Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།

22 occurrences of གཡོན་རུ་
[Clear Hits]


  
  
  
  
  
  
  
  
  
 
  
  
  
 
  
 
  
 
11   
  
  
  
  
ལས་བཞིའི་སྦྱིན་སྲེག་གི་ཆོ་གའི་ལག་ལེན་མཛུབ་ཚུགས་མ།
  
  


22 occurrences of གཡོན་རུ་
[Clear Hits]

 
previousལས་བཞིའི་སྦྱིན་སྲེག་གི་ཆོ་གའི་ལག་ལེན་མཛུབ་ཚུགས་མ།next

ལས་བཞིའི་སྦྱིན་སྲེག་གི་ཆོ་གའི་ལག་ལེན་མཛུབ་ཚུགས་མ།

ལས་བཞིའི་སྦྱིན་སྲེག་གི་ཆོ་གའི་ལག་ལེན་མཛུབ་ཚུགས་མ་བཞུགས་སོ། །སྙིང་གི་སྤྱིལ་བུར་བླ་མ་ལ། །གུས་པར་ཕྱག་བྱས་ཐུབ་པའི་བུ། །འདོད་དོན་སྒྲུབ་ལ་མི་བསླུ་བ། །ཧོ་མའི་ཆོ་ག་བྱ་ལ་ཞུགས།། འདིར་ནད་དང་གདོན་བགེགས་དང་བཀྲ་མི་ཤིས་པ་དང་སྡིག་པ་ལ་སོགས་པ་ཞི་བར་བྱ་བའི་ཕྱིར། སྔགས་ལ་གཞོལ་བའམ་བསམ་གཏན་པའི་སློབ་དཔོན་གྱིས་ཀྱང་རུང་སྟེ། སྙིང་རྗེར་ལྡན་པའི་སེམས་ཀྱིས་སྤྱིར་བཀྲ་ཤིས་པའི་དུས་གཟའ་སྐར་སྦྱོར་ཚེས་དགེ་བའི་དགོང་ཐུན་ལ། ས་གཞི་དཀར་པོའི་ཆ་དཀྱིལ་འཁོར་གྱི་ཁང་པ་ལ་སོགས་པའི་ཤར་དུ་རང་གཞུང་གིས་དགོས་ན་ས་བརྟག་བསླང་སྦྱང་གཟུང་གི་བར་བྱས། ཐབ་ཁུང་གི་ཕྱེད་དུ་ཐིག་ཆེན་བརྒྱད་བཏབ། ལྟེ་བ་ནས་མཐོ་གང་བསྐོར་བས་ཟླུམ་པོ་ཐབ་ཁུང་སྲིད་དུ་མཐོ་གང་། །ནང་གི་དེ་ནས་འོག་ཏུའང་དེ་ཙམ་བརྐོ། ཁ་ཁྱེར་ནས་ཕྱིར་སོར་བཞི་མུ་ཁྱུད་དུ་བསྐོར་བའི་ཕྱེད་རྩིག་པ་ལ་འབྱར་བ། ཕྱེད་ཁ་ཁྱེར་ལས་གྱེན་དུ་འཕགས་པ་ཞེང་སོར་བཞི། ཡང་ན་བྲིས་ཀྱང་རུང་། ནང་ཁྱབ་པའི་པདྨ་དཀར་པོ་འདབ་བརྒྱད། སོར་བརྒྱད་པའི་རྡོ་རྗེས་མཚན་པ། ཁ་ཁྱེར་ལ་རྡོ་རྗེ་རྩེ་གསུམ་བསྐོར་བ། ཕྱིའི་གྲྭ་བཞིར་རྡོ་རྗེ། བུད་ཤིང་ཡཾ་ཤིང་དང་མཐུན་པའམ། དགོན་པའི་ལྕི་སྐམ་སྲོག་ཆགས་མེད་པ། ནང་དུ་ཐབ་ལས་ཅུང་དམའ་བ་ཁྲུ་གང་ལྷག་མེད་ཙམ་ཟླུམ་པོར་བརྩིག་གོ །ཐབ་ཕྱི་ནང་ས་དཀར་དང་ཙན་དན་དཀར་པོ་ག་པུར་ལ་སོགས་པའི་དྲི་བཟང་བཏབ་པས་བྱུགས་ཏེ་དཀར་པོར་བཏང་། མེ་ཏོག་དཀར་པོ་གཅལ་དུ་བཀྲམ། སྒྲུབ་པ་པོའི་གཡས་སུ་སྲེག་རྫས། ཡཾ་ཤིང་འོ་མ་ཅན་གྱི་ཤིང་རློན་པ་འདའ་ཤུན་དང་བཅས་པ། ཤིང་དེ་དག་གི་རྩེ་མོའི་ཆ་ལས་སོར་བཅུ་གཉིས་སུ་བྱས་པ་སྣུམ་དང་དྲི་བཟང་པོས་སྦགས་པ། མར་གྱི་ཁུ་བ་ཏིལ་ལ་སོགས་པའི་སྲེག་རྫས་ཆ་གཉིས། ཨརྒྷཾ་མདུན། འཐོར་འཐུང་ལ་སོགས་པ་མཆོད་རྫས་ལས་དང་རྗེས་སུ་མཐུན་པ་གཡོན། རྣལ་འབྱོར་དང་མཐུན་པའི་ཡོ་བྱད་མདུན་ཟུར་དུ་སྟེགས་བུ་གཙང་མ་རྟེན་ཁེབས་ལ་སོགས་པའི་གཡོགས་མ་ཅན་ལ་བཀོད། དགང་བླུགས་བཤམས། ཀུན་སྤངས་ཡིན་ན་འདི་ལག་པ་གཡོན་པའི་སོར་མོ་བརྐྱང་ཞིང་གཡས་པའི་མཐེབ་སྲིན་སྦྱར་བས་འགྲུབ། སློབ་དཔོན་འཁོར་ལོས་བསྒྱུར་བའི་ཆས་གོས་དཀར་པོ་ཤེལ་ལ་སོགས་པས་བརྒྱན། བཟའ་བཏུང་འོ་མ་ལ་སོགས་སྡོར་དཀར། སྟན་འཇམ་པ་ནང་ཚངས་ཅན། པུས་མོ་གཡོན་པའི་སྟེང་དུ་གཡས་གན་རྐྱལ་དུ་གནས་པ་པདྨའི་སྐྱིལ་ཀྲུང་བཅས། གདོང་འཛུམ་དང་བཅས་པ། བགེགས་ཞི་བར་བྱ་བའི་ཕྱིར་གཏོར་མ་བྱིན་བསྐྲད་ནས། གཞུང་གང་ཡིན་པའི་བདག་བསྐྱེད་རྫོགས་པར་བསྒོམས་ཏེ། དེ་བསྡུས་ནས་ལངས་དུས། བཾ་ལས་ཆུའི་དཀྱིལ་འཁོར། པཾ་ལས་པདྨའི་སྡོང་པོ་ཨ་ལས་ཟླ་ཤེལ་གྱི་གདན་བཏིང་བ་ལ། ཨོཾ་ལས་རང་ཉིད་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་འཁོར་ལོ་དང་འཁོར་ལོའི་དྲིལ་བུ་འཛིན་པ། འཁོར་ལོས་བསྒྱུར་བའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པར་གྱུར། རྫས་གཉིས་ལས་ཐམས་ཅད་པའི་སྔགས་བཟླ་ཞིང་ཀུ་ཤའི་ཆུན་པོས་བསངས་གཏོར་བྱས། སྤོས་ཀྱིས་བདུག ཆུ་གསུམ་རང་གི་ལྷའི་སྔགས་ལ་ཆེ་གེ་མོའི་ནད་ལ་སོགས་པ་ཤནྟིཾ་ཀུ་རུ་སྭཱ་ཧཱ་བཏགས་པ་ལན་བདུན་བཟླས་པ་ཉེར་སྤྱད་ལྔ་ཧཱུྃ་ལས་བྱུང་བར་བསམ་ལ་གདན་བཞིར་གསུངས་པ། ཨོཾ་སྭཱ་ཧཱས་རྫས་བཀྲུས། ཨོཾ་ཨཱཿསྭཱ་ཧཱས་ཡཾ་ཤིང་། ཨོཾ་ཤྲཱིཿསྭཱ་ཧཱས་ཞུན་མར། ཨོཾ་ཛྭེཾ་སྭཱ་ཧཱས་འབྲུ་རྣམས། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ་དེ་ལས་གཞན་པ་རྣམས་སྦྱངས། ཨོཾ་ཨཱཿཧཱུྃ་བཟླ། ལྷ་རྫས་ཀྱི་ཡོ་བྱད་ཞལ་དུ་གསོལ་རྒྱུ་རྣམས་བདུད་རྩིར། ཡཾ་ཤིང་བྱང་ཆུབ་ཀྱི་ཤིང་དུའོ། །དེ་ནས་ཀུ་ཤ་ལས་ཐམས་ཅད་པས་བསངས་གཏོར་བྱས་གཡས་སྐོར་དུ། ཀུ་ཤ་འདི་ནི་གཙང་ཞིང་དགེ །ས་ལས་སྐྱེས་པ་འདབ་མའི་སྙིང་། །དཀོན་མཆོག་གསུམ་པོ་མཉེས་བྱེད་ཅིང་། །ཚངས་པ་ལྷ་ཡི་དག་བྱེད་ཡིན། །བགེགས་རྣམས་ཞི་བར་མཛད་དུ་གསོལ། །ཨོཾ་བཛྭ་སཏྭ་ཨཿ ལན་གསུམ་བཟླས་པས་རང་གི་གཡོན་ཕྱོགས་ནས་རྩེ་ཤར་དུ་བསྟན་ནས་བཀྲམ། བྲམ་ཟེའམ་དགེ་འདུན་གྱི་ཚང་མང་ངམ། དགེ་སྡིག་གང་ཡང་མི་བྱེད་པའི་ས་ནས་སམ། གཙུབ་ཤིང་ལས་བྱུང་བའི་མེ་བླངས། མེ་དེ་བསངས་ཐབ་ཀྱི་བུད་ཤིང་གི་དབུས་སུ་རྩ་སྐམ་པོའི་ཆང་བུ་ཤིང་གཞོགས་དང་ལྷན་ཅིག་མེ་ཕྱོགས་ནས། ཨོཾ་ཛྷ་ལ་ཛྷ་ལ་ཧཱུྃ་ཞེས་བརྗོད་ཅིང་། རླུང་ཡབ་ཀྱིས་སྦར། ཨོཾ་བྷྲཱུྃ་སྭཱ་ཧཱ། རིགས་ཀྱི་སྙིང་པོ་འམ་ཨོཾ་ལན་བདུན་བཟླས་མར་གྱི་དགང་བླུགས་བདུན་བླུགས་པས་ལེགས་པར་སྦར། དེ་ནས་ལས་ཐམས་ཅད་པས་ཐབ་བསངས། བྷྲཱུྃ་ལས་ཞི་བའི་ཐབ་ཁུང་དཀར་པོ་ཟླུམ་པོ་རྒྱའི་ཕྱེད་ཀྱི་དཔངས་དང་ལྡན་པ་ཁ་ཁྱེར་རྡོ་རྗེ་རྩེ་གསུམ་པས་བསྐོར་བ་ལྟེ་བར་ཆོས་འབྱུང་། དེའི་དབུས་སུ་པདྨ་དཀར་པོའི་སྟེང་དུ་རཾ་ལས་སྐྱེས་པའི་ཞི་བའི་མེ་ལྷ་པཱ་བ་ཀ་ཟླ་བ་ཆུ་ཤེལ་གྱི་མདོག་ཅན་ཤིན་ཏུ་ཞི་བ་སྙེམས་དང་ལྡན་པ། དྲང་སྲོང་གི་ཆ་བྱད་ཅན་ཕྱག་བཞི་གཡས་གཉིས་རྡོ་རྗེ་རྩེ་གསུམ་དང་བགྲང་འཕྲེང་། གཡོན་གཉིས་དབྱུག་པ་དང་རིལ་བ་སྤྱི་བླུགས་འཛིན་ཅིང་། རྒྱན་དང་ན་བཟའ་དང་མཆོད་ཕྱིར་ཐོགས་དཀར་པོ་ཅན་འོད་ཟེར་དཀར་པོ་འཕྲོ་བས་ནད་ལ་སོགས་པ་སེལ་བར་བྱེད་པ་སེམས་དཔའི་སྐྱིལ་ཀྲུང་གིས་རྭ་སྐྱེས་ཀྱི་སྟེང་དུ་བཞུགས་པ་མེའི་ཁམས་ཀྱི་རང་བཞིན། ཨོཾ་གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །ལས་ཀྱི་དོན་ཀུན་སྒྲུབ་པ་པོ། །སྙིང་རྗེས་སེམས་ཅན་དོན་མཛད་ནས། །འདི་ཉིད་དུ་ནི་ཉེ་བར་མཛོད། །བདག་བསྐྱེད་ཀྱི་ཐུགས་ཀའི་འོད་ཟེར་ལྕགས་ཀྱུ་ལྟ་བུས་འཇིག་རྟེན་གྱི་ཁམས་ཤར་ལྷོའི་ཕྱོགས་ནས་དྲང་སྲོང་ཆེན་པོ་མེའི་ལྷ་པཱ་བ་ཀ་དྲང་སྲོང་གི་འཁོར་བསམ་གྱིས་མི་ཁྱབ་པས་བསྐོར་བ་མདུན་གྱི་ནམ་མཁར། ཨོཾ་ཊཱཀྐི་ནི་པཱ་བ་ཀ་ཧཱུྃ་ཛཿ འམ། ཨོཾ་ཨགྣ་ཡེ་ཨཱ་དཱི་བྱ། ཨཱ་དཱི་བྱ། ཨཱ་བེ་ཤ །མ་ཧཱ་ཤྲཱི་ཡེ་ཧ་བྱ་ཀ་བྱ་མ་ཧཱ་ནཱ་ཡ་སྭཱ་ཧཱ་བརྗོད་པས་སྤྱན་དྲངས། ཞལ་བཞི་པའི་སྔགས་སུམྦྷ་ནིས་ཕྱི་འབྲང་གི་བགེགས་བསྐྲད། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། ཨོཾ་ན་མཿས་མནྟ་བུདྡྷ་ནཱཾ་ཨགྣ་ཡེ་སྭཱ་ཧཱས་ལན་བདུན་གྱིས་བྱོན་སྐྱེམས་སུ་མར་ཁུ་འབུལ། དེ་ནས། ཨོཾ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། མཆོད་ཡོན་ཐུགས་ཀར་ཕུལ། ཐོག་མཐའ་འདྲ། པྲོཀྐཥ་ཎཱཾ། བསང་གཏོར་སྐུ་ལ། ཨཉྩྨ་མཱ་ནཱཾ། ཞལ་ཕྱག་བསིལ། པཱ་དྱཾ། ཞབས་གསིལ་ནས། དེ་ནས་པུཥྤེ་དབུ་དང་སྐུ། དྷཱུ་པེ་ཤངས། ཨཱ་ལོ་ཀེ་སྤྱན། གནྡྷེ་ཐུགས། ནཻ་ཝི་དྱེ་ཞལ། ཤཔྟ་སྙན་ལ་ཕུལ་ཏེ། ཨོཾ། གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པའི་དོན་ཀུན་བསྒྲུབ་མཛད་པ། །ཚངས་པའི་དབང་པོ་མཆོག་གི་སྲས། །ལྷ་ཡི་དྲང་སྲོང་བྲམ་ཟེ་མཆོག །ཞལ་གཅིག་ཕྱག་བཞི་མཛེས་པའི་གཟུགས། །རྡོ་རྗེ་རྩེ་གསུམ་བགྲང་འཕྲེང་དང་། །དབྱིག་པ་རིལ་བ་སྤྱི་བླུགས་བསྣམས། །སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། །དཀར་ཞིང་ཞི་བའི་སྙེམས་དང་ལྡན། །ཐོར་ཚུགས་མེ་ཏོག་ཅོད་པན་ཅན། །རྒྱན་དང་ན་བཟའ་མཆོད་ཕྱིར་ཐོགས། །ཤིན་ཏུ་དཀར་ཞིང་མཛེས་པས་བརྒྱན། །ཕྱོགས་བཅུར་འོད་ཟེར་བསིལ་བ་ཡིས། །ནད་དང་གདོན་ལ་སོགས་པ་འཇོམས། །འགྲོ་བའི་སྡུག་བསྔལ་ཞི་མཛད་པ། །པཱ་བ་ཀ་ལ་ཕྱག་འཚལ་བསྟོད།། ལག་པ་གཡོན་འཇིག་རྟེན་པའི་ཁུ་ཚུར་དུ་བྱས་པའི་གཡས་པ་འབར་བ་ལྟར་བྱས་པ་བསྟན་ཏེ། གུར་ལས་གསུངས་པ། ཨོཾ་བཛྭ་ཨ་ན་ལ་མ་ཧཱ་བྷཱུ་ཏ། ཛྷ་ལ་ཛྷ་ལ། སརྦ་བྷསྨིཾ་ཀུ་རུ་སརྦ་དུཥྚཾ་ཧཱུྃ་ཕཊ྄་དྲྀ་ཥྱ་ཛཿཧཱུྃ་བཾ་ཧོཿ ས་མ་ཡ་ཧྶཾ། ས་མ་ཡ་ཧྶཾ་ཨ་ཧཾ། ཞེས་ལན་གསུམ་བརྗོད་པས་མེ་ལྷ་དམ་ཚིག་ལ་གནས་ཏེ་ཞི་བའི་ལས་བཅོལ་བ་ཞལ་གྱིས་བཞེས་ཏེ་སྒྲུབ་པ་ལ་འདུན་པར་བསམ་མོ། །དེ་ནས་གཡོན་པའི་ཁུ་ཚུར་མཐེ་བོང་གི་ཕྱི་མནན་པ་མཛུབ་མོ་བསྒྲེངས་པས་དགང་གཟར་བཟུང་བའི་མཛུབ་མོའི་སྟེང་དུ་གཡས་པ་དེ་ལྟ་བུས་བླུགས་གཟར་བཟུང་བ་བཞག་པ་བྱང་ཆུབ་མཆོག་གི་ཁུ་ཚུར་ཞེས་བྱ་བས་བཟུང་། གྲུ་མོ་པུས་མོའི་ཕྱིར་མི་འདའ་བས། དགང་གཟར་དང་བླུགས་གཟར་གྱི་ཁ་ལ། ཨོཾ་ཨཱཿཧཱུྃ་འོད་ཟེར་དང་བཅས་པ་མེ་ལྷ་ཞལ་ཅུང་ཟད་གདངས་པར་རཾ། དགང་གཟར་མར་ཁུས་བཀང་སྟེ། རང་གི་སྡིག་པ་ཞི་བའི་དོན་ཡིན་ན་དམ་སྔགས་དེའི་དུཥྚཾ་གྱི་མཐར་བི་གྷྣཱཾ་བཏགས་པ་མེ་ལྷའི་སྔགས་སུ་རྡོ་རྗེ་མཁའ་འགྲོར་དེའི་མཐའ་ལ། མ་མ་སརྦ་པཱ་པཾ་ཤནྟིཾ་ཀུ་རུ་སྭཱ་ཧཱ། གཞན་གྱི་ཆེད་ཡིན་ན་ཆེ་གེ་མོ་སརྦ། གཞན་འདྲ། དེ་བཞིན་ནད་ཞི་བའི་དོན་ཡིན་ན། སརྦ་རོ་གཾ རིམས་ཞི་བའི་དོན་ཡིན་ན་སརྦ་ཛྷ་རཾ། བགེགས་ཞི་བ་ལ་སརྦ་བི་གྷྣཱཾ། གནོད་པ་ཞི་བ་ལ་སརྦ་ཨ་པ་ཀ་ཏཾ། ལས་ཀྱི་སྒྲིབ་པ་ཞི་བ་ལ་སརྦ་ཀརྨ་ཨཱ་བ་ར་ཎཱཾ་ཞེས་སྦྱར་ཏེ་སྤྱི་བཀོས་ཀྱི་ཚུལ་དུ་མར་ཁུ་གཡས་སྐོར་གྱིས་ལན་བདུན་ཕུལ། དེ་ནས་ཐོག་མར་ཡཾ་ཤིང་དབུས་ནས་ལག་པ་གཉིས་ཀྱི་མིང་མེད་དང་མཐེའུ་ཆུང་གིས་བཟུང་སྟེ། ཀུ་ཤ་ལའང་འདྲ་དེ་གཉིས་འོད་ཀྱི་དཀྱིལ་འཁོར་ལ་འབུལ། ཨོཾ་བོ་དྷི་བྲྀཀྵ་ཡེ་སྭཱ་ཧཱ། མར་ཁུ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞག་ཏིལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྭཱ་ཡེ་སྭཱ་ཧཱ། ཡུངས་དཀར། ཨོཾ་སརྦ་ཨརྠ་སིདྡྷ་ཡེ་སྭཱ་ཧཱ། འབྲས། ཨོཾ་བཛྭ་པུཥྚ་ཡེ་སྭཱ་ཧཱ། འབྲས་སོ་བ། ཨོཾ་བཛྭ་བི་ཛ་ཡེ་སྭཱ་ཧཱ། ནས། ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། སྲན་མ། ཨོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ། གྲོ། ཨོཾ་བཛྭ་གྷསྨ་རཱི་སྭཱ་ཧཱ། འབྲུ་རྣམས་ཕྱག་ཏུ། ཞོ་ཟན། ཨོཾ་སརྦ་སཾ་པ་དེ་སྭཱ་ཧཱ། ཞལ། འོ་མ་སྦགས་པའི་དུརྦ་མཐེབ་སྲིན་གྱིས་བླངས་ལ། ཨོཾ་བཛྭ་ཨ་ཡུ་ཥེ་སྭཱ་ཧཱ། འོ་ཏིལ་མར་གྱིས་བྱུགས་པའི་ཀུ་ཤ །ཨོཾ་ཨ་པྲ་ཏི་ཧ་ཏ་བཛྭ་ཡེ་སྭཱ་ཧཱ། བིལ་བ་དང་སྟར་ཁ་འབུལ་ན། ཨོཾ་མ་ཧཱ་ཤེ་པ་ཡེ་སྭཱ་ཧཱ། མེ་ཏོག་ལ་སོགས་པ་གཞན་ཐམས་ཅད་ཚིམ་པར་བྱེད་པ་ཨོཾ་ཨཱཿཧཱུྃ་དེ་སྔོན་དུ་བཏང་བའི་སྔར་གྱི་སྙིང་པོའི་སྔགས་དེས་འབུལ་ལ། ཐམས་ཅད་ལ་ལྷ་རྫས་ལས་སྔགས་མཐར་སྭཱ་ཧཱ་སྦྱར། དེ་ཡང་རེ་རེ་འམ་བདུན་ནས་སྟོང་ལ་སོགས་པའི་བར་དུ་ཕུལ་ནས། སླར་ཆུ་བཞི་ཉེར་མཆོད་བྱས་བླ་མེད་ལ་ཆང་གི་མཆོད་པ་ཡང་བྱའོ། །དེ་ནས། མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོའི་མེ་ལྷ་འཁོར་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ།། ཞེས་བསྟོད་པས་ཚིམ་སྟེ། རྡོ་རྗེའི་མེ་ལྷ་དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་འཇིག་རྟེན་ལས་འདས་པའི་མེ་འབར་བའི་རྣམ་པར་གྱུར་པའི་དབུས་སུ་དཔའ་བོ་གཅིག་པའམ་གང་དང་འབྲེལ་བའི་དཀྱིལ་འཁོར་རྟེན་བརྟེན་པར་བཅས་པར་བསྐྱེད། ཡེ་ཤེས་པ་གཞུག་པ་ལ། རྡུལ་ཚོན་དང་འབྲེལ་ན། ལྷ་སོ་སོའི་སྔགས་བཟླས་ཞིང་མེ་ཏོག་གིས་ཚོན་ཏེ་རྡུལ་ཚོན་གྱི་དཀྱིལ་འཁོར་ལས་དར་ལམ་རོལ་མོ་དང་བཅས་སྤྱན་དྲངས་ལ་མེ་ཏོག་དབུས་སུ་དོར་བས་ལྷ་རྣམས་ཐབ་ཏུ་བསྐྱེད་པ་ལ་ཐིམ་པར་བསམ། རབ་ཏུ་གནས་པའི་ཚེ་རྟེན་གང་ཡིན་པ་དེ་དེ་ལྟར་སྤྱན་དྲངས་ཤིང་སྔགས་སྔར་གྱིས་ཕུལ་མཆོད་བསྟོད་བྱས་དགང་བླུགས། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྭ་ཨགྣི་བཛྭ་ས་ཏྭ་སརྦ་པ་པཾ་ད་ཧ་སྭཱ་ཧཱ་ཞེས་པས་མར་ཁུ་ལན་བདུན་ཕུལ་བས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་མེ་ལྷའི་བྱ་བ་བྱེད་པར་ཞལ་གྱིས་བཞེས། ཞི་བའི་ལས་བསྒྲུབ་བཞེད་ནས་ཞི་བའི་ཉམས་འཛིན་པར་གྱུར། མེ་པྲ་བརྟག ངན་ན་ལས་ཐམས་ཅད་པས་མེ་དེ་ལ་བགེགས་སྐྲོད་ལྷའི་སྔགས་ཀྱིས་བསངས་གཏོར་བྱས། མར་གྱི་སྲེག་བླུགས། ཨོཾ་ཨགྣ་ཡེ་ཨ་མུ་ཀ་ཞེས་པར་མེ་ལྷའི་མིང་པཱ་བ་ཀ་གཞུག བ་ས་ཨ་ཏི་ལཾ་ཀུ་རུ་སྭཱ་ཧཱ། ལན་གསུམ་ཕུལ། དེ་ནས་འཇིག་རྟེན་ལས་འདས་པའི་སྲེག་བླུགས་འབུལ་བའི་ཐོག་མར། ཏིང་འཛིན། ཨོཾ་ལས་བྱུང་བའི་ཆུའི་དཀྱིལ་འཁོར་དཀར་ཞིང་བསིལ་བའི་ཁར་སེངྒེ་པདྨ་ཟླ་བའི་གདན་ལ། བསྒྲུབ་བྱ་དམིགས་ནས། བདག་གི་ཐུགས་ཀ་ནས་འཕྲོས་པའི་འོད་ཀྱིས་བསྐུལ་བས་མེ་དབུས་ཀྱི་ལྷ་རྣམས་ཀྱི་སྐུ་ལས་སྤྲུལ་པ་དཔག་ཏུ་མེད་པ་བཀྱེ་བུམ་པ་བདུད་རྩིས་གང་བའི་ཆུས་ཕྱི་ནང་བཀྲུས་པས་ནད་ལ་སོགས་པ་ཞི། །མངོན་པར་འདོད་པ་ཐམས་ཅད་བསྒྲུབས་སྤྲུལ་པ་རང་ལ་འདུས་པར་བསམས་ནས། རང་གི་ལྷའི་སྔགས་ཀྱིས་སྲེག་བླུགས་བདུན་སྤྱི་བསྒོས་སུ་ཕུལ། ལྷག་མ་ཡི་གེ་གསུམ་སྔོན་དུ་འགྲོ་བས་ལྷ་རྫས་ལས་སྔགས་ཀྱི་མཐར་སྭཱ་ཧཱས་གོ་རིམ་བཞིན་དུ་སྲེག་གོ །དེ་ནས་མཐར། བཅོམ་ལྡན་འདས་འཁོར་དང་བཅས་པ་རྣམས་ཀྱིས་བདག་གམ། འདི་ལ་སོགས་པའི་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་སྒྲིབ་པ་དམ་ཚིག་ཉམས་ཆགས་མཐོ་རིས་དང་ཐར་པ་དང་ཐམས་ཅད་མཁྱེན་པར་འགྱུར་བ་ལ་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བར་མཛད་དུ་གསོལ། གདོན་བཟློག་ན། ལས་དང་ཉོན་མོངས་པའི་དབང་དེས་བྱུང་བའི་གདོན་ཆེན་པོ་བཅོ་བརྒྱད་དང་། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ལྟས་ངན་པ་དང་ཡེ་འབྲོག་དང་། ལོག་འདྲེན་དང་། གཟའ་དང་རྒྱུ་སྐར་དང་། བྱད་སྟེམས་དང་། ཕ་རོལ་གྱི་རིག་སྔགས་ལས་གྱུར་པའི་གནོད་པ། མི་ཤིས་པ་བཟློག་ན། མེ་དང་ཆུ་དང་ས་གཡོ་བ་དང་རླུང་གི་གནོད་པ་དང་ལོ་ཉེས་པ་དང་། བཀྲ་མི་ཤིས་པ་དང་བྱུར་དང་། སྐལ་བ་ངན་པ་དང་དབུལ་ཞིང་ཕོངས་པ་དང་། དགྲའི་གནོད་པ་ལ་སོགས་པའི་འཇིགས་པ་བརྒྱད་དང་། མུ་གེ་དང་ཕྱུགས་ནད་དང་། མི་ནད་དང་འཆི་བའི་སྡུག་བསྔལ་དང་དེ་དག་གི་རྒྱུ་བསམ་སྦྱོར་ངན་པ་ཐམས་ཅད་ཞི་བར་མཛད་དུ་གསོལ། ཞེས་འདོད་པ་གསོལ། མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ནས། གཙོ་བོ་བདག་ཅག་ནུས་མེད