ཤགས་འབྱེད་བསྡུས་པ་བཞུགས་སོ། །
[སློབ་དཔོན་དཀོན་བཟང་པའི་གསུང་ལ། སྦྱང་གཞི། སྦྱང་བྱ། སྦྱོང་བྱེད་གསུམ་སོ་སོ་ཡིན་གསུང༌། དཔོན་བྱང་པའི་གསུང་ལ། སྦྱང་གཞི། སྦྱོང་བྱེད་སོ་སོ་ཡིན་ན། སྦྱོང་བྱེད་དེས་སྦྱང་གཞི་སྦྱང་བར་མི་ནུས། སྦྱང་གཞི་སྦྱོང་བྱེད་སོ་སོ་མ་ཡིན། ཡང་སློབ་དཔོན་པའི་གསུང་ལ། གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད་དུ་གསུངས་པ་དེ། ད་ལྟར་སྣང་ཚོང་པའི་གཟུགས་འདི་མ་ཡིན། བདེ་གཤེགས་སྙིང་པོའི་གཟུགས་ཟེར་བ་ཅིག་ཡོད་པ་དེ་ཡིན། དེ་སྦྱོང་བྱེད་རྡོ་རྗེའི་རྣལ་འབྱོར་གྱིས་སྦྱངས་པས་མངོན་དུ་འགྱུར་བ་ཡིན། དེ་ལ་རྣམ་པར་སྣང་མཛད་ཅེས་ཟེར། དེ་གསུམ་ཐ་དད་ཡིན། དཔོན་བྱང་པ་གསུང་བ་ལ། གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད་དུ་གསུངས་པ་དེ། ད་ལྟར་ཐ་མལ་གྱི་གཟུགས་འདི་ཁོ་ན་ཡིན། བདེ་གཤེགས་སྙིང་པོའི་གཟུགས་ཀྱང་འདི་ཡིན། འདི་ལས་གཞན་པའི་བདེ་གཤེགས་སྙིང་པོའི་གཟུགས་གཞན་མེད། སྦྱོང་བྱེད་རྡོ་རྗེའི་རྣལ་འབྱོར་ཟེར་བའི་ལམ་གཞན་ཞིག་གིས་སྦྱོང་བ་མིན། གཟུགས་ཡེ་གདོད་མ་ནས་རང་བཞིན་མེད་པ་ལ་དེ་ལྟར་རྟོགས་པ་དེ་སྦྱོང་བྱེད་རྡོ་རྗེའི་རྣལ་འབྱོར་ཡིན། དེ་ཁོ་ན་མེ་ལོང་ལྟ་བུའི་ཡེ་ཤེས་སམ་རྣམ་པར་སྣང་མཛད་ཡིན་ཏེ། དེ་ལྟར་རྟོགས་པའི་ངོས་ནས་སྦྱང་གཞི་སྦྱོང་བྱེད་སྦྱངས་འབྲས་རྣམས་ཐ་དད་དུ་འགྱུར་བ་རྡུལ་ཙམ་ཡང་མེད། གལ་ཏེ་སློབ་དཔོན་པ་གསུང་བ་བཞིན་ཐ་དད་དུ་གྲུབ་པ་ཡོད་ན། སྦྱང་གཞི་དེ་སྦྱོང་བྱེད་དེས་སྦྱོང་བར་མི་ནུས། སྦྱངས་འབྲས་དེ་མི་འཐོབ། ཐོབ་ཀྱང་དགོས་པ་མེད་པ་ཅིག་འོང༌། ཡང་སློབ་དཔོན་པའི་གསུང་ལ། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱང་གཟུགས་མ་ཡིན་ཀྱང་གཟུགས་ཀྱི་རྣམ་པར་སྣང་བ་པྲ་ཕབ་པའི་རྣམ་པ་ལྟ་བུ་ཅིག་ཡིན་ཞེས་བཞེད། ཡང་དཔོན་བྱང་པའི་གསུང་ལ། གཟུགས་ཀྱི་རྣམ་པར་སྣང་བ་དེ་མེ་ལོང་ལྟ་བུའི་ཡེ་ཤེས་མ་ཡིན། གཟུགས་ཀྱི་རྣམ་པར་སྣང་བ་རང་བཞིན་མེད་པར་མངོན་སུམ་དུ་ཤེས་པ་དེ་མེ་ལོང་ལྟ་བུའི་ཡེ་ཤེས་ཡིན། གཟུགས་ཀྱི་རྣམ་པར་སྣང་བ་མེ་ལོང་ལྟ་བུའི་ཡེ་ཤེས་ཡིན་ན། སྣང་བ་ཐམས་ཅད་མེ་ལོང་ལྟ་བུའི་ཡེ་ཤེས་སུ་འགྱུར་རོ། །དུས་འཁོར་ནས་མེ་ལོང་ལྟ་བུའི་ཡེ་ཤེས་པྲ་ཕབ་པའི་རྣམ་པ་ལྟ་བུ་ཞེས་བཤད་པ་དེ། པྲ་ཕབ་པའི་རང་སྣང་ལ་ལྟོས་ནས་དཔེར་གཞག་པ་མ་ཡིན། སྣང་ཡུལ་དེ་ལ་ལྟོས་ནས་དཔེར་གཞག་པ་ཡིན་གསུང༌།
རིན་པོ་ཆེ་པའི་དྲུང་ནས་དང༌། བླ་མ་ཀུན་མཁྱེན་པའི་དྲུང་ནས། དོན་ཡིན་ལུགས་ཇི་ལྟའི་སྟེང་ནས་གཤགས་དྲང་པོར་འབྱེད་པར་ཞུ།
སྦྱང་གཞི་སྦྱང་བྱ་སྦྱོང་བྱེད་གསུམ་ཐ་དད་ཡིན་པའི་རྒྱུ་མཚན་སྦྱང་བྱ་དང་སྦྱོང་བྱེད་སྤང་བྱ་དང་གཉེན་པོ་ཡིན་ཞིང༌། སྦྱང་གཞི་སྤང་གཉེན་གང་ཡང་མ་ཡིན་པའི་ཕྱིར། ཞེས་སློབ་དཔོན་པའི་སྒྲུབ་བྱེད་བཀོད། ཡང་དཔོན་བྱང་པའི་གསུང་གིས། སྦྱང་བྱ་སྦྱོང་བྱེད་སྤང་གཉེན་གྱི་ངོས་ནས་ཐ་དད་པ་དེ། ཕར་ཕྱིན་མན་ཆད་ཀྱི་ཆོས་སྐད་ཡིན། རྡོ་རྗེ་ཐེག་པ་འབྲས་བུ་ལམ་དུ་བྱེད་པའི་ལུགས་ལ། གཞི་ལམ་འབྲས་བུ་དབྱེར་མེད་དུ་འདོད། དེའི་རྒྱུ་མཚན་རང་བཞིན་གང་དུ་ཡང་མ་གྲུབ་པར་ངོ་བོ་གཅིག་པའི་ཕྱིར་རོ། །གཉེན་པོས་སྦྱང་བྱ་སྤངས་ཀྱང་འཆིང་ལ། གཉེན་པོ་རང་བཞིན་མེད་པར་ཤེས་ན་སྦྱང་བྱ་གྲུབ་པ་མེད་དོ། །སྦྱང་གཞི་སྤང་བྱ་མ་ཡིན་ཟེར་བ་འདི་ཀུན་མཚན་ཉིད་ཀྱི་སྐད་རང་ལ་ཡང་འཛོལ་བ་ཆེན་པོར་འགྱུར་རོ། །མཚན་ཉིད་ཕ་རོལ་ཏུ་ཕྱིན་པ་ལ་ཡང་ངེས་པའི་དོན་ལ་སྤང་གཉེན་ཐ་དད་དུ་མེད་དེ་གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །དེ་ལས་དེ་གཞན་མ་ཡིན། ཞེས་གསུངས་སོ། །འདི་ནི་ཞུ་བའི་ཡི་གེ་ཞལ་བཤུས་པའོ། །དེའི་ལན་ནི།]
[འདི་ཡན་ཆད་ནི་འབྲས་གནས་བཅུའི་དཔེ་རྙིང་ཕྱི་ལ། ༡༥༤ དབུ་ཅན་བྲིས་མ་ཞིག་ན་བཞུགས་ཀྱང་འཛམ་པར་ན་མི་བཞུགས།]
༈ བླ་མ་དང་དཀོན་མཆོག་གསུམ་ལ་གུས་པས་ཕྱག་འཚལ་ལོ། །མཁས་པ་ཆེན་པོ་སློབ་དཔོན་དཀོན་བཟང་དང༌། དཔོན་བྱང་པའི་བཞེད་ལུགས་མི་མཐུན་པ་འདི་ལ། བོད་ཀྱི་སློབ་དཔོན་འགའ་ཞིག་གི་བཞེད་ལུགས་དཔང་དུ་བྱས་ན། དཔོན་བྱང་པ་མད་པར་འགྱུར་ཞིང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་བཞེད་ལུགས་དཔང་དུ་བྱས་ན། སློབ་དཔོན་དཀོན་བཟང་པ་མད་པར་མངོན་ ཏེ། དེའི་རྒྱུ་མཚན་བོད་ཀྱི་སློབ་དཔོན་མང་པོའི་བཞེད་ལུགས་ལ། ཆོས་ཀྱི་སྐུ་དང༌། རང་བྱུང་ཡེ་ཤེས་དང༌། ཕྱག་རྒྱ་ཆེན་པོ་དང༌། ཡུམ་ཆེན་མོ་དང༌། རྡོ་རྗེ་སེམས་དཔའ་དང༌། ཀུན་ཏུ་བཟང་པོ་དང༌། རྡོ་རྗེ་འཆང་ཆེན་དང༌། དེ་ཁོ་ན་ཉིད་དང༌། དོན་དམ་པ་དང༌། དེ་བཞིན་ཉིད་དང༌། ཡང་དག་པའི་མཐའ་དང༌། མཐར་ཐུག་སྙིང་པོའི་དོན་དང༌། དེ་བཞིན་གཤེགས་པའི་སྙིང་པོ་ཞེས་པ་ལ་སོགས་པ་ཟབ་མོའི་མཐར་ཐུག་ཐུན་མོང་མ་ཡིན་པས་གསུངས་པ་ཐམས་ཅད་མིང་ཙམ་ཐ་དད་ཀྱང་དོན་ལ་ཐ་དད་པ་མེད་དེ། ཆོས་ཀྱི་དབྱིངས་ཉིད་ལ་དེ་དང་དེར་གསུངས་པ་ཡིན་ཞིང༌། ཆོས་ཀྱི་དབྱིངས་སམ། ཆོས་ཉིད་ཅེས་བྱ་བ་ཡང་སྟོང་ཉིད་ལ་གསུངས་ཏེ། སྟོང་ཉིད་ཀྱང་ཆོས་ཐམས་ཅད་རང་རང་ངོ་བོས་སྟོང་པ། ཡང་དག་པར་ན་སྐྱེ་བ་མེད་ཀྱང༌། ཀུན་རྫོབ་རྟེན་འབྲེལ་གྱི་སྐྱེ་བ་མ་འགགས་པར་འཆར་བ་འདི་ཙམ་ཁོ་ན་ལ་གསུངས་ཀྱི། རང་སྟོང་ལས་ལྷག་པའི་སྟོང་ཉིད་མེད་པས་རང་སྟོང་དུ་གནས་པའི་ཤེས་པ་དང༌། ཤེས་བྱ་ཐམས་ཅད་ཆོས་ཀྱི་སྐུ་ཡིན། རང་བྱུང་ཡེ་ཤེས་ཡིན། ཕྱག་རྒྱ་ཆེན་པོ་ཡིན། དེ་བཞིན་དུ། ཡུམ་ཆེན་མོ་ཡིན་པ་ནས། བདེ་གཤེགས་སྙིང་པོ་ཡིན་ཞེས་པའི་བར་དུ་འདོད་པའི་རྒྱུ་མཚན་གྱིས། ད་ལྟར་གྱི་སྣང་གྲགས་འདི་ ཉིད་ཁོ་ན། སྐུ་གསུམ་མམ། སྐུ་བཞིར་ཡང་འདོད་དེ། སྣང་བའི་ཆ་སྤྲུལ་སྐུ། སྟོང་པའི་ཆ་ཆོས་སྐུ། རིག་པའི་ཆ་ལོངས་སྐུ། དབྱེར་མེད་པའི་ཆ་ངོ་བོ་ཉིད་སྐུ་ཡིན་པས། སྣང་སྲིད་ཐམས་ཅད་སྐུ་གསུམ་མམ་བཞིར་གྲོང་ངེ༌། ཕྱག་རྒྱ་ཆེན་པོར་ལྷག་གེ །རང་བྱུང་ཡེ་ཤེས་སུ་ལམ་མེ། ཕུང་པོ་ཁམས་དང་སྐྱེ་མཆེད་འདི་རྣམས་ཉིད་ཀ་དཀྱིལ་འཁོར་གྱི་ལྷ་དང་ལྷ་མོ། ཉོན་མོངས་པ་ལྔ་པོ་འདི་ཉིད་ཀ་ཡེ་ཤེས་ལྔ། སེམས་ཅན་གྱི་སེམས་འདི་ཀ་སངས་རྒྱས་ཡིན་གྱི་འདི་ལས་གཞན་པའི་སངས་རྒྱས་མེད་པས། འཁོར་བ་འདི་ཀ་མྱང་འདས། རྣམ་རྟོག་འདི་ཀ་ཆོས་སྐུ། མ་རིག་པ་འདི་ཀ་ཡེ་ཤེས་ཡིན་ཡང༌། དེ་ལྟར་ངོ་མ་ཤེས་པར་ལ་འཁོར་བ། དེ་ལྟར་ངོ་ཤེས་པ་ཉིད་ན་མྱ་ངན་ལས་འདས་པའམ། སངས་རྒྱས་ཐོབ་པ་ཞེས་བྱ་སྟེ། དོན་ལ་ཐོབ་བྱའི་སངས་རྒྱས་མེད་པས་འབྲས་བུ་ཨར་སངས་ནས་སྟོར་ཡང༌། འབྲས་བུ་སངས་རྒྱས་ཡེ་ནས་མེད་པ་ལ་མེད་པ་ཉིད་དུ་ངོ་ཤེས་ཤིང༌། ཐག་ཆོད་པ་ཙམ་ལ་འབྲས་བུ་སངས་རྒྱས་ཐོབ་ཅེས་བཏགས་པ་ཙམ་དུ་ཟད་པས། དེ་ལྟར་བླ་མའི་མན་ངག་གིས་ངོ་སྤྲད་ནས་ངོ་ཤེས་པ་ཉིད་ན། འབྲས་བུ་ཕྱི་དུས་སུ་མ་ལུས་པར་ད་ལྟ་ཉིད་དུ་ཐོབ་པ་ཡིན། དེ་ཉིད་ལ་གཞི་ལམ་འབྲས་བུ་སྟོར་བ་ཞེས་ཀྱང་འདོད། གཞི་འཁྲུལ་ལམ་ཞིག་འབྲས་བུ་སད་ཀྱིས་ཁྱེར་བ་ཞེས་ཀྱང་སྨྲ། ལྟ་སྒོམ་སྤྱོད་འབྲས་ཐམས་ཅད་སྟོར་ནས་ཐལ་ལོ། །ཞེས་མགུར་མར་ཡང་གྱེར་བར་གདའ།
དེ་ལྟར་མ་ཡིན་པར་སངས་རྒྱས་བཟང་བཟང་པོ་ཞིག་འདོད་ན། ཐོབ་དུས་མེད་པ་དང༌། འབྲས་བུ་ཕྱི་དུས་སུ་ལུས་པ་ལ་སོགས་པའི་སྐྱོན་མང་པོ་ཡོད་ཅེས་འདོད་པ་དང༌།
ཡང་བོད་འགའ་ཞིག་གི་བཞེད་པས། ཀུན་རྫོབ་སྣང་གྲགས་འདི་རྣམས་དང་པོ་ནས་སངས་རྒྱས་སུ་ཡོད་པ་མ་ཡིན་གྱི། འདི་རྣམས་རང་སྟོང་དུ་ངོ་ཤེས་ན་སངས་རྒྱས་ཡིན་ཞེས་པ་དང༌། སེམས་ཅན་གྱི་ཁམས་སེམས་འདི་སྟོང་ཉིད་དུ་ངོ་ཤེས་ན་སངས་རྒྱས། རྣམ་རྟོག་འདི་བདེན་མེད་དུ་ངོ་ཤེས་ན་ཆོས་སྐུ། དུག་ལྔ་འདི་རང་བཞིན་མེད་པར་ངོ་ཤེས་ན་ཡེ་ཤེས་ལྔའམ་རྒྱལ་བ་རིགས་ལྔ་ཡིན་པས། མ་རིག་པ་དང་ཡེ་ཤེས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཡིན་ཏེ། ངོ་མ་ཤེས་ན་མ་རིག་པ། ངོ་ཤེས་ན་ཡེ་ཤེས་ཡིན་ཞིང༌། དེ་ལྟར་རྟོགས་པས་སངས་རྒྱས་ལ་ཉིན་འགུག་བྱས། འཁོར་བའི་སྟེང་དུ་སངས་རྒྱས་ཀྱི་དུར་ས་བཏབ་ཞེས་པ་ལ་སོགས་པ་འདོད་པ་དང༌།
ཡང་བོད་འགའ་ཞིག་གིས་བཞེད་པས། ད་ལྟར་གྱི་སྣང་གྲགས་སྣ་ཚོགས་འདི་ཉིད་ཀ་སྣང་བའི་ཆ་ཀུན་རྫོབ་འཁོར་བ། སྟོང་བའི་ཆ་དོན་དམ་མྱ་ངན་ལས་འདས་པ་ཡིན་པས་སྣང་སྟོང་ཟུང་འཇུག་དབྱེར་མེད་འདི་ཉིད་ཀ་བདེན་གཉིས་དབྱེར་མེད་དང༌། འཁོར་འདས་དབྱེར་མེད་ཡིན་པའི་ཕྱིར། འདི་ལས་ལྷག་པའི་དོན་དམ་དང་ཆོས་སྐུ་དང༌། མྱ་ངན་ལས་འདས་པ་གཞན་མེད་ཅིང༌། གསང་སྔགས་ཀྱི་ལྷ་ཡབ་ཡུམ་གཉིས་གཉིས་འཁྱུད་པ་ཐམས་ཅད་སྣང་སྟོང་ཟུང་འཇུག་འདི་ཉིད་ཀ་ལས་གསུངས་ཏེ། སྣང་བའི་ཆ་འདི་ཉིད་ཀ་ཐབས་ཡིན་པས་ཡབ་ཡིན། སྟོང་པའི་ཆ་འདི་ཉིད་ཀ་ཤེས་རབ་ཡིན་པས་ཡུམ་ཡིན། དེ་གཉིས་མི་འབྲལ་བས་འཁྱུད་པ་དེ་སྣང་སྟོང་ཟུང་འཇུག་འདི་མི་འབྲལ་བ་ཉིད་ཀ་ལ་དགོངས་པ་ཡིན་པས། ད་ལྟར་གྱི་སྣང་གྲགས་སྣ་ཚོགས་འདི་ཉིད་ཀ་བདེ་དགྱེས་ལ་སོགས་པ་སངས་རྒྱས་ཡབ་ཡུམ་རྣམས་ཀྱང་ཡིན་ཞིང༌། དེ་བཞིན་དུ། གཟུགས་རྣམ་པར་སྣང་མཛད། ཚོར་བ་རིན་ཆེན་འབྱུང་ལྡན། འདུ་ཤེས་འོད་དཔག་མེད། འདུ་བྱེད་དོན་ཡོད་གྲུབ། རྣམ་པར་ཤེས་པ་མི་བསྐྱོད་པ། སའི་ཁམས་སྤྱན་མ། ཆུ་མཱ་མ་ཀཱི། མེ་གོས་དཀར་མོ། རླུང་སྒྲོལ་མ། ནམ་མཁའ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ། མིག་ས་ཡི་སྙིང་པོ། རྣ་བ་ཕྱག་ན་རྡོ་རྗེ། སྣ་ནམ་མཁའི་སྙིང་པོ། ལྕེ་འཇིག་རྟེན་དབང་ཕྱུག །ལུས་སྒྲིབ་པ་རྣམ་སེལ། ཡིད་ཀུན་ཏུ་བཟང་པོ། གཟུགས་ལ་སོགས་པའི་ཡུལ་དྲུག་ནི། གཟུགས་རྡོ་རྗེ་མ་ལ་སོགས་པ་སེམས་མ་དྲུག །ལག་པ་ལ་སོགས་པ་ལས་དབང་ཡུལ་དང་བཅས་པ་རྣམས་ནི། ཁྲོ་བོ་ཡུམ་དང་བཅས་པ་ཡིན་ཞེས་གསུངས་པ་ཡང༌། རང་སྟོང་དུ་གནས་པ་འདི་ཀ་ལ་དགོངས་པ་ཡིན། དེ་བཞིན་དུ།བཤང་བ་རྣམ་པར་སྣང་མཛད། གཅི་བ་མི་བསྐྱོད་པ། ཁྲག་རིན་ཆེན་འབྱུང་ལྡན། ཁུ་བ་འོད་དཔག་མེད་ལ་སོགས་པར་གསུངས་པ་ཡང་དེ་ཡིན། ཉོན་མོངས་པ་ལྔ་ཡེ་ཤེས་ལྔར་གསུངས་པའི་དགོངས་པ་ཡང་དེ་ཡིན། འདོད་ཆགས་གཤིན་རྗེ་གཤེད། ཞེ་སྡང་གཤིན་རྗེ་གཤེད། གཏི་མུག་གཤིན་རྗེ་བཤེད་ལ་སོགས་པར་གསུངས་པའི་དགོངས་དོན་ཡང་དེ་ཡིན། ཤ་ནི་པུ་ཀ་སི། ཁྲག་ནི་རི་ཁྲོད་མ། ཁུ་བ་ནི་གདོལ་བ་མོ། རྐང་དང་ཚུལ་བུ་ནི་གཡུང་མོ། པགས་པ་བྱང་ཆུབ་ཡན་ལག་བདུན། རུས་པ་ནི་བདེན་པ་བཞིར་གསུངས་པ་ལ་སོགས་པའི་དགོངས་པ་ཡང་དེ་ཡིན་པས། ད་ལྟར་གྱི་སྣང་གྲགས་འདི་ལས་གཞན་པའི་སངས་རྒྱས་མེད་ཅིང༌། སྐུ་བཞི་ཡེ་ཤེས་ལྔ་ལ་སོགས་པ་ཡང་མེད། གལ་ཏེ་འདི་ལས་གཞན་པའི་སངས་རྒྱས་ཅིག་བྱུང་སྲིད་ན་དེ་ལྟས་ངན་ཡིན། དེ་ལ་ཐོབ་དུས་ཀྱང་མི་ཡོང༌། ཐོབ་པ་ལ་དགོས་པ་ཡང་མེད་ཅེས་པ་ལ་སོགས་པར་འདོད་པ་མང་ཞིང་དེ་བཞིན་དུ་མི་སྟོང་པའི་དངོས་པོ་འགའ་ཡང་མེད་པས། ཕྱག་རྒྱ་ཆེན་པོའམ། རང་བྱུང་ཡེ་ཤེས་སམ། ཆོས་སྐུ་མ་ཡིན་པའི་དངོས་པོ་འགའ་ཡང་མི་སྲིད་པའི་ཕྱིར། ཡུལ་དུས་གནས་སྐབས་ཕྱོགས་བཅུ་དུས་གསུམ་གང་དུ་སོང་ཞིང་གང་དུ་གནས་ནས་བྱ་བ་ཇི་ལྟར་བྱེད་ཀྱང་ཆོས་སྐུ་ཉིད་ཀྱི་ངང་ནས་འཕྱོ། རང་བྱུང་ཡེ་ཤེས་ཉིད་ཀྱི་ཀློང་ན་གནས། ཕྱག་རྒྱ་ཆེན་པོ་ཉིད་ཀྱི་རྒྱ་ལས་མ་འདས་ཏེ། དཔེར་ན། ནམ་མཁའི་བྱ་གང་དུ་འཕུར་ཡང་ནམ་མཁའ་ཉིད་ལས་མ་འདས་པའམ། རྒྱ་མཚོའི་ཉ་གང་དུ་འཕྱོ་ཡང་རྒྱ་མཚོ་ཉིད་ལས་མ་འདས་པ་དང་འདྲ། དེ་ལྟར་རྟོགས་ནས་སྤང་བླང་དགག་བསྒྲུབ་རེ་དོགས་གང་ཡང་མེད་པས། སྤྱོད་པ་ཤུགས་བྱུང་འགག་མེད་གང་ཤར་ཤར་དང་གང་དྲན་དྲན་གང་ཡིན་ཡིན་བྱས་པས་ཆོག །དེ་ལྟ་བུའི་གང་ཟག་དབང་པོ་ཡང་རབ་ལ། ས་ལམ་རིམ་པར་བགྲོད་དགོས་པ་མེད་དེ། དེ་ལྟར་མ་རྟོགས་བར་ལ་འཁོར་བ། དེ་ལྟར་རྟོགས་ཙམ་ཉིད་ན་སངས་རྒྱས་ཐོབ་པ་ཡིན་པས་དེ་ལ་ཅིག་ཆར་བ་ཞེས་བྱ། རིམ་གྱིས་པ་ལ་མི་དགེ་བ་སྤོང་ཞིང་དགེ་བ་བསྒྲུབ་པ་ལ་སོགས་པས་ས་ལམ་རིམ་གྱིས་བགྲོད་བགོས་པ་ཡིན། དེ་གཉིས་ཀྱི་དཔེ་ནི། ལྗོན་ཤིང་གི་སྟེང་དུ་བྱ་ནམ་མཁའ་ལ་འཕུར་ནས་སོང་ཞིང༌། སྤྲེའུ་མས་ཡར་འཛེག་པ་དང་འདྲ། བཅོམ་ལྡན་འདས་ཀྱིས་མདོ་རྒྱུད་རྣམས་སུ། ཆོས་བྱར་མེད་གསུངས་པ་ཐམས་ཅད་ཅིག་ཆར་བ་ལ་དགོངས་ཤིང༌། ཆོས་བྱར་ཡོད་གསུངས་པ་ཐམས་ཅད་རིམ་གྱིས་པ་ལ་དགོངས་ཏེ། དེས་ན། རིམ་གྱིས་པ་ཡི་སྨན་མཆོག་དེ། །ཅིག་ཆར་བ་ཡི་དུག་ཏུ་འགྱུར། །ཅིག་ཆར་བ་ཡི་སྨན་མཆོག་དེ། །རིམ་གྱིས་པ་ཡི་དུག་ཏུ་འགྱུར། །ཞེས་པ་ལ་སོགས་པ་འདོད་པ་མང་བར་གདའ།
ཡང་བོད་འགའ་ཞིག་གིས་བཞེད་པས། སྣང་བ་ཐམས་ཅད་སེམས་ཡིན། སེམས་སྟོང་པ་ཡིན། སྟོང་པ་ཆོས་ཉིད་ཡིན་པས། དེ་ལྟར་བླ་མས་ངོ་སྤྲད་ནས། སློབ་མས་ངོ་ཤེས་པ་དེ་ཆོས་ཉིད་མཐོང་བ་ཡིན་ཞིང༌། ཆོས་ཉིད་མཐོང་བ་འཕགས་པའམ་སངས་རྒྱས་ཡིན་པས་སེམས་ངོ་འཕྲོད་པ་ཐམས་ཅད་འཕགས་པའམ་སངས་རྒྱས་ཡིན་པར་འདོད་པ་ལ། འོ་ན་འཕགས་པ་དང་སངས་རྒྱས་ཀྱི་ཡོན་ཏན་རྣམས་ཐོབ་བམ། ཞེས་རྩོད་ན་འདིའི་ལན་ལ། ཁ་ཅིག་ན་རེ། ཡོན་ཏན་ཅན་གྱི་འཕགས་པ་དང༌། སངས་རྒྱས་མེད་ཀྱང་ཡོད་པ་སྐད་གསུངས་པ་དེ་རྣམས་དྲང་དོན་ཡིན་པས་རྫུན་ཡིན། དེས་ན་ཡོན་ཏན་ཅན་གྱི་འཕགས་པ་དང༌། སངས་རྒྱས་མེད་པ་ལ་མེད་པ་ཉིད་དུ་ཐག་ཆོད་པ་ཀས་ཡོན་ཏན་ཐོབ་པའི་གོ་ཡང་ཆོད། ཅེས་འདོད་པ་དང༌།
ཡང་ཁ་ཅིག་ན་རེ། སེང་གེའི་མངལ་རྒྱ་དང༌། ཁྱུང་གི་སྒོང་རྒྱ་དང༌། རྣལ་འབྱོར་པའི་ལུས་རྒྱ་རྣམས་མཚུངས་པ་ཡིན་པས། ལུས་རྒྱ་དང་བྲལ་མ་ཐག་ཡོན་ཏན་ཐམས་ཅད་འཐོབ་བའི་ཕྱིར། ནམ་ཤི་སངས་རྒྱས་ཡིན། ཐོབ་པ་བོར་ཆོག་པ་ཡིན། ཞེས་འདོད་པ་དང༌།
ཡང་ཁ་ཅིག་ན་རེ། བུ་ཆུང་སྐྱེས་མ་ཐག་པས། དཔའ་བོའི་བྱ་བ་བྱེད་མི་ནུས་ཀྱང༌། རིམ་གྱིས་ཆེར་སྐྱེས་ནས་གཡུལ་ངོ་བཟློག་ནུས་པར་འགྱུར་བའམ། ཉི་མ་ཤར་མ་ཐག་གིས་འཁྱག་པ་འཇུ་མི་ནུས་ཀྱང༌། ཡུན་བསྲིངས་པས་འཇུ་ནུས་པ་དང་འདྲ་བར། མཐོང་ལམ་དང་སངས་རྒྱས་ཐོབ་མ་ཐག་པ་ལ་དེ་དང་དེའི་ཡོན་ཏན་མེད་ཀྱང༌། རིམ་གྱིས་ཐོབ་པར་འགྱུར། ཞེས་པ་དང༌།
ཡང་ཁ་ཅིག་ན་རེ། འཕགས་པ་དང༌། སངས་རྒྱས་ཀྱི་ཡོན་ཏན་ངེད་ལ་ཡོད་ཀྱང༌། ཁྱེད་རང་གིས་མ་མཐོང་བ་ཡིན། ཞེས་པ་དང༌།
ཡང་ཁ་ཅིག་ན་རེ། གཞན་སྣང་ཁོ་ན་ལ་འཆར་བའི་ཡོན་ཏན་དགོས་ན་ནི་སྔོན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་ཡོན་ཏན་མེད་པར་འགྱུར་ཞིང༌། རང་སྣང་ཁོ་ན་ལ་འཆར་བས་ཆོག་ན་ནི། ངེད་སེམས་ངོ་འཕྲོད་པ་རྣམས་ལ་ཡང་ཡོད་པས་སྐྱོན་མེད་ཅེས་པ་ལ་སོགས་པ་ལན་འདེབས་ལུགས་མང་བར་གདའ།
ཡང་བོད་འགའ་ཞིག་གི་བཞེད་པས། སངས་རྒྱས་ལ་རྟོགས་པ་མངོན་གྱུར་གྱི་སངས་རྒྱས་དང༌། ཡོན་ཏན་རབ་རྫོབ་ཀྱི་སངས་རྒྱས་ཞེས་བྱ་བ་གཉིས་ཡོད་པ་ལས། ད་ལྟ་སེམས་ངོ་ཤེས་པ་ཙམ་གྱིས་ཐོབ་པའི་སངས་རྒྱས་དེ་རྟོགས་པ་མངོན་གྱུར་གྱི་སངས་རྒྱས་ཡིན། ཡོན་ཏན་རབ་རྫོགས་ཀྱི་སངས་རྒྱས་དེ་ཕྱིས་རིམ་གྱིས་འཐོབ་པར་འགྱུར། ཞེས་པ་དང༌།
ཡང་བོད་འགའ་ཞིག་ན་རེ། ཕུང་པོ་ཁམས་དང༌། སྐྱེ་མཆེད་རྣམས་དང༌། ཉོན་མོངས་པ་རྣམས་དང༌། ཤ་དང༌། ཁྲག་དང༌། རྐང་དང༌། རུས་པ་དང༌། པགས་པ་དང༌། སྐྲ་དང༌། བ་སྤུ་ལ་སོགས་པ་ལུས་ཀྱི་ཁམས་རྣམས་དཀྱིལ་འཁོར་གྱི་ལྷ་ཚོགས་དངོས་མ་ཡིན་ཡང་དེ་རྣམས་ཀྱི་སྦྱང་གཞི་ཡིན་པས། དེ་ལ་དགོངས་ནས་ཕུང་པོ་ལ་སོགས་པ་དཀྱིལ་འཁོར་གྱི་ལྷ་ཚོགས་སུ་གསུངས་པ་ཡིན། དེ་ལམ་གྱིས་སྦྱངས་པས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་སུ་གནས་གྱུར་ནས་འགྲོ་སྟེ། དཔེར་ན། འོ་མ་ཞོར་གྱུར་པའམ། ཟངས་ལྕགས་གསེར་དུ་གྱུར་པའམ། རྡོ་བ་རིན་པོ་ཆེར་གྱུར་པའམ། སྲིན་བུ་སྦྲང་མར་གྱུར་པ་དང་འདྲ། ཞེས་པ་ལ་སོགས་པས་སངས་རྒྱས་ཡེ་ཤེས་ཀྱི་སྐུ་ལ་ངོ་བོ་འགྱུར་བའི་གནས་གྱུར་འདོད་པ་མང་བར་གདའ། སྦྱོང་བྱེད་ལམ་ལ་ཡང་འདོད་ལུགས་མི་མཐུན་པ་མང་དུ་གདའ་ཞིང་མདོར་ན་གཞི་ལམ་འབྲས་བུས་བསྡུས་པའི་ཆོས་རྣམས་ལ། སངས་རྒྱས་ཀྱི་དགོངས་པ་དང་མི་མཐུན་པའི་འདོད་ལུགས་ཆེས་ཤིན་ཏུ་མང་བར་གདའ་སྟེ། ཡི་གེ་མང་དུ་དོགས་ནས་མ་བྲིས་སོ། །
