Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  expand section
  collapse section
   
   
གླེང་གཞི།
   
  expand section
  expand section
   
  expand section
   
  expand section
  expand section
  expand section
  expand section


 
previousགླེང་གཞི།next

གླེང་གཞི།


GLG020_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

གླེང་གཞི།ཞེས་སྙན་འགྱུར་འབུམ་སྡེའི་རྒྱུད་ལས་ཉེ་བར་དྲངས་པའི་ཚིགས་སུ་བཅད་པའི་གླུ་དབྱངས་ཀྱི་ཕྲེང་བས་སྔུན་བསུས་ཏེ། སྐབས་སུ་གླེང་བར་བྱ་བ། སྐལ་བ་མཆོག་གི་བདུད་རྩིའི་རོ་ལ་ལོངས་སུ་སྤྱོད་པའི་ལེགས་བྱས་ཀྱི་བགོ་སྐལ་ཉེ་བར་ཐོབ་པའི་རང་ཅག་རྣམས་ཀྱི་རྣམ་འདྲེན་དམ་པ་ཀུན་མཁྱེན་ཟས་གཙང་སྲས་པོའི་རིང་ལུགས་དྲི་མ་མེད་པ་དཔྱིད་ཀྱི་རྒྱལ་མོའི་རྗེས་སུ་ཉེ་བར་ཞུགས་ཏེ། བླ་ན་མེད་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་མཆོག་གི་དབྱར་སྐྱེས་དཔག་བསམ་གསར་བའི་འབྲས་བུ་ལ་ལོངས་སུ་སྤྱོད་པར་འདོད་པ་རྣམས་ཀྱིས་རྗོད་བྱེད་ཀྱི་ཚིག་རྣམས་མང་དུ་ཐོས་ཤིང་། བརྗོད་བྱའི་དོན་རྣམས་ནན་ཏན་དུ་བསམ་པར་བྱ་བའི་གནས་ནི། །རྗེ་བཙུན་བྱམས་པས་རིག་པའི་གནས་ལྔ་དག་ལ་མཁས་པར་མ་བྱས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་པ་མི་འཐོབ་སྟེ། །དེ་བས་གཞན་དག་ཚར་བཅད་རྗེས་སུ་བཟུང་ཕྱིར་དང་། རང་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་རྩོན་བྱེད། ཅེས་ཤེས་བྱ་རིག་པའི་གནས་ཆེ་བ་ལྔར་བཤད་པ་(༧བ)


GLG020_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ནི། ཚིག་དོན་འཁྲུལ་པ་ཞུགས་པ་ཚར་གཅོད་པ་བརྡའ་སྤྲོད་དང་གཏན་ཚིགས། གཞན་ལ་ཕན་ཞིང་རྗེས་སུ་འཛིན་པར་བྱེད་པ་བཟོ་དང་གསོ་བ། རང་ཉིད་ཆོས་ཀུན་ཤེས་པར་བྱེད་པ་ནང་དོན་རིག་པ་སྟེ། ལྔ་པོ་འདི་ནི་ཁོང་དུ་ཆུད་པ་ལ། འཕགས་པའི་ཡུལ་དུ་མཧཱ་པཎྜི་ཏ་ཞེས་གྲགས་ཤིང་། དེ་དང་མཐུན་པར་རྗེ་བཙུན་ས་པཎྜི་ཏས། དེ་ཡུལ་བརྡའ་སྤྲོད་རྟོག་གེ་དང་། །འཚོ་བ་ཕྱི་ནང་རིག་ཅེས་བྱ། །གཞན་ལས་གཞན་དག་རྣམ་བཤད་པ། །འདི་ཡི་ནང་དུ་འདུས་ཞེས་བཤད། །ཅེས་གསུངས་པ་ལྟར་རོ། །འཕགས་མཆོག་ཅི་སེམས་ཐམས་ཅད་མཁྱེན་པ་ཐོབ་མི་འགྱུར། །དེ་བས་གཞན་རྣམས་ཞེས་ལོ་ཆེན་འགྱུར་མེད་བདེ་ཆེན་གྱིས་འགྱུར་བཅོས་མཛད་པ་ནི་ལེགས་པར་སེམས་ཏེ་འཕགས་པ་མཆོག་སངས་འཕགས་ལ་སྦྱར་ན་སྨོས་ཅི་དགོས། བྱང་སེམས་དང་ཉན་རང་གིས་འཕགས་པའི་ལམ་མངོན་དུ་གྱུར་ན་ཡང་། རིག་པའི་གནས་ལྔ་ལ་ལེགས་པར་སྦྱངས་པ་ཞིག་འདོད་དགོས་ཏེ། དེ་ལྟ་མིན་ན་འཕགས་པ་དེ་དག་བླུན་པོ་ཡིན་པར་ཐལ་བའི་སྐྱོན་ཡོང་ཞིང་། དག་ལ་རྣམ་དབྱེ་ཨཽ་དང་རྣམས་ལ་ཛས་སྟེར་བས། དག་གི་གཉིས་དང་རྣམས་ཀྱི་གསུམ་ནས་གྲངས་ཇི་ཙམ་འདོད་པ་བསྡུ་ནུས་པས་སོ། །དེ་ལྟར་གནས་ལྔ་པོ་དེའི་ནང་ནས་ཀྱང་ཐོག་མར་སློབ་བར་བྱ་བ་ནི། ཐོག་མར་སྒྲ་ལ་མཁས་པ་ཡིས། །ཚིག་དོན་རྣམ་པར་ཕྱེ་སྟེ་བསྟན། །དེ་ནས་དོན་ལ་མཁས་པ་ཡིས། །ལྷག་ཆད་འཁྲུལ་པ་མེད་པར་བཤད། །ཅེས་པ་ལྟར། སྒྲ་ཤེས་ན་དོན་ལ་མི་རྨོངས་པས་རྗོད་བྱེད་ཀུན་(༨ན)


