Nitartha Digital Library
Tibetan
ཞེ་ཆེན་དབོན་སྤྲུལ་གསུང་འབུམ་པོད་དྲུག་པ།

16 occurrences of ཆུ་བཟང་
[Clear Hits]


  
  
  
expand section
  
12  collapse section
  
 
 
  
 
  
 
 
 
དབུས་ཕེབས་གཉིས་པ་སླར་ཡང་སྨིན་གྲོལ་གླིང་དུ་ལོ་གསུམ་བཞུགས་ནས་རིག་འཛིན་མཐོང་བརྒྱུད་ཕྱག་བཞེས་སོགས་ལ་མཁས་པར་བྱས་ཏེ་རྡོ་སྨིན་བཤེས་གཉེན་ཉི་ཤུ་ཙམ་ལས་དབང་ལུང་ཁྲིད་གསུམ་གྱི་རྒྱུན་བླངས་པ།
  
  
  
 
 
  
  
  
  
  
  


16 occurrences of ཆུ་བཟང་
[Clear Hits]

 
previousདབུས་ཕེབས་གཉིས་པ་སླར་ཡང་སྨིན་གྲོལ་གླིང་དུ་ལོ་གསུམ་བཞུགས་ནས་རིག་འཛིན་མཐོང་བརྒྱུད་ཕྱག་བཞེས་སོགས་ལ་མཁས་པར་བྱས་ཏེ་རྡོ་སྨིན་བཤེས་གཉེན་ཉི་ཤུ་ཙམ་ལས་དབང་ལུང་ཁྲིད་གསུམ་གྱི་རྒྱུན་བླངས་པ།next

དབུས་ཕེབས་གཉིས་པ་སླར་ཡང་སྨིན་གྲོལ་གླིང་དུ་ལོ་གསུམ་བཞུགས་ནས་རིག་འཛིན་མཐོང་བརྒྱུད་ཕྱག་བཞེས་སོགས་ལ་མཁས་པར་བྱས་ཏེ་རྡོ་སྨིན་བཤེས་གཉེན་ཉི་ཤུ་ཙམ་ལས་དབང་ལུང་ཁྲིད་གསུམ་གྱི་རྒྱུན་བླངས་པ།


GTN006_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཤིང་སྤྲེལ་ཟླ་བ་དང་པོའི་ཚེས་བཅུ་དགུ་ལ། སྔ་འགྱུར་བསྟན་པ་རྒྱ་མཚོའི་འབྱུང་དང་འཕེལ་བའི་གཞི་གཅིག་པུ་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་ཚོགས་གྲལ་དུ་གྲྭ་གསར་བཅུ་བདུན་དང་ལྷན་དུ་ཞུགས་པར་མཛད། གྲྭ་སར་སྡོད་རྟེན་རྒྱ་དངུལ་སྲང་བཅུ་གསུམ་ཕུལ། དེ་སྐབས་ཁྲི་ཆེན་པདྨ་དབང་རྒྱལ་དགོངས་པ་ཞི་དབྱིངས་སུ་གཟིགས་ཟིན་པས་བདག་ཅག་བསོད་ནམས་ཟད་པས་ལན་གསུངས་ཐུགས་འགྱོད་ཆེ་ཐང་དུ་མཛད། དེ་ནས་གྲྭ་ས་དེའི་ལུགས་སྲོལ་ལྟར་རྗེ་ཉིད་ཀྱི་གཙུག་ཕུད་མཁན་ཨོ་རྒྱན་ཆོས་འཕེལ་ལ་ཕུལ། མཚན་འགྱུར་མེད་བསྟན་འཛིན་འཕེལ་རྒྱས་ཞེས་བྱ་བ་གསོལ། ཆོས་མཐུན་གྱི་སྒྲིགས་ལམ་དེར་སྒོ་གསུམ་གྱིས་བརྩོན་པ་ཆེ་ཐང་དུ་མཛད་པས། རྣམ་བཞག་ཆེ་ཕྲ་ཇི་སྙེད་ཅིག་མཆིས་པ་ཀུན་ལ་རང་བྱན་ཆུབ་པས་སླད་ནས་དེ་ཚུལ་སྨྲ་བ་ལ་སྤོབས་པ་ཟླ་དང་བྲལ་བར་གྱུར། གཞན་དེ་སྐབས་དབང་ལུང་གསན་བཞེས་མཛད་པ་ལ། རྗེ་བཙུན་ཕྲིན་ལས་ཆོས་སྒྲོན་མདུན་ནས་རྙིང་རྒྱུད་ལུང་དངོས་ཡོད་པོད་ཉི་ཤུ་སྐོར་སོགས་དང་། མཁན་ཨོ་རྒྱན་བསྟན་འཛིན་ཆོས་འཕེལ་མདུན་ནས། བཀའ་བརྒྱད་རྣལ་འབྱོར་རྒྱུན་དབང་སོགས་དང་། མ་ཧཱ་པཎྜི་ཏ་རྩེ་དགེ་རྒན་སྐྱེས་མཆོག་ལགས་ཀྱི་མདུན་ནས་དབུ་མ་རིགས་ཚོགས་སོགས་ཀྱི་ལྗགས་ལུང་དང་། ལྷ་ཆེན་རླུང་འཁོར་གྱི་ཟབ་གནད་དང་། སྔགས་སྡེབ་སྙིང་གཟེར་གྱི་སྐོར་གཤིན་རྗེའི་ཞལ་ཁྲིད། མགོན་པོའི་མདོས་ཆེན་གྱི་ལག་ལེན་སོགས་མན་ངག་ཀྱང་མང་དུ་གསན། ལྷག་པར་དུ་