༈ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་བཞེད་པ་ལྟར་ ན། ཆོས་ཀྱི་སྐུ་དང་རང་བྱུང་གི་ཡེ་ཤེས་ནས། དེ་བཞིན་གཤེགས་པའི་སྙིང་པོ་ཞེས་པའི་བར་དུ་སྔར་སྨོས་པ་དེ་རྣམས་སྟོང་པ་ཉིད་ལ་བཞེད་ཀྱང༌། སྟོང་པ་ཉིད་ལ་གཉིས་ཏེ། ཀུན་རྫོབ་རྟེན་འབྲེལ་ལས་མ་འདས་པའི་སྟོང་ཉིད་དང༌། དོན་དམ་རྟེན་འབྲེལ་ལས་འདས་པའི་སྟོང་ཉིད་དོ། །
དེ་ལས་དང་པོ་ནི། ཆོས་ཅན་གློ་བུར་བ་འགྱུར་བའི་ཆོས་ཅན། གསོག་གསོབ། བརྫུན་པ་བསླུ་བ་སྟེ། རང་རང་ངོ་བོས་སྟོང་པ་ཀུན་རྫོབ་སྟོང་ཉིད་དོ། །
གཉིས་པ་ནི། ཆོས་ཉིད་གཉུག་མ་འགྱུར་བ་མེད་པའི་རང་བཞིན་བདེན་པ་ཡང་དག་པ་མི་བསླུ་བ་སྟེ། རང་གིས་མི་སྟོང་ཡང་རང་ལས་གཞན་ཀུན་རྫོབ་ཀྱིས་སྟོང་པ་དོན་དམ་སྟོང་ཉིད་དོ། །
ཡང་ཆོས་སྐུ་དང་སྟོང་ཉིད་ལ་མུ་གཉིས་ཏེ། སྟོང་ཉིད་ཡིན་ཡང་ཆོས་སྐུ་མ་ཡིན་པ་དང༌། སྟོང་ཉིད་ཀྱང་ཡིན་ལ་ཆོས་སྐུ་ཡང་ཡིན་པའོ། །
དེ་ལ་དང་པོ་ནི། ཆོས་ཅན་ཀུན་རྫོབ་རང་སྟོང་སྟེ། གཤིས་ཀྱི་གནས་ལུགས་ལ་ནམ་ཡང་མ་གྲུབ་ཅིང་དཔྱད་མི་བཟོད་པའོ། །
གཉིས་པ་ནི། ཆོས་ཉིད་དོན་དམ་གཞན་སྟོང་སྟེ། ནམ་ཡང་མེད་པ་མ་ཡིན་ཞིང་དཔྱད་བཟོད་པའོ། །དེ་བཞིན་དུ། རང་བྱུང་ཡེ་ཤེས་དང༌། ཕྱག་རྒྱ་ཆེན་པོ་དང༌། ཡུམ་ཆེན་མོ་དང༌། རྡོ་རྗེ་སེམས་དཔའ་དང༌། ཀུན་ཏུ་བཟང་པོ་དང༌། རྡོ་རྗེ་འཆང་ཆེན་དང༌། དེ་ཁོ་ན་ཉིད་དང༌། དོན་དམ་པ་དང༌། དེ་བཞིན་ཉིད་དང༌། ཡང་དག་པའི་མཐའ་དང༌། མཐར་ཐུག་སྙིང་པོའི་དོན་དང༌། དེ་བཞིན་གཤེགས་ པའི་སྙིང་པོ་དང༌། དོན་དམ་བྱང་ཆུབ་ཀྱི་སེམས་དང༌། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་དང༌། ལྷན་ཅིག་སྐྱེས་པའི་སྐུ་དང༌། ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང༌། ལྷན་ཅིག་སྐྱེས་པའི་དགའ་བ་དང༌། འགྱུར་མེད་མཆོག་གི་བདེ་བ་ཆེན་པོ་དང༌། ཨ་ཡིག་དང༌། ཨེ་ཝཾ་གི་དོན་དང༌། ཆོས་འབྱུང་དང༌། ཆུ་སྐྱེས་དང༌། བྷ་ག་དང༌། སེང་གེའི་ཁྲི་དང༌། གསང་བ་དང༌། གསང་ཆེན་དང༌། རྡོ་རྗེ་ཕག་མོ་དང༌། བདག་མེད་མ་དང༌། རྡོ་རྗེ་དང༌། ཐིག་ལེ་དང༌། དགྱེས་པ་རྡོ་རྗེ་དང༌། བདེ་མཆོག་འཁོར་ལོ་དང༌། གསང་བ་འདུས་པ་དང༌། སྒྱུ་འཕྲུལ་དྲ་བ་དང༌། མ་ཧཱ་མཱ་ཡ་དང༌། རྡོ་རྗེ་གདན་བཞི་དང༌། སངས་རྒྱས་ཐོད་པ་དང༌། རྡོ་རྗེ་མཁའ་འགྲོ་དང༌། མཁའ་འགྲོ་རྒྱ་མཚོ་དང༌། ཧེ་རུ་ཀ་དང༌། རྡོ་རྗེ་འཇིགས་བྱེད་དང༌། དུས་ཀྱི་འཁོར་ལོ་ཞེས་པ་ལ་སོགས་པ་རྣམས་དང༌། ཡབ་རྒྱལ་བ་རིགས་དྲུག་དང༌། ཡུམ་དེ་བཞིན་གཤེགས་མ་དྲུག་དང༌། སྲས་སེམས་དཔའ་སེམས་མ། ཁྲོ་བོ་ཁྲོ་མོ་ལ་སོགས་པ་དོན་དམ་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་དང༌། དོན་དམ་པའི་སྔགས་དང༌། དོན་དམ་པའི་རྒྱུད་ཐམས་ཅད་ལ་ཡང་སྟོང་པ་ཉིད་དང་མུ་གཉིས་གཉིས་སུ་ཤེས་པར་བྱ་སྟེ། ཆོས་སྐུ་ལ་ཡང་བཤད་པ་ཇི་ལྟ་བ་དེ་བཞིན་དུའོ། །དེའི་ཕྱིར་ཆོས་སྐུ་ནས་དོན་དམ་པའི་སྔགས་དང་རྒྱུད་ཀྱི་བར་གང་ཡིན་པ་དེ་ནི་རང་སྟོང་མ་ཡིན་ཞིང༌། རང་སྟོང་གང་ཡིན་པ་དེ་ཡང་ཆོས་སྐུ་ནས་དོན་དམ་པའི་རྒྱུད་ཀྱི་བར་དུ་མ་ཡིན་ནོ། །
ཡང་འདིར་བདེན་པ་གཉིས་ལས། དོན་དམ་པའི་བདེན་པ་ནི་སྐྱེ་འཇིག་མེད་ཅིང་འདུས་མ་བྱས་པ་སྟེ། རྟེན་འབྲེལ་ལས་འདས་པའོ། །ཀུན་རྫོབ་ཀྱི་དངོས་པོ་ནི་སྐྱེ་ཞིང་འཇིག་པའི་ཆོས་ཅན། རྒྱུ་དང་རྐྱེན་ལས་རག་ལས་པ་སྟེ། འདུས་བྱས་པའོ། །
འཁོར་འདས་གཉིས་ལས། ཁམས་གསུམ་འཁོར་བ་ནི་ཀུན་ནས་ཉོན་མོངས་པ་ཅན་སྡུག་བསྔལ་གསུམ་མམ་བརྒྱད་ཀྱིས་བསྡུས་པ་སྟེ། ཟག་པ་དང་བཅས་པའོ། །མྱ་ངན་ལས་འདས་པ་ཆེན་པོ་ནི་སྡུག་བསྔལ་རྒྱུ་དང་བཅས་པ་ཐམས་ཅད་ལས་ཡང་དག་པར་འདས་པ་སྟེ། ཟག་པ་མེད་པའི་བདེ་བ་ཆེན་པོ་རྒྱུན་ཆད་མེད་པའོ། །
རྣམ་ཤེས་ཡེ་ཤེས་གཉིས་ལས། རྣམ་པར་ཤེས་པ་ནི་མིན་པ་མུན་ནག་གམ་དུག་ལྟ་བུ་སྤང་བར་བྱ་བ་སྟེ། ཀུན་རྫོབ་རང་སྟོང་ངོ༌། །རང་བྱུང་ཡེ་ཤེས་ནི་འོད་གསལ་བའི་སྣང་བའམ། བདུད་རྩི་ལྟ་བུ་སྤང་བར་བྱ་བ་མ་ཡིན་པ་སྟེ། དོན་དམ་གཞན་སྟོང་ངོ༌། །
རྣམ་པར་ཤེས་པའི་རང་སྣང་ནི། ཀུན་རྫོབ་ཀྱི་ཁམས་གསུམ་པ་རྡུལ་དང༌། སྐད་ཅིག་ལས་མ་འདས་པ་སྟེ། ལས་དང་ཉོན་མོངས་པས་སྤྲུལ་པ་སྡུག་བསྔལ་གྱི་རང་བཞིན་ནོ། །
རང་བྱུང་ཡེ་ཤེས་ཀྱི་རང་སྣང་ནི། དོན་དམ་པའི་ཁམས་གསུམ་པ་རྡུལ་དང༌། སྐད་ཅིག་ལས་འདས་པ་སྟེ། རྒྱུ་རྐྱེན་གང་གིས་ཀྱང་མ་བསྐྱེད་ཅིང་སྡུག་བསྔལ་མེད་པའི་བདེ་བ་ཆེན་པོ་རྒྱུན་ཆད་མེད་པའོ། །
རྣམ་པར་ཤེས་པ་དང་དེའི་རང་སྣང་ནི། སྨྲ་བསམ་བརྗོད་དུ་ཡོད་ཅིང་རྟོག་གེའི་སྤྱོད་ཡུལ་དུ་རུང་བ་སྟེ། ཆ་ཤས་དང་བཅས་ཤིང་དཔེ་དང་བཅས་པའོ། །
རང་བྱུང་ཡེ་ཤེས་དང་དེའི་རང་སྣང་ནི། སྨྲ་བསམ་བརྗོད་དུ་མེད་ཅིང་རྟོག་གེའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པ་སྟེ། ཆ་ཤས་མེད་ཅིང་དཔེར་བྱ་ཀུན་ལས་འདས་པའོ། །
བདེ་གཤེགས་སྙིང་པོ་དང་གློ་བུར་དྲི་མ་གཉིས་ལས། བདེ་གཤེགས་སྙིང་པོ་ནི་རང་བཞིན་འོད་གསལ་ཆོས་ཀྱི་སྐུ་སྟེ། གཉུག་མ་ལྷན་སྐྱེས་གཞོམ་དུ་མེད་ཅིང་འཛག་པ་མེད་པའི་བདེ་བ་ཆེན་པོ་མཁའ་ལྟར་ཁྱབ་པའོ། །གློ་བུར་དྲི་མ་ནི་ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བ་དབུགས་འགྱུ་བ་དང་བཅས་པ་སྟེ། འཕོ་བའི་བག་ཆགས་མ་སྤངས་པའོ། །
དེ་ལྟ་བས་ན། བདེན་པ་གཉིས་དང༌། འཁོར་འདས་གཉིས་དང༌། རྣམ་ཤེས་ ཡེ་ཤེས་གཉིས་པོ་སོ་སོའི་རང་སྣང་དང་བཅས་པ་ནི་ཁྱད་པར་ཤིན་ཏུ་ཆེ་སྟེ། འདུས་བྱས་དང་འདུས་མ་བྱས་ཀྱི་ཁྱད་པར་དང༌། གློ་བུར་བ་དང་གཉུག་མའི་ཁྱད་པར་དང༌། བཅོས་མ་དང་རང་བཞིན་གྱི་ཁྱད་པར་ལ་སོགས་པ་དུ་མའི་སྒོ་ནས་ཁྱད་ ཞུགས་སོ། །
ངོ་བོ་ཉིད་གསུམ་ལས། ཀུན་བཏགས་གཞན་དབང་གཉིས་ནི། ཆོས་ཅན་གློ་བུར་བ་སྟེ། ཀུན་རྫོབ་རང་སྟོང་ངོ༌། །འགྱུར་བ་མེད་པའི་ཡོངས་གྲུབ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། དོན་དམ་གཞན་སྟོང་ངོ༌། །
ཕྱི་ནང་གཞན་གསུམ་ལས། ཕྱི་སྣོད་འཇིག་རྟེན་དང་ནང་བཅུད་སེམས་ཅན་ནི་འགྱུར་བའི་ཆོས་ཅན་གློ་བུར་བ་སྟེ། ཀུན་རྫོབ་རང་སྟོང་ངོ༌། །གཞན་བདེ་གཤེགས་སྙིང་པོ་ནི་ཆོས་ཉིད་གཉུག་མ་འཕོ་འགྱུར་མེད་པ་སྟེ། དོན་དམ་གཞན་སྟོང་ངོ༌། །
སྤྱིར་གཞི་ལམ་འབྲས་བུ་གསུམ་ལས། གཞི་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་གནས་སུ་གྱུར་པ་བདེ་གཤེགས་སྙིང་པོ་ཀུན་གཞི་ཡེ་ཤེས་ཏེ། སྐྱོན་གྱི་ཆ་རྣམས་སྦྱང་བའི་གཞི་དང༌། ཡོན་ཏན་གྱི་ཆ་རྣམས་མངོན་དུ་འགྱུར་བའི་གཞིའོ། །ལམ་ནི། གཞི་དེ་ལ་སྐྱོན་གྱི་ཆ་རྣམས་ཟད་པར་བྱེད་ཅིང༌། ཡོན་ཏན་གྱི་ཆ་རྣམས་མངོན་དུ་གྱུར་པའི་ཐབས་སུ་གྱུར་པ་ཚོགས་གཉིས་འཁོར་དང་བཅས་པ་སྟེ། ཡེ་ཤེས་ཀྱི་ཚོགས་ཀྱིས་ཆོས་སྐུའི་ཡོན་ཏན་གདོད་ནས་ལྷུན་གྲུབ་ཏུ་རྟག་པར་གནས་པའི་སྒྲིབ་གཡོགས་སེལ་བར་བྱེད་ཅིང༌། བསོད་ནམས་ཀྱི་ཚོགས་ཀྱིས་གཟུགས་སྐུའི་ཡོན་ཏན་སྔོན་མེད་རིམ་གྱིས་བསྐྱེད་པར་བྱེད་པའོ། །འབྲས་བུ་ནི། བྲལ་འབྲས་ཆོས་སྐུ་དོན་དམ་དེ་ཁོ་ན་ཉིད་ཀྱི་སྐུ་དང༌། བསྐྱེད་འབྲས་གཟུགས་སྐུ་ཀུན་རྫོབ་བརྡའི་སྐུ་སྟེ། རང་གི་དོན་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་གནས་སོ། །
དེ་ལྟར་ཆོས་སྐུ་དྲི་མ་དང་བྲལ་བའི་གཞི་ནི། རང་བཞིན་གྱི་རིགས་ཆོས་ཀྱི་དབྱིངས་རྣམ་པ་ཀུན་ལྡན་རྣམ་པ་མེད་པ་སྟེ། གཏེར་ཆཻན་པོ་སྔ་ནས་ཡོད་པ་ལྟ་བུའོ། །གཟུགས་སྐུ་བསྐྱེད་པའི་ས་བོན་རྒྱས་པའི་རིགས་དགེ་བའི་རྩ་བ་གསར་དུ་བསྐྱེད་པ་ནི་འབྲས་བུ་བཟང་པོ་ཅན་གྱི་ལྗོན་ཤིང༌། སྔོན་མེད་རིམ་གྱིས་བསྐྱེད་པ་ལྟ་སྟེ། དེ་ཡང་རང་བཞིན་གྱི་རིགས་ལ་བརྟེན་ཏོ། །