GLG020_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གཞིར་བཟུང་བའི་སྟེང་དུ། སྙན་དངགས་ཤེས་ན་ཚིག་རྒྱན་ལ་མི་རྨོངས། སྡེབ་སྦྱོར་ཤེས་ན་ཚིགས་བཅད་ལ་མི་རྨོངས། མངོན་བརྗོད་ཤེས་ན་མིང་ལ་མི་རྨོངས། ཟློས་གར་ཤེས་ན་སྐད་རིགས་ལ་མི་རྨོངས་ཤིང་། དཔང་ལོ། འཇམ་ཁ། སྣར་ཐང་པ། རིན་སྤུངས་པ་སོགས་ཀྱི་འགྲེལ་ཆེན་ན། སྒྲ་ཐེ་བའི་རིག་གནས་ཆུང་བ་ལྔར་བཤད་ཀྱང་། དཔལ་སྒང་ལོ་ཙཱ་བས་སྐར་རྩིས་རིག་གནས་ཆུང་བ་གཅིག་ཏུ་འདྲེན་པ་ནི། དུས་འཁོར་གྱི་རྩིས་དང་། དབྱངས་འཆར་བའི་རྒྱུད་ལེའུ་བཅུ་པ་གཉིས་ཀྱིས། སྔར་བཤད་པའི་རིག་པའི་གནས་དེ་དག་དང་མི་འདྲ་བའི་བརྗོད་བྱ་ཁྱད་པར་ཅན་གཞན་སྟོན་པས་ན་འདྲེན་པར་ཁོ་བོ་འཐད་པར་སེམས་ཤིང་། བདག་གི་སློབ་དཔོན་མཁས་པ་ཆེན་པོ་ཡང་དེ་ལྟར་བཞེད་དོ། །ལུགས་སྔ་མ་ལྟར་ན་རིག་གནས་བཅུ་ཕྲག་གཅིག་འདྲེན་པ་ལ་དགུ་ལས་མི་འབྱུང་བའི་སྐྱོན་འཇུག་པས། དོན་འདི་ལ་དགོངས་ནས་ལོ་ཙཱ་བ་ཆེན་པོའི་གསུང་ལས་སྐར་རྩིས་སྙན་ངག་སྡེབ་སྦྱོར་དང་། །མངོན་བརྗོད་ཟློས་གར་འདི་ལྔ་ལ། །རིག་གནས་ལྔ་ཞེས་འཕགས་ཡུལ་ན། །གྲགས་པའི་བ་དན་རླུང་ལྟར་སྒྲོག །ཅེས་གསུངས་སོ། །ཕྱག་རྒྱ་བ་སོགས་གངས་ཁྲོད་ཀྱི་སྒོམ་ཆེན་རྣམས་ཀྱིས། ཐ་སྙད་རིག་པ་འདི་རྣམས་ཕྱི་རོལ་པས་ཀྱང་ཐོས་བསམ་དུ་བྱ་བས་ན་སྙིང་པོ་མེད་དོ་སྙམ་ན། ཁྱོད་རང་རྣམས་ཀྱིས་ཉམས་སུ་ལེན་པའི་ཕྱག་རྒྱ་ཆེན་པོ་དེའི་(༨བ)