་པས། །མ་འབྱོར་བ་དང་མ་རིག་དང་། །དམན་པའམ་ནི་ལྷག་པ་སྟེ། །གང་བགྱིས་དེ་ཁྱོད་བཟོད་པར་མཛོད།། དེ་ནས། བཛྭ་ས་ཏྭ་ཞེས་ལན་གསུམ་བརྗོད། ཨོཾ་ཁྱེད་ཀྱི་སེམས་ཅན་དོན་ཀུན་མཛད་ཀྱི་ཚིགས་སུ་བཅད་པས་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུ། དཀྱིལ་འཁོར་དང་འབྲེལ་ན་མེ་ཏོག་དང་བཅས་པས་དེ་ནས་གདན་དྲངས་སླར་དཀྱིལ་འཁོར་ཆེན་པོར་སྔར་ཇི་ལྟ་བ་བཞིན་བཞུགས་པར་གྱུར། དེ་ནས་ཐབ་ཏུ་མེ་ལྷ་འཁོར་དང་བཅས་པ་གསལ་བར་གྱུར་པ་ལ། ཆུྃ་གསུམྃ་རྣམྃ་ལྔ་རོལྃ་མོསྃ་མཆོད། །སྲེག་རྫས་ལྷག་མ་ཚོ་ཕུལ། །འཇིག་རྟེན་དབང་ཕྱུག་ཚངས་པ་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཊཀྐིས་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་སྲེག །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་འདུད་དམ། རྒྱས་པར། ཚངས་པ་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །འབྱུང་པོ་ཡོངས་སུ་བསྐྱབ་པའི་ཕྱིར། །ཐུགས་རྗེའི་དབང་གིས་སྐུ་སྤྲུལ་པའི། །རིགས་སྔགས་གྲུབ་པའི་དྲང་སྲོང་མཆོག །ཉོན་མོངས་སྲེག་པའི་ཤེས་རབ་འོད། །བསྐལ་པའི་མེ་ལྟར་གཟི་བརྗིད་འབར། །མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན། །ཐབས་ཀྱི་སྤྲུལ་པའི་ཐེག་པ་བཅིབས། །རིག་སྔགས་གསུང་གི་བགྲང་འཕྲེང་འཛིན། །བདུད་རྩི་བཅུད་ལྡན་གནྡྷེ་བསྣམས། །ཆོས་ཀྱི་བདུད་རྩི་ཡོངས་ལ་གསོལ། །ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད། །འཇིག་རྟེན་གནས་ཀྱང་མྱ་ངན་འདས། །ཞི་བ་བརྙེས་ཀྱང་ཐུགས་རྗེ་ཆེ། །དེ་བས་བསྟོད་དེ་ཕྱག་ཀྱང་འཚལ།། གལ་ཏེ་གཞན་གྱི་དོན་དུ་ཡིན་ན་དེས་ཡོན་ཕུལ་ཏེ། དེའི་མཐེ་བོང་གཡས་པ་རང་གི་གཡོན་པའི་མཐེའུ་ཆུང་གིས་བཟུང་སྟེ། ཐབ་ཁུང་ལ་ལན་གསུམ་བསྐོར་བ་བྱས་ལ། བླུགས་གཟར་དེའི་མགོ་ལ་གཡས་སྐོར་དུ་བསྐོར་བས་བླུགས་གཟར་གྱིས་མར་ལན་བདུན་འབུལ་དུ་གཞུག། ཧཱུྃ་བཟླས་པའི་བསྲུང་སྐུད་དཀར་པོས་དཔུང་པ་བཅིང་། མེ་ལྷའི་ཞབས་དྲུང་ནས་བླངས་པའི་ཐལ་བ་ཅུང་ཟད་ཅིག་གིས་དཔྲལ་བར་ཐིག་ལེ་བྱས་ལ་བསང་གཏོར་གྱིས་བསྲུང་། དེ་ནས་མེ་ལྷ་ལ་མཆོྃད་ཡོྃན་ཕུལྃ་ལ་དངོས་གྲུབ་བླང་། ཉེས་པ་བཟོད་པར་གསོལ་ཏེ། བདག་གི་དོན་དང་གཞན་གྱི་དོན། །སྒྲུབ་བྱེད་བསྲེག་བྱ་ཟ་བ་གཤེགས། །ཇི་བཞིན་དུས་སུ་ཚུར་བྱོན་ཅིང་། །བདག་ལ་དངོས་གྲུབ་ཀུན་འགྲུབ་མཛོད། །ཨོཾ་གཙྪ་གཙྪ་ཞེས་གཤེགས། ཐལ་བ་ལ་སོགས་པ་ལེགས་པར་ཕྱགས་ལ་ཕྱོགས་གཙང་ཞིང་དབེན་པར་བཞག་གོ །ཞི་བའི་སྦྱིན་སྲེག་གོ། །། ཕུན་སུམ་ཚོགས་པ་ཐམས་ཅད་རྒྱས་པར་བྱ་བའི་ཕྱིར། དགའ་བ་དང་ལྡན་པས་གཟའ་ཚེས་སྐར་མ་དུས་སྦྱོར་བཟང་པོའི་སྔ་དྲོ། ས་གཞི་སེར་པོའི་ཆ་གྲོང་ཁྱེར་སོགས་ཀྱི་བྱང་དུ། ས་ཆོག་སྔོན་དུ་འགྲོ་བས་ཐབ་ཁུང་རྒྱར་ཁྲུ་དོ། དཔངས་སུ་དེའི་ཕྱེད་ཟུར་བརྒྱད་པའམ་བཞི་པ། ནང་དུ་ཁྲུ་གང་ཐུར་དུ་བརྐོས་པ། ཁ་ནས་སོར་བརྒྱད་ཕྱིར་བསྐོར་བའི་ཕྱེད་ཁའི་འོག ཕྱེད་སྟེང་དུ་ཐོན་པ་ཁ་ཁྱེར་ཞེང་དཔངས་དང་མཉམ་པ། མཚན་མ་དེའི་ནང་ཁྱབ་པའི་འཁོར་ལོ་རྩིབས་བརྒྱད་སེར་པོ། དབུས་སུ་རྡོ་རྗེ་རིན་པོ་ཆེ་ཟུར་བརྒྱད་པ་བྲིས། ཁ་ཁྱེར་ལ་རིན་པོ་ཆེས་བསྐོར་བ་ཕྱིའི་གྲྭ་འདྲ། ས་སེར་གིའུ་ཝཾ་གུར་ཀུམ་ལ་སོགས་པའི་དྲིའི་ཁུ་བས་ཐབ་ཕྱི་ནང་སེར་པོར་བྱུགས། ནང་དུ་བུད་ཤིང་དགོན་པའི་ལྕི་སྐམ་མི་རུང་གཞན་ཞི་བ་བཞིན་བརྩིགས། མེ་ཏོག་སེར་པོ་གཅལ་དུ་བཀྲམ། སྒྲུབ་པ་པོའི་གཡས་སུ་སྲེག་རྫས་ཡཾ་ཤིང་ཞི་བ་ལྟ་བུ་ལ། ཤིང་དེའི་དབུས་ཀྱི་ཆ་ལས་བྱུང་བ་ཚད་ཁྲུ་གང་དྲི་སེར་པོའི་ཆུ་ཞོ་འོ་མ་མར་ལ་བསྔགས་པ། མངར་གསུམ་གྱིས་བསྒོས་པ། མར་ཁུ། ཞོ་ཟན། རིན་པོ་ཆེ་ལྔ་བགོ་བ་བཟང་པོ་ལ་སོགས་པ། དགང་བླུགས། མཆོད་པ་ལས་མཐུན་གཡོན། རྣལ་འབྱོར་གྱིས་ཡོ་བྱད་མདུན་ཟུར་དུ་བཀོད། བཟའ་བཏུང་ཞོ་ལ་སོགས་པ་ཕུན་སུམ་ཚོགས་པ། གོས་རྒྱན་སེར་པོ། སྟན་ཁྲིའུ་ཤིང་ལ་འཕོངས་བཞག་རྐང་མགོ་མཐིལ་དུ་ཕབ་པ་གཤིབས་པུས་མོ་ཅུང་ཟད་སྐྱེད་པ་བཟང་པོའི་འདུག་སྟངས། ཡང་ན་ཁྲི་འཇམ་པོར་རྐང་པ་གཡས་པ་སེམས་དཔའི་སྐྱིལ་ཀྲུང་གིས་གནས་ནས་གཡོན་པ་འགྱིང་བ་དང་བཅས་པས་རབ་ཏུ་བརྐྱང་བ་རོལ་པའི་འདུག་སྟངས་གང་བདེས་ཁ་བྱང་དུ་བལྟས་འདུག་ནས་བཞིན་འཛུམ་པས་བགེགས་ཞི་བའི་ཕྱིར་གཏོརྃ་མ་བཏངྃ་བསྐྲདྃ། གཞུང་གང་ཡིན་པའི་བདགྃ་བསྐྱེདྃ་བསྒོམྃས། བསྡུསྃ། དེ་ལས་ལངྃས་པའི་དུས་སུ་ལཾ་ལས་སའི་དཀྱིལ་འཁོར་པཾ་ལས་པདྨ། མ་ལས་ཉི་མའི་གདན་ལ་ཏྲཱཾ་ལས་རང་ཉིད་རིན་ཆེན་འབྱུང་གནས་སྐུ་མདོག་སེར་པོ་རིན་པོ་ཆེ་ཆ་དགུ་པ་དང་རིན་པོ་ཆེའི་དྲིལ་བུ་འཛིན་པ་འཁོར་ལོས་བསྒྱུར་བའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པར་གྱུར། རྫས་གཉིས་ལས་ཐམས་ཅད་པས་བསངས། སྤོས་ཀྱིས་བདུག