ཁྱད་པར་དུ་སྦྱང་བཞི་སྦྱང་བྱ་སྦྱོང་བྱེད་སྦྱངས་འབྲས་བཞི་ལས། སྦྱང་བའི་གཞི་ནི། ཀུན་གཞི་ཡེ་ཤེས་བདེ་གཤེགས་སྙིང་པོ་དྲི་བཅས་དེ་བཞིན་ཉིད་དེ། སྤྲིན་ཚོགས་འཁྲིགས་པའི་ནམ་མཁའ་དང༌། འདམ་གྱིས་གཡོགས་པའི་ནོར་བུ་ལྟ་བུའོ། །སྦྱང་བྱའི་དྲི་མ་ནི། དབུགས་ལ་ཞོན་པའི་ཀུན་གཞི་རྣམ་ཤཻས་འཁོར་དང་བཅས་པ་སྟེ། སྤྲིན་དང་འདམ་རྫབ་ལྟ་བུའོ། །སྦྱོང་བྱེད་ལམ་ནི། འཕོ་བའི་སྐད་ཅིག་འགག་པར་བྱེད་པའི་ཐབས་མཆོག་འཁོར་དང་བཅས་པ་སྟེ། སྤྲིན་ཚོགས་འཐོར་བའི་རླུང་དང༌། འདམ་རྫབ་འཁྲུད་པའི་ཆུ་རྒྱུན་ལྟ་བུའོ། །སྦྱངས་པའི་འབྲས་བུ་ནི། འཕོ་བའི་སྐད་ཅིག་འགགས་པའི་གཞི་ལ་འཕོ་མེད་བདེ་སྟོང༌། རང་བྱུང་གི་ཡེ་ཤེས་གདོད་ནས་ལྷུན་གྲུབ་ཏུ་རྟག་པར་བཞུགས་པ་དེ་མངོན་དུ་གྱུར་ཅིང་ཐོབ་པ་སྟེ། སྤྲིན་ཚོགས་སངས་པའི་ནམ་མཁའ་དག་པ་མངོན་དུ་གྱུར་པ་དང༌། དྲི་བྲལ་ནོར་བུ་ཐོབ་ནས། དགོས་དགུ་ཚང་བ་ལྟ་བུའོ། །
དེ་ལྟ་བས་ན་ཐམས་ཅད་མཁྱེན་པས་གསུངས་པའི་ལུང་དང་རིགས་པ་དང༌། མན་ངག་དམ་པའི་རྗེས་སུ་འབྲངས་ནས་སྦྱང་བྱའི་དྲི་མ་དང༌། སྦྱང་བའི་གཞི་དག་དབྱེར་མེད་གཅིག་ཏུ་མི་འཐད་དེ། སྦྱངས་པ་ན་འབྲལ་དུ་རུང་བ་དང༌། མི་རུང་བའི་ཁྱད་པར་ལ་སོགས་པ་ཁྱད་པར་མང་པོའི་སྒོ་ནས་ཐ་དད་པའི་ཕྱིར། དཔེར་ན། སྤྲིན་དང་ནམ་མཁའ་གཅིག་པར་མི་འཐད་པ་དང༌། སྔར་སྨོས་པའི་འདམ་དང་ནོར་བུ་དབྱེར་མེད་གཅིག་ཏུ་མི་འཐད་པ་བཞིན་ནོ། །ཁྱད་པར་མང་པོ་གང་ཞེ་ན། སྦྱང་གཞི་ནི་ཆོས་ཉིད་དེ། སྦྱང་བྱའི་དྲི་མ་ནི་ཆོས་ཅན་ནོ། །སྦྱང་གཞི་ནི་དོན་དམ་སྟེ། སྦྱང་བྱའི་དྲི་མ་ནི་ཀུན་རྫོབ་བོ། །སྦྱང་གཞི་ནི་འདུས་མ་བྱས་པ་སྟེ། སྦྱང་བྱ་ནི་འདུས་བྱས་སོ། །སྦྱང་གཞི་ནི་རྣམ་ཤེས་ཀྱི་ཆོས་ལས་འདས་པ་སྟེ། སྦྱང་བྱ་ནི་རྣམ་ཤེས་ཀྱི་ཆོས་ལས་མ་འདས་པའོ། །སྦྱང་གཞི་ནི་རྡུལ་དང་སྐད་ཅིག་ལས་འདས་པ་སྟེ། སྦྱང་བྱ་ནི་དེ་དག་ལས་མ་འདས་པའོ། །སྦྱང་གཞི་ནི་དབུགས་འགྱུ་བ་དང་འཕོ་བའི་བག་ཆགས་ལས་འདས་པ་སྟེ། སྦྱང་བྱ་ནི་དེ་དག་ལས་མ་འདས་པའོ། །སྦྱང་གཞི་ནི་མི་རྟོག་ཡེ་ཤེས་ཀྱི་སྤྱོད་ཡུལ་ཏེ། སྦྱང་བྱ་ནི་རྟོག་གེའི་སྤྱོད་ཡུལ་ལས་མ་འདས་པའོ། །སྦྱང་གཞི་ནི་གཟུང་འཛིན་ལས་འདས་པ་སྟེ། སྦྱང་བྱ་ནི་དེ་དག་ལས་མ་འདས་པའོ། །སྦྱང་གཞི་ནི་འགྱུར་མེད་བདེ་ཆེན་ལྷུན་གྱིས་གྲུབ་པ་སྟེ། སྦྱང་བྱ་ནི་སྡུག་བསྔལ་རྒྱུ་དང་བཅས་པའོ། །སྦྱང་གཞི་ནི་རང་བཞིན་གྱིས་འཇིག་རྟེན་ལས་འདས་པ་སྟེ། སྦྱང་བྱ་ནི་འཇིག་རྟེན་ལས་མ་འདས་པའོ། །སྦྱང་གཞི་ནི་རང་བཞིན་གྱིས་མྱ་ངན་འདས་པ་ཆེན་པོ་སྟེ། སྦྱང་བྱ་ནི་མྱ་ངན་ལས་མ་འདས་པའོ། །སྦྱང་གཞི་ནི་བདུད་དང་ཉོན་མོངས་པ་དང་ཤེས་བྱ་དང་སྙོམས་འཇུག་གི་སྒྲིབ་པ་ལས་འདས་པ་སྟེ། སྦྱང་བྱ་ནི་དེ་རྣམས་ལས་མ་འདས་པའོ། །སྦྱང་གཞི་ནི་སྡུག་བསྔལ་གསུམ་མམ་བརྒྱད་ལས་འདས་པ་སྟེ། སྦྱང་བྱ་ནི་དེ་རྣམས་ལས་མ་འདས་པའོ། །སྦྱང་གཞི་ནི་ཉེར་ལེན་གྱི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ལས་འདས་པ་སྟེ། སྦྱང་བྱ་ནི་དེ་རྣམས་ལས་མ་འདས་པའོ། །སྦྱང་གཞི་ནི་སྨྲ་བསམ་བརྗོད་དུ་མེད་པའི་དབྱིངས་ཀུན་ལས་འདས་པ་སྟེ། སྦྱང་བྱ་ནི་སྨྲ་བསམ་བརྗོད་དུ་ཡོད་ཅིང་ཉི་ཚེ་བའོ། །སྦྱང་གཞི་ནི་དཔེར་བྱ་ཀུན་ལས་འདས་ཤིང་ཐུན་མོང་མ་ཡིན་པ་སྟེ། སྦྱང་བྱ་ནི་དཔེར་བྱ་བ་ལས་མ་འདས་ཤིང་ཐུན་མོང་པའོ། །སྦྱང་གཞི་ནི་ཡོན་ཏན་དང་ལེགས་པ་དཔག་ཏུ་མེད་པའི་གནས་ཏེ། སྦྱང་བྱ་ནི་སྐྱོན་དང་ཉེས་དམིགས་དཔག་ཏུ་མེད་པའི་གནས་སོ། །དེ་དག་ལ་སོགས་པ་རྣམས་མང་ཞིང༌། ཆེས་མང་བའི་སྒོ་ནས་ཁྱད་པར་ཞུགས་པར་བློ་དང་ལྡན་པ་རྣམས་ཀྱིས་ཤེས་པར་བྱའོ། །དེ་བཞིན་དུ། ཕྱོགས་དང་མཚུངས་པའི་དཔེའི་སྒོ་ནས་ཀྱང་གསལ་བར་ཁོང་དུ་ཆུད་པར་བྱ་སྟེ་འདི་ལྟར། སྦྱང་གཞི་ནི་འདུས་མ་བྱས་ནམ་མཁའ་ལྟ་བུ་སྟེ། སྦྱང་བྱ་ནི་སྤྲིན་དང་ཁུག་རྣ་ལ་སོགས་པ་ལྟ་བུའོ། །སྦྱང་གཞི་ནི་སྤྲིན་གྱིས་བསྒྲིབས་པའི་ཉི་ཟླ་ལྟ་བུ་སྟེ། སྦྱང་བྱ་ནི་སྒྲིབ་བྱེད་སྤྲིན་ཚོགས་ལྟ་བུའོ། །སྦྱང་གཞི་ནི་ཡིད་བཞིན་གྱི་ནོར་བུ་ལྟ་བུ་སྟེ། སྦྱང་བྱ་ནི་དེ་ལ་གཡོགས་པའི་འདམ་རྫབ་ལྟ་བུའོ། །སྦྱང་གཞི་ནི་བུམ་ནང་གི་མར་མེ་ལྟ་བུ་སྟེ། སྦྱང་བྱ་ནི་བུམ་པའི་སྦུབས་ལྟ་བུའོ། །སྦྱང་གཞི་ནི་སའི་གཏིང་གི་ཆུ་གཙང་ལྟ་བུ་སྟེ། སྦྱང་བྱ་ནི་དེ་ལ་གཡོགས་པའི་ས་རྡོ་ལྟ་བུའོ། །སྦྱང་གཞི་ནི་པད་མའི་སྦུབས་ན་བཞུགས་པའི་སངས་རྒྱས་ལྟ་བུ་སྟེ། སྦྱང་བྱ་ནི་དེ་ལ་གཡོགས་པའི་པད་མའི་སྦུབས་ལྟ་བུའོ། །སྦྱང་གཞི་ནི་སྦྲང་རྩིའི་གོང་བུ་ལྟ་བུ་སྟེ། སྦྱང་བྱ་ནི་དེ་ལ་འདུས་པའི་བུང་བ་མང་པོ་འཁྲིགས་པ་ལྟ་བུའོ། །སྦྱང་གཞི་ནི་འབྲའི་སྙིང་པོ་ལྟ་བུ་སྟེ། སྦྱང་བྱ་ནི་དེའི་ཤུན་པ་ལྟ་བུའོ། །སྦྱང་གཞི་ནི་མི་གཙང་བའི་འདམ་དུ་བྱིང་བའི་ས་ལེ་སྦྲམ་ཆེན་པོ་ལྟ་བུ་སྟེ། སྦྱང་བྱ་ནི་དེ་ལ་གཡོགས་པའི་མི་གཙང་བ་ལྟ་བུའོ། །སྦྱང་གཞི་ནི་མི་ཟད་པའི་གཏེར་ཆེན་ལྟ་བུ་སྟེ། སྦྱང་བྱ་ནི་དེ་དག་ལ་གཡོགས་པའི་ས་རྡོ་ལྟ་བུའོ། །སྦྱང་གཞི་ནི་རྒྱལ་བའི་སྐུ་གཟུགས་གོས་རུལ་གྱིས་བཏུམས་པ་ལྟ་བུ་སྟེ། སྦྱང་བྱ་ནི་གོས་ཧྲུལ་དྲི་མ་ཅན་དེ་ཉིད་ལྟ་བུའོ། །དེ་བཞིན་དུ། བུད་མེད་ངན་མའི་ལྟོ་ན་མི་བདག་དང༌། རྡོའི་ནང་ན་འོད་གསལ་བའི་བཻ་ཌཱུརྱ་དང༌། འཇིམ་པ་དང་ས་རྡོའི་ནང་ན་གསེར་དང༌། འོ་མ་ལ་མར་དང༌། ཤིང་ལ་མེ་དང༌། ཏིལ་ལ་ཏིལ་མར་གནས་པ་ལ་སོགས་པ་དཔེ་ཤིན་ཏུ་མང་པོའི་སྒོ་ནས། སྦྱང་བྱ་གློ་བུར་དྲི་མའི་སྦུབས་ནས། སྦྱང་གཞི་བདེ་ཤཻགས་སྙིང་པོ་བཞུགས་པར་གསུངས་ཤིང༌། དེ་དང་དེ་དབྱེར་མེད་ཅིག་མ་ཡིན་པར་ཡང་གསུངས་པས་ཐམས་ཅད་མཁྱེན་པའི་བཞེད་ལུགས་དང༌། བོད་འགའ་ཞིག་གི་བཞེད་ལུགས་ནི་མི་མཐུན་པར་སྣང་ངོ༌། །
དེ་བཞིན་དུ། སྦྱང་བྱ་དང༌། སྦྱོང་བྱེད་དབྱེར་མེད་གཅིག་ཡིན་པ་ཡང་བོད་འགའ་ཞིག་གི་བཞེད་ལུགས་ལ་འཐད་མོད་ཀྱི། ཐམས་ཅད་མཁྱེན་པའི་ལུགས་ལ་ཤིན་ཏུ་མི་འཐད་དེ། དེ་གཉིས་སྤང་བྱ་དང༌། དེ་འཇོམས་བྱེད་ཀྱི་གཉེན་པོ་ཡིན་པའི་ཕྱིར། དཔེར་ན། མུན་པ་དང་སྣང་བའམ། ནད་དྲག་པོ་དང་སྨན་བཟང་པོའམ། གྲང་རེག་དང་ཚ་རེག་བཞིན་ནོ། །
དེ་བཞིན་དུ། སྤྲིན་སོགས་དང་དེ་འཐོར་བའི་རླུང་དབྱེར་མེད་གཅིག་ཏུ་མི་འཐད་པ་དང༌། དྲི་མ་མི་གཙང་བ་དང༌། དེ་དག་འཁྲུད་པའི་ཆུ་གཙང་དབྱེར་མེད་གཅིག་ཏུ་མི་འཐད་པ་དང༌། བུམ་པའི་སྦུབས་དང་དེ་གཅོགས་པའི་ཐོ་བ་ལ་སོགས་པ་དབྱེར་མེད་གཅིག་ཏུ་མི་འཐད་པ་དང༌། ས་རྡོ་དང་དེ་དག་སེལ་བའི་ལག་ཆ་དབྱེར་མེད་གཅིག་ཏུ་མི་འཐད་པ་ལ་སོགས་པ་དཔེ་དང༌། རྒྱུ་མཚན་མང་པོའི་སྒོ་ནས་སྦྱང་བྱ་དང་སྦྱོང་བྱེད་དབྱེར་མེད་ཅིག་མ་ཡིན་པར་རྟོགས་པར་བྱ་སྟེ། མཁས་པ་རྣམས་ཀྱི་སྤྱོད་ཡུལ་ལོ། །
དེ་བཞིན་དུ། སྦྱང་བྱ་སྦྱོང་བྱེད་གཉིས་དང༌། སྦྱངས་འབྲས་ཀྱང་དབྱེར་མེད་གཅིག་ཏུ་མི་འཐད་དེ། འདུས་བྱས་དང་འདུས་མ་བྱས་ཀྱི་ཁྱད་པར་དང༌། སྐད་ཅིག་དང་རྟེན་འབྲེལ་ལས་འདས་པ་དང་མ་འདས་པ་ལ་སོགས་པའི་སྒོ་ནས་ཐ་དད་པའི་ཕྱིར། དཔེར་ན། སྤྲིན་དང་དེ་འཐོར་བའི་རླུང་དག་དང༌། དེ་དག་གསང་བའི་ནམ་མཁའ་དག་པ་དབྱེར་མེད་གཅིག་ཏུ་མི་རུང་བ་བཞིན་ཏེ། དེ་བཞིན་དུ་སྔར་སྨོས་པའི་དཔེ་གཞན་རྣམས་ལ་ཡང་ཅི་རིགས་སུ་སྦྱར་ནས་དོན་ཁོང་དུ་ཆུད་པར་བྱའོ། །སྦྱངས་འབྲས་དང་སྦྱང་གཞི་ལ་ནི་ངོ་བོའི་སྒོ་ནས་ཐ་དད་པ་མེད་དེ། དཔེར་ན། སྤྲིན་གྱིས་དག་པ་དང་མ་དག་པའི་ནམ་མཁའ་ལ་ངོ་བོ་ཐ་དད་མེད་པ་བཞིན་ནོ། །དེ་ལྟར་ན་ཡང་སྦྱངས་འབྲས་དང་སྦྱང་གཞི་ཞེས་འབྱེད་པ་ལ་ནི་སྐྱོན་མེད་དེ། རང་བཞིན་དག་པར་གཅིག་ཀྱང་གློ་བུར་དྲི་མས་དག་པ་དང་མ་དག་པའི་ཆ་ནས་གནས་གྱུར་པ་དང༌། མ་གྱུར་པའི་ཁྱད་པར་ཡོད་པའི་ཕྱིར། དཔེར་ན། སྤྲིན་ཚོགས་དག་པའི་ནམ་མཁའ་དང་མ་དག་པའི་ནམ་མཁའ་ལྟ་བུ་སྟེ། དེ་བཞིན་དུ། དཔེ་གཞན་རྣམས་ལ་ཡང༌། ཇི་ལྟར་རིགས་པར་སྦྱར་ནས་དོན་གསལ་བར་ཁོང་དུ་ཆུད་པར་བྱའོ། །དེ་ལྟ་བས་ན་དཔོན་བྱང་པའི་བཞེད་པ་ལ། སྦྱང་གཞི་སྦྱོང་བྱེད་སོ་སོ་མ་ཡིན། ཞེས་དང༌། སྦྱང་གཞི་སྦྱོང་བྱེད་སྦྱངས་འབྲས་རྣམས་ཐ་དད་དུ་འགྱུར་བ་རྡུལ་ཙམ་ཡང་མེད་གསུང་བ་འདི་བོད་འགའ་ཞིག་གིས་ལུགས་ལ་རུང་ཡང༌། ཐམས་ཅད་མཁྱེན་པའི་ལུགས་ལ་མི་རུང་བར་གྲུབ་བོ། །
དེ་བཞིན་དུ། ཐ་དད་ན་སྦྱང་གཞི་དེ་སྦྱོང་བྱེད་དེས་སྦྱོང་བར་མི་ནུས། སྦྱངས་འབྲས་དེ་མི་འཐོབ། ཐོབ་ཀྱང་དགོས་པ་མེད་པ་ཅིག་འོང་གསུང་བ་འདི་ཡང་བོད་འགའ་ཞིག་གི་བཞེད་པ་དང་མཐུན་གྱི། ཐམས་ཅད་མཁྱེན་པའི་དགོངས་པ་དང་མི་མཐུན་པར་གྲུབ་ཅིང༌། གང་དང་གང་འགོག་པར་བྱེད་པའམ། སྦྱོང་བར་བྱེད་པ། དག་པར་བྱེད་པ་ཐམས་ཅད་ལ་གང་ལ་འགོག །གང་ཞིག་འགོག །གང་གིས་འགོག །འགགས་པའི་འབྲས་བུ་གང་ཐོབ་ཅེས་པ་ལ་སོགས་པ་བཞི་བཞིར་གསུངས་ ཤིང༌། དོན་ལ་ཡང་གནས་ཏེ། ཁང་བཟང་ཕྱག་དར་བྱེད་པ་དང༌། སྣོད་སྤྱད་དང༌།བཞིན་ལག་དང༌། གོས་རྒྱན་ལ་སོགས་པ་འཁྲུད་པ་ལྟ་བུའོ། །
དེ་བཞིན་དུ། སྦྱོང་བར་བྱེད་པའམ། དག་པར་བྱེད་པ་ལ་ཡང་ཇི་ལྟར་མཐུན་ མཐུན་དུ་སྦྱོར་རོ། །སྦྱང་བྱ་སྦྱོང་བྱེད་མུན་པ་དང་སྣང་བ་ལྟར་ཐ་དད་ཀྱང་སྦྱང་མི་ནུས་པ་མ་ཡིན་ཞིང༌། སྦྱངས་འབྲས་མི་འཐོབ་པ་ཡང་མ་ཡིན་ལ། ཐོབ་ན་དགོས་པ་མེད་པ་ཡང་མ་ཡིན་ཏེ། རྣམ་དག་ལེགས་པའི་ལམ་གྱིས་རླུང་སེམས་འགྱུ་བའི་རྒྱུན་འགག་པར་ནུས་ཤིང༌། དེ་འགགས་ན་མི་རྟོག་ཡེ་ཤེས་འོད་གསལ་ཆོས་ཀྱི་སྐུ་བདེ་བ་ཆེན་པོ་གདོད་ནས་ལྷུན་གྲུབ་ཏུ་བཞུགས་པ་དེ་ངེས་པར་འཐོབ་ལ། དེ་ཐོབ་ན་སྐྱེ་རྒ་ན་འཆི་ལ་སོགས་པ་སྡུག་བསྔལ་རྒྱུ་དང་བཅས་པ་ཐམས་ཅད་འགགས་ནས་ཆོས་ཐམས་ཅད་ལ་དབང་བསྒྱུར་བ་ལ་སོགས་པ་དགོས་པ་ཆེན་པོ་དཔག་ཏུ་མེད་པ་ཡང་ཡོད་པར་གསུངས་པའི་ཕྱིར་རོ། །
དེ་བཞིན་དུ། གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད་དུ་གསུངས་པ་དེ་ད་ལྟར་ཐ་མལ་གྱི་གཟུགས་འདི་ཁོ་ན་ཡིན། བདེ་གཤེགས་སྙིང་པོའི་གཟུགས་ཀྱང་འདི་ཡིན། འདི་ལས་གཞན་པའི་བདེ་གཤེགས་སྙིང་པོའི་གཟུགས་མེད་ཅེས་གསུང་བ་འདི་ཡང་བོད་འགའ་ཞིག་གིས་བཞེད་པ་དང་མཐུན་གྱི་སངས་རྒྱས་ཀྱི་གསུང་དང་མི་མཐུན་པར་གྲུབ་སྟེ། གཟུགས་ཀྱི་ཕུང་པོ་གཞན་དོན་དམ་ཆོས་ཉིད་ཀྱི་གཟུགས་ཀྱི་ཕུང་པོ་པྲ་ཕབ་པ་ལྟ་བུ་གཟུགས་མེད་གཟུགས་བཟང་དམ། རྡུལ་མེད་རྡུལ་བྲལ་དྲི་མ་མེད་པའི་གཟུགས་ལ་རྣམ་པར་སྣང་མཛད་མེ་ལོང་ལྟ་བུའི་ཡེ་ཤེས་སུ་གསུངས་ཤིང༌། བདེ་གཤེགས་སྙིང་པོའི་གཟུགས་སུ་ཡང་གསུངས་ཀྱི། ཐ་མལ་གྱི་གཟུགས་འདི་ནི་ལས་དང་ཉོན་མོངས་པ་ལས་གྲུབ་ཅིང༌། མི་གཙང་བ་མི་བརྟན་པ། ཡིད་བརྟན་དུ་མི་རུང་བས། སྐྱབས་གནས་མ་ཡིན་པ། ཐོགས་ཆགས་མེད་པའི་ཡེ་ཤེས་དང༌། སྟོབས་བཅུ་ལ་སོགས་པ་ཆོས་སྐུའི་ཡོན་ཏན་རྣམས་མ་ཚང་བའི་ཕྱིར། འདི་ནི་རྣམ་པར་སྣང་མཛད་མེ་ལོང་ཡེ་ཤེས་བདེ་གཤེགས་སྙིང་པོར་མ་གསུངས་ཤིང༌། དོན་ལ་ཡང་མ་ཡིན་ནོ། །
དེ་བཞིན་དུ། འདོད་ཆགས་ལ་སོགས་པ་ཉོན་མོངས་པ་རྣམས་དང༌། བཤང་བ་ལ་སོགས་པ་མི་གཙང་བ་རྣམས་དང༌། ཤ་ཁྲག་རྐང་ཚིལ་བུ་ལ་སོགས་པ་ལུས་ཀྱི་ཁམས་རྣམས་དང༌། མདོར་ན་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་དཀྱིལ་འཁོར་གྱི་ལྷ་ཚོགས་སུ་གསུངས་པའི་དགོངས་པ་ཡང་བོད་འགའ་ཞིག་གིས་བཞེད་པ་ལྟར་མ་ཡིན་གྱི། འདོད་ཆགས་གཞན་ཞེས་པ་ལ་སོགས་པ་ནས། ཕུང་པོ་ཁམས་དང་སྐྱེ་མཆེད་གཞན་ཞེས་པའི་བར་དུ་དོན་དམ་ཆོས་ཉིད་ཀྱི་འདོད་ཆགས་ནས། དོན་དམ་ཆོས་ཉིད་ཀྱི་ཕུང་པོ་ཁམས་དང་སྐྱེ་མཆེད་པྲ་ཕབ་པ་ལྟ་བུ་འདུས་མ་བྱས་ཀྱི་དབྱིངས་ལ་གསུངས་པའི་ཕྱིར། ཉེར་ལེན་གྱི་ཕུང་པོ་ལ་སོགས་པ་ད་ལྟར་གྱི་སྣང་གྲགས་འདི་ཉིད་ཀ་སྐུ་བཞི་ཡེ་ཤེས་ལྔ་དང༌། ཕྱག་རྒྱ་ཆེན་པོ་དང༌། རང་བྱུང་ཡེ་ཤེས་དང༌། ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང༌། ཡེ་ཤེས་ཀྱི་དཀྱིལ་འཁོར་ ལྷའི་ཚོགས་དང་བཅས་པར་འདོད་པ་རྣམས་ནི་སངས་རྒྱས་ཀྱི་བཀའ་དང་མི་མཐུན་ནོ། །
དེ་བཞིན་དུ། སྣང་གྲགས་འདི་རྣམས་རང་སྟོང་དུ་ངོ་ཤེས་པ་ཙམ་གྱིས་ཀྱང་སངས་རྒྱས་ཐོབ་པ་མ་ཡིན་ཏེ། དེ་ཙམ་གྱིས་རླུང་སེམས་ཀྱི་རྒྱུན་མི་འགག་པའི་ཕྱིར་རོ། །འདི་རྣམས་ཡེ་ཤེས་ཀྱི་སྐུ་རུ་གནས་གྱུར་ནས་འགྲོ་བ་ཡང་མ་ཡིན་ཏེ། ཡེ་ཤེས་ཀྱི་སྐུ་འགྱུར་བ་མེད་ཅིང༌། འདུས་མ་བྱས་པའི་ཕྱིར་རོ། །གཞན་ཡང༌། ཉེར་ལེན་གྱི་ཕུང་པོ་ལ་སོགས་པ་སྦྱང་གཞི་མ་ཡིན་ཏེ། སྦྱང་བྱའི་དྲི་མ་ཡིན་པའི་ཕྱིར་དང༌། སྦྱངས་པས་དག་པའི་ཚེ་ཟད་ནས་མེད་པར་འགྲོ་བའི་ཕྱིར་རོ། །གང་སྦྱང་གཞི་ཡིན་པ་དེ་སྦྱངས་པས་དག་པའི་ཚེ་ཟད་པར་མི་འགྱུར་ཏེ། སྣོད་སྤྱད་ལ་སོགས་པ་བཞིན་ནོ། །
ཡང་དཔོན་བྱང་པའི་བཞེད་པས། སྦྱོང་བྱེད་རྡོ་རྗེའི་རྣལ་འབྱོར་ཟེར་བའི་ལམ་གཞན་ཞིག་གིས་སྦྱོང་བ་མིན། གཟུགས་ཡེ་གདོད་མ་ནས་རང་བཞིན་མེད་པ་ལ་དེ་ལྟར་རྟོགས་པ་དེ་སྦྱོང་བྱེད་རྡོ་རྗེའི་རྣལ་འབྱོར་ཡིན། དེ་ཁོ་ན་མེ་ལོང་ལྟ་བུའི་ཡེ་ཤེས་སམ། རྣམ་པར་སྣང་མཛད་ཡིན་གསུང་བ་འདི་ཡང་བོད་འགའ་ཞིག་གི་བཞེད་པ་དང་མཐུན་གྱི། བཅོམ་ལྡན་འདས་ཀྱི་དགོངས་པ་དང་མི་མཐུན་ཏེ། གཟུགས་སོགས་གདོད་མ་ནས་རང་བཞིན་མེད་པ་ལ་མེད་པ་རྟོགས་པ་ཙམ་གྱིས་དབུགས་ཀྱི་རྒྱུན་མི་འགག་ཅིང༌། དེ་མ་འགགས་ན་རྣམ་རྟོག་མི་འགག་ལ། དེ་མ་འགགས་ན་མི་རྟོག་ཡེ་ཤེས་མི་འཐོབ་པས། སངས་རྒྱས་རྣམ་པར་སྣང་མཛད་མེ་ལོང་ལྟ་བུའི་ཡེ་ཤེས་འཐོབ་མི་སྲིད་པའི་ཕྱིར་དང༌། སྦྱོང་བྱེད་རྡོ་རྗེའི་རྣལ་འབྱོར་ནི་དབུགས་ཀྱི་རྒྱུན་ངང་གིས་འགག་པའི་ཐབས་མཆོག་ཐུན་མོང་མ་ཞིང༌། བསམ་གྱིས་མི་ཁྱབ་པའི་རྣལ་འབྱོར་ཁྱད་པར་ཆེས་འཕགས་པ་ཞིག་ལ་གསུངས་པའི་ཕྱིར་རོ། །
དེ་བཞིན་དུ། ཁ་ཅིག་རྩ་རླུང་ཐིག་ལེ་གཏུམ་མོ་ནཱ་ད་བ་ཐག་ལ་སོགས་པ་མཚན་བཅས་ཀྱི་སྒོམ་པ་དང༌། བསྐྱེད་རིམ་དང༌། ལས་ཀྱི་ཕྱག་རྒྱ་བསྟེན་པ་ལ་སོགས་པ་སྦྱོང་བྱེད་མ་ཡིན་པ་ལ་ཡིན་པར་འདུ་ཤེས་པ་ཤིན་ཏུ་མང་བར་སྣང་ཞིང༌། དེ་རྣམས་ཀྱང་དེ་བཞིན་གཤེགས་པའི་དགོངས་པ་དང་མི་མཐུན་པའི་རྒྱུ་མཚན་ཆེས་མང་བར་བདོག་མོད་ཀྱི། རེ་ཞིག་འདིར་མ་བྲིས་སོ། །
ཡང་དཔོན་བྱང་པའི་བཞེད་པས། གཟུགས་ཀྱི་རྣམ་པར་སྣང་བ་དེ་མེ་ལོང་ལྟ་བུའི་ཡེ་ཤེས་མ་ཡིན། གཟུགས་ཀྱི་རྣམ་པར་སྣང་བ་རང་བཞིན་མེད་པར་མངོན་སུམ་དུ་ཤེས་པ་དེ་མེ་ལོང་ལྟ་བུའི་ཡེ་ཤེས་ཡིན། གཟུགས་ཀྱི་རྣམ་པར་སྣང་བ་མེ་ལོང་ལྟ་བུའི་ཡེ་ཤེས་ཡིན་ན། སྣང་བ་ཐམས་ཅད་མེ་ལོང་ལྟ་བུའི་ཡེ་ཤེས་སུ་འགྱུར་ རོ། །ཞེས་གསུང་བ་འདི་ལ་གཉིས་ཏེ། ཀུན་རྫོབ་ཀྱི་གཟུགས་དང་དོན་དམ་པའི་གཟུགས་སོ། །དེ་ལ་ཀུན་རྫོབ་ཀྱི་གཟུགས་གང་ཡིན་པ་དེ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་མ་ཡིན་ཞིང༌། དོན་དམ་པའི་གཟུགས་གང་ཡིན་པ་དེ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཡིན་ནོ། །གཟུགས་ཀྱི་རྣམ་པར་སྣང་བ་རང་བཞིན་མེད་པར་མངོན་སུམ་དུ་ཤེས་པ་ཞེས་བྱ་བ་དེ་དོན་དམ་གྱི་གཟུགས་དང་དབྱེར་མེད་ཅིང༌། རླུང་སེམས་ཐིག་ལེ་འགག་པ་ཅིག་ཡིན་ན་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཡིན་ཏེ། དེ་ལ་ཀུན་གཞི་རྣམ་པར་ཤེས་པ་ལ་སོགས་པ་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་དང་ལྷན་ཅིག་གཏན་ནས་འགག་པས་ཁྱབ་ཅིང༌། འཕོ་བའི་སྐད་ཅིག་འགགས་ནས་འཛག་མེད་ཀྱི་བདེ་བ་ཆེན་པོས་ཀྱང་ཁྱབ་ལ། སྟོབས་དང་མི་འཇིགས་པ་ལ་སོགས་པ་ཆོས་སྐུའི་ཡོན་ཏན་འགྲང་བ་ལས་འདས་པ་རྣམས་ཀྱང་མངོན་དུ་གྱུར་པས་ཁྱབ་བོ། །དེ་ལྟ་མ་ཡིན་པར་རླུང་སེམས་ཀྱི་འགྱུ་བ་མ་འགགས་པས་ཆོས་ཉིད་རང་བཞིན་མེད་པར་མངོན་སུམ་གྱིས་རྟོགས་ཞེས་མི་མཁས་པ་འགའ་ཞིག་འདོད་པ་ལྟར་ཡིན་ན་ནི། དེ་མེ་ལོང་ལྟ་བུའི་ཡེ་ཤེས་སུ་མི་རུང་ངོ༌། །