GTN006_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་དགོངས་གཅིག་འདྲེས་སུ་གྱུར། གྲྭ་ས་དེར་བཞུགས་རིང་གནས་ཀྱིས་གང་ཟག་བྱིན་གྱིས་བརླབས་པའི་ཉམས་ལྟས་ཁྱད་པར་ཅན་དང་། གསོ་སྦྱོང་དབྱར་གནས་སོགས་འདུལ་བའི་ཚུལ་ཇི་ལྟ་བ་བཞིན་ལག་ཏུ་བླང་བའི་སྐབས་ཐོབ་པས་ཤིན་ཏུ་སྤྲོ་བའི་གསུང་ཚུལ་དུ་མ་གནང་། རྗེ་ཉིད་ཀྱི་མནལ་ལམ་དུ་རྡོ་རྗེ་བྲག་རྗེ་བཙུན་མ་དེ་རྒྱལ་གསུང་བཀའ་ཡི་བསྡུ་བ་མཛད་པའི་རྣམ་དཔྱོད་ཅན། ཡེ་ཤེས་མཚོ་རྒྱལ་གྱི་རྣམ་འཕྲུལ་དངོས་ཡིན་པ་དང་། འགྲོ་བའི་དོན་དུ་སྤྲུལ་པ་སྣ་ཚོགས་སྟོན་པ་དང་། སྨིན་གླིང་ནས་ཡེ་ཤེས་ཀྱི་མཁའ་འགྲོ་མ་མི་མོའི་རྣམ་པར་སྣང་བ་རྗེ་བཙུན་ཕྲིན་ལས་མཚན་གྱི་བྱིན་རླབས་ཀྱིས། སྣང་ཤེས་ཀྱི་ཉམས་ལ་སྤྲུལ་པའི་གུ་རུ་མཚན་བརྒྱད་ཀྱི་ཞབས་རྗེས་གསལ་བར་མངོན་པ་དང་། མཚན་བརྒྱད་པོའི་སྐུའི་རྣམ་འགྱུར་རྣམས་ཀྱང་རིག་པ་རང་བབས་སུ་བཞག་པའི་ངོ་ན་ཤིན་ཏུ་གསལ་ཞིང་། བརྟགས་ཤིང་དཔྱད་ན་ལྷག་པར་གསལ་དུ་མི་འགྲོ་བའི་དག་སྣང་མངོན་སུམ་དུ་བྱུང་བས་མཚོན། བླ་མ་དང་ལྷག་པའི་ལྷས་རྗེས་སུ་བཟུང་བ་དང་། དཔའ་བོ་མཁའ་འགྲོའི་ཚོགས་གྲལ་དུ་ལྷན་གཅིག་པར་ལོངས་སྤྱོད་པ་སོགས་དང་། གཞན་ཡང་ཨོ་རྒྱན་གཏེར་བདག་གླིང་པས་ཞལ་མངོན་སུམ་དུ་གཟིགས་ནས་སྐུ་བསྟོད་ངོ་མཚར་ཅན་མཛད་པ་སོགས། མོས་གུས་འགྱུར་མེད་ཀྱི་སློབ་བུ་འགའ་ལ་གསུང་གླེང་མཛད་པ་འགའ་ཟུང་ཐོས་ཀྱང་། རྩ་ཐོ་བཀོད་པ་མེད་པས་སྒྲོ་སྐུར་དུ་འགྱུར་གྱིས་དོགས་ནས་ཇི་བཞིན་བྲི་རྔོ་མི་ཐོགས། རྡོ་རྗེ་འཆང་གཙང་


