Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཆབ་ཤོག་དང་ལེགས་འབུལ་གྱི་ཡི་གེ་སྐོར་རགས་བསྡུས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཆབ་ཤོག་དང་ལེགས་འབུལ་གྱི་ཡི་གེ་སྐོར་རགས་བསྡུས།next

ཆབ་ཤོག་དང་ལེགས་འབུལ་གྱི་ཡི་གེ་སྐོར་རགས་བསྡུས།


JKT020_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཆབ་ཤོག་དང་ལེགས་འབུལ་གྱི་ཡི་གེ་སྐོར་རགས་བསྡུས་བཞུགས་སོ།། ༈ །།༅། །ཨཱདེནུཏྟཱརབཱིཉལབྷཱུ བྷཱུཏཾཀཱརུཎྜཔཱསཱདྷབེ། སྡེབ་སྦྱོར་མཉམ་པའི་བྲྀཏྟ་ལས་ཡི་གེ་བཅུ་པ་ཕྲེང་ལྡན་གྱི་བྱེ་བྲག་དག་པའི་སྣང་བ་ཞེས་བྱ་བའི་པྲ་སཱུ་རས་མཛེས་པའོ། །བྷབབྷབསམཾཔྲབྲི ཨུཏཡོ ཛཱིཡཱཏྨསམཤཱསནཾརབི །གཟོད་ནས་ཤིན་ཏུ་ཞི་བའི་མཆོག་བརྙེས་ཀྱང་། །རྨད་བྱུང་སྙིང་རྗེའི་རོལ་མོ་དང་འགྲོགས་པས། །སྲིད་ན་སྲིད་པ་བཞིན་དུ་འཇུག་བརྩོན་པའི། །མཚུངས་མེད་བསྟན་པའི་ཉི་༼འདིའི་ནང་རི་མོ་ཡོད།༽


JKT020_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྒྱལ་གྱུར་ཅིག །ཅེས་དགེ་ལེགས་སུ་བྱ་བའི་ཚིག་གི་ཨུཏྤལ་སྔོན་དུ་གཏོར་བས་ལམ་ཡངས་པར་བྱས་ཏེ། གང་གི་ཚེ་གཟོད་མ་ནས་རྒྱལ་བ་སྲས་དང་བཅས་པས་ཇི་ལྟར་གཟིགས་པའི་སྤངས་རྟོགས་ཀྱི་ཡོན་ཏན་མཐའ་ཡས་པ་བདག་གིར་མཛད་ནས་བྱང་ཆུབ་ཆེན་པོའི་གོ་འཕང་མངོན་དུ་བརྙེས་སུ་ཟིན་ཀྱང་། སྨོན་ལམ་དང་སྙིང་རྗེའི་འཕེན་པས་ཚུར་མཐོང་གི་འགྲོ་བ་རྣམས་སྒྲོལ་བའི་སླད་དུ་མཆོག་གི་སྤྲུལ་པའི་སྐུའི་རྣམ་རོལ་ཏུ་ཤར་བའི་མཚུངས་མེད་བསྟན་པའི་ཉིན་བྱེད་ཆེན་པོ་བླ་ན་གསལ་ཞིང་། བསྟན་འཛིན་གྱི་སྐྱེས་བུ་འདུས་པ་རྒྱ་མཚོ་དང་བཅས་པ་བཤད་སྒྲུབ་ཀྱི་འདུ་བ་ལྷག་པར་འཕེལ་བའི་དུས་ཕུན་སུམ་ཚོགས་པའི་སྐབས་འདིར། སྐྱེས་སྦྱངས་ཀྱི་ཡོན་ཏན་དམན་ཡང་ལྷག་བསམ་པུཎྜ་རཱི་ཀའི་འཁྲི་ཤིང་ལྟར་གཅིག་ཏུ་དཀར་བའི་དགེ་སྦྱོང་རྒན་པོ་བྲང་ཏི་མཁས་པའི་རིགས་སྐྱེས་ཨེ་ཝཾ་ཐར་རྩེ་མཁན་མིང་པའང་། གནའ་ནས་ད་བར་དུ་ལུགས་གཉིས་ཀྱི་འབྲེལ་ཟབ་མཆོག་ཏུ་ཆེ་བར་མ་ཟད། ད་ལམ་ཡང་སྔོན་སྨོན་གྱི་རྟེན་འབྱུང་དུས་སུ་སྨིན་པའི་དགེ་ལེགས་ཀྱི་དུས་སྟོན་ཅིར་ཡང་ཐོབ་པ་ལ་གུས་སྤྲོའི་ལེགས་སྐྱེས་ཀྱི་མཆོད་སྤྲིན་འཕགས་པ་ཀུན་ཏུ་བཟང་པོའི་རྣམ་ཐར་ལ་དྲན་པ་ཉེ་བར་བཞག་པའི་མཚོན་བྱེད་དངོས་བཤམས་ཀྱི་མཎྜལ་ཟེག་མ་ཙམ་བསྟར་བར། ཐོག་མར་བཀྲ་ཤིས་པའི་ལྷ་གོས་རབ་དཀར་སྲིད་དུ་རིང་བ་སོགས།


JKT020_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་འབུལ་ལམ་ཞུ་ན་དགྱེས་པ་ཆེན་པོས་བདག་གིར་མཛད་པ་དང་། སླད་མའི་ཆར་ཡང་། ངེས་གསང་བསྟན་པའི་ཉི་མ་མཆེད་ཞལ་རྣམ་པ་འབྱུང་འགྱུར་གྱི་རྒྱལ་བ་ལ་རྒྱལ་བས་སྲིད་ཞིའི་མཐའ་གཉིས་ལས་རྒྱལ་བའི་རྒྱལ་རྔ་བརྡུང་གི་བར་དུ་ཞབས་པད་རྡོ་རྗེའི་ཆོས་བདུན་གྱི་རང་བཞིན་དུ་བརྟན་ཅིང་། བཤད་སྒྲུབ་ཀྱི་བསྟན་པ་ཉིན་མོ་ལྟར་མཛད་པ་ནས། ཕན་ཚུན་མཉེན་ཞིང་གཤིན་པའི་ཐུགས་བརྩེའི་འཇུག་པའང་རྒྱུན་མི་འཆད་པར་རྩེ་གཅིག་པའི་ཡིད་ཀྱིས་གསོལ་བ་ལགས་ན་ཅི་གནང་། སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།


previousཆབ་ཤོག་དང་ལེགས་འབུལ་གྱི་ཡི་གེ་སྐོར་རགས་བསྡུས།next