GLG020_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་མཐོང་གི་རྟེན་གཞིར་གྱུར་པའི་ཞི་གནས་དེ་ལ་གོམས་པའི་ཕྱི་རོལ་པ་ཇི་སྙེད་ཅིག་འབྱུང་བས། ཁྱོད་རང་རྣམས་ཀྱི་ཞི་གནས་དེ་ཡང་སྤང་བྱར་མི་འགྱུར་རམ། ངེད་ཀྱི་ཞི་གནས་ལ་སྐྱབས་འགྲོ་དང་སེམས་བསྐྱེད་སོགས་ཀྱི་ཁྱད་པར་ཡོད་དོ་ཞེས་སྨྲ་ན། ངེད་ཅག་ཐ་སྙད་མཁན་པོ་རྣམས་ཀྱི་ཐ་སྙད་རིག་པ་ལའང་ཐེག་པ་ཆེན་པོའི་སེམས་བསྐྱེད་ཀྱི་རྩིས་ཟིན་པའི་བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུར་འགྲོའོ་ཞེས་སྨྲ་ན་ཅི་སྐད་ཟེར། འཇམ་མགོན་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ་ཆེན་པོས། ཚད་མ་རྣམ་འགྲེལ་གྱིས་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་བསྟན་པར་བཞེད་པ་ལ། སྟག་ཙང་ལོ་ཙཱ་བས། རིག་གནས་ཀུན་ཤེས་རྩ་འགྲེལ་དུ་དགག་པ་མཛད་པ་ནི། ལོ་ཙཱ་བ་མཁས་པ་ཆེན་པོ་ཡིན་པས་དགོས་པ་ཅན་གྱི་གསུང་ཡིན་མཆི། དེ་ལྟར་མིན་ན། ས་པཎ་གྱིས། ཆོས་ཀྱི་གྲགས་པའི་གསུང་རབ་དྲི་མ་མེད། །ཅེས་འགྱུར་བྱང་དུ་མཛད་པས། གསུང་རབ་ཡིན་ཕྱིན་སྡེ་སྣོད་དང་། དེའི་དགོངས་འགྲེལ་གང་རུང་ལས་མ་འདས་ཤིང་། དེ་གང་རུང་ཡིན་ཕྱིན་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་བརྗོད་བྱར་མི་བྱེད་པ་མི་སྲིད་པས་དོན་མེད་ཀྱི་དགག་པ་མི་མཛད་པ་ཞུ། གཞན་ཡང་དཔང་ལོས། མངོན་པ་ལ་ལུང་གི་མངོན་པ་དང་། རིགས་པའི་མངོན་པ་གཉིས་སུ་བཞེད་པས་ཀྱང་། རྗེ་བླ་མའི་དགོངས་པའི་རྒྱབ་བསྐྱོར་དུ་འགྲོའོ། །དྭགས་རྒྱུད་པ་ཅི་རིགས་ཀྱིས་སྟག་ཚང་པའི་གསུང་དེ་དག་ལ་བརྟེན་ནས། (༩ན)