GTN006_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམ་པད་རི་སྤྲུལ་སྐུའི་མདུན་ནས། པད་གླིང་ཕྱག་རྡོར་སྐོར་གྱི་དབང་ལུང་། སུམ་པ་བྱང་ཆུབ་བློ་གྲོས་ཀྱི་གཏེར་མ་རླུང་ནག་དྲེགས་པ་ཉི་ཤུའི་ལུང་། གསང་སྙིང་སྨན་ཊཱིཀ །སྒྲོལ་ཊཱིཀ་སོགས་དབང་ལུང་མང་ཞིག་གསན་བཞེས་མཛད། ཕར་ལ་གསང་སྙིང་འགྲེལ་བ་ཕྱོགས་བཅུའི་མུན་སེལ་དང་། ཡང་ཏི་ནག་པོ་གསེར་གྱི་འབྲུ་གཅིག་གི་ལུང་ཕུལ། མྱོས་རིགས་རྡོ་རྗེ་འཛིན་པ་ཆོས་མཛད་ཀུན་ལྡན་མདུན་ནས། གསང་སྙིང་རྩ་བ་དང་། གསང་བདག་དགོངས་རྒྱན་གྱི་ལུང་དང་། རྒྱུད་ཀྱི་བཤད་པ་གསན། འདུལ་བ་གཞི་གསུམ་གྱི་ལག་ལེན་ཞལ་ཁྲིད་ཞིབ་པར་ཞུས། ཟིན་བྲིས་བསྙེལ་ཐོ་བཅས་མཛད། གར་ཚེའི་དབང་གསན་ཐུགས་ནང་ཤིན་ཏུ་གཤིན་པར་གྱུར། དེ་སྐབས་ཕྱག་རྫས་སྔོན་ཡོད་རིགས་སྤོང་དག་མཛད་ནས། གྲྭ་ཚང་གི་མང་ཇ་ཁོ་ན་ལ་བརྟེན་པ་ལས་གཞན་མེད་ཀྱང་། སྦྱིན་པའི་རང་འབྲས་མངོན་དུ་གྱུར་བའི་ཕྱག་རྗེས་ལ། བོད་དངུལ་སྲང་བརྒྱ་དང་གྱ་གསུམ། མཛོད་དར་ཉིས་བརྒྱ་སོགས་རང་བབ་ཀྱིས་ཕྱག་ཁར་འབྱོར་བ་ཡང་། སྔ་ཕྱི་འཚོགས་པ་ལ་མང་ཇ་དང་། ཕྱག་འགྱེད། བླ་སྤྲུལ་རྣམས་ལ་འབུལ་བ། ལྷ་ཁང་རིགས་ལ་སྐར་མེ། མཆོད་འབུལ། ཚོགས་འཁོར། ཆོ་ག །ལྷ་བསང་མཛད་པ་བཅས་ལ་ཕུལ་ནས་བལ་ཊམ་གཅིག་ཙམ་ཡང་བདག་བཟུང་མ་བྱས་པར་ཚོགས་སུ་བསྒྲུབས། སྔར་རང་ལོ་ཆུ་ལུག་དེ་རང་ཀེག་དང་། སྤར་སྨེ་འཚུབ་པ་སོགས་ཀྱིས། མི་དང་མི་མིན་གྱིས་ཉེར་འཚེ་ཆེ་བའི་དུས་ལ་བབ་ཀྱང་། རོ་སྙོམས་ཀྱི་སྤྱོད་པས་རྒྱལ་ཁམས་ངེས་མེད་དུ་བྱོན་ཏེ་གཅེས་འཛིན་བློས་བཏང་