ཆུ་གསུམ་ལྷའི་སྔགས་ལ་བདག་གམ། གཞན་གྱི་དོན་གང་ཡིན་པ་ལ་ཆེ་གེ་མོའི་འཆད་འགྱུར་གྱི་འདོད་པ་པུཥྚིཾ་ཀུ་རུ་ཨོཾ་ལན་བདུན་བཟླས། ཉེར་སྤྱད་ལྔ། རྒྱལ་སྲིད་བདུན་ལ་སོགས་པ་ཧཱུྃ་ལས་བྱུང་བ། ཨོཾ་སྭཱ་ཧཱས་བཀྲུ། ཨོཾ་ཨཱཿསྭཱ་ཧཱ་ཡཾ་ཤིང་། ཨོཾ་ཤྲཱིཿསྭཱ་ཧཱ་ཞུན་མར། ཨོཾ་ཛྭིཾ་སྭཱ་ཧཱ་འབྲུ། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ་དེ་ལས་གཞན་པའི་རྫས་ཐམས་ཅད་སྦྱངས། ཨོཾ་ཨཱཿཧཱུྃ་གིས་ཐམས་ཅད། ལྷ་རྫས་ཞལ་དུ་གསོལ་རྒྱུ་རྣམས་བདུད་རྩིར། ཡཾ་ཤིང་བྱང་ཆུབ་ཀྱི་ཤིང་དུ་བྱིན་གྱིས་བརླབ། དེ་ནས་ཀུ་ཤ་བསང་གཏོར་བྱས། སྐེད་པའི་ཆ་ནས་མཐེབ་སྲིན་སྦྱར་བས་བཟུང་སྟེ། ཀུ་ཤ་འདི་ནི་གཙང་ཞིང་དགེའི་ཚིགས་བཅད་རྫོགས་པའི་མཐར། ཕུན་ཚོགས་རྒྱས་པར་མཛད་དུ་གསོལ།། ཞེས་འདོན་པ་བསྒྱུར། ཨོཾ་བཛྭ་ས་ཏྭ་ཨཿ ཞེས་ལན་གསུམ་གྱིས། རང་གི་མདུན་ནས་རྩེ་བྱང་དུ་བསྟན་པས་ཐབ་ཀྱི་ཁ་ཁྱེར་ལ་གཡས་སྐོར་ནང་དུའང་བཀྲམ། རྒྱལ་པོའམ་དགེ་འདུན་གྱི་ཚང་ངམ། ཕྱུག་པོའི་ཁྱིམ་ནས་སམ། མེ་ཤེལ་ལས་བྱུང་བའི་མེ་བླངས། དེ་བསངས་ནས་ཐབ་ཀྱི་དབུས་སུ་མེ་ཕྱོགས་ནས། ཨོཾ་ཛྷ་ལ་ཛྷ་ལ་ཧཱུྃ་ཞེས་བརྗོད་པས་བཅུག རླུང་གཡབ་ཀྱིས་སྦར། ཨོཾ་ཏྲཾ་སྭཱ་ཧཱ་འམ། ཏྲཾ་རང་ལན་བདུན་བརྗོད་པ་མར་གྱི་དགང་བླུགས་ཀྱིས་ལེགས་པར་སྤར། དེ་ནས་ཐབ་བསངས། བྷྲཱུྃ་ལས་རྒྱས་པའི་ཐབ་ཁུང་སེར་པོ་ཟུར་བརྒྱད་པའམ། གྲུ་བཞི་པ། རྒྱའི་ཕྱེད་ཀྱི་དཔངས་དང་ལྡན་པ། ཁ་ཁྱེར་རིན་པོ་ཆེས་བསྐོར་བ་ནང་དུ་འཁོར་ལོ། །ལྟེ་བར་རཾ་ལས་སྐྱེས་པའི་མེ་ལྷ་དབང་ཆེན་གསེར་སྦྱངས་པའི་མདོག་ཅན་སྐུ་ཤ་རྒྱས་པ་འཛུམ་པ་གཟི་བརྗིད་ཆེན་པོ། དྲང་སྲོང་གི་ཆ་བྱད་ཅན་ཕྱག་བཞིའི་གཡས་གཉིས་རྩེ་གསུམ་དང་བགྲང་འཕྲེང་། གཡོན་གཉིས་དབྱུག་པ་དང་རིལ་བ་སྤྱི་བླུགས་འཛིན་ཅིང་རྒྱན་དང་ན་བཟའ་མཆོད་ཕྱིར་ཐོགས་སེར་པོ་ཅན། འོད་ཟེར་གུར་ཀུམ་གྱི་ཁུ་བ་ལྟ་བུས་ཕུན་སུམ་ཚོགས་པ་ཐམས་ཅད་རྒྱས་པར་བྱེད་པ་སེམས་དཔའི་སྐྱིལ་ཀྲུང་གིས་ར་སྐྱེས་ཀྱི་སྟེང་དུ་བཞུགས་པ་མེའི་ཁམས་ཀྱི་རང་བཞིན། ཨོཾ་གཟི་བརྗིད་ཆེན་པོ་མེ་ཡི་ལྷ།། ནས། མེའི་ལྷ་དབང་ཆེན་དྲང་སྲོང་གི་འཁོར། ཨོཾ་ཊཀྐི་ནི་མ་ཧེནྡྲ་ཧཱུྃ་ཛའམ། ཨོཾ་ཨགྣ་ཡེ་ནས་བསྟོད་པའི་བར་ཞི་བར་བཤད་པ་བཞིན་ལ། སེར་ཞིང་རྒྱས་པའི་བྱིན་དང་ལྡན།། དང་། ཤིན་ཏུ་གསེར་མདོག་མཛེས་པས་བརྒྱན། །ཕྱོགས་བཅུར་འོད་ཟེར་རྒྱས་པ་ཡིས། །ཕུན་སུམ་ཚོགས་པ་ཐམས་ཅད་བསྐྱེད། །འགྲོ་བའི་རེ་བ་གང་མཛད་པ། །མ་ཧེནྡྲ་ལ་ཕྱག་འཚལ་བསྟོད།། ཅེས་འདོན་པ་བསྒྱུར་བ་ཙམ་མོ། །ཕྱྃག་རྒྱྃ་དང་། ཨོཾ་ཨ་ན་ལཱའི་སྔགས་ཀྱིས་མེ་ལྷ་དམ་ཚིག་ལ་གནས་ཏེ་རྒྱས་པའི་ལས་བཅོལ་བ་ཞལ་གྱིས་བཞེས། དེ་བསྒྲུབ་པ་ལ་འདུན་པར་གྱུར། དེ་ནས་རྡོ་རྗེ་བསྡམས་པའི་མཛུབ་མོ་བཀུག་པའི་སོར་མོ་མཉམ་པའི་ནོར་བུ་མཐེ་བོང་རྡོ་རྗེས་བཀབ་པ་རྡོ་རྗེ་ནོར་བུ། དེ་གཉིས་སུ་བྱས་པ་རིན་ཆེན་ཁུ་ཚུར་གྱིས་དགང་བླུགས་པུས་མོའི་ནང་མི་འདའ་བར་བཟུང་། སྤེལ་ཚིག ཚེ་རྒྱས་པའི་དོན་དུ་ཡིན་ན་མ་མ་ཨཱ་ཡུཿཔུཥྚི་ཀུ་རུ་ཨོཾ། བསོད་ནམས་རྒྱས་པ་ལ་པུཎྭ། དབང་ཐང་རྒྱས་པ་ལ་སཽ་བྷ་གྱཾ། ནོར་དང་འབྲུ་རྒྱས་པ་ལ་དྷ་ནྱཾ། ཞེས་བཏགས་པ་དང་། འཇིག་རྟེན་འདས་པ་ལ་མེ་པྲ་བརྟག བཟློག་དུས་མ་ཧེནྡྲ་གཞུག རྒྱས་པའི་ལས་བསྒྲུབ་པར་བཞེད་ནས་རྒྱས་པའི་ཉམས་འཛིན་པར་གྱུར། བསྒྲུབ་བྱ་ལཾ་ལས་བྱུང་བའི་དབང་ཆེན་གྱི་དཀྱིལ་འཁོར་གྱི་ཁར་གླང་པོ་ཆེ་ལ་ཞོན་པ་རྒྱན་གྱིས་བརྒྱན་པ་ལ། བདག་གི་ཐུགས་ཀ་ནས་འཕྲོས་པའི་འོད་ཀྱིས་མདུན་བསྐྱེད་བསྐུལ་བས་མེ་དབུས་ཀྱི་ལྷ་རྣམས་ཀྱི་སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་སྤྲོས་དེ་ལ་ཐིམ། མངོན་པར་འདོད་པ་ཐམས་ཅད་རྒྱས་པར་གྱུར་པར་བསམ་པ་དང་། མཐར། བཅོམ་ལྡན་འདས་འཁོར་དང་བཅས་པ་རྣམས་ཀྱིས་བདག་གམ་འདིའི་ཚེ་དང་བསོད་ནམས་དང་དཔལ་དང་གཟི་བརྗིད་དང་སྟོབས་དང་མངའ་ཐང་དང་ནོར་དང་ལོངས་སྤྱོད་དང་། ཕུན་སུམ་ཚོགས་པ་ཐམས་ཅད་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། །དངོས་གྲུབ་སྒྲུབ་ན་གང་སྒྲུབ་པ་དེ་འགྲུབ་པར་གསོལ་བ་འདེབས་པ་ཡིན་ནོ།། དེ་ཙམ་འདོན་པ་བསྒྱུར། གཞན་ཐམས་ཅད་ཞི་བར་བཤད་པ་དང་ཇི་ལྟ་བ་བཞིན་དུ་བྱའོ། །རྒྱས་པའི་སྦྱིན་སྲེག་གོ །འགའ་ཞིག་དབང་དུ་བསྡུ་བའི་ཕྱིར། །ཆགས་པའི་སེམས་ཀྱིས། གཟའ་ཚེས་སྐར་མ་དུས་སྦྱོར་དབང་ལ་ཤིས་པ་ཡོད་པའི་མཚན་མོའི་དུས། ས་གཞི་དམར་པོའི་ཆ། གྲོང་ཁྱེར་ལ་སོགས་པའི་ནུབ་ཀྱི་ཕྱོགས་སུ་ས་ཆོག་ཐབ་ཁུང་སྐྱེ་གནས་ཀྱི་དབྱིབས་ལྟ་བུ་ཟུར་གསུམ་པའམ། ཟླ་གམ། རྒྱར་ཁྲུ་གང་། དཔངས་དེའི་ཕྱེད་ཁ་ཁྱེར་སོར་བཞི་པས་བསྐོར་བ། མཚན་མ་ནང་དུ་པདྨ་ཁ་ཁྱེར་ཡང་དེ་བཞིན། བུད་ཤིང་རོ་སྐྱུར་བ་མེ་ཏོག་དང་བཅས་པས་བརྩིག