ཡང་དཔོན་བྱང་པའི་བཞེད་པས། དུས་འཁོར་ནས་མེ་ལོང་ལྟ་བུའི་ཡེ་ཤེས་པྲ་ཕབ་པའི་རྣམ་པ་ལྟ་བུ་ཞེས་བཤད་པ་དེ། པྲ་ཕབ་པའི་རང་སྣང་ལ་ལྟོས་ནས་དཔེར་བཞག་པ་མ་ཡིན། སྣང་ཡུལ་དེ་ལ་ལྟོས་ནས་དཔེར་བཞག་པ་ཡིན། ཞེས་གསུང་བ་འདི་ཡང་བོད་ཀྱི་དུས་འཁོར་བ་འགའ་ཞིག་དང་མཐུན་སྲིད་ཀྱང༌། རིགས་ལྡན་ས་བཅུའི་དབང་ཕྱུག་རྣམས་དང་མི་མཐུན་སྟེ། དུས་འཁོར་གྱི་དགོངས་པ་ཇི་ལྟ་བ་བཞིན་ལེགས་པར་ཁོང་དུ་ཆུད་པ་ལ། གཞན་བདེ་གཤེགས་སྙིང་པོ་དང༌། དེ་མངོན་དུ་བྱེད་པའི་ཐབས་མཆོག་བླ་ན་མེད་པ་ལེགས་པར་རྟོགས་ཤིང་ཉམས་སུ་མྱོང་བ་དགོས་པའི་ཕྱིར། འདིར་རྒྱུ་མཚན་ཞིབ་ཏུ་མ་བྲིས་སོ། །
ཡང་དཔོན་བྱང་པའི་བཞེད་པས། སྦྱང་བྱ་སྦྱོང་བྱེད་སྤང་གཉེན་གྱི་ངོས་ནས་ཐ་དད་པ་དེ་ཕར་ཕྱིན་མན་ཆད་ཀྱི་ཆོས་སྐད་ཡིན། རྡོ་རྗེ་ཐེག་པ་འབྲས་བུ་ལམ་དུ་བྱེད་པའི་ལུགས་ལ། གཞི་ལམ་འབྲས་བུ་གསུམ་དབྱེར་མེད་དུ་འདོད། དེའི་རྒྱུ་མཚན་རང་བཞིན་གང་དུ་ཡང་མ་གྲུབ་པར་ངོ་བོ་གཅིག་པའི་ཕྱིར་རོ། །ཞེས་གསུང་བ་འདི་ཡང་བོད་འགའ་ཞིག་གི་བཞེད་པ་དང་མཐུན་གྱི། བཅོམ་ལྡན་འདས་ཀྱི་དགོངས་པ་དང་མི་མཐུན་ཏེ། སྤྱིར་རྒྱུའི་མཚན་ཉིད་ཕ་རོལ་ཏུ་ཕྱིན་པའི་ཚུལ་དང༌། འབྲས་བུའི་མཚན་ཉིད་སྔགས་ཀྱིས་ཚུལ་ཞེས་རྒྱུའི་ཐེག་པ་དང༌། འབྲས་བུའི་ཐེག་པ་གཉིས་སུ་གསུངས་པ་དེ་ནི་སྤང་གཉེན་ཐ་དད་པ་དང་དབྱེར་མེད་པའི་ཆ་ནས་རྒྱུ་འབྲས་ཀྱི་ཐེག་པར་འཇོག་པ་མ་ཡིན་ཏེ། གཉིས་ཀ་ནས་སྤང་གཉེན་ཐ་དད་པར་སྟོན་པ་ཉིད་དུ་མཚུངས་པའི་ཕྱིར་དང༌། དེ་བཞིན་དུ་དོན་ལ་ཡང་གནས་པའི་ཕྱིར་རོ། །
གཞི་ལམ་འབྲས་བུ་གསུམ་ལ། དབྱེ་བ་ཡོད་མེད་ཀྱི་སྒོ་ནས་ཀྱང༌། རྒྱུ་དང་འབྲས་བུའི་ཐེག་པར་འཇོག་པ་མ་ཡིན་ཏེ། དེའང་གཉིས་ཀ་ལ་མཚུངས་པའི་ཕྱིར་རོ། །རང་བཞིན་གང་དུ་ཡང་མ་གྲུབ་པར་ངོ་བོ་གཅིག་པ་ལ། གཞི་ལམ་འབྲས་གསུམ་དབྱེར་མེད་ཀྱིས་ཁྱབ་ན་ནི། རྒྱུ་མཚན་དེ་ཕ་རོལ་ཏུ་ཕྱིན་པའི་ཐེག་པར་ཡང་མཚུངས་མོད་ཀྱི་འོན་ཀྱང་དེ་ལ་དེས་མ་ཁྱབ་བོ། །གཞན་ད་ལྟ་རྒྱུ་སྦྱིན་སོགས་ལམ་དུ་བྱས་པས། འབྲས་བུ་སངས་རྒྱས་དུས་འཕྱི་མོ་ན་འཐོབ་པ་ལ། རྒྱུའི་ཐེག་པའི་དོན་དུ་འདོད་པ་དང༌། འབྲས་བུ་སངས་རྒྱས་ད་ལྟ་ཉིད་དུ་བསྐྱེད་རིམ་གྱིས་མངོན་དུ་བྱེད་པ་དང༌། གཟུགས་སོགས་སྣང་གྲགས་ཐམས་ཅད་ལྷ་དང་སྔགས་སུ་ངོ་ཤེས་པ་ཉིད་ཀྱིས་འབྲས་བུ་ད་ལྟ་ཉིད་དུ་འཐོབ་པའམ། ངོ་ཤེས་པ་དེ་ཉིད་ཡང་ཡང་གོམས་པས་ཚེ་འདིའམ། སྐྱེ་བ་བཅུ་དྲུག་ཚུན་ཆད་ཀྱི་ཁོང་དུ་སངས་རྒྱས་འཐོབ་པ་ལ། འབྲས་བུའི་ཐེག་པའི་དོན་དུ་འདོད་པ་མང་བར་གདའ་སྟེ། འདི་ ཡང་རྒྱལ་བའི་དགོངས་པ་དང་མི་མཐུན་པར་སྣང་ངོ༌། །འོ་ན་རྒྱལ་བའི་དགོངས་ པས། དེ་གཉིས་ཀྱི་ཁྱད་པར་ཇི་ལྟ་བུ་ཞེ་ན། འདིར་རྒྱུ་དང་འབྲས་བུ་ཞེས་པ་ཀུན་རྫོབ་ཀྱི་རྒྱུ་འབྲས་ནི་མ་ཡིན་གྱི། རྒྱུ་འབྲས་གཞན་ཞེས་པ་དོན་དམ་པའི་རྒྱུ་འབྲས་ཏེ། དེ་ཡང་རྒྱུ་འབྲས་ལས་འདས་པའི་རྒྱུ་འབྲས་ཞེས་པ་འགལ་འདུས་སྐྱོན་མེད་དོ། །འདིར་འགལ་འདུས་སྐྱོན་མེད་ཅེས་པ་ཡང༌། དོན་དམ་གྱི་བདེན་པ་ལ་རུང་གི་ཀུན་རྫོབ་ཀྱི་བདེན་པ་ལ་མི་རུང་བར་གསུངས་སོ། །འདིར་ཀུན་རྫོབ་ལས་གཞན་དོན་དམ་པའི་རྒྱུ་དང་འབྲས་བུ་ནི་དམིགས་པ་དང་བཅས་པའི་སྟོང་པ་ཉིད་དང༌། དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་ལ་གསུངས་ཤིང༌། དེ་དག་ཀྱང་དོན་དམ་གཞན་སྟོང་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་ཞིང༌། རྡུལ་དང་སྐད་ཅིག་ལས་འདས་པའི་གཟུགས་སོགས་ཆ་མེད་ཀུན་འགྲོ་དང༌། འཛག་པ་མེད་པའི་བདེ་བ་ཆེན་པོ་མཁའ་དབྱིངས་ཁྱབ་ཅིང་དབང་པོ་གཉིས་ཀྱི་བདེ་བ་དང་སྐད་ཅིག་ལས་འདས་པའི་ཡེ་ཤེས་ལ་གསུངས་སོ། །དེ་དག་ཉིད་ཤེས་རབ་དང་ཐབས་སུ་གསུངས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། རྡོ་རྗེ་འཆང་ཆེན་པོའོ། །
དེ་བཞིན་དུ། ཕྱག་རྒྱ་ཆེན་མོ་དང༌། ཕྱག་རྒྱ་ཆེན་པོའོ། །རྡོ་རྗེ་ཉི་མ་དང༌། རྡོ་རྗེ་ཟླ་བའོ། །བདེན་དོན་བཅུ་གཉིས་དང༌། རྟེན་འབྲེལ་བཅུ་གཉིས་སོ། །དེ་ཉིད་བཅུ་དྲུག་དང༌། དེ་ཉིད་བཅུ་དྲུག་གོ །དོན་དམ་པའི་སྟོང་པ་ཉིད་བཅུ་དྲུག་དང༌། སྙིང་རྗེ་བཅུ་དྲུག་གོ །དོན་དམ་པའི་ཕྱག་བཅུ་དྲུག་དང༌། ཐོད་པ་བཅུ་དྲུག་གོ །དོན་དམ་པའི་དུར་ཁྲོད་བཅུ་དྲུག་དང༌། དེར་བཞུགས་པའི་ལྷ་བཅུ་དྲུག་གོ ། དོན་དམ་པའི་པད་འདབ་བཅུ་དྲུག་དང༌། དེར་བཞུགས་པའི་ལྷ་བཅུ་དྲུག་གོ །དོན་དམ་པའི་ཨེ་ཡིག་དང༌། ཝཾ་ཡིག་གོ །གཟུང་བ་གཞན་དང༌། འཛིན་པ་གཞན་ནོ། །རྣམ་ཤེས་གཞན་དང༌། ཡེ་ཤེས་གཞན་ནོ། །རྡོ་རྗེ་ཕག་མོ་དང༌། བདེ་མཆོག་གོ ། བདག་མེད་མ་དང༌། དགྱེས་རྡོར་རོ། །སྣ་ཚོགས་ཡུམ་དང༌། དུས་འཁོར་རོ། །ཞེས་པ་ལ་སོགས་པ་སྟེ། དེ་བཞིན་དུ། འཁོར་ལོ་དང་སྡོམ་པའོ། །གསང་བ་དང་འདུས་པའོ། །ཞེས་པ་ལ་སོགས་པ་རྒྱུ་དང་འབྲས་བུའི་རིམ་པས་ཤེས་རབ་དང་ཐབས་ཀྱི་ངེས་པ་གསུངས་སོ། །
དེ་བཞིན་དུ། སྤྲོ་བ་དང་བསྡུ་བའི་རིམ་པས་ཐབས་དང་ཤེས་རབ་ཀྱི་ངེས་པས་གསུངས་པ་ལ་ཡང༌། དོན་དམ་པའི་ཧཾ་ཡིག་དང་ཀྵ་ཡིག་གོ །རྡོ་རྗེ་དང་པད་མའོ། །རྡོ་རྗེ་དང་དྲིལ་བུའོ། །རྡོ་རྗེ་དང་སེམས་དཔའོ། །ཧེ་དང་བཛྲརོ། །ཀཱ་ལ་དང་ཙཀྲའོ། །སྟོང་པ་ཆེན་པོ་ཡི་གེ་ལྔ་དང་ཐིག་ལེ་སྟོང་པ་ཡི་གེ་དྲུག་གོ །སངས་རྒྱས་རིན་ཆེན་དང་ཟ་མ་ཏོག་གོ །ཤེས་པ་གཞན་དང་ཤེས་བྱ་གཞན་ནོ། །ཕུང་པོ་གཞན་དང་ཁམས་གཞན་ནོ། །དབང་པོ་གཞན་དང་ཡུལ་གཞན་ནོ། །ལས་ཀྱི་དབང་པོ་གཞན་དང་དེའི་བྱ་བ་གཞན་ནོ། །ཞེས་པ་ལ་སོགས་པ་སྟེ། མདོར་ན་དཀྱིལ་འཁོར་གྱི་ལྷ་ཡབ་ཡུམ་དང་གཙོ་བོ་ཡབ་ཡུམ་དུ་གསུངས་པ་ཐམས་ཅད་དོ། །དེ་ལ་རྟག་ཏུ་མི་འབྲལ་བའི་ཕྱིར་རྟག་ཏུ་འཁྱུད་པའོ། །དེ་ལྟ་བས་ན་དོན་དམ་པའི་རྒྱུ་དང་འབྲས་བུ་ལ་ངོ་བོ་ཐ་དད་པ་མེད་ཀྱང༌། གང་ཟག་ལམ་དུ་ཞུགས་པ་རྣམས་ལ་མངོན་དུ་འགྱུར་ཚུལ་སྔ་ཕྱིའི་སྒོ་ནས་ཐ་དད་པའི་ཕྱིར་དང༌། རྒྱུ་འབྲས་དང་འདྲ་བའི་རྣམ་པ་གཞན་ཡང་ཡོད་པའི་ཕྱིར། དང་པོར་རྒྱུ་སྟོང་ཉིད་ཀྱི་ཐེག་པ་དང༌། དེ་ནས་འབྲས་བུ་སྙིང་རྗེའི་ཐེག་པ་བསྟན་ཏེ། ཐེག་པ་ཆེན་པོའི་མདོ་སྡེ་རིན་པོ་ཆེ་རྣམས་སུ། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། སྤྲོས་པ་མེད་པ་དང༌། ཡིད་ལ་མི་བྱེད་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། མི་ལེན་མི་འདོར་བ་དང༌། ཆོས་ཉིད་དང༌། ཆོས་ཀྱི་དབྱིངས་ཉིད་དང༌། ཆོས་ཀྱི་གནས་ཉིད་དང༌། ཆོས་སྐྱོན་མེད་པ་ཉིད་དང༌། དེ་བཞིན་ཉིད་དང༌། མ་ནོར་བ་དེ་བཞིན་ཉིད་དང༌། གཞན་མ་ཡིན་པ་དེ་བཞིན་ཉིད་དང༌། ཡང་དག་པའི་མཐའ་དང༌། མ་སྐྱེས་པ་དང༌། མ་འགགས་པ་དང༌། གཟོད་མ་ནས་ཞི་བ་དང༌། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་དང༌། ཆོས་ཀྱི་སྐུ་དང༌། ངོ་བོ་ཉིད་ཀྱི་སྐུ་ཞེས་པ་ལ་སོགས་པ་རྣམ་པ་མང་པོའི་མིང་གིས་ཀུན་རྫོབ་རང་སྟོང་གི་ཆོས་རྣམས་ཀྱིས་སྟོང་པའི་གཞི་ལ། དོན་དམ་གཞན་སྟོང་ནམ་མཁའ་ལྟར་རྟག་ཏུ་བཞུགས་པ་དེ་བསྟན་ཏོ། །དེ་ཡང་འཁོར་ལོ་བར་པར་དགག་བྱའི་ཆོས་ཀུན་རྫོབ་རང་སྟོང༌། རྟེན་འབྲེལ་མ་འདས་པ་གཙོ་ཆེར་བསྟན་ནས་དག་པའི་གཞི་ལ་དོན་དམ་གཞན་སྟོང་རྟེན་འབྲེལ་ལས་འདས་པ་ནི། འཁོར་ལོ་ཐ་མར་གཙོ་ཆེར་བསྟན་ཏེ། འཁོར་ལོ་བར་པར་ཡང༌། དགག་པའི་གཞི་མ་བསྟན་པ་མ་ཡིན་ནོ། །རྒྱུད་སྡེ་རིན་པོ་ཆེ་རྣམས་སུ། དགའ་བ་དང༌། མཆོག་དགའ་དང༌། ཁྱད་པར་གྱི་དགའ་བ་དང༌། ལྷན་ཅིག་སྐྱེས་པའི་དགའ་བ་དང༌། རྡོ་རྗེའི་ཆགས་པ་དང༌། རྗེས་སུ་ཆགས་པ་དང༌། འདོད་ཆགས་ཆེན་པོ་དང༌། ཞེ་སྡང་ཆེན་པོ་དང༌། གཏི་མུག་ཆེན་པོ་དང༌། ང་རྒྱལ་ཆེན་པོ་དང༌། ཕྲག་དོག་ཆེན་པོ་དང༌། སེར་སྣ་ཆེན་པོ་དང༌། སྲོག་ཆེན་པོ་དང༌། སེམས་ཆེན་པོ་དང༌། རྡོ་རྗེ་དང༌། ཐིག་ལེ་དང༌། དེ་ཁོ་ན་ཉིད་དང༌། འདུས་པ་དང༌། སྡོམ་པ་དང༌། ལྷན་ཅིག་སྐྱེས་པའི་སྐུ་དང༌། ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང༌། ཕྱག་རྒྱ་ཆེན་པོ་དང༌། དང་པོའི་སངས་རྒྱས་དང༌། རྡོ་རྗེ་སེམས་དཔའ་དང༌། ཨེ་ཝཾ་ཡི་གེ་ལ་སོགས་པ་རྣམ་པ་མང་པོའི་མིང་གིས་འགྱུར་མེད་མཆོག་གི་བདེ་བ་ཆེན་པོ་བསྟན་ཏོ། །དེའི་ཕྱིར་རྒྱུ་སྟོང་ཆེན་གཙོ་བོར་སྟོན་ན། རྒྱུའི་ཐེག་པ་དང༌། འབྲས་བུའི་བདེ་ཆེན་གཙོ་བོར་སྟོན་ན་འབྲས་བུའི་ཐེག་པ་ཞེས་གསུངས་ཤིང༌། དེ་དག་གི་དོན་དབྱེར་མེད་གཅིག་ཏུ་གནས་པ་ལ་དགོངས་ནས། དོན་གཅིག་ན་ཡང་ཞེས་པ་ལ་སོགས་པ་དང༌། འདི་གཉིས་ཀྱི་དོན་ཐ་དད་པར་བཟུང་ནས། ཕན་ཚུན་སྨོད་ན་རྩ་ལྟུང་དྲུག་པར་གསུངས་སོ། །