GTN006_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

བས་སྐྱོན་ཆེར་མ་བྱུང་ནའང་། ཤིང་བྱ་གནམ་ལོ་གསར་ཚེས་ཀེག་རྒྱབ་ཀྱི་བསྙད་ལ་ཐུག་པས། ཟླ་བ་བདུན་ཙམ་ལ་སྐུ་བསྙུན་པ་དང་། ཁྱད་པར་ཟླ་བ་གསུམ་པའི་ནང་ལ། གཞི་བདག་གི་འཁྲེན་གཟེར་དང་། འཆི་བདག་གི་ཁྲམ་ལ་ཐེབས་རྟགས་ཀྱང་གསལ་བར་མངོན་ནའང་། སྨིན་གླིང་དྲག་དམར་གྱི་བསྙེན་མཚམས་དང་། ནད་ཟུག་གི་ཚོར་བ་ལ་དཔག་ནས་བདེ་སྡུག་གཏོང་ལེན་དང་། རོ་སྙོམས་དང་། ལུས་སྦྱིན་གྱི་ཉམས་ལེན་ལ་བསྲེ་བར་མཛད་པས་ནད་རྐྱེན་རང་སངས་སུ་སོང་། རིམ་གྲོ་ཡང་མོ་ཕྱྭ་དང་བསྟུན་ཅུང་ཞིག་སྒྲུབ་པར་མཛད། དེ་སྐབས་སུ་ཐ་མལ་གྱི་ནད་པ་དང་མི་འདྲ་བར། ཟུག་རྔུ་དེ་ཡུལ་ཡུལ་ཅན་སྣ་ཚོགས་ཤིག་འཕྲད་པ་ལས་བྱུང་བས་གཟུགས་བརྙན་ཀྱི་ཚུལ་ཙམ་ལས་བདེན་གྲུབ་མེད་པར་ཐུགས་ཐག་ཆོད་པས་སྡུག་བསྔལ་གྱི་ཚོར་བས་དེ་ཙམ་གླག་མ་རྙེད་པས། དེ་སྐབས་སུ་ཡུམ་པོད་ཆེན་བཅུ་གཉིས། འདུལ་བ་པོད་བཅུ་གསུམ། མདོ་སྡེ་པོད་གསུམ་བཅས་ཁྱོན་པོད་ཆེན་ཉེར་བརྒྱད་ཞལ་འདོན་མཛད། དེ་མཚམས་སུ་རང་དགོན་ནས་ཞེ་ཆེན་རབ་འབྱམས་རིན་པོ་ཆེའི་གསུང་རྒྱ་དང་། ཕྱག་མཛོད་བསོད་ནམས་བསྟན་འཛིན་དཔོན་གཡོག་ཆིབས་བསུ་ལ་ཆེད་བཏང་འབྱོར་བས། འཕྲལ་བྱོན་དགོས་ཚུལ་ནན་ཞུས་ཡང་ཡང་བསྐྱར་འཕྲལ། བྱོན་རྒྱུ་ཐུགས་ཐག་ཆོད་པས། ཟླ་བ་བཅུ་གཉིས་པའི་ཚེས་ཉེར་གསུམ་ཉིན། ལོ་མཇུག་དགུ་ཆེན་འཚོགས་པ་ལ་བལ་ཊམ་བརྒྱ་དང་ཉི་ཤུ་འགྱེད་དུ་བཏང་། མང་ཇ་གསུམ། བཞེས་ཐུག་བཅས་ཞུས། ཁྲི་ཆེན་སྲས་སངས་རྒྱས་ཀུན་དགའི་


