིན་པའི་ཕྱིར། མ་གྲུབ་ན། བུམ་པ་ཆོས་ཅན། ཁྱོད་ཞིག་པ་ཁྱོད་ཀྱི་འབྲས་བུ་ཡིན་པར་ཐལ། ཁྱོད་དངོས་པོ་ཡིན་པའི་ཕྱིར། ཁ་ཅིག་


GLG012_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

མྱུ་གུ་སྐྱེས་ལ་མ་འགགས་པའི་ཆ་མྱུ་གུ་ད་ལྟར་བའི་མཚན་ཉིད་ཟེར་ན། སྐྱེས་ལ་མ་འགགས་པ་ཡིན་ན་ད་ལྟར་བ་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། མ་འོངས་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁ་ཅིག །སྐྱེ་འགྱུར་གྱི་དངོས་པོའི་མ་སྐྱེས་པའི་ཆ་མ་འོངས་པའི་མཚན་ཉིད་ཟེར་ན། མི་འཐད་པར་ཐལ། སྐྱེ་འགྱུར་གྱི་དངོས་པོ་མེད་པའི་ཕྱིར། དེར་ཐལ། དངོས་པོ་ཡིན་ན་སྐྱེས་ཟིན་པས་ཁྱབ་པའི་ཕྱིར། ཁ་ཅིག །བུམ་པ་ཡིན་ན་དུས་མ་ཡིན་པས་ཁྱབ་ཟེར་ན། དུས་མཐའི་སྐད་ཅིག་མར་གྱུར་པའི་བུམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར། ཁ་ཅིག །བུམ་པ་ཡིན་ན་ད་ལྟར་བ་ཡིན་པས་ཁྱབ་ཟེར་ན། འདས་པའི་བུམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། དེ་ཡོད་པའི་ཕྱིར། དེར་ཐལ། འདས་པའི་སངས་རྒྱས་ཡོད་པའི་ཕྱིར། ཁ་ཅིག །ཤི་བའི་གང་ཟག་ཡོད་པར་ཐལ། འདས་པའི་བུམ་པ་ཡོད་པའི་ཕྱིར་ན་འདིར་མ་ཁྱབ། འདོད་ན། ཤི་བའི་གང་ཟག་དེ་ཁོ་ཁོ་རང་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་སྲོག་དབང་འགགས་པའི་གང་ཟག་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། སྲོག་དབང་འགགས་པའི་གང་ཟག་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས ཁ་ཅིག །མྱུ་གུ་དེ་རང་དུས་སུ་སྐྱེ་བ་ཡིན་ཟེར་ན། མྱུ་གུ་ཆོས་ཅན། རང་དུས་སུ་རང་རྒྱུ་ལས་སྐྱེ་བར་ཐལ། རང་དུས་སུ་སྐྱེ་བའི་ཕྱིར། འདོད་ན། རང་དུས་སུ་རང་རྒྱུ་ལ་རག་ལས་པར་ཐལ། འདོད་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ།རང་དུས་སུ་རང་རྒྱུ་ལས་རྫོགས་པར་གྲུབ་ཟིན་པའི་ཕྱིར།


GLG012_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