དེ་ལྟར་ན་ཡང་མཐར་ཐུག་གི་དོན་གསལ་མི་གསལ་དང༌། དེ་མངོན་དུ་བྱེད་པའི་ཐབས་ཟབ་མི་ཟབ་ལ་སོགས་པའི་སྒོ་ནས་འབྲས་བུ་འཐོབ་པ་ལ་ཉེ་རིང་གི་ཁྱད་པར་ནི་གསལ་བར་གསུངས་ཏེ། དེ་ཡང་བོད་ཕལ་ཆེར་གྱི་འཆད་ལུགས་ནི་འདི་བཞིན་ནི་མ་ཡིན་ནོ། །འདི་གཉིས་ལ་ཁྱད་པར་ཡོད་པའི་ཆ་ཡང་མང་དུ་གསུངས་ཤིང༌། ཁྱད་པར་མེད་པའི་ཆ་ཡང་མང་དུ་གསུངས་ལ། དེ་དང་དེ་དག་དོན་ཇི་ལྟ་བ་བཞིན་ཁོ་བོས་སྤྲོ་བར་ཡང་རྔཽ་ཐོགས་མོད་ཀྱི། འདིར་ཡི་གེ་མང་དུ་དོགས་ནས་མ་བྲིས་སོ། །
ཡང་དཔོན་བྱང་པའི་བཞེད་པས། གཉེན་པོས་སྦྱང་བྱ་སྤངས་ཀྱང་འཆིང་ལ། གཉེན་པོ་རང་བཞིན་མེད་པར་ཤེས་ན། སྦྱང་བྱ་གྲུབ་པ་མེད་དོ། །ཞེས་གསུང་བ་འདི་ཡང་བོད་འགའ་ཞིག་དང་མཐུན་གྱི། འཕགས་ཆེན་རྣམས་དང་མི་མཐུན་ཏེ། གཉེན་པོ་ཡེ་ཤེས་ཀྱི་ཚོགས་ཀྱིས་སྦྱང་བྱ་བདག་འཛིན་འཁོར་དང་བཅས་པ་སྤངས་ཏེ། སངས་ན་གང་གིས་གང་ཞིག་ཇི་ལྟར་འཆིང་སྟེ། འདི་ནི་གནས་མེད་དོ། །གཉེན་པོ་རང་བཞིན་མེད་པར་ཤེས་ན། སྦྱང་བྱ་གྲུབ་པ་མེད་ཅེས་པ་འདི་ཡང་སངས་རྒྱས་པའི་ཚེ། གཉེན་པོ་ལམ་གྱི་ཚོགས་ཀྱང་འགགས་ནས་མེད་ན། སྤང་བྱ་ལྟ་ཅི་སྨོས་ཞེས་དགོངས་པ་ཡིན་ན་ནི་སྐྱོན་མེད་དེ། དེ་ལ་ནི་རླུང་སེམས་ཐིག་ལེའི་འགྱུ་བ་ཐམས་ཅད་གཏན་ནས་འགགས་པས་ཁྱབ་བོ། །དེ་རྣམས་མ་འགགས་པར་ད་ལྟ་ཡོད་བཞིན་དུ་རང་བཞིན་མེད་པར་ཤེས་པས་གྲོལ་ཞེས་བླུན་པོ་འགའ་ཞིག་འདོད་པ་ལྟར་ཡིན་ན་ནི། སངས་རྒྱས་ཀྱི་དགོངས་པ་དང་མི་མཐུན་ནོ། །
ཡང་སློབ་དཔོན་དཀོན་བཟང་བས། སྦྱང་གཞི་སྦྱང་བྱ་སྦྱོང་བྱེད་གསུམ་ཐ་དད་ཡིན་པའི་རྒྱུ་མཚན་སྦྱང་བྱ་དང་སྦྱོང་བྱེད་སྤང་བྱ་དང༌། གཉེན་པོ་ཡིན་ཞིང༌། སྦྱང་གཞི་སྤང་གཉེན་གང་ཡང་མ་ཡིན་པའི་ཕྱིར། ཞེས་སྒྲུབ་བྱེད་བཀོད་པ་ལ། དཔོན་བྱང་པའི་གསུང་གིས། སྦྱང་གཞི་སྤང་བྱ་མ་ཡིན་ཟེར་བ་འདི་ཀུན་མཚན་ཉིད་ཀྱི་སྐད་རང་ལ་ཡང་འཛོལ་བ་ཆེན་པོར་འགྱུར་རོ། །མཚན་ཉིད་ཕ་རོལ་ཏུ་ཕྱིན་པ་ལ་ཡང་ངེས་པའི་དོན་ལ་སྤང་གཉེན་ཐ་དད་དུ་མེད་དེ། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །དེ་ལས་དེ་གཞན་མ་ཡིན་ནོ། །ཞེས་གསུངས་སོ། །ཞེས་པ་འདི་ཡང་གང་ཟག་རྟོགས་པ་དམན་པ་འགའ་ཞིག་གི་བཞེད་པ་དང་མཐུན་གྱི། མཚན་ཉིད་ཕ་རོལ་ཏུ་ཕྱིན་པའི་གཞུང་གི་དགོངས་པ་མ་ཡིན་ཏེ། དེ་ཉིད་ཀྱི་གཞུང་ལུགས་རྣམས་སུ་སྦྱང་བའི་གཞི་ནི། རང་བཞིན་དུ་གནས་པའི་རིགས་ལ་གསུངས་ཤིང༌། དེའང་ཆོས་ཉིད་དེ་བཞིན་ཉིད་རང་བཞིན་གྱིས་འོད་གསལ་བ་འདུས་མ་བྱས་ཀྱི་ དབྱིངས་ལ་གསུངས་པའི་ཕྱིར། དེ་གང་གིས་ཇི་ལྟར་སྤོང་བར་ནུས་ཏེ། དུས་གསུམ་གྱི་རྒྱལ་བ་སྲས་བཅས་མ་ལུས་པས་ཀྱང་དེ་སྤང་བར་ནུས་བའི་གནས་མེད་ཅིང་གོ་སྐབས་མེད་ལ། དེ་སྤང་བྱ་མ་ཡིན་པར་གསུངས་པའི་ཕྱིར་རོ། །གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །དེ་ལས་དེ་གཞན་མ་ཡིན་ནོ། །ཞེས་པ་འདི་སྤང་གཉེན་ཐ་དད་མེད་པར་སྟོན་པའི་གཞུང་མ་ཡིན་གྱི། འདི་ནི་ཀུན་རྫོབ་ཀྱི་ཕུང་པོ་རྣམས་རང་སྟོང་གཏན་མེད་རང་བཞིན་མེད་ཅིང༌། རྨི་ལམ་ལྟ་བུར་བག་ཆགས་ཀྱི་སྣང་བ་ཙམ་དང༌། མོ་གཤམ་གྱི་བུ་བཞིན་དུ་་བུ་ཡང་དག་པར་ན་ཅིར་ཡང་མ་གྲུབ་ཅིང་མིང་སྟོང་ཙམ་དུ་ཟད་དོ། །ཞེས་སྟོན་པའི་གཞུང་ཡིན་ནོ། །གལ་ཏེ་སྣང་བའི་ཆ་སྤང་ཆ་དང༌། སྟོང་ཆ་གཉེན་པོ་ཡིན་ཞིང༌། སྣང་སྟོང་དབྱེར་མེད་པའི་ཕྱིར་སྤང་གཉེན་ཡང་དབྱེར་མེད་དོ་སྙམ་ན། འདི་ཉིད་ཀྱང་བོད་འགའ་ཞིག་གིས་འདོད་སྲིད་ཀྱི། འཕགས་མཆོག་རྣམས་དང་མི་མཐུན་ཏེ། སྣང་བ་ལ་སྤང་བྱས་མ་ཁྱབ་ཅིང༌། སྟོང་པ་ལ་གཉེན་པོས་མ་ཁྱབ་པའི་ཕྱིར་རོ། །འོ་ན་སྤང་བྱ་མ་ཡིན་པའི་སྣང་བ་དང༌། གཉེན་པོ་མ་ཡིན་པའི་སྟོང་པ་ཡོད་དམ། ཞེ་ན་ཡོད་དེ། སྤྱིར་སྣང་སྟོང་ཟུང་འཇུག་ཅེས་བྱ་བ་འདི་ལ་གཉིས་ཏེ། དོན་དམ་སྣང་སྟོང་ཟུང་འཇུག་དང༌། ཀུན་རྫོབ་སྣང་སྟོང་ཟུང་འཇུག་གོ །
དེ་བཞིན་དུ། བདེ་གཤེགས་སྙིང་པོ་སྣང་སྟོང་ཟུང་འཇུག་དང༌། གློ་བུར་དྲི་མའི་སྣང་སྟོང་ཟུང་འཇུག་གོ །ཀུན་བཏགས་གཞན་དབང་གི་སྣང་སྟོང་ཟུང་འཇུག་དང༌། ཡོངས་སུ་གྲུབ་པའི་སྣང་སྟོང་ཟུང་འཇུག་གོ །ཕྱི་ནང་གི་སྣང་སྟོང་ཟུང་འཇུག་དང༌། གཞན་གྱི་སྣང་སྟོང་ཟུང་འཇུག་གོ །དེ་བཞིན་དུ། གཞི་ལམ་འབྲས་བུའི་སྣང་སྟོང་ཟུང་འཇུག་དང༌། སྦྱང་གཞི་སྦྱང་བྱ་སྦྱོང་བྱེད་སྦྱངས་འབྲས་ཀྱི་སྣང་སྟོང་ཟུང་འཇུག་གོ །དེ་ལ་སོགས་པ་རྣམ་པ་མང་དུ་ཡོད་པ་ལས། འདིར་རེ་ཞིག་དོན་དམ་བདེ་གཤེགས་སྙིང་པོའི་སྣང་སྟོང་ཟུང་འཇུག་གང་ཡིན་པ་དེ་ནི་སྣང་སྟོང་གཉིས་ཀ་སྤང་བྱ་མ་ཡིན་པ་དེ་ཁོ་ནའོ། །གློ་བུར་དྲི་མ་ཉེར་ལེན་གྱི་ཕུང་པོ་ལ་སོགས་པའི་སྣང་སྟོང་ཟུང་འཇུག་གང་ཡིན་པ་དེ་ནི་སྣང་སྟོང་གཉིས་ཀ་སྤང་བར་བྱ་བ་ཁོ་ནའོ། །གལ་ཏེ་སྦྱང་གཞི་དང་སྦྱང་བྱའི་དྲི་མ་གཅིག་མ་ཡིན་ཞིང༌། སྦྱང་བྱ་དང་སྦྱོང་བྱེད་ཀྱང་གཅིག་མ་ཡིན་ན། འོ་ན་བདེན་གཉིས་དབྱེར་མེད་དང༌། འཁོར་འདས་དབྱེར་མེད་དུ་གསུངས་པའི་དོན་ཇི་ལྟར་ཡིན་ཞེ་ན། འདི་ལ་བརྗོད་པར་བྱ་སྟེ། ཁ་ཅིག་སྣང་བའི་ཆ་ཀུན་རྫོབ་སྟོང་པའི་ཆ་དོན་དམ་པ་ཡིན་པས། སྣང་སྟོང་དབྱེར་མེད་དེ་ཉིད་བདེན་གཉིས་དབྱེར་མེད་ཀྱི་དོན་ཡིན་ནོ་ཞེས་འདོད་པ་ནི། བཅོམ་ལྡན་འདས་ཀྱི་དགོངས་པ་མ་ཡིན་ཏེ། ཀུན་རྫོབ་ཀྱི་སྟོང་པའི་ཆ་ཡང་དོན་དམ་མ་ཡིན་ཞིང༌། དོན་དམ་གྱི་སྣང་བའི་ཆ་ཡང་ཀུན་རྫོབ་མ་ཡིན་པའི་ཕྱིར་དང༌། ཀུན་རྫོབ་རང་སྟོང་རྟེན་འབྲེལ་ལས་མ་འདས་པ་དང༌། དོན་དམ་གཞན་སྟོང་རྟེན་འབྲེལ་ལས་འདས་པ་དག་ཁྱད་པར་ཤིན་ཏུ་ཆེ་བའི་ཕྱིར་དང༌། དོན་དམ་རྟེན་འབྲེལ་ལས་འདས་པ་ཉིད་ཀུན་རྫོབ་ཀྱི་རྣམ་པ་ཅན་དུ་བཞུགས་པ་ལ་བདེན་གཉིས་དབྱེར་མེད་ཀྱི་དོན་དུ་གསུངས་པའི་ཕྱིར་རོ། །
ཡང་ཁ་ཅིག་འཁོར་འདས་གཉིས་ཀ་སྟོང་པ་ཉིད་དུ་མཚུངས་པས་འཁོར་འདས་དབྱེར་མེད་ཡིན་ནོ། །ཞེས་འདོད་པ་ཡང༌། བཅོམ་ལྡན་འདས་ཀྱི་དགོངས་པ་མ་ཡིན་ཏེ། འཁོར་བའི་སྟོང་པའི་ཆ་ཡང་མྱ་ངན་ལས་འདས་པ་ཆེན་པོ་མ་ཡིན་ཞིང༌། མྱང་འདས་ཆེན་པོའི་སྣང་བའི་ཆ་ཡང་འཁོར་བ་མ་ཡིན་པའི་ཕྱིར་དང༌། འཁོར་བ་རང་སྟོང་རྟེན་འབྲེལ་ལས་མ་འདས་པ་དང༌། མྱང་འདས་གཞན་སྟོང་རྟེན་འབྲེལ་ལས་འདས་པ་དག་ཁྱད་པར་ཤིན་ཏུ་ཆེ་བའི་ཕྱིར་དང༌། མྱང་འདས་ཆེན་པོ་ཉིད་འཁོར་བའི་རྣམ་པ་ཅན་དུ་བཞུགས་པ་ལ་འཁོར་འདས་དབྱེར་མེད་དུ་གསུངས་པའི་ཕྱིར་རོ། །
དེ་བཞིན་དུ། དེ་དག་སྟོང་ཉིད་དུ་ཤེས་པ་ཙམ་ཡང་ཡེ་ཤེས་མ་ཡིན་ཞིང༌། ཆོས་སྐུ་མ་ཡིན་ལ་ཕྱག་རྒྱ་ཆེན་པོ་ཡང་མ་ཡིན་ཏེ། དེ་དང་དེའི་མཚན་ཉིད་མ་ཚང་བའི་ཕྱིར་རོ། །གལ་ཏེ་ཉོན་མོངས་པ་གང་སྐྱེས་ལ་བལྟས་པས་རང་བཞིན་མེད་པར་རྟོགས་པའི་ཚེ། གཉེན་པོ་ལོགས་ནས་བཙལ་མ་དགོས་པར་སྤང་བྱ་དེ་ཉིད་གཉེན་པོར་སོང་བའི་ཕྱིར་སྦྱང་བྱ་སྦྱོང་བྱེད་དབྱེར་མེད་པ་ཡིན་ནོ་སྙམ་ན། འདི་ནི་ལེགས་པར་ཡོངས་སུ་མ་བརྟགས་པ་ཁོ་ན་ཡིན་གྱི། ལེགས་པར་བརྟགས་ན། ཉོན་མོངས་པ་རང་བཞིན་མེད་པར་རྟོགས་པ་དེ། ཉོན་མོངས་ཀྱི་གཉེན་པོའི་ཕྱོགས་སུ་གཏོགས་པ་ཡིན་གྱི། ཉོན་མོངས་དང་ཐ་མི་དད་པ་ནི་མ་ཡིན་ཏེ། སྔོན་ཏུ་སྐྱེས་པའི་ཉོན་མོངས་དང་ཕྱི་ནས་དེ་རང་བཞིན་མེད་པར་རྟོགས་པའི་ཤེས་རབ་ནི་དུས་ཀྱི་སྒོ་ནས་ཐ་དད་ཅིང༌། ངོ་བོའི་སྒོ་ནས་ཀྱང་ཐ་དད་ལ། ལས་དང་དམིགས་པ་རྣམས་ཀྱི་སྒོ་ནས་ཀྱང་ཐ་དད་པའི་ཕྱིར་རོ། །