GTN006_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་ལ། ནང་མཛོད་དང་། ལིང་ཡུག །བོད་དངུལ་སྲང་བཅུ། མཁན་རིན་པོ་ཆེའི་མདུན། མཛོད་ཐག །ཊམ་ག་བདུན། གླ་མགོ་བག །གཅུང་སྦུས་སྡེ་སྤྲུལ་སྐུ་ལ། མཛོད་ཐག །ལིང་ཡུག །ལིའི་གཏིབ་དཀར། རྗེ་བཙུན་གསུམ་ལ་མཛོད་ཐག་གསུམ་གླ་མགོ་གསུམ། ལྷ་ཁང་རྣམས་ལ་སྙན་ཤལ། སྐར་མེ་ཞལ་གསོ་དང་བཅས་ཐོན་ཕྱག་ཞུས། རྒྱལ་བསྟན་འཛིན་སྐྱོང་སྤེལ་གསུམ་ནུས་པ་དང་། སྐྱེ་ནས་སྐྱེ་བར་སྒྲིག་ལམ་དེ་ཉིད་ལ་ཡང་ཡང་འཇུག་པའི་སྨོན་ལམ་གཏེར་ཆེན་འདྲ་སྐུའི་མདུན་དུ་ནན་ཆེར་མཛད་ནས། ཉེར་བདུན་ཉིན་རྡོ་རྗེ་བྲག་ཏུ་ཕེབས། ཞབས་དྲུང་རིན་པོ་ཆེའི་མདུན་ནས་ཚེ་དབང་རྡོ་རྗེའི་རྒྱ་མདུད་གསན། མཛོད་ཐག་དང་དངུལ་སྲང་བཞི་ཕུལ། མཚོ་རྒྱལ་རྣམ་འཕྲུལ་རྗེ་བཙུན་མའི་དྲུང་ནས་ཚེ་དབང་ཉི་མའི་སྙིང་པོ་སོགས་གསན། ནང་མཛོད་དར་རིང་གསུམ་དང་བོད་དངུལ་སྲང་གང་ཕུལ། previous hit ཆུབཟང next hit་མཁན་རིན་པོ་ཆེ་ལ། དར་སྐྱ་ཆེན་དང་། བལ་ཊམ་གསུམ་ཕུལ། ཚོགས་པར་མང་ཇ་དང་། བལ་ཊམ་བརྒྱད་ཀྱི་རྣམ་བཞག་ཕུལ། བླ་སྤྲུལ་གྲྭ་ཚང་བཅས་ཐུགས་དགོངས་དབྱེར་མེད་འབྲལ་དཀའ་བ་ཙམ་དུ་གྱུར། མེ་ཁྱི་ཟླ་བ་དང་པོའི་ཚེས་བཞི་ནས་བཟུང་། རྡོ་བྲག་མཆོག་སྤྲུལ་རིན་པོ་ཆེ། previous hit ཆུབཟང next hit་མཁན་པོ། རྗེ་བཙུན་མ། བདེ་གྲོལ་གདུང་བརྒྱད་པ་ཀུན་བཟང་ཡེ་ཤེས་རྒྱལ་མཚན། སྤང་ལེབ་སྤྲུལ་སྐུ་ཕྲིན་ལས་རྣམས་ལ་ཞག་བཅུ་སྐོར་ལ་ཉིན་མཚན་ཁ་སྦྲེལ་ཏེ། ཉང་གཏེར་བཀའ་བརྒྱད་བདེར་འདུས་ཀྱི་དབང་ལུང་ཡོངས་རྫོགས། ཆོས་དབང་གཏེར་བྱོན་བཀའ་བརྒྱད་


GTN006_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

གསང་རྫོགས་དབང་ལུང་ཚང་མ། ཀཿ ཐོག་མ་ཧཱ་པཎྜི་ཏའི་གསུང་པདྨའི་ལམ་རིམ་འགྲེལ་ཆེན་པོད་གཉིས་སོགས་ཀྱི་ལྗགས་ལུང་ལེགས་པར་ཕུལ། ཆོས་ཀྱི་དགའ་སྟོན་ལ། མཛོད་ཐག་དང་། ཨོ་རྒྱན་སྐུ་འབགས་རྒྱུ་བཟང་། རྒྱ་དངུལ་སྲང་ཉེར་ལྔ། འཕྲུག་གཟན་ཁ་གསར། ཐང་ཤམ་སོ་མ་ལམ་ཆས་དགོས་དགུ་བཅས་འབུལ་བ་མཛད། རྗེ་བཙུན་གྲུབ་པ་མཆོག་གི་མདུན་ནས། ཡང་ཏིག་གཅེས་སྒྲོན་པད་ཕྲིན་གྱི་གསུང་གསན་བཞེས་མཛད། ཕར་ལ་སྔགས་སྡེབ་སྙིང་གཟེར་ནག་པོ་དང་། མན་ངག་སྲིད་པའི་གཏེར་ཁྱིམ། ཀློང་སྙིང་ཚེ་རིང་མའི་དབང་ལུང་། རིན་འབྱུང་ཚེ་རིང་མའི་དབང་རྣམས་ཕུལ། འདི་སྐབས་རྡོ་རྗེ་བྲག་གི་ནང་རྟེན་ཐེམ་ཕྱིར་མི་འདའ་བ་བྱིན་ཅན་གལ་གནད་ཆེ་རིགས་ཞིབ་མཇལ་མཛད་རྒྱུ་བྱུང་བས་ཐུགས་དགྱེས་པའི་རྩེར་སོན། ཚེས་བཅོ་ལྔར་ལྷ་ལྡན་དུ་ཕེབས། སྨོན་ལམ་གྱི་མཆོད་མཇལ་དང་གཟིགས་མོ་སོགས་མཛད། ཟླ་བ་གཉིས་པའི་ཚེས་དྲུག་ལ་ལྷ་སའི་ཉེ་ཞོལ་སྟོད་ལུང་མདར། ཆོས་རྗེ་དངོས་གྲུབ་ལྡིང་བའི་རྩར་དབུས་གཙང་ཁམས་གསུམ་ན་དེ་ལྷག་མེད་པའི་མཇལ་རྒྱུ་ཤིན་ཏུ་གནད་ཆེན་མང་ཞིག་ཡོད་པར་ཐོས་ནས། ཞབས་ཐང་ལ་དཔོན་གཡོག་ཉུང་ཤས་ཆེད་དུ་ཕེབས་པར་མཛད་པས། རྟེན་གསུམ་མཇལ་རྒྱུ་ལ་བལ་ཡུལ་ཡང་ལེ་ཤོད་དུ་ཨོ་རྒྱན་ཆེན་པོས་ཕུར་སྒྲུབ་མཛད་པའི་སྒྲུབ་ཕུར་གཙོ་བོ་ཁྲུ་གང་ལྷག་པ་སྐུ་རྒྱུ་ཟི་ཀྵི་ཾགུ་རུ་ཇོ་ཚེས་ཟངས་ཡག་བྲག་ནས་བཏོན་པ། དེ་བཞིན་སྲས་ཕུར། ཡུམ་ཕུར་ཁྲོ་བཅུའི་ཕུར་པ་སོགས་བྱིན་ལྡན་ཁོ་ན། སློབ་