དེར་ཐལ། དངོས་པོ་ཡིན་པའི་ཕྱིར། ཁྱབ་སྟེ། རིགས་པའི་དབང་ཕྱུག་གིས་འབྲས་བུ་རག་ལས་མེད་པར་ཡང་། ཞེས་གསུངས་པའི་ཕྱིར། ཁ་ཅིག །སྟོན་པ་ཤཱཀྱ་ཐུབ་པའི་དུས་སུ་རྒྱལ་པོ་ང་ལས་ནུ་ཡོད་པར་ཐལ། དེའི་དུས་སུ་རྒྱལ་པོ་ང་ལས་ནུ་སྟོན་པ་ཤཱཀྱ་ཐུབ་པ་ཡིན་པའི་ཕྱིར། ཟེར་ན། བྱང་སེམས་རྒྱུན་མཐའ་བ་དེ་རང་དང་རྒྱུད་གཅིག་ཏུ་གྱུར་པའི་སངས་རྒྱས་ཀྱི་དུས་སུ་ཡོད་པར་ཐལ། དེ་དེའི་དུས་སུ་སངས་རྒྱས་ཡིན་པའི་ཕྱིར། ཁྱབ་པ་འགྲིག །ཁ་ཅིག །བུད་ཤིང་ཞིག་པ་དུ་བའི་རྒྱུ་ཡིན་པར་ཐལ། དེ་དངོས་པོ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་དུ་བའི་དུས་སུ་མེད་པར་ཐལ། ཁྱོད་དུ་བའི་རྒྱུ་ཡིན་པའི་ཕྱིར། འདོད་ན། ཡོད་པར་ཐལ། དེའི་དུས་སུ་བུད་ཤིང་ཞིག་པ་ཡིན་པའི་ཕྱིར། དེར་ཐལ། དེ་དེའི་འབྲས་བུ་ཡིན་པའི་ཕྱིར། ཟེར་ན་མ་ཁྱབ། ཁ་ཅིག །ཁོང་ཁྲོས་དགེ་རྩ་བཅོམ་པའི་གང་ཟག་གི་རྒྱུད་ལ་ཁོང་ཁྲོའི་གཞོམ་བྱར་གྱུར་པའི་དགེ་རྩ་ཡོད་པར་ཐལ། དེའི་རྒྱུད་ལ་ཁོང་ཁྲོའི་གཞོམ་བྱར་གྱུར་པའི་དགེ་བའི་ལས་ཀྱི་ཞིག་པ་ཡོད་པ་གང་ཞིག །དགེ་བའི་ལས་ཀྱི་ཞིག་པ་དགེ་བ་ཡིན་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། དེའི་རྒྱུད་ལ་ཁོང་ཁྲོས་དགེ་རྩ་བཅོམ་པ་དང་། དེའི་རྒྱུད་ལ་ཁོང་ཁྲོའི་གཞོམ་བྱར་གྱུར་པའི་དགེ་བའི་ལས་ཀྱི་ཞིག་པ་སྐྱེས་པ་དུས་མཉམ་པའི་ཕྱིར་ཟེར་ན། ཤེས་བྱ་ཆོས་ཅན། དུ་བའི་དུས་སུ་བུད་ཤིང་འགགས་པར་ཐལ། སངས་འཕགས་ཀྱི་ཐུགས་རྒྱུད་ལ་མི་དགེ་བའི་ལས་འགགས་པའི་ཕྱིར། འདོད་ན། དུ་བའི་དུས་སུ་མེ་སྐྱེས་པར་ཐལ། འདོད་པ་གང་ཞིག་བུད་ཤིང་འགགས་པ་དང་མི་སྐྱེས་པ་དུས་མཉམ་པའི་ཕྱིར། ཁྱབ་པ་ཁས། འདོད་ན། དུ་བའི་དུས་སུ་མེ་ཡོད་པར་


GLG012_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ། འདོད་པའི་ཕྱིར། སངས་འཕགས་ཀྱི་རྒྱུད་ལ་མི་དགེ་བའི་ལས་ཀྱི་ཞིག་པ་མེད་དེ། མི་དགེ་བའི་ལས་ཀྱི་ཞིག་པ་དེ་མི་དགེ་བའི་ལས་ཀྱི་སྐད་ཅིག་གཉིས་པ་ན་ཡོད་ཀྱི། དེ་ཕྱིན་ཆད་ན་མེད་པའི་ཕྱིར། གཉིས་པ་ནི། འགགས་ཤིང་རང་བཞིན་གྱིས་ཡོད་པ་མིན་པའི་ལས་ལས་ཀྱང་ནི་འབྲས་བུ་འབྱུང་བ་ཡོད་པ་ཡིན་ཏེ། རྨི་ལམ་ན་བུད་མེད་དམིགས་པའི་ཡུལ་དག་མཐོང་ནས་ནི་གཉིད་སད་ཀྱང་བླུན་པོ་ལ་འགགས་པའི་བུད་མེད་ལ་དམིགས་པའི་ཆགས་པ་སྐྱེ་བར་འགྱུར་བ་དེ་བཞིན་ཡིན་པའི་ཕྱིར། གསུམ་པ་ལ་རྣམ་སྨིན་ཐུག་མེད་དུ་འབྱིན་པའི་རྩོད་པ་སྤོང་བ། ཀུན་གཞི་ཡོད་