ཙན་དན་དམར་པོ་ལ་སོགས་པའི་དྲི་ཆུ་དམར་པོ་དང་། ཚོན་དམར་པོས་ཕྱི་ནང་དམར་པོར་བཏང་མེ་ཏོག་དམར་པོ་གཅལ་དུ་བཀྲམ། སྒྲུབ་པ་པོའི་གཡས་སུ་སྲེག་རྫས། ཡཾ་ཤིང་བུད་ཤིང་ལྟ་བུ་ལ། ཤིང་གང་གི་ཡལ་གའི་ཆ་ལ་བྱས་པ་སོར་ལྔ་པའི་ཚད། མེ་ཏོག་འབྲས་བུར་བཅས་པ། གཞན་ཞི་རྒྱས་བཞིན་ལ། ཙན་དན་དམར་པོ། མེ་ཏོག་དམར་པོའི་རིགས། མཆོད་རྫས་ལས་མཐུན་གཡོན། ཆོས་གོས་རྒྱན་དམར་པོ། འདུག་སྟངས་བརླ་གཡོན་པའི་སྟེང་དུ་རྐང་པ་གཡས་པ་བཞག་ལ། གཡོན་བརླ་གཡས་པའི་འོག་ཏུ་བཞག་པ་སེམས་སྐྱིལ་གྱིས་ཁ་ནུབ་ཏུ་བལྟས། བཞིན་འཛུམ་པ། བགེགས་ཞི་བའི་ཕྱིར་གཏོྃར་མ་བཏང་། གཞུང་གང་ཡིན་པའི་བྃདག་བསྐྱེདྃ་བསྒོམྃས། དེ་བསྡུསྃ་ནས་དེ་ལས་ལངྃས་པའི་དུས་རཾ་ལས། མེའི་དཀྱིལ་འཁོར། པཾ་ལས་པདྨ་མ་ལས་ཉི་མའི་གདན་ལ། སྲཱིཿ ལས་རང་ཉིད་རྡོ་རྗེ་ཆགས་པ་དམར་པོ་པདྨ་དང་པདྨའི་དྲིལ་བུ་འཛིན་པ་འཁོར་ལོས་བསྒྱུར་བའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ནས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པར་གྱུར། རྫས་གཉིས་ལྃས་ཐམས་ཅྃད་པས་བསངས། སྤོསྃ་ཀྱིས་བདུག ཆུ་གྃསུམ་ལྷའི་སྔགས་ཀྱི་མཐར། ཆེ་གེ་མོ་ཝ་ཤཾ་ཀུ་རུ་ཧོཿ ཉེར་སྤྱད་ལྔ་ཧཱུྃ་ལས་བྱུང་བ། ཨོཾ་སྭཱ་ཧཱ་རྫས་རྣམས་བཀྲུས། ཨོཾ་ཨཱཿསྭཱ་ཧཱ་ཡཾ་ཤིང་། ཨོཾ་ཤྲཱི་སྭཱ་ཧཱ་ཞུན་མར། ཨོཾ་ཛྭིཾ་སྭཱ་ཧཱ་འབྲུ་རྣམས། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ་དེ་ལས་གཞན་པ་རྣམས་སྦྱངས། ཨོཾ་ཨཱཿཧཱུྃ། ལྷ་རྫས་ཞལ་དུ་གསོལ་རྒྱུ་བདུད་རྩི། ཡཾ་ཤིང་ཨ་ཤོ་ཀའོ། །དེ་ནས་ཀུ་ཤ་བསངྃས་མཐེབ་སྲིན་གྱིས་དབུས་ཀྱི་ཆ་ནས་བཟུང་། ཀུ་ཤ་འདི་ནི་གཙང་ཞིང་དགེ། ཤླཽ་ཀ་རྫོགས་པའི་མཐར། ཆེ་གེ་མོ་དབང་དུ་བསྡུ་བར་མཛོད། །ཨོཾ་བཛྭ་ས་ཏྭ་ཨཿ ལན་གསུམ་བཟླས། རང་གི་གཡོན་ཕྱོགས་ནས། རྩེ་མོ་ནུབ་ཏུ་ཕྱོགས་པ་ཐབ་ལ་གཡས་སྐོར་དུ་བཀྲམ། ཚོང་འདུས་སམ་སྨད་འཚོང་མའི་ཁྱིམ་ནས་མེ་བླངས་ཏེ་བསངྃས། ཐབ་ཀྱི་བུད་ཤིང་གི་དབུས་སུ། ཨོཾ་ཛྷ་ལ་ཛྷ་ལ་ཧཱུྃ། རླུང་གཡབ་ཀྱིས་སྦར། ཨོཾ་སྲཱིཿསྭཱ་ཧཱའམ། སྲཱིཿལན་གསུམ་བཟླས། དེ་ནས་ཐབ་བསངྃས། ཧཱུྃ་ལས་དབང་གི་ཐབ་ཁུང་དམར་པོ་ཟུར་གསུམ་མམ། ཟླ་གམ། རྒྱའི་ཕྱེད་ཀྱི་དཔངས་དང་ལྡན་པ། ཁ་ཁྱེར་པདྨས་བསྐོར་བ། དེའི་དབུས་སུ་པཾ་ལས་པདྨ་ལ་རཾ་ལས་སྐྱེས་པའི་མེ་ལྷ་དམར་པོ་ལི་ཁྲི་ཁུ་བ་ལྟ་བུའི་མདོག་ཅན་ཤིན་ཏུ་ཆགས་པ་ཆེན་པོས་སྒེག་པ། དྲང་སྲོང་གི་ཆ་བྱད་ཅན། ཕྱག་བཞིའི་གཡས་གཉིས་རྡོ་རྗེ་རྩེ་གསུམ་དང་བགྲང་འཕྲེང་། གཡོན་གཉིས་དབྱུག་པ་དང་རིལ་བ་སྤྱི་བླུགས་འཛིན་ཞིང་། རྒྱན་དང་ན་བཟའ་དང་མཆོད་ཕྱིར་ཐོགས་དམར་པོ་ཅན་འོད་ཟེར་དམར་པོ་ཁམས་གསུམ་པོ་ཐམས་ཅད་དབང་དུ་སྡུད་པ་སེམས་དཔའི་སྐྱིལ་ཀྲུང་གིས་ར་སྐྱེས་ཀྱི་སྟེང་དུ་བཞུགས་པ་མེའི་ཁམས་ཀྱི་རང་བཞིན། ཨོཾ་གཟི་བརྗིད་ཆེན་པོ་མེ་ཡི་ལྷ།། ནས། མེའི་ལྷ་དམར་པོ་དྲང་སྲོང་གི་འཁོར། །ཨོཾ་ཊཊྚྷི་ནི་ཀ་མ་ཧཱུྃ་ཛ། བསྟོད་པའི་བར་འདྲ། བསྟོད་པའི། དམར་ཞིང་ཆགས་པའི་ཉམས་དང་ལྡན།། དང་། ཤིན་ཏུ་དམར་ཤིང་མཛེས་པས་བརྒྱན། །ཕྱོགས་བཅུར་འོད་ཀྱི་ལྕགས་ཀྱུ་ཡིས། །ཁམས་གསུམ་ཐམས་ཅད་དགུག་བྱེད་ཅིང་། །དབང་དུ་སྡུད་པར་མཛད་པ་ཡི། །དམར་པོ་ཁྱོད་ལ་ཕྱག་འཚལ་བསྟོད།། དམ་ཚིག་བརྗོད་པས། མེ་ལྷ་དམ་ཚིག་ལ་གནས་ཏེ་དབང་གི་ལས་བཅོལ་བ་ཞལ་གྱིས་བཞེས་ཏེ་སྒྲུབ་པ་ལ་འདུན་པར་གྱུར། དེ་ནས་དགང་བླུགས། རྡོ་རྗེ་བསྡམས་པའི་མཛུབ་མོ་གཉིས་བཀུག་ལ། མཐེ་བོང་མཉམ་པར་བརྐྱང་ལ། དབུས་མ་གཉིས་ཕྱི་རོལ་དུ་གཤིབས་པ་དང་བཅས་བཞག་པ། དེ་གཉིས་སུ་བྱས་པ་པདྨའི་ཁུ་ཚུར་ཏེ། དེས་བཟུང་གྲུ་མོ་པུས་མོའི། ནང་མི་འདའ་བས། སྔགས་ཀྱི་མཐར་ཆེ་གེ་མོ་ཝ་ཤཾ་ཀུ་རུ་ཧོཿ ཞེས་སྦྱར། འཇིག་རྟེན་ལས་འདས་པའི་སྐབས་དབང་གི་ལས་བསྒྲུབ་པར་བཞེད་ནས་ཆགས་པའི་ཉམས་འཛིན་པར་གྱུར། བསྒྲུབ་བྱ་ཡཾ་ལས་རླུང་གི་དཀྱིལ་འཁོར་ལ་བུད་མེད་དུ་གནས་པ། བདག་གི་ཐུགས་ཀའི་འོད་ཀྱིས་མདུན་བསྐྱེད་བསྐུལ་བས། མེ་དབུས་ཀྱི་ལྷ་རྣམས་ཀྱི་སྐུ་ལས་འོད་ཟེར་དམར་པོ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་གི་རྣམ་པར་སྤྲོས་བསྒྲུབ་བྱ་སྐྱེས་པའི་སྙིང་ཁར། བུད་མེད་ཀྱི་བྷ་གར་ལྕགས་ཀྱུ་བཏབ་ཞགས་པས་བཅིངས། ལྕགས་སྒྲོག་གི་རྣམ་པས་བསྡམས་ནས་དྲིལ་བུས་མཉེས། རླུང་གིས་བདག་གི་མདུན་དུ་གཟུགས་བརྙན་ལ་གཞུག དེ་ལ་རང་གི་ཐུགས་ཀའི་འོད་ཟེར་དམར་པོ་ཞུགས། ལུས་གང་དེའི་ལུས་ངག་ཡིད་གསུམ་བསྡུས་ནས་བདག་གི་སྙིང་ཁར་ཐིམ། དབང་དུ་འདུས་པར་བསམ། མེ་པྲ་བརྟག