GTN006_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་ཆེན་པོས་ཤ་མེད་གངས་དཀར་མ་བཏུལ་དུས་གསེར་གྱི་རྡོ་རྗེ་འཕངས་པས་མིག་ཡ་བཅར་ཚུལ་བཀའ་ཐང་དུ་ཡོད་རྒྱུའི་རྡོ་རྗེ་དེ་རྩེ་ལྔ་པ་ཞིག་པོ་གླིང་པས་ཁྱུང་ཚང་བྲག་ནས་བཏོན་པ། དེའི་ཤུབས་རས་ལྡིང་ནང་རྟེན་ནས་བྱུང་བ་ཁ་ཡིག་ཅན། བལ་བོ་ཨ་སུ་རའི་སྲས་སྨོན་ལམ་སེངྒེའི་ཐུགས་ལ་ཛམ་བྷ་ལ་རང་བྱོན། དེའི་སྲས་གྲགས་པ་སེངྒེའི་དབུ་ཐོད་རིལ་པོ་དབུ་སྐྲ་གསོན་པོ་ལྟར་ཡོད། གྲུབ་ཆེན་ཀུ་ཀུ་རིའི་ཕྱག་འཁར། མཁའ་འགྲོ་ཨུཥྞི་ཥའི་རུས་རྒྱན། ནཱ་རོ་པའི་དུང་ཆོས་རང་བྱོན་ཉིས་བརྩེགས། གྲུབ་ཐོབ་སྦྲུལ་གྱི་སྒོམ་ཐག་ཅན་གྱི་དུག་སྦྲུལ་སྒོམ་ཐག །སྐུ་རྟེན་རྡོ་རྗེ་འཆང་གསེར་ཟངས་མ། གསུང་རྟེན་བརྒྱད་སྟོང་། གསེར་འོད། ཐུགས་རྟེན་མཆོད་རྟེན་ལི་མ་སོགས་རྟེན་གསུམ་ངོ་མཚར་ཅན་དུ་མ་ཞིག་མཇལ་བར་མཛད། འདི་ལྷ་ས་ནས་ཐག་ཀྱང་ཉེ། མཇལ་རྒྱུ་ཡང་ཤིན་ཏུ་འགང་ཆེན་མང་ཞིག་འདུག་ན་ཡང་། རང་ཕྱོགས་གནས་མཇལ་བ་རྣམས་ཀྱིས་མཇལ་མྱོང་མཁན་སུ་ཡང་མི་སྣང་བས་ཉམས་མཚར་དུ་བཀོད་པ་ཡིན་གསུངས། བཞུགས་བྱང་འདི་བཞིན་བཀོད་པ་གནང་། དེ་ནས་ཚེས་བརྒྱད་གཟའ་སྐར་བཟང་བའི་ཉིན་ལྷ་ལྡན་ནས་རང་ཡུལ་དུ་ཆིབས་ཁ་བསྒྱུར་བ་ལམ་བར་ནས་དབུ་ཐོན་ལེགས་ལམ་གྱིས་ཕེབས་ཏེ་ཟླ་བ་ལྔ་པའི་ཚེས་ཉེར་དགུ་ལ། གཞི་ནས་གཉེར་པ་པདྨ་བསྟན་འཛིན་དཔོན་གཡོག་ཆིབས་བསུ་ལ་འོང་བ། སེར་ཤུལ་ནང་དབུའི་ན་བ་གཡང་འཁྱིལ་དུ་ངོ་འཕྲད་པ། དྲུག་པའི་ཚེས་བཅུ་ལ་དཔལ་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་དུ་གཞི་