པར་གསུངས་པའི་ལུང་དང་འགལ་བའི་རྩོད་པ་སྤོང་བ་གཉིས། དང་པོ་ནི། རང་བཞིན་གྱིས་མེད་བཞིན་དུ་ཞིག་པ་ལས་འབྲས་བུ་འབྱུང་ན། རྣམ་སྨིན་ཕྱུང་ཟིན་པ་ལས་སླར་ཡང་འབྱིན་དགོས་པར་འགྱུར་རོ་ཞེ་ན། ཤེས་བྱ་ཆོས་ཅན། དེ་གཉིས་རང་བཞིན་གྱིས་མེད་པར་མཚུངས་ནའང་རྣམ་སྨིན་སྨིན་ཟིན་པ་ལས་སླར་རྣམ་སྨིན་འབྱིན་དགོས་པ་མིན་པར་ཤེས་ཏེ། ཇི་ལྟར་ཡུལ་ནི་ཡོད་པ་ཉིད་མིན་པར་མཚུངས་ཀྱང་རབ་རིབ་ཅན་གྱིས་སྐྲ་ཤད་ཀྱི་རྣམ་པར་ནི་མཐོང་གི་དངོས་པོ་གཞན་གྱི་རྣམ་པར་མཐོང་བ་མ་ཡིན་པ་ལྟར། དེ་བཞིན་དུ་རྒྱུ་འབྲས་སོ་སོར་ངེས་པ་མཐོང་བའི་ཕྱིར། རྣམ་སྨིན་མི་དགེ་བ་སྟེ་ཡིད་དུ་མི་འོང་བ་ནི་ནག་པོའི་ལས་ལས་འབྱུང་ལ། རྣམ་སྨིན་དགེ་བ་ཡིད་དུ་འོང་བ་ཉིད་དགེ་བ་ལས་འབྱུང་བ་ཡིན་པར་མཐོང་སྟེ། རྒྱུ་འབྲས་སོ་སོར་ངེས་པ་དེའི་ཕྱིར། དགེ་མི་དགེ་རང་བཞིན་གྱིས་མེད་པར་རྟོགས་པའི་བློ་ཅན་གྱི་གང་ཟག་ཆོས་ཅན། འཁོར་བ་


GLG012_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཐར་བར་འགྱུར་ཏེ། རྒྱུ་འབྲས་ཀྱི་དེ་ཁོ་ན་ཉིད་རྟོགས་པའི་ཕྱིར། ལས་རྣམས་ཀྱིས་འབྲས་བུ་རྣམ་པར་སྨིན་པ་ནི་བསམ་གྱིས་མི་ཁྱབ་བོ་ཞེས་ལུང་ལ་མ་བརྟེན་པར་ལས་འབྲས་རྣམས་ལ་སེམས་པའང་དགག་པ་མཛད་པའི་རྒྱུ་མཚན་ཡོད་དེ། སོ་སྐྱེས་ལས་འབྲས་ལ་སྐུར་པ་བཏབ་ནས་ལས་འབྲས་འཇིགས་པར་འགྱུར་དུ་དོགས་པའི་ཕྱིར། གཉིས་པ་ལ་དངོས་དང་། དགོངས་ཏེ་གསུངས་པའི་དཔེ་བསྟན་པ་གཉིས། དང་པོ་ནི། ཤེས་བྱ་ཆོས་ཅན། ཀུན་གཞི་མེད་ཀྱང་དེ་ལས་འབྲས་ཀྱི་རྟེན་དུ་གསུངས་པ་དང་མི་འགལ་ཏེ། ཚོགས་དྲུག་ལས་ངོ་བོ་ཐ་དད་པའི་ཀུན་གཞི་ཡོད་ཅིང་གང་ཟག་རྫས་ཡོད་ཉིད་ཡོད་ལ་ཕུང་པོ་འདི་དག་འབའ་ཞིག་ཉིད། རང་བཞིན་གྱིས་ཡོད་ཅེས་བསྟན་པ་འདི་ནི་དེ་ལྟར་ཆེས་ཟབ་པའི་དོན་རིག་པར་མི་འགྱུར་བའི་གང་ཟག་གང་ཡིན་པ་དེ་ལ་དགོངས་ནས་གསུངས་པའི་ཕྱིར་རོ། །གཉིས་པ་ནི། དངོས་པོ་རྣམས་རང་བཞིན་གྱིས་མེད་མོད། རང་བཞིན་གྱིས་ཡོད་ཅེས་དྲང་དོན་ཉིད་དུ་བསྟན་པ་ཆོས་ཅན། དགོས་པ་ཡོད་པ་ཡིན་ཏེ། གདུལ་བྱས་དེ་ཁོ་ན་ཉིད་རྟོགས་པའི་ཐབས་ཡིན་པའི་ཕྱིར་རོ། །ཇི་ལྟར་སངས་རྒྱས་ཀྱིས་འཇིག་ཚོགས་ལ་ལྟ་བ་དང་བྲལ་ཡང་ང་དང་ང་ཡི་ཞེས་བསྟན་པ་དེ་བཞིན་ཡིན་པའི་ཕྱིར། གཉིས་པ་སེམས་ཙམ་པའི་ལུགས་བྱེ་བྲག་ཏུ་དགག་པ་ལ་གསུམ། ཕྱི་རོལ་མེད་པའི་ཤེས་པ་རང་བཞིན་གྱིས་ཡོད་པ་དགག །གཞན་དབང་རང་བཞིན་གྱིས་ཡོད་པའི་སྒྲུབ་བྱེད་ཚད་མ་དགག །སེམས་ཙམ་དུ་གསུངས་པའི་ཙམ་སྒྲས་ཕྱི་དོན་མི་འགོག་པར་བསྟན་པའོ། །དང་པོ་ལ་གཉིས། འདོད་པ་བརྗོད་པ་དང་། དེ་དགག་