GLG020_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བླ་མ་ལ་ཟུར་ཟ་བར་འདོད་པའི་ཚིག་སྦྱོར་བ་བྱེད་པ་ནི། ས་དགེའི་མཁས་པ་ལུང་རིགས་ཀྱི་ལུས་སྟོབས་རྫོགས་པའི་སྟག་སེང་ཁ་འཐབ་པའི་བར་དུ་བཀའ་བརྒྱུད་པའི་སྒོམ་ཆེན་ཝ་སྐྱེས་ལྟ་བུ་དག་རྒྱུ་བ་ནི་ཤིན་ཏུ་འཚང་ཆེ་བས་བག་ཡོད་པར་བྱོས་ཤིག །དེ་ཡང་ཐ་སྙད་རིག་པ་ལྔའི་ནང་ནས་ཐོག་མར་གང་ལ་སློབ་ཅེ་ན། ཟུར་མཁར་བློ་གྲོས་རྒྱལ་པོས། རྒྱལ་པོ་ལང་ཚོས་དྲེགས་གྱུར་ཀྱང་། །རྒྱན་མེད་པ་ན་སྐྱེ་བོས་གླེང་། །དེ་བཞིན་སྙན་ངག་མི་ལྡན་པའི། །བསྟན་བཅོས་མཁས་ལ་རྩིས་སུ་མེད། །ཅེས་པ་ལྟར། །ཚིག་སྦྱོར་ཕུན་སུམ་ཚོགས་པའི་སྙན་ངག་དང་མི་ལྡན་པའི་གྲོང་ཚིག་ཙམ་ལ་བརྟེན་ནས་དོན་བཟང་པོ་ཡོད་པར་རློམ་པ་ནི། ལུས་ཀྱི་ལང་ཚོ་རྒྱས་ཤིང་མཛེས་པའི་སྐྱེས་བུ་ཞིག་རྒྱན་གོས་དང་བྲལ་ཏེ་གཅེར་བུར་རྒྱུ་བ་ན་འཇིག་རྟེན་ན་འཕྱ་སྨོད་བྱེད་པ་ལྟར། ཚིག་རྣམ་པར་ཉམས་པའི་བསྟན་བཅོས་ལ་མཁས་པ་རྣམས་ཀྱིས་བརྙས་པར་མཛད་པས་ན། བློ་ལྡན་དགའ་བའི་རྩེ་དགའ་ཁོང་ནས་རྒོད་པའི་སྙན་ངག་གི་བསྟན་བཅོས་འདི་ཉིད་ལ་འཇུག་རིགས་ཏེ། རྟོགས་བརྗོད་རིན་པོ་ཆེ་དཔག་བསམ་འཁྲི་ཤིང་ལས། མཁས་པ་ཉིད་ནི་མེད་ན་བློ་གྲོས་རྣམ་ཉམས་མི་རྣམས་འཚོ་བ་དོན་ཡོད་མིན། །མཚུངས་མེད་རྒྱས་པའི་སྙན་ངག་མེད་ན་མཁས་པ་ཉིད་ནི་ནེའུ་ཙོའི་ཀློག་དང་མཚུངས། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་རྗོད་བྱེད་ཀྱི་ཚིག་(༩བ)
ཉུང་ཞིང་། བརྗོད་བྱའི་དོན་ཕུན་སུམ་ཚོགས་པའི་དཎྜིའི་བསྟན་བཅོས་མེ་ལོང་མ་འདི་ཉིད་མཁས་པའི་བཤད་སྲོལ་ཆེས་མང་བ་ལ་ཡང་། སྐབས་འགར་ཅུང་ཟད་འཁྲུལ་པའི་ལམ་དུ་འཕྱན་པའང་སྲིད་པས། དེ་དག་ལ་དཔྱད་པ་གསུམ་གྱི་སྒོ་ནས་དག་པར་བྱས་པའི་ལེགས་པར་བཤད་པའི་གླུ་དབྱངས་ལེན་པ་ལ་འཇུག་པས། དེ་ཡང་ཁོ་བོའི་སློབ་དཔོན་མཁས་པ་ཆེན་པོ་སྨོན་འགྲོ་ལོ་ཙཱ་བ་ཡབ་སྲས་ཀྱི་ཕྱག་ལེན་དུ། འགྱུར་རྣམ་གྲངས་སྔ་ཕྱི་མང་བར་འདུག་ཀྱང་བློ་བརྟན་བཞི་པའི་འགྱུར་ཉིད་བདེ་བས་གཙོ་བོར་མཛད། དཔང་ལོའི་འགྲེལ་པ་ལ་ཚད་ཐུབ་ཀྱི་གཞིར་བཟུང་། རིན་སྤུངས་པའི་འགྲེལ་པ་ཕལ་ཆེར་ལ་བརྟེན། འཇམ་ཁ། སྣར་ཐང་པ་སོགས་མཁས་པ་མང་པོའི་ལེགས་བཤད་ཀྱིས་ཟུར་བརྒྱན། འོན་ཀྱང་འགྲེལ་པ་གོང་མ་དེ་དག་གི་བརྗོད་བྱ་ཁོ་ན་ལ་བརྟེན་པ་ཙམ་མ་ཡིན་པར། ཤོང་ལོས་རྒྱ་གར་པཎ་ཆེན་ལ་གསན་པ་ནས་གཟུང་། ཐམས་ཅད་མཁྱེན་པ་ཆོས་སྐྱོང་བཟང་པོ་སོགས་མཁས་པ་རྣམས་རིམ་པར་བརྒྱུད་པའི་བཤད་སྲོལ་ཐུན་མོང་མ་ཡིན་པ་ཉིད་རང་ལུགས་ཀྱི་སྙིང་པོར་མཛད་པས། འདིར་ཡང་གསུང་སྒྲོས་དྲི་མ་མེད་པའི་ལེགས་བཤད་ལྟར་བྲི་བར་བྱའོ། །


previousགླེང་གཞི།next