GTN006_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

བྱེས་གདན་འཛོམས། དགའ་སྤྲོའི་སྟོན་མོ་བླ་གྲྭ་འཁོར་བཅས་ཀྱིས་གཟབ་རྒྱས་དང་། ཆོས་སྲུང་ལ་གཏང་རག་གི་བསྐང་གསོལ་གྲངས་ལྡན་མཛད། དེའི་ཚེས་ཉེར་གསུམ་ལ་རྒྱལ་ཚབ་མཆོག་སྤྲུལ་ཉེ་སྐོར་དུ་ཐོགས་མའི་དབྱར་སྒར་ཐེག །རྗེ་ཉིད་ཀྱང་དབྱར་ངོ་དེར་གྲྭ་སར་བཞུགས་ནས་དམ་པ་ཆོས་ཀྱི་སྐྱེས་ཆེན་བསྣམས་ཏེ་ལེགས་ལམ་གྱིས་འབྱོར་བས། དགོན་ཡུལ་ཚང་མས་གསོལ་སྟོན་དང་ཞལ་སྤྲོ་སྣ་ཚོགས་ཐུགས་བྲེལ་ལྟ་བུར་གྱུར། ཟླ་བ་བརྒྱད་པའི་ཚེས་གཉིས་ལ་རྒྱལ་ཚབ་མཆོག་སྤྲུལ་རི་ཁྲོད་དུ་ཐོག་མར་ཕེབས། རྗེ་ཉིད་ཀྱང་ཕྱག་ཕྱིར་བྱོན། རི་ཁྲོད་པ་རྣམས་ཀྱིས་བསུ་བ་དང་། ལྷ་བསང་བཅས་མཛད། ཟབ་ལམ་བདེ་གཤེགས་ཀུན་འདུས་ཀྱི་ཚོགས་བརྒྱ་བཏང་། ལ་ཉེ་རྟེན་འབྲེལ་ཤིན་ཏུ་དགེ་བར་བྱུང་། དེ་རྗེས་སྟོན་རྒྱབ་རྗེ་ཉིད་རྫ་རྒྱུད་དུ་ནས་བསོད་ལ་ཕེབས། འབུལ་ནོད་རྒྱ་གང་ཆེ་ཕྱག་ཏུ་སྨིན། དེ་མཚམས་ནས་རྗེ་འདི་ཉིད་ཀྱི་མཁས་དང་གྲུབ་པའི་གྲགས་སྙན་གྱི་རྒྱལ་མཚན་གདོང་བཞི་མངའ་བའི་ཁང་བཟང་གི་བ་གམ་དུ་མཛེས་པ། ཕྱོགས་ཀུན་ནས་ལྷམ་མེར་སྣང་བས། པདྨའི་དྲི་བསུང་ཆགས་པའི་རིན་ཆེན་འབྱུང་གནས་ལ། འཁོར་ལོའི་ཡན་ལག་ཅན་གྱི་ཚོགས་རྣམས་མགྲོན་དུ་མ་བོས་བཞིན་འདུ་བ་ལྟར། ཤེས་རབ་གསུམ་གྱི་དགའ་སྟོན་ལོངས་སུ་སྤྱོད་པར་འདོད་པའི་སྐལ་བཟང་སྐྱེ་བོའི་ཚོགས་ཀྱི་འདུ་བ་ཅིར་ཡང་འཕེལ་བས། ཧོར་གཙང་མདའ་སྤྲུལ་སྐུ་ཨོ་རྒྱན་མདོ་སྔགས་དོན་རྟོགས། དབོན་པདྨ་རིག་འཛིན། ཀུན་བཟང་ནོར་བུ་གཉིས་བཅས་