GLG012_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །དང་པོ་ནི། ཤེས་རབ་ལྷག་པ་ས་དྲུག་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེས་ཆོས་ཅན། རྣམ་ཤེས་ཙམ་དུ་དེ་ཉིད་རྟོགས་པར་འགྱུར་ཏེ། ཕྱི་རོལ་གྱི་གཟུང་བ་མེད་པར་འཛིན་པ་རྫས་གཞན་མ་མཐོང་ཞིང་སྲིད་གསུམ་རྣམ་ཤེས་ཙམ་དུ་རབ་ཏུ་རྟོགས་པས་གཉིས་སྟོང་གི་དེ་ཉིད་མངོན་སུམ་དུ་མཐོང་བའི་ཕྱིར། གཞན་གྱི་དབང་གི་ངོ་བོ་གང་ཡིན་པ་དེ་གཟུང་འཛིན་གྱི་དངོས་པོ་བཏགས་པར་ཡོད་པར་སྣང་བའི་རྒྱུར་འགྱུར་ཏེ། ཇི་ལྟར་རླུང་གིས་བསྐུལ་བའི་རྒྱ་མཚོ་ནི་ཆེ་ལས་ཆུ་རླབས་འབྱུང་བ་དེ་བཞིན་དུ། དངོས་པོ་ཀུན་གྱི་ས་བོན་ཀུན་གཞི་ཞེས་བྱ་བ་ལས་རྣམ་ཤེས་རང་གི་བག་ཆགས་བཞག་པའི་ནུས་པ་སྨིན་པ་ལས་དོན་གྱིས་སྟོངས་པའི་རྣམ་ཤེས་ཙམ་ཞིག་འབྱུང་བ་དེའི་ཕྱིར། གཞན་དབང་དེ་ཆོས་ཅན། ཁྱད་པར་གསུམ་དང་ལྡན་ཏེ། ཕྱི་རོལ་གཟུང་བ་མེད་པར་འབྱུང་བར་འགྱུར་ལ། རང་བཞིན་གྱིས་ཡོད་པ་དང་། དོན་དམ་པར་སྒྲ་རྟོག་གི་སྤྲོས་པ་ཀུན་གྱི་ཡུལ་མིན་པའི་རང་བཞིན་དུ་ཡོད་པའི་ཕྱིར། གཉིས་པ་ལ་གཉིས། རྒྱས་པར་དགག །མཇུག་བསྡུ་བའོ། །དང་པོ་ལ་གསུམ། དཔེ་དགག །དོན་དགག །དེ་ལྟར་བཀག་པ་དང་མི་སྡུག་པ་བསྒོམ་པ་མི་འགལ་བར་བསྟན་པའོ། །དང་པོ་ལ་གཉིས། རྨི་ལམ་གྱི་དཔེ་དགག །སྐྲ་ཤད་མཐོང་བའི་དཔེ་དགག་པའོ། །དང་པོ་ལ་གསུམ། རྨི་ལམ་གྱི་དཔེས་ཤེས་པ་རང་བཞིན་གྱིས་ཡོད་པར་མི་འགྲུབ། དེས་ཕྱི་རོལ་མེད་པར་མི་འགྲུབ། དེས་དངོས་པོ་ཐམས་ཅད་རྫུན་པར་འགྲུབ་པར་བསྟན་པའོ། །དང་པོ་ནི། ཕྱི་རོལ་མེད་པར་སེམས་རང་བཞིན་གྱིས་ཡོད་