བཟློག་དུས་ཀ་མ་ལ་མིག་འབྲས་གཉིས་གཡོན་དུ་ཕྱོགས་པས་བསྲེག འདོད་གསོལ་ཆེ་གེ་མོ་བདག་གི་དབང་དུ་འདུ་བར་མཛད་དུ་གསོལ། ཞེས་སྦྱར། གཞན་ཞི་བ་བཞིན་ལ་སྦྱིན་བདག་བསྐོར་བ་མི་བྱེད། དབང་གི་སྦྱིན་སྲེག་གོ །གདུག་པ་ཅན་ལ་མངོན་སྤྱོད་ཀྱི་ལས་བྱ་བའི་ཕྱིར། སྡང་བའི་སེམས་ཀྱིས་དྲག་པོ་ལ་ཤིས་པའི་གཟའ་སྐར་ཚེས་དུས་སྦྱོར་གྱི་ཉིན་ཕྱེད་དམ་མཚན་ཕྱེད་ལ། ས་གཞི་རྩུབ་ཅིང་ཚ་སྒོ་ཅན། ཁ་དོག་ནག་ཅིང་གས་པ་དུར་སའམ་འཇིག་རྟེན་གྱི་མ་མོའི་གནས་ས། གྲོང་ཁྱེར་ལ་སོགས་པའི་ལྷོ། ཐབ་ཁུང་གྲུ་གསུམ་པ་རྒྱར་སོར་མོ་ཉི་ཤུ། ཕྱེད་ཀྱི་སྲིད་དང་ལྡན་པ། ནང་དུ་སོར་བཅུ་ཐུར་དུ་བརྐོས་པ། ཁ་ནས་སོར་གསུམ་ཕྱིར་བོར་བའི་ཁ་ཁྱེར་སོར་གསུམ་གྱི་དཔངས་ཞེང་ཅན། ས་ནག་པོ་དང་བོང་བུ་དང་རྔ་མོང་གི་སྦངས་དང་། རོ་ཐལ་དང་། ཕུབ་མ་དང་སོལ་ཕྱེ་བསྲེས་པས་ཕྱི་ནང་བྱུགས་དྲི་མི་ཞིམ་པའི་མེ་ཏོག་དང་། འབྲུ་ནག་དང་ཕུབ་མ་གཏོར། ནང་དུ་ཁྲོ་བོའི་རྡོ་རྗེ་རྩེ་གསུམ་སོར་བརྒྱད་པའི་ཚད། ཕྱི་ཟུར་ལ་སྣ་ཚོགས་རྡོ་རྗེ་མདུང་རྩེ་གསུམ་རྡོ་རྗེ་ཐོ་བ་བྲི། ཁ་ཁྱེར་རལ་གྲིས་བསྐོར། བུད་ཤིང་དྲི་མི་ཞིམ་པ་རོ་ཁ་བ་ཚེར་མ་རྣོ་བའི་ཤིང་དུར་ཁྲོད་དུ་སྐྱེས་པ་སྐམ་པོ་དང་། བོང་བུ་དང་རྔ་མོང་གི་སྦངས་སྐམ་པོ་དང་། ནིམ་པ་དང་སེང་ལྡེང་གི་ཤིང་འུག་པའི་སྒྲོ་དང་བཅས་པས་ཐབ་ལས་ཅུང་དམའ་བར་བརྩིག སྒྲུབ་པོའི་གཡོན་དུ་ཡཾ་ཤིང་། བུད་ཤིང་དུ་བཤད་པའི་ཤིང་རྙིངས་པ་རྩེ་ཉམས་པ་ཤུན་པ་མེད་ཅིང་གས་པ། ཐུང་རིང་སྦོམ། འཁྱོག་པོ། གྲུམ་ཆག་འབུས་ཟོས། སྲོག་ཆགས་ལྡན་པ་སྐམས་པ་རྣམས་ཀྱི་རྩ་བའི་ཆ་ལས་ཚད་སོར་བཅུ་གཉིས་པ་རྩེ་གཉིས་རྩུབ་པའམ་རྣོ་བ་དུག་ཁྲག་ཞག་ཆེན་པོས་སྦགས་པ། ཚ་བའམ་ཡུངས་ཀར་གྱི་མར་ཁུ། ཁྲག་དང་ལན་ཚྭ་དང་ནིམ་པའི་ལོ་མ་དུར་ཁྲོད་ཀྱི་རུས་ཐལ། བོང་བུ་རྔ་མོང་གི་སྦངས་དང་སྐྲ་དང་ཞག་བྱ་རོག་དང་འུག་པའི་སྒྲོ། བཤང་གཅི་ཤ་ཁྲག ལྷག་པར་སྒྲུབ་པ་བྱས་པའི་ལིངྒ་གཏུབས་ཏེ་རྐང་རྗེས་ཀྱི་ས་དང་ལྷན་ཅིག་བཏགས་པ་མིང་རུས་སྙིང་ཁར་བཀོད་པའི་ལིང་ཆུང་དྲུག་ཅུ་རྩ་བརྒྱད་བྱས། གཡས་སུ་ལྕགས་ཀྱི་སྣོད་དུ་ཁྲག་དང་ཀོ་ཊ་པའི་ཁུ་བ་དང་། མིའམ་བ་ལང་ངམ་བོང་བུའི་གཅིན་གྱི་མཆོད་ཡོན་སོགས་ལས་མཐུན་གྱི་ཉེར་མཆོད་རོལ་མོ་དང་བཅས་པ་བཤམ། དགང་བླུགས་དང་རྣལ་འབྱོར་ལ་དགོས་པའི་ཡོ་བྱད་ཀྱིས་བསྟར་ལ། བདུད་གིང་ལས་ལ་འཇུག་པའི་ཆས་སུ་ཞུགས་པའམ། གཅེར་བུ་སྐྲ་ལྷུག་པར་འཕྱང་བ། ཁ་ཟས་ཤ་ཟ་དཔའ་བོའི་བཏུང་བ་འཐུང་། སྟན་སྲ་ཞིང་རྩུབ་པའམ་རོ་གདན་བྲིས་པར་སྟང་སྟབས་རྐང་པ་གཡོན་པ་སྐྱིལ་ཀྲུང་ཕྱེད་པར་བྱས། དེ་དང་ཉེ་བར་པུས་མོ་གཡས་པ་སྟེང་དུ་དྲང་པོར་བྱས་པ་ཁྲོ་བོའི་སྐྱིལ་ཀྲུང་བཅིངས་ནས། ཁ་ལྷོར་བལྟས་ཁྲོ་གཉེར་དང་བཅས་པའི་གདོང་། བགེགས་ལ་གཏོརྃ་མ་བཏངྃ་བསྐྲདྃ། བདགྃ་བསྐྱེད་གཞུང་བཞིན་བསྒོམས་ནས་བསྡུསྃ། དེ་ལས་ལངྃས་དུས་ཡཾ་ལས་རླུང་གི་དཀྱིལ་འཁོར་ལ་པཾ་ལས་པདྨ་དང་རཾ་ལས་ཉི་མ་དང་མི་རོའི་གདན་ལ་ཧཱུྃ་ལས་རང་ཉིད་རྡོ་རྗེ་ཁྲོ་བོ་མི་བསྐྱོད་པ་སྐུ་མདོག་མཐིང་ཁ་རྡོ་རྗེ་དང་རྡོ་རྗེའི་དྲིལ་བུ་འཛིན་པ། རྒྱན་གྱིས་བརྒྱན་ནས་ཁྲོ་བོའི་སྐྱིལ་ཀྲུང་གིས་བཞུགས་པར་གྱུར། ལས་ཐམས་ཅད་པའི་ཆུས་རྫས་རྣམས་བསངས། ཤ་ཆེན་དང་གུ་གུལ་གྱིས་བདུགས། རང་གི་ལྷའི་སྔགས་ལ་ཆེ་གེ་མོ་མཱ་ར་ཡ་ཧཱུྃ་ཕཊ྄་བཏགས་པ་ལན་བདུན་ཉེར་སྤྱད་ལྔ་ཧཱུྃ་ལས། ཨོཾ་སྭཱ་ཧཱས་རྫས་བཀྲུས། ཨོཾ་ཨཿསྭཱ་ཧཱ་ཡཾ་ཤིང་། ཨོཾ་ཤྲཱིཾ་སྭཱ་ཧཱ་མར་ཁུ། ཨོཾ་ཛྭིཾ་སྭཱ་ཧཱས་འབྲུ་རྣམས། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། དེ་ལས་གཞན་པ་རྣམས་སྦྱངས། ཨོཾ་ཨཱཿཧཱུྃ། ལྷ་རྫས་ཞལ་དུ་གསོལ་རྒྱུ་བདུད་རྩི། ཡཾ་ཤིང་དེ་དག་ཉིད། དེ་ནས་ཀུ་ཤ་བསངྃས་གཏོར་བྱས། ཀུ་ཤ་འདི་ནི་གཙང་ཞིང་དགེ། ནས། ཆེ་གེ་འདི་ལ་མངོན་སྤྱོད་མཛོད། །ཨོཾ་བཛྭ་ས་ཏྭ་ཨཿ ལན་གསུམ་གྱིས་རང་གི་གཡས་ཕྱོགས་ནས་ཐབ་ཀྱི་ཁ་ཁྱེར་ལ་རྩེ་མོ་ལྷོར་བསྟན་ནས་གཡོན་སྐོར་དུ་བཀྲམ། གཤན་ར་ནས་མེ་བླངས་བསངྃས། ཨོཾ་ཛྷ་ལ་ཛྷ་ལ་ཧཱུྃ་ཞེས་པས་སྦར། ཨོཾ་ཧཱུྃ་སྭཱ་ཧཱའམ། ཧཱུྃ་ལན་བདུན་གྱིས་མར་ཁུ་བླུགས། ལེགས་པར་སྦར། དེ་ནས་ལས་ཐམས་ཅད་པས་ཐབ་བསངྃས། བྷྲཱུྃ་ལས་དྲག་པོའི་ཐབ་ཁུང་ཟུར་གསུམ་ནག་པོ་རྒྱའི་ཕྱེད་ཀྱི་དཔངས་དང་ལྡན་པ་ཁ་ཁྱེར་རལ་གྲིས་མཚན་པ། དེའི་ནང་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་རཾ་ལས་སྐྱེས་པའི་དྲག་པོའི་མེ་ལྷ་རླུང་མུན་པའི་མདོག་ཅན་ཤིན་ཏུ་ཁྲོ་ཞིང་གཏུམ་པ། སྦོམ་ཞིང་གེལ་བ་དྲང་སྲོང་གི་ཆ་བྱད་ཅན། ཕྱག་བཞིའི་གཡས་གཉིས་རྡོ་རྗེ་རྩེ་གསུམ་དང་བགྲང་འཕྲེང་། གཡོན་གཉིས་དབྱུག་པ་དང་རིལ་བ་སྤྱི་བླུགས་འཛིན་ཅིང་རྒྱན་དང་། ན་བཟའ་དང་མཆོད་ཕྱིར་ཐོགས་ནག་པོ་ཅན་འོད་ཟེར་མཐིང་ནག་སྣ་ལ་མཚོན་ཆ་སྣ་ཚོགས་སྐར་མདའ་ལྟ་བུར་འཕྲོ་བས་བསྟན་པ་ཉམས་པར་བྱེད་པའི་དགྲ་ལྷ་སྲུང་དང་བཅས་པ་བརླག་པར་བྱེད་པ། སེམས་དཔའི་སྐྱིལ་ཀྲུང་གིས་ར་སྐྱེས་ཀྱི་སྟེང་ན་བཞུགས་པ་མེའི་ཁམས་ཀྱི་རང་བཞིན། ཨོཾ། གཟི་བརྗིད་ཆེན་པོ་མེ་ཡི་ལྷ།། ནས། ཨོཾ་ཊཀྐི་ནི་ཀྲོ་དྷ་ཏེ་ཛ་ཧཱུྃ་ཛའམ། ཨོཾ་ཨགྣ་ཡེ་ནས། བསྟོད་པའི་བར། ནག་ཅིང་ཁྲོ་ལ་གཏུམ་པའི་སྐུ། །དང་། ཤིན་ཏུ་ནག་པས་མཛེས་པར་བརྒྱན། །ཕྱོགས་བཅུར་འོད་ཀྱི་སྐར་མདའ་ཡིས། །བསྟན་པ་འཇིག་པའི་དགྲ་བགེགས་འཇོམས། །ནག་པོའི་ཕྱོགས་རྣམས་རླག་བྱེད་པ། །རླུང་ཞེས་བྱ་ལ་ཕྱག་འཚལ་བསྟོད།། དམ་ཚིག་བརྗོད། མེ་ལྷ་དམ་ཚིག་ལ་གནས་ཏེ་དགྲ་བོ་ཆེ་གེ་མོ་ལ་མངོན་སྤྱོད་ཀྱི་ལས་བཅོལ་བ་སྒྲུབ་པར་བསམ། དེ་ནས་རྡོ་རྗེ་ཁུ་ཚུར་ལས་མཛུབ་མོ་སྡིགས་མཛུབ་ཏུ་བྱས་པ། ཁྲོ་བོའི་ཁུ་ཚུར་དེས་དགང་བླུགས་གྲུ་མོ་པུས་མོ་ལས་ཕྱིར་ཕྱོགས་པས་བཟུང་། དགང་བླུགས་ཀྱི་ཁ་ལ། ཧཱུྃ་ཨོཾ་ཨཱཿཧཱུྃ་འོད་ཟེར་དང་མེ་ལྷ་ཞལ་ཆེར་གདངས་པར་རཾ་མེ་ལྷའི་སྔགས་ལ་དགྲ་བོ་ཆེ་གེ་མོ་མཱ་ར་ཡ་ཧཱུྃ་ཧཱུྃ་ངམ་ཕཊ྄་བཏགས་པས། སྲེག་བླུགས་གཡོན་དུ་བསྐོར་བས་འབུལ། ཡི་གེྃ་གསུམྃ་སྔོནྃ་དུ་བཏང་། མེའི་སྔགས་ལ་ཨོཾ་བཛྭཱ་ཡ། སྤེལ་ཚིག ཡཾ་ཤིང་། ཨོཾ་ཨགྣ་ཡེ། མར་ནག འདིར་ལིངྒ་སྐད་ཅིག་གིས་བསྒྲུབ་བྱར་དམིགས་ནས་ཡི་གེ་གསུམ་མེ་ལྷའི་སྔགས་ཀྱི་མཐར་སྤེལ་ཚིག་ལྷག་མ་རྣམས་ནས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་མེ་ལྷའི་བྱ་བ་བྱེད་པར་ཞལ་གྱིས་བཞེས། དགྲ་བོ་ཆེ་གེ་མོ་ལ་མངོན་སྤྱོད་ཀྱི་ལས་བསྒྲུབ་པར་བཞེད་ནས་དྲག་པོའི་ཉམས་འཛིན་པར་གྱུར། མེ་པྲ་བརྟག བཟློག་དུས། མེ་ལྷའི་མིང་ཀྲོ་དྷ་ཏེ་ཛ་གཞུག ཏིང་ངེ་འཛིན། ལིང་ག་རཾ་ལས་ཉི་མའི་དཀྱིལ་འཁོར་ལ། གཟས་པ་ལུས་གཅེར་བུ་ཁ་ལྷོར་བལྟས་པ་སྐྱོབ་བྱེད་དང་བྲལ་བས་ངུ་ཞིང་བརྒྱལ་བར་བསམ་ལ། ཁམས་གསུམ་གནོན་པའི་བསམ་པས་ཁ་མེ་ཕྱོགས་བལྟས། བདག་གི་ཐུགས་ཀ་ནས་འཕྲོས་པའི་འོད་ཀྱིས་བསྐུལ་བས་མེ་དབུས་ཀྱི་ལྷ་རྣམས་ཀྱི་སྐུ་ལས་སྤྲུལ་པ་དཔག་ཏུ་མེད་པ་བཀྱེ། དེ་རྣམས་ཀྱིས་དགྲ་བོའི་བསྲུང་བའི་གུར་ཁང་བཤིག སྐྱོབ་བྱེད་ཀྱི་ཡེ་ཤེས་ལྷ་མཆོད། འདི་མ་རུངས་པས་སྐྱོབ་མི་རིགས་པར་གསོལ་བས་དེ་དག་གིས་སྤངས། འཇིག་རྟེན་པའི་ལྷ་རྒྱ་མཚོའི་ཕ་རོལ་ཏུ་བསྐྲད། དེའི་མགྲིན་པ་ནས་ཞགས་པས་བཅིངས། སྙིང་ཁར་ལྕགས་ཀྱུ་བཏབ། ཡན་ལག་ལྕགས་སྒྲོག་གིས་བསྡམས། རྒྱབ་ནས་ཁྲོ་བོས་རྡེག་ཅིང་ལས་ཀྱི་རླུང་དམར་གྱིས་དེད། འཇིགས་པའི་མུན་པས་བསུས་ནས་དམིགས་རྟེན་དེ་ལ་བསྟིམ། སྔགས་ལས་ཐམས་ཅད་པའི་ཤམ་བུར་ཛ་བཏགས་ལ་བཟླས། དེ་ནས། སླར་སྤྲོས་པའི་འོད་མེའི་ཁབ་ལྟ་བུ་དེའི་བཤང་ལམ་ནས་ཞུགས་ཚེ་རྟེན་བདག་ལ་ཕུལ། རང་གི་ཚེའི་གསོས། སྲོག་རྟེན་ཡི་གེ་ཧཱུྃ་མེ་དེས་སྦྱངས་ནས་འོག་མིན་དུ་སྤར། ལྔ་ཕུང་ཕོ་ཉ་རྣམས་ཀྱིས་གཏུབས་ལྷ་རྣམས་ཀྱི་ཞལ་གདངས་པ་དེར་ཕུལ་བར་བསམ་ལ། སྔགས་རེ་ལིང་ག་རེ་སྤེལ་གྱིན་སྲེག གཞན་ཞི་བ་བཞིན། འདོད་གསོལ། བཅོམ་ལྡན་འདས་འཁོར་དང་བཅས་པ་རྣམས་ཀྱིས་སངས་རྒྱས་ཀྱི་བསྟན་པ་ཉམས་པར་བྱེད་ཅིང་དཀོན་མཆོག་གསུམ་གྱི་དབུ་འཕང་སྨོད་པ་སྡིག་ཅན་གྱི་དགྲ་བོ་ཆེ་གེ་མོ་འདི་ལོ་དང་ཟླ་བར་མ་འགྱངས་ཞག་དང་ཟ་མ་འདི་ཉིད་དུ་རྟགས་ཕྱུངས་མཚན་མ་སྟོན་ལྔ་ཕུང་བཤིག ཡིད་རྟེན་ཆོས་ཀྱི་དབྱིངས་སུ་བསྒྲལ་བའི་འཕྲིན་ལས་མཛད་དུ་གསོལ། ཞེས་སྦྱར་བ་ཙམ་མོ། །དེ་ལྟར་ལས་བཞི་ཉིད་དུ་ལས་གཞན་འདུ་བས་གལ་ཏེ་སོ་སོར་བྱ་བར་འདོད་ན། དེ་དང་དེའི་རྫས་དམིགས་པ། འདོད་གསོལ་བསྒྱུར་བ་ཙམ། ལས་ཐམས་ཅད་པ་ཞི་བར་གཙོ་བར་བྱེད་ན་དེ་བཞིན་ལ། ཡཾ་ཤིང་ལ་སོགས་པ་ལ་སོ་སོའི་ཕན་ཡོན་དང་བསྟུན་པའི་སྤེལ་ཚིག་སྦྱར་བ་ཙམ་སྟེ་བསྙེན་པའི་ཁ་སྐོང་། དེ་བཞིན་དངོས་གྲུབ་བསྒྲུབ་པ་རྣམས་རྒྱས་པའི་ལས་དང་བསྟུན་ནོ། །ཀུན་སྤངས་ལ། ཇི་སྐད་བཤད་པ་ཐམས་ཅད་ཡིད་ཀྱིས་བསམ་པས་འགྲུབ་པར་གསུངས་སོ། །རྒྱུད་གསུངས་བདག་ཉིད་ཆེས་བཀྲལ་བ། །མ་ནོར་འདི་ཞེས་མཛུབ་བཙུགས་པ། །རྨོངས་ཞེན་མིག་ཉམས་ངོར་མིན་གྱི། །འདོད་དོན་བསླུ་མེད་སྒྲུབ་འདོད་ལའོ། །ཞེས་ལས་བཞིའི་སྦྱིན་སྲེག་བཅའ་བདེ་བ་ཞིག་དགོས་ཞེས་གནམ་མཚོ་དོ་པ་སོགས་དོན་གཉེར་མང་པོས་བསྐུལ་ནས་རྒྱུན་རིང་། སླར་ཡང་ནན་ཏན་དུ་བྱེད་པ་དག་གི་ངོར་རྡོ་རྗེ་མཁའ་འགྲོའི་ལུང་མཛུབ་བཙུགས་སུ་བསྟན་པ་སྔགས་འཆང་པདྨ་དཀར་པོས་ཤར་ཀོང་པོ་ཟ་ཡུལ་བཀའ་བརྒྱུད་ཆོས་ལྡིངས་ཀྱི་དགོན་པར་སྦྱར་བ་བསྟན་པ་ཕྱོགས་དུས་ཐམས་ཅད་དུ་དར་བར་གྱུར་ཅིག་གུ། །།མངྒལཾ།། །།


previousལས་བཞིའི་སྦྱིན་སྲེག་གི་ཆོ་གའི་ལག་ལེན་མཛུབ་ཚུགས་མ།next