GTN006_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་གཡོག་ཁ་ཤས་ཕེབས། ཐོག་མར་སྒྱུ་འཕྲུལ་ཞི་ཁྲོའི་དབང་སྔོན་དུ་འགྲོ་བས། གསང་སྙིང་གི་རྒྱུད་བཤད་སྒྲ་ཀཱ་ལ་པ། སྡེབ་སྦྱོར། སྙན་ངག་སོགས་ཀྱི་སྐུ་ཡོན་གསན་བཞེས་མཛད། ལོ་མཇུག་དགུ་ཆེན་འཚོགས་དབུར་རྗེ་ཉིད་བཞུགས། སྨིན་གླིང་གི་ཕྱག་བཞེས་གདངས་རོལ་འབུད་དཀྲོལ་སོགས་ལ་དག་ཐེར་དང་། སྐུ་འཆམ་རྣམས་ཀྱང་ཞིབ་པར་མཛད། དེ་ནས་མེ་ཕག་ལོ་གསར་ཟླ་བའི་ཚེས་གསུམ་ལ། རི་ཁྲོད་པདྨ་འོད་གླིང་དུ་སྤོང་བ་བསམ་གཏན་ལ་ཐུགས་དགོངས་གཞོལ་བའི་ཐོག་མར་གཞིས་ཆགས་པར་མཛད། དེ་འཕྲལ་རྫོགས་དགོན་དུ་སྤྲུལ་པའི་སྐུ་མཆོག་མི་འགྱུར་ནམ་མཁའི་རྡོ་རྗེ་ཞལ་མཇལ་བ་དང་། ཚེས་བཅུའི་འཆམས་གཟིགས་ལ་དཔོན་སློབ་གསུམ་བྱོན། རྫོགས་སྤྲུལ་མདུན་ལ་སྤྱིར་ལུགས་གཉིས་ཀྱི་ནང་ཉམས་གསུང་གླེང་དང་། ཁྱད་པར་ལོ་དྲུག་བར་ཟབ་ལམ་བདེ་གཤེགས་ཀུན་འདུས་ཀྱི་བསྙེན་མཚམས་མཛད་རྒྱུའི་དམ་བཅའ་དང་བར་ཆད་མེད་པའི་ཐུགས་གཏད་བཅས་ཞུས་པར། བདེ་གཤེགས་ཀུན་འདུས་འདི་དབང་གི་ལས་ལ་མཆོག་ཏུ་བསྔགས་པ་རང་ཡིན་པས། ཉིད་ཀྱིས་ཀྱང་དེ་ལྟར་མཛད་པ་ཤིན་ཏུ་ལེགས་ཞེས་གསུང་གནང་བ། ད་རེས་གཞན་དོན་དུ་མཆོག་སྒྲུབ་པ་ལས། དེ་འདྲའི་ཐུན་མོང་སྒྲུབ་བསམ་མིན་པས་གང་འདྲ་ཞིག་གསུང་བྱུང་དགོངས་ནས། རྗེ་ཉིད་ཀྱི་ཐུགས་ལ་ཅུང་ཟད་མ་རན་པའི་རྣམ་པ་ཞིག་བྱུང་ཡང་། སླད་ནས་སྒྲུབ་པ་ལ་ཞུགས་པས་རིམ་པར་རྒྱལ་
བའི་བསྟན་པ་ལ་མཛད་པ་རླབས་ཆེན་སྒྲུབ་ནུས་པའི་དམ་པའི་སློབ་ཚོགས་རྒྱུ་སྐར་གྱི་ཕྲེང་བ་ཡོངས་སུ་འདུས་པ་དང་། རང་སྣང་དབང་དུ་འདུས་པས། གཞན་སྣང་ཟིལ་གྱིས་ནོན་པའི་གྲུབ་པའི་རྟགས་མཚན་མངོན་དུ་བརྙེས་པས་ཐུགས་ལ་ངེས་ཤེས་ཐུན་མོང་མ་ཡིན་པ་འཁྲུངས་ནས་རྫོགས་ཆེན་པའི་གསུང་དེ་ལ་དགོངས་གཞི་ཁྱད་པར་ཅན་ཡོད་པའི་རྒྱུ་མཚན་རྗེ་ཉིད་ཀྱི་ཐུགས་ལ་རིམ་པར་མངོན་སུམ་དུ་གྱུར་པའི་ཚུལ་གསུང་གླེང་གནང་བ་ཁོ་བོས་གྲོགས་མཆེད་དུ་མ་དང་ལྷན་དུ་ཐོས་མྱོང་བ།


previousདབུས་ཕེབས་གཉིས་པ་སླར་ཡང་སྨིན་གྲོལ་གླིང་དུ་ལོ་གསུམ་བཞུགས་ནས་རིག་འཛིན་མཐོང་བརྒྱུད་ཕྱག་བཞེས་སོགས་ལ་མཁས་པར་བྱས་ཏེ་རྡོ་སྨིན་བཤེས་གཉེན་ཉི་ཤུ་ཙམ་ལས་དབང་ལུང་ཁྲིད་གསུམ་གྱི་རྒྱུན་བླངས་པ།next