GLG012_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དཔེ་ནི་གང་དུ་ཡོད་ཅེས་དྲིས་པས། རྨི་ལམ་ཇི་བཞིན་ནོ་ཞེ་ན། དེ་ཡང་བསམས་པར་བྱ་སྟེ། ཁྱོད་ཀྱི་རྨི་ལམ་དེ་ཕྱི་རོལ་མེད་པར་ཤེས་པ་རང་བཞིན་གྱིས་ཡོད་པའི་དཔེར་ཡོད་པ་མ་ཡིན་པར་ཐལ། གང་གི་ཚེ་ང་ལ་རྨི་ལམ་ན་ཡང་སེམས་རང་བཞིན་གྱིས་ཡོད་པ་མ་ཡིན་པའི་ཕྱིར། གལ་ཏེ་རྨི་ལམ་ན་ཡིད་རང་བཞིན་གྱིས་ཡོད་དེ། སད་པའི་ཚེ་རྨི་ལམ་གྱི་ཡིད་དྲན་པའ་ིཕྱིར་རོ་ཞེ་ན། ཕྱི་རོལ་ཡུལ་ཡང་ཡིད་དེ་བཞིན་དུ་རང་བཞིན་གྱིས་ཡོད་པར་འགྱུར་བར་ཐལ། ཇི་ལྟར་ཁྱོད་ཀྱིས་ངས་མཐོང་སྙམ་དུ་ཡིད་ལ་དྲན་པ་དེ་འདྲ་བ་ཕྱི་རོལ་ལ་ཡང་འདི་མཐོང་ངོ་སྙམ་དུ་དྲན་པ་ཡོད་པ་ཡིན་པའི་ཕྱིར། གཉིས་པ་ནི། གལ་ཏེ་གཉིད་ལོག་པ་ན་མིག་བློ་མི་སྲིད་པས་ཕྱི་རོལ་ཡོད་པ་མིན་པར་ཡིད་ཀྱི་ཤེས་པ་ཁོ་ན་ཡོད་ཅིང་། ཕྱི་རོལ་དེའི་རྣམ་པ་སྣང་བ་ལ་ཕྱི་རོལ་ཉིད་དུ་ཞེན་པ་འབྱུང་བས་རྨི་ལམ་ན་ཕྱི་རོལ་མེད་པར་ཤེས་པ་ཡོད་པ་ཇི་ལྟ་བ་དེ་བཞིན་དུ་སད་པའི་སྐབས་འདིར་ཡང་འདོད་དོ་ཞེ་ན། ཤེས་བྱ་ཆོས་ཅན། ཇི་ལྟར་ཁྱོད་ཀྱི་ཕྱི་ཡུལ་རྨི་ལམ་དུ་མ་སྐྱེས་པ་དེ་བཞིན་དུ་ཡིད་ཀྱང་རང་བཞིན་གྱིས་སྐྱེས་པ་མ་ཡིན་པར་ཐལ། རྨི་ལམ་དུ་མིག་དང་མིག་གི་ཡུལ་དང་དེས་སྐྱེད་པའི་སེམས་གསུམ་པོ་ཐམས་ཅད་ཀྱང་ནི་རྫུན་པ་ཡིན་ལ་རྣ་བ་སོགས་ལྷག་མའི་ཡུལ་དབང་རྣམ་ཤེས་གསུམ་པོའང་རང་བཞིན་གྱིས་སྐྱེ་བ་མེད་པའི་ཕྱིར་རོ། །གསུམ་པ་ནི། ཤེས་བྱ་ཆོས་ཅན། སེམས་དེ་རང་བཞིན་གྱིས་ཡོད་པ་མ་ཡིན་ལ་སྤྱོད་ཡུལ་རང་བཞིན་གྱིས་མེད་ཅིང་དབང་པོ་རྣམས་ཀྱང་རང་བཞིན་གྱིས་མེད་དེ། རྨི་ལམ་ཇི་ལྟ་བ་དེ་བཞིན་དུ་སད་པའི་སྐབས་འདིར་ཡང་དབང་དོན་ཤེས་པའི་དངོས་པོ་རྣམས་རྫུན་པ་ཡིན་པའི་ཕྱིར། དེ་ཆོས་ཅན། ཕྱི་རོལ་


GLG012_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་ཤེས་པ་ཡོད་པ་མི་འཐད་དེ། འཇིག་རྟེན་འདི་ན་ཇི་ལྟར་ཐ་མལ་བའི་གཉིད་སད་པ་ལ་ཡུལ་དབང་རྣམ་ཤེས་གསུམ་ཆར་ཡོད་པ་བཞིན་དུ་ཇི་སྲིད་དུ་ཐ་མལ་པའི་གཉིད་མ་སད་པ་དེ་སྲིད་དུ་གང་ཟག་དེའི་ཤེས་ངོ་དེ་ལ་གསུམ་པོ་ཡོད་ལ། སད་པར་གྱུར་ན་གསུམ་ཆར་ཡོད་པ་མིན་པ་ལྟར། དེ་བཞིན་དུ་གཏི་མུག་གི་གཉིད་སད་པ་ལས་དེ་ཁོ་ན་ཉིད་མངོན་སུམ་དུ་གཟིགས་པའི་ངོར་དོན་ཤེས་དེ་གཉིས་ཆར་མེད་པའི་ཕྱིར། གཉིས་པ་ནི། སྐྲ་ཤད་འཛག་སྣང་གི་བློ་དེ་ཤེས་པ་རང་བཞིན་གྱིས་ཡོད་པའི་དཔེར་མི་རིགས་པར་ཐལ། དབང་པོ་རབ་རིབ་བཅས་པའི་བློ་གང་གིས་རབ་རིབ་ཀྱི་མཐུ་ལས་སྐྲ་ཤད་རྣམས