ཅི་སྟེ་ཡང་ཁ་ཅིག་ཉོན་མོངས་སྐྱེས་པ་གང་ཡིན་པ་དེ་ཉིད་ཡེ་ཤེས་སྐྱེས་པ་ཁོ་ན་ཡིན་པས། དེ་ངོ་ཤེས་པར་བྱ་བ་ཙམ་ཡིན་གྱི་སྤང་བར་བྱ་བ་ནི་མ་ཡིན་ནོ་སྙམ་ན། འདི་ཡང་བཅོམ་ལྡན་འདས་ཀྱི་དགོངས་པ་དང་མི་མཐུན་ཞིང༌། སྟོང་པ་ཉིད་ལ་རང་སྟོང་གཞན་སྟོང་དང༌། རྟེན་འབྲེལ་ལས་འདས་མ་འདས་ཀྱི་ཁྱད་པར་མ་ཕྱེད་པའི་མུན་པས་སྤྲུལ་པ་ཁོ་ནའོ། །
དེ་བཞིན་དུ། ངོ་མ་ཤེས་ན་རྣམ་རྟོག །ངོ་ཤེས་ན་ཆོས་སྐུ། ངོ་མ་ཤེས་ན་མ་རིག་པ། ངོ་ཤེས་ན་ཡེ་ཤེས། ངོ་མ་ཤེས་ན་འཁོར་བ། ངོ་ཤེས་ན་སངས་རྒྱས། ཞེས་པ་ལ་སོགས་པར་འདོད་པ་རྣམས་ཀྱང་ཐུབ་པའི་གསུངས་དང་མི་མཐུན་ཞིང༌། ངོ་མ་ཤེས་ན་མུན་པ། ངོ་ཤེས་ན་སྣང་བ། ངོ་མ་ཤེས་ན་སྤྲིན་གྱི་ཚོགས། ངོ་ཤེས་ན་ནམ་མཁའ། ངོ་མ་ཤེས་ན་འབྲས་བུའི་ཤུན་པ། ངོ་ཤེས་ན་འབྲས་བུའི་སྙིང་པོ། ངོ་མ་ཤེས་ན་མི་གཙང་བའི་སྤུབས། ངོ་ཤེས་ན་ཡིད་བཞིན་ནོར་བུ་དང༌། ངོ་མ་ཤེས་ན་བུམ་པའི་སྦུབས། ངོ་ཤེས་ན་བུམ་ནང་གི་མར་མེ་ཡིན། ཞེས་པ་ལ་སོགས་པར་འདོད་པ་དང་མཚུངས་པ་ཁོ་ནའོ། །
དེ་བཞིན་དུ། སྣང་སྲིད་ཐམས་ཅད་ཆོས་སྐུ། གང་ཤར་ཐམས་ཅད་ཕྱག་རྒྱ་ཆེན་པོ། འདུས་བྱས་ཐམས་ཅད་རང་བྱུང་ཡེ་ཤེས། འཁོར་འདས་ཐམས་ཅད་སེམས་ཀྱི་བྱས་པས། སངས་རྒྱས་མིང་སྟོང་ཡིན་ཞེས་པ་ལ་སོགས་པར་འདོད་པ་རྣམས་ཀྱང་ཐུབ་པའི་གསུངས་དང་མི་མཐུན་ནོ། །མདོར་ན་དེ་དག་ལ་སོགས་པ་ཐམས་ཅད་མཁྱེན་པས་གསུངས་པའི་ལུང་རིགས་མན་ངག་ཐུན་མོང་མ་ཡིན་པས། རྣམ་པར་དཔྱད་ན་ནོར་མ་ནོར་གྱི་ཤན་དབྱེ་རྒྱུ་མང་ཞིང་ཆེས་ཤིན་ཏུ་མང་བར་གདའ་ནའང༌། འདིར་ཡི་གེ་མང་དུ་དོགས་ནས་རེ་ཞིག་མ་བྲིས་སོ། །
ཅི་སྟེ་ཡང་དགག་སྒྲུབ་འདི་རྣམས་ནི། བཀའ་མདོ་རྒྱུད་རྣམས་དང་དགོངས་འགྲེལ་གྱི་གཞུང་ལུགས་ཆེན་པོ་རྣམས་ཀྱི་ཆོས་སྐད་ཡིན་གྱི། རྣལ་འབྱོར་པའི་ཉམས་རྟོགས་དང་མཐུན་པ་མ་ཡིན་ནོ་སྙམ་ན། འདི་ལ་ཡང་བརྗོད་པར་བྱ་སྟེ། རྣལ་འབྱོར་པའི་ཉམས་རྟོགས་རྣམ་དག་ལེགས་པའི་ལམ་དུ་གཏོགས་པ་ཞིག་ཡིན་ན་ནི་གཞུང་ལུགས་ཆེན་པོ་ཁྱད་འཕགས་རྣམས་དང་མཐུན་དགོས་ལ། གལ་ཏེ་མི་མཐུན་པའི་ཉམས་རྟོགས་ཞིག་ཡིན་ན་ནི། རྣམ་དག་ལེགས་པའི་ལམ་དུ་ཡང་མི་འགྱུར་རོ། །འདི་རྣམ་དག་ལེགས་པའི་ལམ་དུ་འགྱུར་བ་ལ་གཞུང་ལུགས་ཆེན་པོ་ཁྱད་འཕགས་རྣམས་དང་མཐུན་དགོས་ཞེས་པ་དེ་ཡང་གཞུང་ལུགས་ཆེན་པོ་དེ་དག་གིས་དགོངས་པའི་དོན་དང་ངེས་པར་མཐུན་དགོས་པ་ལགས་ཀྱི། དགོངས་པ་མ་ལོན་ཡང་ལོན་པར་རློམ་པའི་གང་ཟག་རྣམས་ཀྱི་འདོད་པ་དང་མཐུན་དགོས་པ་ནི་མ་ཡིན་ཏེ། གཞུང་ལུགས་ཆེན་པོ་སྨྲ་བའི་མཁས་པར་གྲགས་པ་རྣམས་ལ་ཡང༌། བཀའ་འཁོར་ལོ་ཐ་མ་འགྲེལ་པ་དང་བཅས་པ་སེམས་ཙམ་གྱི་རང་གཞུང་དུ་འདོད་པ་དང༌། བདེ་གཤེགས་སྙིང་པོ་དྲང་དོན་དུ་འདོད་པ་དང༌། རང་སྟོང་ལས་ལྷག་པའི་སྟོང་ཉིད་མེད་པར་འདོད་པ་དང༌། ཆོས་ཀྱི་སྐུ་དང༌། རང་བྱུང་ཡེ་ཤེས་དང༌། ཡུམ་ཆེན་མོ་དང༌། དོན་དམ་ཆོས་ཉིད་དོན་དམ་དུ་མེད་པར་འདོད་པ་ལ་སོགས་པ་གཞུང་ལུགས་དམ་པའི་དགོངས་པ་དང་མི་མཐུན་པར་སྨྲ་བ་མང་དུ་སྣང་བའི་ཕྱིར་རོ། །
དེ་བཞིན་དུ། གསང་སྔགས་ལའང་རིགས་པའི་དཔྱད་པ་མི་འཇུག་པར་འདོད་པ་རྣམས་ཀྱང༌། གསང་སྔགས་ཀྱི་དགོངས་པ་དང་མི་མཐུན་ཏེ། རྡོ་རྗེ་འཆང་དང་རིགས་གསུམ་མགོན་པོ་ལ་སོགས་པ་རིག་པ་འཛིན་པ་ཆེན་པོ་རྣམས་ཀྱིས་རིག་པའི་དཔྱད་པ་མང་དུ་མཛད་ནས་གསང་སྔགས་ལ་ནོར་བའི་མཐའ་བསལ་ཞིང་ཡང་དག་པའི་དོན་ལེགས་པར་གཏན་ལ་ཕབ་པའི་ཕྱིར་རོ། །
དེ་ལྟར་གཤགས་བ་འདི་རྣམས་དོན་ཡིན་ལུགས་ཇི་ལྟ་བའི་སྟེང་ནས་གནམ་ཐིག་དྲང་པོར་བཏབ་པ་ལགས་ཀྱི། ཉེ་རིང་དང༌། ཕྱོགས་ལྷུང་དང༌། སྐྱོ་མ་སྔ་བཙན་ལ་སོགས་པའི་དྲི་མས་བསླད་པ་མི་བདོག་སྟེ། ཐམས་ཅད་མཁྱེན་པ་སངས་རྒྱས་བཅོམ་ལྡན་འདས་དང༌། རིགས་གསུམ་མགོན་པོ་དང༌། རྡོ་རྗེ་སྙིང་པོ་དང༌། མགོན་པོ་བྱམས་པ་ལ་སོགས་པ་ས་བཅུའི་དབང་ཕྱུག་དམ་པ་རྣམས་དང༌། འཕགས་པ་ཐོགས་མེད་དང༌། ཀླུ་སྒྲུབ་ཡབ་སྲས་དང༌། བྲམ་ཟེ་ཆེན་པོ་ས་ར་ཧ་དང༌། རྗེ་ནཱ་རོ་པཎ་ཆེན་ལ་སོགས་པ་ཤིང་རྟ་ཆེན་པོ་རྣམས་དང༌། མཁས་གྲུབ་དམ་པ་རྣམས་ཀྱི་བཞེད་པ་དཔང་དུ་བྱས་པའི་ཕྱིར་དང༌། དེ་རྣམས་ཀྱི་དགོངས་པ་ཇི་ལྟ་བ་བཞིན་དུ་ལེགས་པར་ཁོང་དུ་ཆུད་ནས་སྒྲོ་བསྐུར་སྤངས་ཏེ་བྲིས་པའི་ཕྱིར་རོ། །
ཡང་གལ་ཏེ་དེ་རྣམས་ཀྱིས་དགོངས་པ་ཇི་ལྟ་བ་བཞིན་རྟོགས་པར་རློམ་ཡང་དོན་ལ་མ་རྟོགས་པའི་དབང་གིས་བོད་ཀྱི་སློབ་དཔོན་གཞན་དག་དང༌། དགོངས་པར་མ་མཐུན་པར་གྱུར་པ་ཡིན་ནམ་ཅི་སྙམ་ན། དེ་ལྟ་ཡང་མ་ཡིན་ཏེ། མི་རྟོགས་པའི་རྒྱུ་ནི་བློ་གྲོས་དམན་པ་དང༌། དམ་པའི་གདམས་ངག་དང་བྲལ་བ་དང༌། ཐོས་པ་ཉུང་བ་དང༌། སྒོམ་གྱི་ཉམས་རྟོགས་མེད་པ་དང༌། ང་རྒྱལ་རློམ་པས་ཁེངས་པ་དང༌། སྐྱོ་མ་སྔ་བཙན་དང༌། ཁ་མང་ཉུང་གིས་བདེན་བརྫུན་དུ་འཇོག་པ་ལ་སོགས་པ་ཡིན་མོད་ཀྱི། བདག་གིས་ནི་དང་པོར་གཞུང་ལུགས་ཆེན་པོ་རྣམས་ལ་མང་དུ་ཐོས་པ་བགྱིས་ཤིང༌། དེ་ནས་རྒྱ་བོད་ཀྱི་གདམས་ངག་ཟབ་པར་གྲགས་པ་རྣམས་ལ་ཉམས་ལེན་བགྱིས་ནས། སོ་སོའི་ཉམས་རྟོགས་ཀྱང་ཐད་ཀ་ཐད་ཀར་སྐྱེས་ལ། དེ་ནས་རྩ་རྒྱུད་ཆེན་པོ་རྣམས་ཀྱི་ངེས་དོན། དཔལ་ལྡན་ཀཱ་ལ་པའི་གདམས་ངག །རིགས་ལྡན་ས་བཅུ་པ་རྣམས་ཀྱིས་སྙིང་གཏམ་ཟབ་མོ་ཐུན་མོང་མ་ཡིན་པ་དང་མཇལ་བའི་བྱིན་རླབས་ཅུང་ཟད་ཞུགས་པ་ལ་བརྟེན་ནས། བདག་འཛིན་ཅན་གྱི་མཁས་པ་པཎྜི་ཏ་རྣམས་དང༌། ཉམས་རྟོགས་ཅན་གྱི་སྒོམ་ཆེན་ཕལ་དང༌། སྔགས་འཆང་རིག་འཛིན་ཆེན་པོར་རློམ་པ་ཕལ་གྱིས་མ་རྙེད་ཅིང་མ་རྟོགས་ལ་ཁུངས་མ་ ཆོད་པའི་གནད་ཟབ་མོ་མང་དུ་རྙེད་ཅིང༌། རྟོགས་པ་བཟང་པོ་ནང་ནས་རྡོལ་བའི་ཕྱིར། དོན་འདི་ལ་སངས་རྒྱས་ཀྱིས་ཀྱང་ངཻས་པར་བཟློག་པར་མི་སྦྱོད་ཅིང༌། ཐེ་ཚོམ་དྲི་རྒྱུ་མེད་པ་ཙམ་གྱི་ངེས་ཤེས་ཁྱད་པར་ཅན་མཆིས་པའི་ཕྱིར་རོ། །
ཅི་སྟེ་ཡང་ངེས་ཤེས་དེ་ཀུན་རང་གི་མོན་སྒོམ་མམ་ལོག་ཤེས་ཡིན་གྱི་ཤེས་བྱེད་ཀྱི་ལུང་ཡང་དག་མེད་དོ་སྙམ་ན་མེད་པ་མ་ཡིན་ཏེ། ས་བཅུ་གཉིས་པ་རྣམས་དང༌། ས་བཅུ་པ་རྣམས་དང༌། ཀླུ་སྒྲུབ་ཡབ་སྲས་དང༌། ནཱ་རོ་པཎ་ཆེན་ལ་སོགས་པ་མཁས་གྲུབ་དམ་པ་རྣམས་ཀྱི་ལུང་གསལ་པོ་རིགས་པ་དང་བཅས་ཤིང༌། མན་ངག་དང་བཅས་པ་ཤིན་ཏུ་མང་བར་ཡོད་པའི་ཕྱིར་རོ། །དེ་ལྟ་ན་ཡང་འདིར་ཡི་གེ་མང་དུ་དོགས་ནས་དེ་རྣམས་མ་བྲིས་མོད་ཀྱི། གལ་ཏེ་བཞེད་ཅིང་དོན་དུ་གཉེར་ན། སླད་ནས་བྲིས་ཏེ་འབུལ་བ་ལགས།
དོན་འདི་རྣམས་ལ་སྔར་བོད་དུ་གྲགས་པ་འགའ་ཞིག་དང་མི་མཐུན་པའི་ཁྱད་འཕགས་འགའ་རེ་བདོག་ཀྱང༌། སྔར་གྱི་གྲུབ་མཐའ་ལ་ཡུན་རིང་དུ་འདྲིས་པས། དེའི་བག་ཆགས་བརྟན་པོར་གྱུར་པ་དང༌། ལུགས་དེ་འདོད་པ་བོད་ན་མང་བའི་ཕྱིར། གྲུབ་མཐའ་སྔ་ཕྱི་འདི་དག་ལ་བག་ཆགས་བརྟན་མི་བརྟན་གྱི་ཁྱད་པར་དང༌། འདོད་མཁན་མང་ཉུང་གི་ཁྱད་པར་བདོག་མོད་ཀྱང༌། ཁྱད་པར་དེ་དག་གི་དབང་དུ་མི་གཏོང་བར་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལུགས་ལ་དཔང་དུ་མཛད་ནས་དོན་ལ་གང་གནས་གཟུ་བོར་གནས་པའི་བློ་གྲོས་ཀྱིས་དཔྱོད་པར་ཞུ།
ཡང་འདི་རྣམས་ལ་གསང་བ་ཟབ་མོ་ཐུན་མོང་མ་ཡིན་པའི་གནད་མང་དུ་བདོག་པས། དེ་རྣམས་བློར་ཤོང་བ་ལ་ཐོས་པ་དང༌། བསམ་པ་དང༌། སྒོམ་པ་ལས་བྱུང་བའི་ཤེས་རབ་ཀྱི་ནོར་གྱིས་ཕྱུག་ཅིང༌། ཕྱོགས་ཞེན་དང༌། སྐྱོ་མ་སྔ་བཙན་ལ་སོགས་པའི་གཅོང་ནད་དང་བྲལ་ལ། ཁ་མང་ཉུང་གིས་བདེན་བརྫུན་དུ་འཇོག་པ་ལ་སོགས་པ་ལུགས་ངན་པའི་གདོན་ལས་གྲོལ་བའི་གང་ཟག་སྐལ་ལྡན་གཟུ་བོར་གནས་པ་ཁོ་ན་འཚལ་གྱི། དེ་དག་ལས་གཞན་ལ་བསྟན་ན་དོན་དུ་མི་འགྱུར་ཞིང༌། སླར་ཟག་པ་འཕེལ་བའི་རྐྱེན་དུ་འགྱུར་བས་སྣོད་མིན་ལ་མི་འཕྲོ་བ་མཛད་བར་ཞུ། །དེ་ཤིན་ཏུ་གལ་ཆེ་བ་ལགས། དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །