བསླབ་བཏུས་ལེ་འགྲེལ།
བསླབ་བཏུས་ལེ་འགྲེལ་བཞུགས་སོ། །ན་མོནྱ་ཙཆ་ཤཱན་དེ་བཱ་ཡ། དེས་མཛད་པའི་བསླབ་པ་ཀུན་ལས་བཏུས་ལ། ཀླད་དང་། གཞུང་དང་། མཇུག་གི་དོན་གསུམ། དང་པོ་གོ་སླ། གཉིས་པ་ལ། བསླབ་པ་མདོར་བསྡུས་ཏེ་བསྟན། དེ་རྒྱས་པར་བཤད། བཤད་པའི་མཇུག་བསྡུ་བའོ། །གཉིས་པ་ལ་ལེའུ་བཅུ་དྲུག་ཡོད་པའི་དོན་རྣམས་གཏོང་། སྲུང་། དག །
སྤེལ་གྱི་ཆོས་བཞི་གསུམ་བཅུ་གཉིས་ཀྱིས་བསྡུས་ཤིང་ཕར་ཕྱིན་དྲུག་དང་སྦྱར་ནས་བསྟན་ཏེ། ལེའུ་དང་པོ་སྦྱིན་པའི་བར་གྱིས་གཏོང་བ་གསུམ། གཉིས་པ་ནས་དྲུག་པའི་བར་གྱི་ལྔས་སྲུང་བ། བདུན་པ་ནས་ལོངས་སྤྱོད་དང་བསོད་ནམས་སྲུང་བ་རྣམས་བསྟན་ཏོ། །དག་པ་ལ་གསུམ་གྱི། དང་པོ་ལུས་དག་པ་ལ་གཉིས་ལས། ལེའུ་བརྒྱད་པས་སྡིག་པ་སྦྱོང་བ་དང་། དགུ་པ་ནས་བཅུ་བཞི་པའི་བར་དྲུག་གིས་ཉོན་མོངས་པ་སྦྱོང་བ་བསྟན། ལོངས་སྤྱོད་དང་བསོད་ནམས་དག་པ་གཉིས་བཅོ་ལྔ་པས་བསྟན། སྤེལ་བ་ལ། ལུས་དང་ལོངས་སྤྱོད་སྤེལ་བ་ནི། ལེའུ་བཅུ་དྲུག་པའི་བམ་པོ་གཉིས་པ་ཞེས་པས་བསྟན། དེ་འི། ནས་རྒྱ་ཆེར་ནི་སངས་རྒྱས་ཀྱི་སྤྱོད་ཡུལ་ཡིན་ནོ། །ཞེས་པའི་བར་གྱིས་བསོད་ནམས་སྤེལ་བར་བསྟན་ནོ། །དེ་ལས་ལེའུ་དང་པོ་གོ་སླ། གཉིས་པ་ནས་དྲུག་པའི་བར་གྱིས་ལུས་སྲུང་བ་ལ། དངོས་དང་། དེའི་ཐབས་གསུམ་བསྟན་པའོ། །དང་པོ་ལ་གཉིས་ཏེ། རབ་བྱུང་དང་། ཁྱིམ་པའི་བསླབ་བྱའོ། །དེའི་དང་པོ་ལྔ་སྟེ། ཆོས་འཛིན་པ། བདུད་སྤོང་བ། མི་དགེ་བའི་བཤེས་གཉེན་སྤོང་བ། བྱང་སེམས་འདོར་བ་སྤོང་བ། འཁྲུལ་པའི་ཉེས་པ་སྤང་བའོ། །ཁྱིམ་པའི་བསླབ་བྱ་ལ་གཉིས་ཏེ། གནོད་པ་དངོས་དང་། དེ་སྤོང་བའི་ཐབས་སོ། །དང་པོ་ལ་བཞི་སྟེ། མི་ཁོམས་པའི་གནོད་པ། མི་དགེ་བ་བཅུའི་
གནོད་པ། བྱང་སེམས་ལ་ལོག་སྒྲུབ། ཆོས་སྤོང་བའི་གནོད་པའོ། །གཉིས་པ་སྤོང་བའི་ཐབས་ལེའུ་ལྔ་པས་བསྟན། ལེའུ་དྲུག་པ་ལུས་སྲུང་བའི་ཐབས་ལ། དྲན་ཤེས་ཀྱིས། གཞན་ལ་མ་དད་པ་སྤང་བས་སྨན་སོགས་བསྟེན་པས་སྲུང་བའོ། །དག་པ་གསུམ་གྱི་ལུས་དག་པའི་སྡིག་པ་སྦྱོང་བ་ལེའུ་བརྒྱད་པས་བསྟན། ཉོན་མོངས་སྦྱོང་བ་དགུ་པ་ནས་བཅུ་པའི་བར་གྱིས། བཟོད་བརྩོན་གཉིས་ལ་ལེའུ་རེ་རེ། བསམ་གཏན་དང་ཤེས་རབ་གཉིས་ལ་གཉིས་རེས་བསྟན། བཟོད་བརྩོན་གོ་སླ། བསམ་གཏན་ལ་ཕྱིའི་རྣམ་གཡེང་སྤོང་བ། སྤངས་ནས་ཏིང་འཛིན་བསྒོམ་པའོ། །དང་པོ་ནི། དགོན་པར་གནས་པའི་ལེའུས་བསྟན། །གཉིས་པ་ལ་གཉིས། ཞི་གནས་དང་ལྷག་མཐོང་བསྒོམ་པའོ། །དང་པོ་ལ་བཞི། རྣམ་གཡེང་གི་གཉེན་པོར་སྐྱེ་རྒ་ན་འཆི། འདོད་ཆགས་ལ་མི་སྡུག་པ། ཞེ་སྡང་ལ་བྱམས་པ། གཏི་མུག་ལ་རྟེན་འབྲེལ་བསྒོམ་པ་རྣམས་ལེའུ་བཅུ་གཉིས་པས་བསྟན། གཉིས་པ་ལྷག་མཐོང་ནི་ཤེས་རབ་སྟེ། དེ་ལ་གང་ཟག་གི་བདག་མེད་བསྒོམ་པ་བཅུ་གསུམ་པ་དང་། ཆོས་ཀྱི་བདག་མེད་བསྒོམ་པ་བཅུ་བཞི་པས་བསྟན་ཏེ། དེ་ལྟར་ཕར་ཕྱིན་དྲུག་གི་ཉམས་ལེན་ཆོས་བཅུ་གཉིས་ཀྱི་སྒོ་ནས་བསྟན་པའི་ཕྱིར་སྤྱོད་འཇུག་དང་ཤིན་ཏུ་མཐུན་ཅིང་རྟོགས་སླ་བ་ཡོད་དོ། །ཤུ་བྷཾ།།