་གང་མཐོང་བ་དེའི་བློ་ལ་ལྟོས་ནས་མིག་ཤེས་དང་སྐྲ་ཤད་བདེན་པ་སྟེ་ཡོད་ལ་རབ་རིབ་མེད་པར་དོན་གསལ་མཐོང་བ་ལ་ལྟོས་ནས་དེ་གཉིས་ཀའང་རྫུན་པ་ཡིན་པའི་ཕྱིར། སྐྲ་ཤད་མེད་པར་སྐྲ་ཤད་འཛག་སྣང་གི་བློ་དེ་རང་བཞིན་གྱིས་ཡོད་པ་མ་ཡིན་པར་ཐལ། གལ་ཏེ་ཤེས་བྱ་སྐྲ་ཤད་མེད་པར་སྐྲ་ཤད་འཛག་སྣང་གི་བློ་རང་བཞིན་གྱིས་ཡོད་ན། སྐྲ་ཤད་མཐོང་བ་དེའི་ཡུལ་དང་མིག་ནི་རྗེས་སུ་འབྲེལ་བའི་རབ་རིབ་མེད་པ་ལའང་སྐྲ་ཤད་འཛག་སྣང་གི་བློ་སྐྱེ་བར་འགྱུར་ན་དེ་ལྟ་མ་ཡིན་པ་དེའི་ཕྱིར། གཉིས་པ་ལ། བག་ཆགས་སྨིན་མ་སྨིན་ལས་དོན་སྣང་དབང་ཤེས་སྐྱེ་མི་སྐྱེ་དགག །སླར་ཡང་ཕྱི་རོལ་མེད་པར་རྣམ་ཤེས་ཡོད་པ་དགག །བཀག་པ་ལ་ལུང་གིས་མི་གནོད་པར་བསྟན་པ་དང་གསུམ། དང་པོ་ལ་འདོད་པ་བརྗོད་པ་དང་། དེ་དགག་པ་གཉིས། དང་པོའི། ཤེས་བྱ་ཆོས་ཅན། རབ་རིབ་མེད་པ་ལ་སྐྲ་ཤད་སྣང་བའི་བློ་སྐྱེས་པའི་སྐྱོན་མེད་དེ། གང་གི་ཕྱིར་རབ་རིབ་མེད་པར་མཐོང་


GLG012_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

བ་དག་པ་ལ་སྐྲ་ཤད་སྣང་བའི་བློའི་ནུས་པ་ནི་སྨིན་པ་མེད་པ་དེའི་ཕྱིར་རབ་རིབ་མེད་པ་དེ་ལ་སྐྲ་ཤད་སྣང་བའི་བློ་སྐྱེ་བར་མི་འགྱུར་གྱི་ཤེས་བྱ་སྐྲ་ཤད་ཡོད་པའི་དངོས་པོ་དང་བྲལ་བས་མི་སྐྱེ་བ་མ་ཡིན་པའི་ཕྱིར་ཞེ་ན། གཉིས་པ་ལ་མདོར་བསྟན། རྒྱས་བཤད་གཉིས་ལས། དང་པོ་ནི། ནུས་པ་ཡོད་པ་ལས། སྐྲ་ཤད་སྣང་བའི་བློ་སྐྱེ་བ་འདི་ནི་འགྲུབ་པ་མ་ཡིན་པར་ཐལ། ནུས་པ་དེ་རང་བཞིན་གྱིས་མེད་པའི་ཕྱིར། གཉིས་པ་ལ་ད་ལྟར་བ་ལ་ནུས་པ་རང་བཞིན་གྱིས་གྲུབ་པ་དགག །མ་འོངས་པ་ལ་དགག །འདས་པ་ལ་དགག་པ་དང་གསུམ། དང་པོ་ནི། ཤེས་བྱ་ཆོས་ཅན། རྣམ་ཤེས་སྐྱེས་པ་སྟེ་ད་ལྟར་བ་ལ་ནུས་པ་རང་བཞིན་གྱིས་གྲུབ་པ་སྲིད་པ་ཡོད་པ་མ་ཡིན་པར་ཐལ། དེ་ལྟར་ན་རྣམ་ཤེས་ལ་རང་ལས་གཞན་པའི་རྒྱུ་མེད་པ་སོགས་ཀྱི་སྐྱོན་ཡོད་པའི་ཕྱིར།གཉིས་པ་ནི། སྔར་མ་སྐྱེས་པའི་ངོ་བོ་ལ་ཡང་ནུས་པ་ཡོད་པ་མིན་ཏེ། རྣམ་ཤེས་མ་འོངས་པ་ད་ལྟར་རྣམ་ཤེས་མེད་པའི་ཕྱིར་ཏེ། ཁྱད་པར་གྱི་ཆོས་མེད་པར་དེས་ཁྱད་པར་དུ་བྱས་པ་ཅན་གྱི་ནུས་པ་ཡོད་པ་མ་ཡིན་པའི་ཕྱིར། མ་གྲུབ་ན། མོ་ཤམ་གྱི་བུ་ལའང་ནུས་པ་དེ་ནི་ཡོད་པར་ཐལ། གལ་ཏེ་འབྱུང་བར་འགྱུར་བའི་རྣམ་ཤེས་ལ་བསམས་ནས་དེའི་ནུས་པ་བསྙད་པར་འདོད་དོ་ཞེ་ན། འདིའི་འབྱུང་འགྱུར་རང་བཞིན་གྱིས་མེད་དེ། དེ་བསྐྱེད་པའི་ནུས་པ་མེད་པའི་ཕྱིར། རྣམ་ཤེས་དང་ནུས་པ་ཕན་ཚུན་ལྟོས་ནས་འཇོག་ན། དེ་རང་བཞིན་གྱིས་མ་གྲུབ་པར་ཐལ་བའི་སྐྱོན་ཡོད་དེ། ཕན་ཚུན་དོན་ལ་བརྟེན་ནས་གྲུབ་པ་ནི་རང་བཞིན་གྱིས་གྲུབ་པ་མིན་པ་ཉིད་ཅེས་དམ་པ་རྣམས་ཀྱིས་གསུངས་པའི་ཕྱིར། གསུམ་པ་ནི། གལ་ཏེ་རྣམ་ཤེས་འགགས་པའི་


GLG012_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་པ་སྨིན་པ་ལས་རྣམ་ཤེས་ཕྱི་མ་སྐྱེ་བར་འགྱུར་རོ་ཞེ་ན། རང་བཞིན་གྱིས་ཡོད་པ་གཞན་གྱི་ནུས་པ་ལས་འབྲས་བུ་གཞན་འབྱུང་བར་འགྱུར་བ་ཐལ། རྒྱུན་ཅན་རྣམས་རིམ་གྱིས་འབྱུང་བ་དེར་ཁྱོད་ལྟར་ན་སྔ་ཕྱི་རང་བཞིན་གྱིས་ཕན་ཚུན་ཐ་དད་པར་ཡོད་པའི་ཕྱིར། འདོད་ན། དངོས་པོ་ཐམས་ཅད་རྒྱུ་ཡིན་མིན་ཀུན་ལས་འབྱུང་བར་འགྱུར་ཏེ། འདོད་པ་དེའི་ཕྱིར། གལ་ཏེ་སྔ་ཕྱི་རིམ་གྱིས་འབྱུང་བ་དེར་ནི་རྒྱུན་ཅན་རྣམས་ངོ་བོ་ཉིད་ཀྱིས་ཐ་དད་ཀྱི། དེ་དག་ལ་རང་བཞིན་གྱིས་གྲུབ་པའི་རྒྱུན་ཐ་དད་མེད་པ་ཞིག་ཡོད་པ་དེའི་ཕྱིར་ཐམས་ཅད་ལས་ཐམས་ཅད་སྐྱེ་བའི་ཉེས་པ་མེད་ཅེ་ན། ངོ་བོ་ཉིད་ཀྱིས་ཐ་དད་པ་ལ་རྒྱུན་གཅིག་པ་འདི་ནི་བསྒྲུབ་བྱ་ཞིག་སྟེ་མ་གྲུབ་པར་ཐལ། ངོ་བོ་ཉིད་ཀྱིས་ཐ་དད་པ་ལ་ཐ་མི་དད་པའི་རྒྱུན་ཡོད་པའི་སྐབས་མི་རིགས་པའི་ཕྱིར་ཏེ། གང་དག་རང་གི་མཚན་ཉིད་ཀྱིས་སོ་སོ་བ་དེ་དག་རྒྱུད་གཅིག་ཏུ་གཏོགས་པ་རིགས་པ་མ་ཡིན་པའི་ཕྱིར་ཏེ། དཔེར་ན་བྱམས་པ་དང་། ཉེར་སྦས་ལ་བརྟེན་པའི་ཆོས་རྣམས་ནི་གང་ཟག་སོ་སོ་བའི་གཞན་ཉིད་ཡིན་པའི་ཕྱིར་ན་རྒྱུད་གཅིག་ཏུ་གཏོགས་པ་མ་ཡིན་པ་བཞིན་ཡིན་པའི་ཕྱིར། གཉིས་པ་ལ། འདོད་པ་བརྗོད་པ་དང་། ལུགས་དེ་དགག་པ་གཉིས། དང་པོ་ནི། སེམས་ཙམ་པས་ཕྱི་དོན་མེད་ཀྱང་དབང་ཤེས་ཀྱི་བདག་རྐྱེན་ཡོད་དེ། མིག་བློ་སྐྱེ་བར་རང་གི་ནུས་པ་བག་ཆགས་གང་ཞིག །ཀུན་གཞི་ལ་བཞག་པ་སྨིན་པ་ལས་དེ་མ་ཐག་ཏུ་རྣམ་ཤེས་ཀུན་ནས་སྐྱེ་བར་འགྱུར་ཞིང་། མིག་རང་གི་རྣམ་ཤེས་ཀྱི་རྟེན་གྱི་ནུས་པ་དེ་ལ་དབང་པོ་གཟུགས་ཅན་མིག་ཅེས་བྱ་བར་རྟོགས་ཀྱི། ཤེས་པ་ལས་རྫས་ཐ་དད་


GLG012_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མིག་མེད་པའི་ཕྱིར། དམིགས་རྐྱེན་ཡོད་དེ། འཇིག་རྟེན་འདི་ན་དབང་པོ་ལས་བྱུང་བའི་རྣམ་པར་རིག་པ་ལྔ་སྔོན་པོ་སོགས་ཕྱི་རོལ་གྱི་གཟུང་བ་མེད་པར་རྣམ་ཤེས་རང་གི་ས་བོན་ཀུན་གཞི་ལ་བཞག་པ་སྨིན་པ་ལས་སྔོ་སོགས་སུ་སྣང་བ་ཉིད་འབྱུང་བར་མ་རྟོགས་ནས། སྐྱེ་བོས་དེ་ལྟར་སྣང་བ་ལ་ཕྱི་རོལ་གྱི་གཟུང་བར་ཁས་ལེན་པ་སྟེ། མངོན་པར་ཞེན་པ་ཙམ་ཡིན་པའི་ཕྱིར། རྨི་ལམ་ན་ནི་གཟུགས་དོན་གཞན་དུ་མེད་པར་རང་གི་ནུས་པ་སྨིན་པ་ལས་གཟུགས་དེའི་རྣམ་པ་ཅན་གྱི་སེམས་འབྱུང་བ་ཇི་ལྟ་བ་དེ་བཞིན་དུ། སད་པ་ལའང་སྐབས་འདིར་ཕྱི་རོལ་གྱི་དོན་མེད་པར་ཡིད་ཡོད་དོ་ཞེ་ན། གཉིས་པ་ནི། ཤེས་བྱ་ཆོས་ཅན། ཇི་ལྟར་མིག་མེད་པར་ནི་རྨི་ལམ་དུ་སྔོ་སོགས་སྣང་བའི་ཡིད་སེམས་རང་བཞིན་གྱིས་འབྱུང་ན་དེ་ལྟར་མིག་དབང་མེད་པར་རང་གི་ས་བོན་ནི་སྨིན་པ་ལས་ལོང་བ་ལ་ཡང་སད་དུས་འདིར་སྔོན་པོ་གསལ་སྣང་གི་ཤེས་པ་ཅིས་མི་སྐྱེ་སྟེ་སྐྱེ་རིགས་པར་ཐལ། ལོང་བ་ལ་སད་རྨི་གཉིས་ཀར་མིག་མེད་པར་མཚུངས་པའི་ཕྱིར། གལ་ཏེ་ཁྱོད་ལྟར་ན་རྨི་ལམ་ན་དྲུག་པ་ཡིད་ཀྱི་ནུས་པ་སྨིན་པ་ཡོད་ལ་སད་པར་མེད་པར་གྱུར་པས་མི་མཚུངས་པར་འདོད་ན། དྲུག་པའི་ནུས་པ་སྨིན་པ་ཇི་ལྟར་སད་དུས་འདིར་མེད་པ་ཇི་ལྟ་དེ་ལྟར་རྨི་ལམ་རྨི་བའི་ཚེ་མེད་ཅེས་ཅིས་མི་རིགས་ཏེ་རིགས་པར་ཐལ། ཇི་ལྟར་མིག་མེད་པ་དེ་སད་དུས་སུ་དོན་སྣང་གི་ཤེས་པ་སྐྱེ་བ་འདིའི་རྒྱུ་མིན་པ་ཇི་ལྟ་དེ་ལྟར་རྨི་ལམ་ན་ཡང་གཉིད་ནི་དོན་སྣང་གི་ཤེས་པ་རང་བཞིན་གྱིས་གྲུབ་པའི་རྒྱུ་མ་ཡིན་པའི་ཕྱིར། རྨི་ལམ་དུ་ཡང་གཟུགས་དེའི་དངོས་པོ་དང་མིག་ནི་རྫུན་པའི་ཡུལ་ཅན་རྟོགས་པའི་རྒྱུར་ཁས་བླང་སྟེ། བག་ཆགས་རྫུན་པ་ལས་ཤེས་པ་རྫུན་པ་སྐྱེ་བ་དེའི་
ཕྱིར། ཤེས་བྱ་ཆོས་ཅན། སེམས་ཙམ་པའི་རྩོད་པ་འདི་སེལ་པར་བྱེད་ནུས་ཏེ། གཞན་དབང་རང་བཞིན་གྱིས་གྲུབ་པ་བཀག་པ་ལ་སེམས་ཙམ་པ་འདི་ཡིས་ལན་ནི་གང་དང་གང་བཏབ་པ་དེ་དང་དེ་ནི་སྒྲུབ་བྱེད་དམ་བཅའ་དང་མཚུངས་པར་མཐོང་བའི་ཕྱིར། གསུམ་པ་ནི། སེམས་ཙམ་པའི་ལུགས་བཀག་པ་ལ་ལུང་གིས་ཀྱང་མི་གནོད་དེ། སངས་རྒྱས་རྣམས་ཀྱིས་ནི་རང་ལུགས་ལ་འགར་ཡང་དངོས་པོ་རང་བཞིན་གྱིས་ཡོད་ཅེས་མ་བསྟན་པའི་ཕྱིར།


previousབདེན་གཉིས་ཀྱི་རྣམ་གཞག་བཤད་པ།next