བདུན་པ། ཚད་མེད་བཞིའི་ལེའུ།
དེ་ལྟར་སྐྱབས་སུ་སོང་ནས། ཐེག་པ་ཆེན་པོའི་ལམ་གྱི་དངོས་གཞི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ལ་སྨོན་འཇུག་གཉིས་སུ་ཡོད་པ་ལས། བདུན་པ་ཚད་མེད་པ་བཞིའི་ལེའུ་ལ་བཅུ་སྟེ། མཚམས་སྦྱར་ཞིང་ཚངས་པའི་གནས་བཞི་བསྒོམ་པར་བསྟན་པ། ཁྱད་པར་བསྟན་པ། དམིགས་ཡུལ་གྱི་ཁྱད་པར། དམིགས་ཡུལ་མ་དག་པའི་སྐྱོན། དམིགས་ཡུལ་དངོས་བཤད་པ། རྣམ་པ་བཤད་པ། །སྒོམ་ཚུལ་བཤད་པ། བསྒོམ་པའི་ཚུལ་གཞན་བཤད་པ། བསྒོམ་པའི་འབྲས་བུ་བསྟན་པ། སྐབས་ཀྱི་དགེ་བ་བསྔོ་བའོ། །སྤྱི་དོན་དང་པོ་མཚམས་སྦྱར་ཞིང་ཚངས་པའི་གནས་བཞི་བསྒོམ་པར་བསྟན་པ་ནི། དེ་ལྟར་སྐྱབས་སུ་སོང་ནས། ཚད་མེད་པ་བཞི་བསྒོམ་པ་ལ་འཇུག་པས་ན་དེ་བསྟན་པའི་ཕྱིར། བཤད་མ་ཐག་པའི་ཚུལ། དེ་ལྟར་སྐྱབས་སོང་རྟེན་གྱི་གང་ཟག་གིས། །བྱམས་པའི་ས་གཞིར་སྙིང་རྗེའི་མེ་ཏོག་བཀྲམ། །དགའ་བའི་གྲིབ་བསིལ་བཏང་སྙོམས་ཆུ་གཙང་གིས། །འགྲོ་ལ་ཕན་ཕྱིར་རང་གི་སེམས་སྦྱང་ངོ་། །འདིར་ནགས་ཀྱི་ནང་ཤིན་ཏུ་ཡིད་དུ་འོང་བའི་དཔེས་སྦྱར་ཏེ། བྱམས་པའི་ས་གཞི་སྔོ་ཞིང་སྣུམ་པ་སྐྱེ་བོ་ཀུན་དགའ་བའི་བསྟི་གནས་སུ། སྙིང་རྗེའི་མེ་ཏོག་རྣམ་པ་སྣ་ཚོགས་ཁ་བྱེ་བས་བཀྲམ་ལ། དགའ་བའི་ནགས་ཀྱི་གྲིབ་མས་བསིལ་ཞིང་བྱ་དང་རི་དྭགས་དུ་མས་བསྟེན་པར། བཏང་སྙོམས་ཀྱི་མཚོ་དང་། རྫིང་དང་། ཕུ་ཆུ་བཟང་པོའི་རྒྱུན་ཁ་དུ་མ་ནས་འབབ་པའི་ཚོགས་ཀྱིས། སྲིད་པར་དུབ་པའི་འགྲོན་པོ་རྣམས་དབུགས་འབྱིན་པ་དེར། རང་གི་སེམས་ཀྱང་ངལ་གསོ་ཞིང་སྦྱང་ངོ་ཞེས་གཟུགས་ཅན་གྱི་རྒྱན་དུ་སྦྱར་བའོ། །ཡུམ་བར་མ་ལས། རབ་འབྱོར། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་བསྒོམ་པར་བྱའོ་ཞེས་སོ། །
སྤྱི་དོན་གཉིས་པར་ཁྱད་པར་བསྟན་པ་ནི། ཐོག་མར་འདི་དང་གཞན་གྱི་ཁྱད་པར་བཤད་པ་ནི། དེ་ཡང་ཐར་པའི་ལམ་དང་མ་འབྲེལ་ན། །ཚངས་པའི་གནས་པ་བཞི་སྟེ་སྲིད་པའི་རྒྱུ། །ཞི་བའི་ལམ་གྱིས་ཟིན་པའི་དེ་རྣམ་བཞི། །སྲིད་པའི་ཆུ་གཏེར་འདའ་ཕྱིར་ཚད་མེད་བཞི། །དེའང་། སྙིང་པོ་མཆོག་ལས། ཤཱ་རིའི་བུ། འདི་ལ་སེམས་ཡང་དག་པར་མ་བསྐྱེད་རྗེས་སུ་མ་བསྐྱེད་པའི་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་བཞི་ནི་ཚངས་པའི་གནས་པ་བཞི་སྟེ། སྲིད་པར་མངོན་པར་འདུ་བྱེད་པ་དང་བཅས་པའོ། །སེམས་ཡང་དག་པར་བསྐྱེད། རྗེས་སུ་བསྐྱེད་པའི་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་བཞི་ནི་ཚད་མེད་པ་བཞི་སྟེ། མྱ་ངན་ལས་འདས་པའི་ལམ་དུ་འདུ་བྱེད་པའི་ཕྱིར་རོ་ཞེས་སོ། །(༡༨༥)
སྤྱི་དོན་གསུམ་པ་དམིགས་ཡུལ་གྱི་ཁྱད་པར་བསྟན་པ་ནི། དེའང། དམིགས་ཡུལ་མཐའ་ཡས་འགྲོ་བ་ཆོས་ཉིད་ལ། །རྣམ་པ་ཀུན་ཁྱབ་དམིགས་བཅས་དམིགས་པ་མེད། །འདི་ལྟར་ཚད་མེད་པ་བཞིའི་དམིགས་ཡུལ་འགྲོ་བ་ཐམས་ཅད་ལ་བློའི་རྣམ་པ་དམིགས་པ་དང་བཅས་པའི་ཚད་མེད་པ་བཞི་སྐྱེ་ཞིང་། ཆོས་ཐམས་ཅད་ཀྱི་ཆོས་ཉིད་དེ་བཞིན་ཉིད་དམིགས་པའི་ཡུལ་ལ། བློའི་རྣམ་པ་དམིགས་པ་མེད་པའི་ཚད་མེད་པ་བཞི་སྐྱེ་སྟེ། ས་སྡེ་ལས། སེམས་ཅན་དང་ཆོས་ཉིད་ལ་བརྟེན་ནས་དམིགས་པ་དང་བཅས་པ་དང་། དམིགས་པ་མེད་པའི་ཚད་མེད་པ་རྣམ་པ་བཞི་ཉིད་སྐྱེ་སྟེ་ཞེས་སོ། །
སྤྱི་དོན་བཞི་པ་ལའང་གཉིས་ཏེ། དམིགས་ཡུལ་མ་དག་པའི་སྐྱོན་བསྟན་པ་ནི། འདི་ནི། སྔ་མ་ཚད་ཡོད་ཉུང་ཟད་འགྲོ་བ་ལ། །དམིགས་རྣམ་མ་དག་དམིགས་བཅས་ཚངས་པའི་རྒྱུ། །ཚངས་པའི་གནས་པ་བཞིའི་དམིགས་ཡུལ་སེམས་ཅན་གཅིག་དང་གཉིས་ལ་སོགས་པ་ཚད་ཡོད་པ་ལ། བློའི་རྣམ་པ་བྱམས་པ་ལ་སོགས་པ་བཞིར་སྐྱེ་ཞིང་། དེའང་ཐར་པའི་སེམས་ཀྱིས་མ་ཟིན་པ་སྟེ། གངྒཱ་ལ་བུད་མེད་བུ་ཆུང་ངུ་དང་བཅས་པས་བརྒལ་དུས་གཅིག་ལ་གཅིག་བྱམས་བཞིན་དུ་ཚེའི་དུས་བྱས་པས་ཚངས་པར་སྐྱེས་པ་ལྟ་བུ་སྲིད་པའི་རྒྱུ་བྱེད་པ་སྟེ། སྤྱོད་འཇུག་ལས། སེམས་གསལ་གཅིག་སྐྱེས་འབྲས་བུ་གང་། །ཚངས་ལ་སོགས་པ་ཡིན་པ་ལྟར། །ཞེས་པའི་ཚུལ་ལོ། །
ཞར་ལ་ཐར་པའི་ཚད་མེད་བཞིར་བསླབ་པར་གདམས་པ་ནི། དེའི་ཕྱིར་བྱེ་བྲག་ཤེས་པ་སྔོན་དུ་སོང་ནས། ཚད་མེད་པ་བཞི་པོ། འདི་ནི་དམིགས་མེད་ཐར་པར་གཞོལ་བས་ན། །སྙིང་རྗེའི་རང་བཞིན་ཅན་གྱིས་བསླབ་པར་བྱ། །གང་གི་ཕྱིར་ཐར་པ་འདོད་པས་དམིགས་པ་དང་རྣམ་པ་ཚད་མེད་པ་བཞིའི་ཚུལ་ལ་བསླབ་པར་བྱ་བ་ཁོ་ནའོ། །
སྤྱི་དོན་ལྔ་པ་དམིགས་ཡུལ་དངོས་བཤད་པ་ནི། ད་ནི་ཚད་མེད་པ་བཞིའི་དམིགས་ཡུལ་བཤད་པ། བདེ་བ་མི་ལྡན་སྡུག་བསྔལ་གྱིས་ཉམ་ཐག །སྐྱིད་ཅིང་འབྱོར་ལ་ཉེ་རིང་ཆགས་སྡང་ཅན། །བྱམས་དང་སྙིང་རྗེ་དགའ་བ་བཏང་སྙོམས་ཡུལ། །འདིར་སེམས་ཅན་ལ་དམིགས་པའི་ཚད་མེད་པ་བཞིའི་དམིགས་ཡུལ་ནི། བདེ་བ་དང་མི་ལྡན། སྡུག་བསྔལ་གྱིས་ཉམ་ཐག །རང་རང་གི་བདེ་བས་སྐྱིད་ཅིང་འབྱོར། ཉེ་རིང་ཆགས་སྡང་ཅན་གྱི་འགྲོ་བ་རྣམས་ཏེ། མདོ་སྡེའི་རྒྱན་ལས། བརྟན་པ་རྣམས་ཀྱིས་དེ་དག་བདེ་འདོད་དང་། །སྡུག་བསྔལ་གྱིས་ཉམ་ཐག་དང་བདེ་བ་དང་། །ཉོན་མོངས་ཅན་དང་ཞེས་སོ། །
སྤྱི་དོན་དྲུག་པ་རྣམ་པ་བཤད་པ་ནི། རྣམ་པ་ནི། རྣམ་པ་བདེ་ཐོབ་སྡུག་བསྔལ་བྲལ་བ་དང་། །དགའ་དང་མི་འབྲལ་སེམས་སྙོམས་ལས་རུང་འདོད། །དེའང་ཡུལ་བཞི་པོ་དེའི་སྡུག་བསྔལ་མེད་ཅིང་། བདེ་བ་དང་ལྡན་ལ། དགའ་བ་དང་མི་འབྲལ་(༡༨༦)ཞིང་། ཆགས་སྡང་བཏང་ནས་བློ་བྱམས་པ་གཅིག་ཏུ་སྙོམས་པར་འདོད་པ་སྟེ། དེ་ཉིད་ལས། སེམས་ཅན་རྣམས་ལ་བརྩེ་བ་ཅན། །ཕྲད་དང་བྲལ་བའི་དགོངས་པ་ཅན། །མི་འབྲལ་བ་ཡི་དགོངས་པ་ཅན། །ཕན་བདེ་དགོངས་ཁྱོད་ལ་ཕྱག་འཚལ། །ཞེས་སོ། །ངོ་བོ་ནི་རང་རང་གི་མི་མཐུན་ཕྱོགས་བཞི་དང་བྲལ་བ་སྟེ། དེ་ཉིད་ལས། བརྟན་པ་ཚངས་པའི་མི་མཐུན་སྤངས། །རྣམ་པར་མི་རྟོག་ཡེ་ཤེས་ལྡན། །དམིགས་པ་རྣམ་པ་གསུམ་ལ་འཇུག །སེམས་ཅན་རྣམས་ནི་ཡོངས་སྨིན་བྱེད། །ཅེས་སོ། །དེའང་རང་རང་གི་མི་མཐུན་ཕྱོགས་སྤངས་པ་ནི། དེ་ཉིད་ཀྱི་འགྲེལ་པར། གཞན་དུ་མི་རྟོག་པ། བདེ་བ་དང་། སྡུག་བསྔལ་དང་། བར་མའི་ཡུལ་གསུམ་ལ་དམིགས་པ་སེམས་ཅན་ལ་ཕན་པའོ། །ཇི་ལྟར་དམིགས་པ་འཇུག་ན། བདེ་བ་དང་མི་ལྡན་པ་ཙམ་བཏང་སྙོམས་ཀྱི་ཡུལ། སྡུག་བསྔལ་གྱིས་ཉམ་ཐག་པ་དང་། ཆགས་སྡང་ཅན་སྡུག་བསྔལ་རྒྱུ་འབྲས་ལ་གནས་པའི་ཕྱིར་སྡུག་བསྔལ་གྱི་ཡུལ། དགའ་བ་ནི་སྐྱིད་པ་སྟེ་བདེ་བའི་ཡུལ་གསུམ་ལ་བློ་གསུམ་འཇུག་པ་ཡིན་ནོ། །དེ་བཞིན་དུ་ཆོས་ལ་དམིགས་པའི་ཚད་མེད་པ་བཞི་ནི་བསྟན་བཅོས་ཐོས་པ་ལས་བཞི་བོ་དེ་སྐྱེས་པའོ། །ཆོས་ཉིད་ལ་དམིགས་པའི་ཚད་མེད་པ་བཞི་ནི་དེ་དག་གི་རང་བཞིན་མ་སྐྱེས་པར་རྟོགས་པའོ། །ཡང་ན་བདག་མེད་མ་རྟོགས་པ་དང་། ཕྱེད་དང་གཉིས་རྟོགས་པ་དང་། གཉིས་ཀ་རྟོགས་པའི་རྒྱུད་དང་འབྲེལ་པའི་ཚད་མེད་པ་བཞི་ལ་དེ་སྐད་ཅེས་བྱ་སྟེ། བྱང་ཆུབ་སེམས་དཔའི་ས་ལས། སེམས་ཅན་ལ་དམིགས་པ་ནི་མུ་སྟེགས་ཅན་རྣམས་དང་ཐུན་མོང་བ་ཡིན་ནོ། །ཆོས་ལ་དམིགས་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་བ་ཡིན་ནོ། །དམིགས་པ་མེད་པ་ནི་དེ་ཐམས་ཅད་དང་ཐུན་མོང་མ་ཡིན་པའོ་ཞེས་སོ། །དེའང་སེམས་ཅན་དང་། ཆོས་དང་། དམིགས་པ་མེད་པ་གསུམ་ལ་བརྟེན་ནས་སྐྱེ་བ་དང་། བཤད་པ་ལྟར་བཞི་ལས་སྐྱེ་བ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་ཕྱོགས་དྲུག་མཐོང་བ་ལས་སྐྱེ་བར་བཤད་དེ། མདོ་སྡེའི་རྒྱན་ལས། བཀྲེན་ལ་བརྩེ་དང་མ་རུངས་པ་ལ་བརྩེ། །ཀུན་འཁྲུགས་ལ་བརྩེ་བག་མེད་རྣམས་ལ་བརྩེ། །ཡུལ་གྱི་གཞན་དབང་ཅན་ལ་སྙིང་བརྩེ་དང་། །ལོག་པར་མངོན་པར་ཞེན་ལ་སྙིང་བརྩེ་བའོ། །ཞེས་སོ། །ཡུལ་བཅུ་ལས་ཀྱང་སྐྱེ་བར་བཤད་དེ། དེ་ཉིད་ལས། རབ་འབར་དགྲ་ཡི་དབང་དུ་སོང་། །སྡུག་བསྔལ་གྱིས་ནོན་མུན་པས་བསྒྲིབས། །བགྲོད་དཀའི་ལམ་ལ་ཀུན་དུ་ཞུགས། །འཆིང་བ་ཆེ་དང་ཡང་དག་ལྡན། །ཟས་ཆེན་དུག་དང་འདྲེས་ལ་ཞེན། །ལམ་ནི་རབ་ཏུ་སྟོར་གྱུར་པ། །ལམ་གོལ་རབ་ཞུགས་སྟོབས་(༡༨༧)ཆུང་བའི། །སེམས་ཅན་རྣམས་ལ་སྙིང་བརྩེ་བའོ། །ཞེས་སོ། །ཉོན་མོངས་པ་མེ་ལྟར་འབར་བ་དང་། ལམ་དུ་ཞུགས་ཀྱང་བདུད་ཀྱིས་བར་ཆད་བྱས་པ་དང་། ངན་སོང་གསུམ་དང་། ལས་རྒྱུ་འབྲས་ལ་རྨོངས་པ་དང་། ཕྱིན་ཅི་ལོག་གི་ལམ་ལ་ཞུགས་པ་དང་། ཉོན་མོངས་པའི་མདུད་པས་དམ་དུ་བཅིངས་པ་དང་། བསམ་གཏན་གྱི་བདེ་བ་ལ་རོ་མྱང་བ་དང་། ཉན་རང་གི་ལམ་ལ་ཞུགས་པ་དང་། བྱང་ཆུབ་སེམས་དཔའ་ལས་དང་པོ་པ་རྣམས་སོ། །ཚད་མེད་པ་འདི་དག་རྐྱེན་བཞིས་སྐྱེ་སྟེ། རང་བཞིན་དུ་གནས་པའི་རིགས་སམ་ཁམས་ནི་རྒྱུའི་རྐྱེན་ནོ། །ཚད་མེད་པ་བཞིའི་བཀའ་ལུང་སྟོན་པའི་དགེ་བའི་བཤེས་གཉེན་ནི་བདག་པོའི་རྐྱེན་ནོ། །རང་རང་གི་ཡུལ་མངོན་དུ་གྱུར་པ་ནི་དམིགས་པའི་རྐྱེན་ནོ། །ཚད་མེད་པ་བཞི་བསྒོམས་པའི་ཕན་ཡོན་མ་བསྒོམས་པའི་ཉེས་དམིགས་གོམས་པ་སྔ་མ་ལས་དེ་མ་ཐག་པའི་རྐྱེན་ནོ། །དེ་སྐད་དུ་ཡང་། སྔ་མ་ལས། བདེ་དང་སྡུག་བསྔལ་དེ་རྒྱུ་ལས། །བྱང་ཆུབ་སེམས་དཔའི་བྱམས་པ་སྟེ། །རྒྱུ་དང་བཤེས་གཉེན་རང་བཞིན་ལས། །བློ་དང་ལྡན་པའི་སྙིང་རྗེ་སྐྱེ། །ཞེས་པ་དང་། མཛོད་ལས། བཞི་ཡིས་སེམས་དང་སེམས་བྱུང་རྣམས། །གསུམ་གྱིས་སྙོམས་པར་འཇུག་རྣམ་གཉིས། །གཞན་ནི་གཉིས་པོ་དག་ལས་སྐྱེ། །ཞེས་སོ། །དེའང་སེམས་སེམས་བྱུང་ཐམས་ཅད་བདག་རྐྱེན་ལ་སོགས་པ་བཞིས་བསྐྱེད་པ་ཡིན་ལ། རྒྱུའི་རྐྱེན། བདག་པོའི་རྐྱེན། དེ་མ་ཐག་རྐྱེན་གསུམ་གྱིས་སྙོམས་འཇུག་གཉིས་བསྐྱེད་ཅིང་། བེམས་པོ་རྣམས་ནི་རྒྱུ་དང་། ཆུ་ལུད་ལ་སོགས་པའི་བདག་རྐྱེན་ལས་སྐྱེའོ་ཞེས་འདོད་དོ། །
སྤྱི་དོན་བདུན་པ་བསྒོམ་པའི་ཚུལ་བཤད་པ་ལ་བཞིའི། དང་པོ་བཏང་སྙོམས་བསྒོམ་པ་ལའང་བཅུ་གསུམ་སྟེ། བཏང་སྙོམས་བསྒོམ་པའི་དགོས་པ་ནི། ད་ནི་ཚུལ་ཇི་ལྟར་བསྒོམ་པ་ན་འདི་དག་ལ་འདི་ཁོ་ནའོ་ཞེས་ཕྱོགས་གཅིག་ཏུ་ཚང་བའི། སྒོམ་ཚུལ་གོ་རིམས་ངེས་པ་མེད་ན་ཡང་། །དང་པོའི་གང་ཟག་ཐོག་མར་བཏང་སྙོམས་ཏེ། །ཉེ་རིང་བསྙམས་ནས་དེ་ནས་གཞན་གསུམ་བསྒོམ། །དེའང་ཐོག་མར་རྒྱུད་ལ་སྐྱེ་བར་སླ་བ་ནས་བརྩམས་ཏེ་བསྒོམ་པར་བཤད་ལ། དེ་ཡང་ཀུན་ལ་ཉེ་རིང་མ་སྙོམས་པར་གཞན་གསུམ་སྐྱེ་དཀའ་བའི་ཕྱིར། དང་པོར་བཏང་སྙོམས་བསྒོམ་སྟེ། སློབ་དཔོན་ཡེ་ཤེས་སྙིང་པོའི་དབུ་མ་རྒྱན་ལས། བཏང་སྙོམས་ས་གཞི་ལེགས་བརྡལ་བར། །བྱམས་པ་ཡི་ནི་མེ་ཏོག་བཀྲམ། །སྙིང་རྗེའི་གྲིབ་མས་རབ་བརྒྱན་ཅིང་། །དགའ་བའི་ཆུ་གཙང་རྙོག་པ་མེད། །ཅེས་སོ། །བརྟག་གཉིས་ལས། དང་པོར་བྱམས་པ་བསྒོམ་པར་བྱ། །གཉིས་པར་སྙིང་རྗེ་རྣམས་བསྒོམ་ཞིང་། །གསུམ་པར་དགའ་བ་བསྒོམ་པ་དང་། །ཀུན་གྱི་མཐར་ནི་བཏང་སྙོམས་སོ། །ཞེས་པ་ནི་(༡༨༨)ནང་གི་ལྷའི་དེ་ཁོ་ན་ཉིད་དང་སྦྱར་བ་སྟོན་པའི་དབང་དུ་མཛད་པ་ཡིན་ནོ། །དེ་ནི་ཐོག་མར་བྱམས་པ་ལ་སོགས་པ་གསུམ་གྱི་རང་བཞིན་སྐྱེ་སླ་བར་བྱ་བའི་ཕྱིར་རོ། །
བཏང་སྙོམས་བསྒོམ་པའི་དམིགས་ཡུལ་ནི། བཏང་སྙོམས་བསྒོམ་པ་ཉིད་བཤད་པར་བྱ་སྟེ། དེ་ཡང་དམིགས་ཡུལ་སེམས་ཅན་ཐམས་ཅད་ལ། །བློ་ཡི་རྣམ་པ་འདི་ལྟར་བརྟག་པར་བྱ། །ད་ལྟ་ཕ་དང་མ་དང་བཤེས་ལ་ཆགས། །དགྲ་ལ་སྡང་བ་འདི་འདྲའི་སེམས་ཁྱོད་ངན། །འདི་ལྟར་སེམས་ཅན་རེ་རེ་ཡང་དགྲ་དང་གཉེན་དུ་མ་གྱུར་པ་མེད་པས་དེ་ལ་ཆགས་སྡང་བྱ་བར་མི་རིགས་ཏེ། ཅིའི་ཕྱིར་ཞེ་ན།
བཏང་སྙོམས་ཀྱི་དྲིན་དྲན་པ་ནི། འདི་ལྟར་འཁོར་བ། ཐོག་མཐའ་དུས་མེད་འཁྱམས་ཚེ་དགྲ་འདིས་ཀྱང་། །ཕ་མ་ལ་སོགས་བཤེས་བྱས་ཕན་པ་བསྒྲུབས། །དེ་ཡི་དྲིན་ལན་གནོད་སེམས་སྒོམ་བྱེད་དམ། །སྔོན་ཕན་བཏགས་པའི་ལན་དུ་གནོད་པ་བྱ་བར་མི་རིགས་ཏེ། འདུལ་བ་ལུང་ལས། ཕན་པའི་ལན་དུ་ཕན་པ་མཆོག །གནོད་པའམ་བར་མ་རིགས་པ་མིན། །ཞེས་སོ། །
བཏང་སྙོམས་མ་ངེས་པར་བསྒོམ་པ་ནི། ཡང་ཚེ་རབས་དུ་མར། གཉེན་འདིས་ཀྱང་ནི་དགྲ་བྱས་གནོད་པ་བསྒྲུབས། །ད་ལྟ་ན་ཡང་དེ་ཡི་སྡུག་བསྔལ་འགོ། །དེ་ཡི་ལན་དུ་ཕན་པ་ཇི་ལྟར་རིགས། །བར་མ་ཡང་ནི་མཛའ་དང་མི་མཛར་གྱུར། །ཕན་གནོད་མ་ངེས་ཆགས་སྡང་རིགས་པ་མིན། །འདི་ལྟར་དགྲས་གནོད་པ་བྱས་པས་ཕན་གདགས་སུ་མི་རུང་ན། གཉེན་གྱིས་ཀྱང་སྔོན་རབས་གནོད་པ་བྱས་པའི་ཕྱིར་དང་། ད་ལྟ་ཡང་དེ་ལ་བརྟེན་ནས་བདག་ལ་སྡུག་བསྔལ་འགོ་བས། དེ་ཙམ་དུ་ཆགས་སྡང་གིས་བསྐྱེད་པའི་ཕན་གདགས་སུ་ཅི་ཡོད། སྐྱེ་བོ་བར་མ་ཡང་སྔོན་དང་ཕྱི་མ་ལ་བསམས་ན་ཕན་གནོད་མ་ངེས་པས་ཆགས་སྡང་བྱ་བའི་འོས་སུ་མ་ཡིན་པས་གང་ལའང་ཆགས་སྡང་མེད་པས་ཉེ་རིང་མཉམ་པའི་སེམས་བསྐྱེད་དགོས་ཏེ། ཉི་ཁྲི་ལས། རབ་འབྱོར། ཁྱོད་ཀྱིས་སེམས་ཅན་ཐམས་ཅད་ལ་ཕན་ཚུན་མཉམ་ཞིང་སྙོམས་པའི་སེམས་སུ་བྱའོ་ཞེས་སོ། །
བཏང་སྙོམས་མཉམ་ཉིད་དུ་བསྒོམ་པ་ནི། རྒྱུ་མཚན། དེ་བས་ཐོག་མར་མཛའ་བཤེས་ཕྱོགས་རྣམས་ལ། །བར་མ་བཞིན་དུ་ཆགས་པ་སྤང་བྱ་ཞིང་། །དེ་ནས་དགྲ་ལ་བར་མ་བཞིན་དུ་ནི། །སྡང་བ་སྤངས་ལ་ཉེ་རིང་མེད་པར་བྱ། །དེ་ལྟར་དགྲ་ཉེན་གཉིས་བར་མར་སྙོམས་པ་ན།
བཏང་སྙོམས་འགྲོ་ལ་ཕན་ཕྱིར་བསྒོམ་པ་ནི། བར་མའི་ཕྱོགས་ལའང་གཏི་མུག་བསྒྲལ་བའི་ཕྱིར། །འགྲོ་བའི་ཉོན་མོངས་མཉམ་དུ་སེལ་བའི་བློ། །སྲིད་དང་བྲལ་བ་དེ་འདྲ་རྣམ་པར་བསྒོམ། །བར་མ་གང་ཡིན་པའི་བློ་ཡང་གཏི་མུག་པས། དེའི་རྗེས་ལ་དགྲ་གཉེན་གྱིས་ཐོག་དྲངས་པའི་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་རབ་ཏུ་ཞི་བར་ཤོག་ཅིག །ཆགས་སྡང་གི་རྣམ་པ་ནམ་ཡང་(༡༨༩)འབྱུང་བར་མ་གྱུར་ཅིག །ཐམས་ཅད་ཕན་ཚུན་སེམས་ལས་སུ་རུང་བར་ཤོག་ཅིག
བཏང་སྙོམས་བྲལ་ཐོབ་ཕྱོགས་གཅིག་ཏུ་བསྒོམ་པ་ནི། དེ་ཅིའི་ཕྱིར་ཞེ་ན། ཐམས་ཅད་བདེ་འདོད་སྡུག་བསྔལ་འདོར་འདོད་གཅིག །འོན་ཀྱང་མི་ཤེས་སྡུག་བསྔལ་རྒྱུ་ལ་སྤྱོད། །འདི་ལྟར་རང་ལ་བདེ་ན་དགའ་ལ་སྡུག་པ་མི་འདོད་པ་བཞིན་དུ། སེམས་ཅན་ཐམས་ཅད་ཀྱང་དེ་དང་འདྲ་བས་ན་གནོད་སེམས་ག་ལ་རུང་། འདོད་པ་བདེ་བ་འདོད་ཀྱང་སྡུག་བསྔལ་གྱི་རྒྱུ་མི་དགེ་བ་ལ་སྤྱོད་པ་འདི་བདག་གིས་བཟློག་པར་བགྱིའོ། །
བཏང་སྙོམས་ཀྱི་དམིགས་པ་དངོས་ནི། ཀྱེ་མ་ཉམ་ཐག་འགྲོ་བའི་ཉོན་མོངས་ཚོགས། །
བག་ཆགས་བཅས་ཀུན་ཞི་ལ་སེམས་སྙོམས་ཤོག །ཆགས་སྡང་དྲག་པོས་གཟིར་བའི་ལུས་ཅན་ཀུན། །ཉེ་རིང་སེམས་སྙོམས་ཆགས་སྡང་བྲལ་བར་ཤོག །འདི་ལྟར་འགྲོ་བའི་ཉོན་མོངས་པ་ཐམས་ཅད་ཞི་བར་ཤོག་ཅིག །ཁྱད་པར་ཆགས་སྡང་གི་མེ་ཚོགས་ཞི་ནས་ཉེ་རིང་མེད་པའི་སེམས་ལས་སུ་རུང་བར་ཤོག་ཅིག
བཏང་སྙོམས་ཀྱི་དམིགས་པ་སྤེལ་བ་ནི། ཅེས་བསམ་འགྲོ་བ་གཅིག་ནས་གཉིས་དང་གསུམ། །ཡུལ་གྲུ་གཅིག་ནས་གླིང་གཅིག་གླིང་བཞི་ནས། །སྟོང་གཅིག་གཉིས་གསུམ་འཇིག་རྟེན་ཀུན་ལ་བསྒོམ། །དེའང་ལས་དང་པོ་པས། རང་གི་དགྲ་གཉེན་གཉིས་ལ་མ་འབྱོངས་ཀྱི་བར་དུ་བསྒོམ། དེ་ནས་སེམས་ཅན་གཅིག་གཉིས་གསུམ་ལ་སོགས་པ་ནས་རང་གི་གྲོང་པ་ཐམས་ཅད་ནས་ཡུལ་གྲུ་དང་འཛམ་བུའི་གླིང་གི་བར་དུ་བསྒོམ། དེ་ནས་ལུས་འཕགས་གླིང་ནས་སྟོང་གཅིག་དང་། གཉིས་དང་། གསུམ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་བསྒོམ། དེའང་དང་པོ་མི་དང་། དེ་ནས་དུད་འགྲོ་ལ་སོགས་པ་ཀུན་ལ་མཚུངས་པར་བསྒོམ་མོ། །
བཏང་སྙོམས་རྒྱུད་ལ་འབྱོངས་པའི་ཚད་ནི། དེ་ཉིད་རྒྱུད་ལ། འབྱོངས་པའི་ཚད་ནི་བདག་གཞན་དགྲ་གཉེན་མཉམ། །དེ་ལྟ་བུའི་སེམས་ཐོབ་ཅིང་སུ་ལའང་ཕྲག་དོག་དང་ཁོང་ཁྲོ་མི་སྐྱེ་བར་མཉམ་ཁད་པ་འབྱུང་ངོ་། །
བཏང་སྙོམས་བསྒོམས་པའི་རྗེས་ཐོབ་ནི། དེ་ལྟར་དམིགས་པ་དང་བཅས་ནས་བཏང་སྙོམས་བསྒོམས་པའི་ཐུན་གྱི། རྗེས་ལ་དམིགས་པ་མེད་པའི་བཏང་སྙོམས་ཡུལ། །ཐམས་ཅད་སེམས་ཏེ་སེམས་ཉིད་ནམ་མཁའ་འདྲ། །དོན་དམ་མ་སྐྱེས་སྟོང་པའི་ངང་དེ་ལ། །བློ་ཡི་རྣམ་པ་སྤྲོས་དང་བྲལ་བར་བཞག །དེའང་བསྒོམ་པར་བྱ་བའི་ཡུལ་སེམས་ཅན་དུ་སྣང་བ་འདི་དག་ཀྱང་གཟུགས་བརྙན་དང་འདྲ་བ་མེད་བཞིན་དུ་སྣང་བ་རང་བཞིན་གྱིས་མ་སྐྱེས་པའོ་ཞེས་དྲན་པའི་ངང་ལ་བཞག་གོ། །དེའང་གཟུང་ཡུལ་ཕུང་པོ་དང་དེ་ལས་གཞན་ལ་ངར་འཛིན་པས་ཞེན་ཡང་། གཉིས་ཀ་བརྫུན་པའི་རང་བཞིན་མེ་ལོང་གི་གཟུགས་བརྙན་ལ་ངའི་བཞིན་(༡༩༠)ཞེས་རྟོག་པ་ལྟར་མེད་ལ་སྣང་ཞིང་ཕུང་པོ་ལ་བརྟེན་པ་སྟེ། རིན་ཆེན་ཕྲེང་བ་ལས། ཇི་ལྟར་མེ་ལོང་བརྟེན་ནས་སུ། །རང་གཞན་གཟུགས་བརྙན་སྣང་མོད་ཀྱི། །དེ་ནི་ཡང་དག་ཉིད་དུ་ན། །ཅུང་ཟད་ཀྱང་ནི་ཡོད་མིན་པ། །དེ་བཞིན་ཕུང་པོ་རྣམས་བརྟེན་ནས། །ངར་འཛིན་པ་ནི་དམིགས་པར་འགྱུར། །རང་གི་བཞིན་གྱི་གཟུགས་བརྙན་བཞིན། །ཡང་དག་ཉིད་དུ་དེ་འགའ་མེད། །ཇི་ལྟར་མེ་ལོང་མ་བརྟེན་པར། །རང་བཞིན་གཟུགས་བརྙན་མི་སྣང་ལྟར། །ཕུང་པོ་རྣམས་ལ་མ་བརྟེན་པར། །ངར་འཛིན་པ་ཡང་དེ་དང་འདྲ། །ཞེས་སོ། །དེའང་རང་བཞིན་གྱི་ཕུང་པོ་རྣམས་ལ་བདག་ཏུ་འཛིན་པ་ཡོད་ན་ལས་ཡོད་ཅིང་། ལས་ལས་སྐྱེ་བ་ཡོད་པས་ན་རྒ་ཤིའི་བར་ཡོད་ཅིང་། ཕུང་པོ་ལ་འཛིན་པ་མེད་ན་དེ་ཐམས་ཅད་བཟློག་པར། དེ་ཉིད་ལས། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལས་ངར་འཛིན་ཉིད། །ངར་འཛིན་ཡོད་ན་ཡང་ལས་ཏེ། །དེ་ལས་ཡང་ནི་སྐྱེ་བ་ཡིན། །ལམ་གསུམ་ཐོག་མཐའ་དབུས་མེད་པ། །འཁོར་བའི་དཀྱིལ་འཁོར་མགལ་མེ་ཡི། །འཁོར་ལོ་ལྟ་བུར་ཕན་ཚུན་དུ། །རྒྱུ་ཅན་ཉིད་ནི་འཁོར་བར་འགྱུར། །དེ་ནི་རང་གཞན་གཉིས་ཀ་དང་། །དུས་གསུམ་ཉིད་ལས་མ་ཐོབ་ཕྱིར། །ངར་འཛིན་པ་ནི་ཟད་པར་འགྱུར། །དེས་ན་ལས་དང་སྐྱེ་བ་ཡང་། །དེ་ལྟར་རྒྱུ་འབྲས་སྐྱེ་བ་དང་། །དེ་དག་ཟད་པ་ཉིད་མཐོང་ནས། །ཡང་དག་ཉིད་དུ་འཇིག་རྟེན་ལ། །ཡོད་མེད་ཉིད་དུ་མི་སེམས་སོ། །ཞེས་སོ། །དེ་བས་ན་ཆོས་ཐམས་ཅད་ང་དང་ང་ཡིར་གཟུང་བའི་ཡུལ་མེད་པ་གཟུགས་བརྙན་དང་འདྲ་བར་ཤེས་པར་བྱའོ། །
བཏང་སྙོམས་བསྒོམས་པའི་ཕན་ཡོན་ནི། དེ་ལྟར་བསྒོམས་པས། འབྱོངས་པའི་ཚད་ནི་ཟབ་ཞིའི་རྟོགས་པ་སྐྱེ། །དེའང་ཆོས་ཐམས་ཅད་ཀྱི་རང་བཞིན་གདོད་མ་ནས་མ་སྐྱེས་པར་མཉམ་པ་ཉིད་ཀྱི་རྟོགས་པ་སྐྱེ་སྟེ། ཀུན་བྱེད་ལས། བསམ་དུ་མེད་པའི་ཆོས་ཉིད་བྱང་ཆུབ་ལ། །གཉིས་སུ་མེད་པར་བཞག་པས་ཡེ་ཤེས་སྐྱེ། །ཞེས་སོ། །
བཏང་སྙོམས་ཀྱི་འབྲས་བུ་ནི། དེ་ལྟར་བསྒོམས་པའི། འབྲས་བུ་ཉེ་རིང་རྙོག་པ་མེད་པའི་སེམས། །གནས་ལུགས་དོན་ལ་རང་བཞིན་ལྷུན་གྱིས་གྲུབ། །དེའང་ཀུན་རྫོབ་ཀྱིས་ནི་རང་གཞན་ཉེ་རིང་མེད་ལ། དོན་དམ་པས་ནི་གཉིས་སུ་མེད་པའི་ཆོས་ཉིད་རྟོགས་པར་འགྱུར་རོ། །དེ་ལྟར་གོམས་པ་རབ་ཏུ་གྱུར་ནས་གདོད་བྱམས་པ་བསྒོམ་པར་བྱ་སྟེ།
གཉིས་པ་བྱམས་པ་བསྒོམ་པ་ལའང་ལྔ་སྟེ། བྱམས་པ་གོང་དུ་སྤེལ་བ་ནི། བཤད་མ་ཐག་པའི་ཚུལ། དེ་ལྟར་ཀུན་ལ་སེམས་སྙོམས་གྱུར་པ་ན། །རང་ཉིད་མ་ལ་བདེ་དང་འཕྲད་འདོད་ལྟར། །ལུས་ཅན་ཀུན་ལའང་དེ་བཞིན་བསམ་པར་བྱ། །དེའང་སེམས་སྙོམས་པ་ན་ཕ་དང་(༡༩༡)མ་བྱམས་ཤིང་ཡིད་དུ་འོང་བ་ལྟར། སེམས་ཅན་ཐམས་ཅད་ལ་ཕ་དང་མའི་བློ་བཞག་ནས་བྱམས་པ་བསྒོམས་པར་བྱ་སྟེ། ཁྲི་བརྒྱད་སྟོང་པ་ལས། བྱམས་པ་དང་ལྡན་པའི་སེམས་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་མི་འཕྲོགས་པ་བསྒོམ་པར་བྱའོ་ཞེས་སོ། །
བྱམས་པའི་དམིགས་རྣམ་ནི། ཇི་ལྟར་ཞེ་ན། དེ་ཡང་། བྱམས་པའི་དམིགས་ཡུལ་སེམས་ཅན་ཐམས་ཅད་ལ། །རྣམ་པ་གནས་སྐབས་ལྷ་མིའི་བདེ་བ་དང་། །མཐར་ཐུག་བྱང་ཆུབ་བདེ་དང་འཕྲད་པར་ཤོག །སྙམ་དུ་གཅིག་ནས་འགྲོ་བ་ཀུན་གྱི་བར། །ཕྱོགས་མཐའ་གཏུགས་པར་དེ་སྙེད་བསྒོམ་པར་བྱ། །དེའང་བདེ་བ་དང་མི་ལྡན་པའི་སེམས་ཅན་མཐོང་བ་ན་གནས་སྐབས་ལྷ་མི་དང་། མཐར་ཐུག་སངས་རྒྱས་ཀྱི་བདེ་བ་དང་འཕྲད་པར་ཤོག་ཅིག་སྙམ་དུ་གཅིག་ནས་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་བསྒོམ་པར་བྱ་སྟེ། ཡུམ་བར་མ་ལས། སེམས་ཅན་བདེ་བ་དང་མི་ལྡན་པ་མཐོང་བ་དེའི་ཚེ་འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། སེམས་ཅན་འདི་དག་ནི་ལྷ་ཡུལ་པའི་ལྷའི་བདེ་བ་ཕུན་སུམ་ཚོགས་པ་དང་ལྡན་པ་ཐོབ་པར་གྱུར་ཅིག་སྙམ་དུ་ཡིད་ལ་བྱའོ་ཞེས་སོ། །
བྱམས་པ་འབྱོངས་པའི་རྟགས་ནི། འབྱོངས་པའི། རྟགས་ནི་ཀུན་ལ་ཁྱབ་པའི་བྱམས་པ་མཆོག །བུ་(༡༩༠)གཅིག་བརྩེ་བའི་མ་བས་ལྷག་པ་འབྱུང་། །དེ་ཡང་སེམས་ཅན་གང་མཐོང་ཡང་ཡིད་དུ་འོང་ཞིང་བརྩེ་གདུང་ཆེ་བས་ཕན་པར་འདོད་པ་འབྱུང་ངོ་། །
དམིགས་པ་མེད་པའི་བྱམས་པ་ནི། དམིགས་པ་དང་བཅས་པའི་བྱམས་པ་བསྒོམས་པའི། དེ་རྗེས་ཐམས་ཅད་མཉམ་པའི་ངང་ལ་བཞག །དམིགས་པ་མེད་པའི་བྱམས་པ་ཆེན་པོ་སྟེ། །བྱམས་དང་སྟོང་པ་ཟུང་དུ་ཆུད་པ་རྟགས། །དེ་ཡང་བྱམས་པ་བསྒོམས་པའི་ཡུལ་སེམས་ཅན་ཡང་། ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་དང་། རྣམ་པར་ཤེས་པའི་ཁམས་དྲུག་འདུས་པ་ལས་སྐྱེས་པ་སྟེ། བརྟགས་ན་རགས་པ་རྡུལ་ཕྲན་དང་། ཕྲ་བ་དོན་དམ་དང་། རྣམ་ཤེས་དག་གི་དངོས་པོར་ཡོད་པ་མ་ཡིན་པས་ནམ་མཁའ་ལྟ་བུའོ་སྙམ་དུ་བསྒོམ་པར་བྱ་སྟེ། རིན་ཆེན་ཕྲེང་བ་ལས། སྐྱེས་བུ་ས་མིན་ཆུ་ལ་མིན། །མེ་མིན་རླུང་མིན་ནམ་མཁའ་མིན། །རྣམ་ཤེས་མ་ཡིན་ཀུན་མིན་ན། །དེ་ལས་གཞན་དོན་སྐྱེས་བུ་གང་། །ཁམས་དྲུག་སྐྱེས་བུ་འདུས་པའི་ཕྱིར། །ཡང་དག་མ་ཡིན་ཇི་ལྟ་བར། །དེ་བཞིན་ཁམས་ནི་རེ་རེ་ལའང་། །འདུས་ཕྱིར་ཡང་དག་ཉིད་དུ་མིན། །ཕུང་པོ་བདག་མིན་དེར་དེ་མིན། །དེ་ལ་དེ་མིན་དེ་མེད་མིན། །ཞེས་པ་དང་། གང་ཚེ་དངོས་པོ་མི་རྙེད་པ། །དེ་ཚེ་དངོས་མེད་ག་ལ་འགྱུར། །(༡༩༢)གཟུགས་ཀྱི་དངོས་པོ་མེད་ཙམ་ཕྱིར། །ནམ་མཁའ་ཡང་ནི་མིང་ཙམ་མོ། །འབྱུང་མེད་གཟུགས་ལྟ་ག་ལ་ཡོད། །དེ་ཕྱིར་མིང་ཙམ་ཉིད་ཀྱང་མེད། །ཚོར་དང་འདུ་ཤེས་འདུ་བྱེད་དང་། །རྣམ་ཤེས་འབྱུང་བ་ལྟ་བུ་དང་། །བདག་བཞིན་དུ་ནི་བསམ་བྱ་སྟེ། །དེ་ཕྱིར་ཁམས་དྲུག་བདག་མེད་དོ། །ཞེས་སོ། །ཇི་ལྟར་མེད་ན་སེམས་ཅན་དུ་སྣང་དུས་ཀྱི་ལུས་ཀྱི་ཁམས་ལ་བརྟགས་ནའང་མེད་ལ། དེ་ལའང་རྣམ་ཤེས་རྟེན་དང་བརྟེན་པར་ཡང་མི་མཐོང་བས་བདག་དང་བདག་གིར་མི་དམིགས་ཏེ་དཔྱད་ཅིང་གཞིགས་ན་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་ཏེ་དེ་ཉིད་ལས། ཇི་ལྟར་ཆུ་ཤིང་ཡན་ལག་དག །མ་ལུས་བཅས་ཏེ་བཤིག་བྱས་ན། །ཅི་ཡང་མེད་ལྟར་སྐྱེས་བུ་ཡང་། །ཁམས་བཅས་བཤིག་ན་དེ་དང་འདྲ། །ཆོས་རྣམས་ཐམས་ཅད་བདག་མེད་ཅེས། །དེ་ཕྱིར་རྒྱལ་བ་རྣམས་ཀྱིས་གསུངས། །ཞེས་སོ། །དེའང་མཐོང་ཐོས་སུ་སྣང་བ་ཙམ་འདི་བདེན་རྫུན་གང་ཡང་མ་ཡིན་ཏེ། བདེན་རྫུན་བློས་བཀོད་པའི་ཆོས་ཡིན་པའི་ཕྱིར་རོ། །དེ་ཉིད་ལས། མཐོང་དང་ཐོས་སོགས་ཐུབ་པ་ཡིས། །བདེན་མིན་རྫུན་པ་མིན་པར་གསུངས། །ཞེས་པ་དང་། འཇིག་རྟེན་འདི་ནི་བདེན་རྫུན་འདས། །ཞེས་སོ། །དེ་ལྟར་ཆོས་ཐམས་ཅད་བདེན་རྫུན་ལས་འདས་ཤིང་ཆུ་ཤིང་དང་འདྲ་བར། ཏིང་འཛིན་རྒྱལ་པོ་ལས་ཀྱང་གསུངས་ཏེ། ཇི་ལྟར་ཆུ་ཤིང་རློན་པའི་སྡོང་པོ་དག །སྙིང་པོ་འདོད་ཕྱིར་སྐྱེས་བུས་དེ་གཤགས་ཀྱང་། །ནང་དང་ཕྱི་རོལ་ཀུན་ན་སྙིང་པོ་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་སོ། །འབྱོངས་པའི་རྟགས་སུ་བྱམས་པ་སྐྱེ་བཞིན་དུ་འགྲོ་བ་ཆུ་ཤིང་ལྟར་རང་བཞིན་ནམ་བདག་མེད་པའི་ངོ་བོ་ཉིད་རྟོགས་པ་དུས་མཉམ་དུ་འབྱུང་ངོ་། །
བྱམས་པ་བསྒོམས་པའི་འབྲས་བུ་ནི། དེའི་འབྲས་བུ་ཇི་ལྟ་བུ་ཞེ་ན། འབྲས་བུ་མཐོང་ན་ཡིད་འོང་དག་པ་འཐོབ། །འདི་ལྟར་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་ཡིད་དུ་འོང་བ་དང་། སེམས་ཅན་ཀྱང་མཐོང་ན་ཡིད་དུ་འོང་ལ་ཆགས་སྡང་ལ་སོགས་པའི་རྙོག་པ་དག་པ་འཐོབ་སྟེ། བརྒྱད་སྟོང་པ་ལས། བྱམས་པ་དང་ལྡན་པའི་སེམས་མང་དུ་བསྒོམས་ཤིང་བརྟན་པར་བྱས་པས་འགྲོ་བ་མཐོང་ན་ཡིད་དུ་འོང་བ་ཡིན། ཁོང་ཁྲོ་བ་མེད་པ་ཡིན་ཞེས་སོ། བསོད་ནམས་ཚད་མེད་པ་འཐོབ་པར་ཡང་། ཐར་པ་ཆེན་པོ་ཕྱོགས་བཅུ་རྒྱས་པའི་མདོ་ལས། གང་ཞིག་འཇིག་རྟེན་རྣམས་དག་ན། །བསྐལ་པ་གཅིག་གི་བར་དག་ཏུ། །ཚུལ་ཁྲིམས་དག་ནི་བསྲུངས་པ་བས། །སྐྱེས་བུའི་སྐད་ཅིག་དགའ་བ་ཙམ། །དེ་བས་བྱམས་པ་སྤྱད་པ་མཆོག །གང་གིས་འཇིག་རྟེན་ཁམས་འདི་རུ། །ལུས་དང་ངག་ཡིད་སྡིག་སྤྱད་དེ། །ངན་སོང་གསུམ་དུ་ལྟུང་ངེས་ཀྱང་། །བྱམས་པ་དེ་ཡིས་འཕྲལ་དུ་འབྱང་། །ཞེས་སོ། །
གསུམ་པ་སྙིང་རྗེ་བསྒོམ་པ་ལ་བདུན་ཏེ། འགྲོ་བའི་སྡུག་བསྔལ་(༡༩༣)བསམ་པ་ནི། ད་ནི་སྙིང་རྗེ་བསྟན་པར་བྱ་སྟེ། དེ་ལྟར། བྱམས་པས་འགྲོ་ལ་ཁྱབ་པའི་རྗེས་ཉིད་དུ། །ཕ་མའི་སྡུག་བསྔལ་བློས་མི་བཟོད་པ་བཞིན། །འགྲོ་བའི་སྡུག་བསྔལ་བསམས་ལ་སྙིང་རྗེ་བསྐྱེད། །དེ་ཡང་བདག་གི་ཕ་མ་དྲིན་ཅན་འདི་རྣམས་བདག་ཅག་གི་ཆེད་དུ་སྡིག་པའི་ལས་བྱས་པ་དང་། ངན་སོང་གསུམ་ལ་སོགས་པའི་སྡུག་བསྔལ་གྱིས་གདུངས་པ་འདི་དག་སྙིང་རེ་རྗེ་བདག་གིས་འདོན་པར་བྱ་སྙམ་པ་སྟེ། ཡུམ་བར་མ་ལས། སེམས་ཅན་སྡུག་བསྔལ་བ་དག་མཐོང་བ་ན་འདི་སྙམ་དུ་སེམས་ཅན་འདི་དག་སྡུག་བསྔལ་དང་བྲལ་བར་ཤོག་ཅིག་ཅེས་སེམས་པ་ཡིན་ཏེ་ཞེས་སོ། །
སྙིང་རྗེ་བསྒོམ་པའི་ཚུལ་བཤད་པ་ནི། ཚུལ་ཇི་ལྟར་བསྒོམས་པ་ནི། དེ་ཡང་བདག་གི་ཕ་མ་དྲིན་ཅན་རྣམས། །བདག་གི་ཆེད་དུ་སྡིག་པའི་ལས་བྱས་པས། །ཚ་གྲང་བཀྲེས་སྐོམ་གསད་སྤྱད་ལས་ཀྱིས་མནར། །སྐྱེ་རྒ་ན་འཆིའི་ཆུ་ཆེན་འཁྲུག་པར་བྱིང་། །སྡུག་བསྔལ་སྣ་ཚོགས་དུ་མས་ཉམ་རེ་ཐག །འདི་ལྟར་བདག་ཅག་གི་ཕྱིར་སྡིག་པ་བྱས་པས་ད་ནི་རང་རང་གི་སྡུག་བསྔལ་ལ་སྒོས་སུ་སྤྱོད་པས་ཉམ་ཐག་པར་གྱུར་ཀྱང་།
སྙིང་རྗེ་དངོས་བཤད་པ་ནི། ད་དུང་སྡུག་བསྔལ། དེ་ལས་ཐར་འདོད་ཞི་བའི་སེམས་མེད་ལ། །ཡང་དག་ལམ་སྟོན་དགེ་བའི་བཤེས་མེད་པས། །མཐའ་མེད་འཁོར་བར་འཁྱམས་པ་སྙིང་རེ་རྗེ། །འདི་དག་མཐོང་ནས་ཡལ་བར་འདོར་ཕོད་དམ། །འདི་ལྟར་འཁོར་བའི་སེམས་ཅན་རྣམས་སྡུག་བསྔལ་ཡང་། དེ་ལས་ཐར་པའི་ཐབས་མི་ཤེས་ལ། དགེ་བའི་བཤེས་གཉེན་གྱིས་ཀྱང་ཁ་ཅིག་ཙམ་ལས་ཐམས་ཅད་ལ་ཐར་པའི་ལམ་སྟོན་པའང་མེད་པས། ད་དུང་མཐའ་མེད་པར་འཁོར་ཞིང་སྡུག་བསྔལ་བ་འདི་དག །སྔོན་བདག་གི་ཕ་མ་དང་གཉེན་བཤེས་སུ་མ་གྱུར་པ་ཞིག་མེད་ན་སྐྱབས་དང་མགོན་མེད་པ་འདི་དག་ཁོ་ན་འདོར་བ་ནི་རིགས་པ་མ་ཡིན་ནོ་ཞེས་བསམ་དགོས་ཏེ། སློབ་སྤྲིང་ལས། གང་གི་ཁོང་ན་འདི་སྐབས་རྙེད་ནས་གནས་བཅས་ཤིང་། །གང་གིས་བརྩེ་བག་སེམས་ཀྱིས་ཟོན་བཅས་འདི་བླངས་པ། །ཉོན་མོངས་འདི་དག་སྡུག་བསྔལ་སྐྱབས་མེད་འདིར་བོར་ནས། །འགྲོ་བར་མ་རབས་ཐ་ཤལ་ཞིག་ནའང་སུ་ཞིག་སྤྲོ། །ཞེས་སོ། །
སྙིང་རྗེའི་རྒྱུ་མཚན་བཤད་པ་ནི། རྒྱུ་མཚན། དེ་བས་བདག་གི་ལུས་དང་ལོངས་སྤྱོད་དང་། །དུས་གསུམ་དགེ་བས་འགྲོ་བའི་སྡུག་བསྔལ་དག །སྐད་ཅིག་ཉིད་ལ་བྲལ་བར་ཤོག་ཅིག་ཅེས། །སྙིང་ཁོང་རུས་པའི་གཏིང་ནས་བསམ་པར་བྱ། །འདི་ལྟར་བདག་གི་བདེ་བ་དང་དགེ་བ་ཐམས་ཅད་འགྲོ་བ་ལ་འཕོས་པས་སྡུག་བསྔལ་དེ་དང་བྲལ་ནས་བདེ་བ་ཚད་མེད་པ་ལ་དུས་རྟག་ཏུ་སྤྱོད་པར་ཤོག་ཅིག་ཅེས་སྙིང་ཐག་པ་ནས་བསམ་སྟེ། ཁྲི་བརྒྱད་སྟོང་པ་ལས། སྙིང་རྗེ་ཆེན་པོ་དང་ལྡན་པའི་(༡༩༤)སེམས་ཡངས་པ་ཚད་མ་ངེས་པ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་པ་བསྒོམ་པར་བྱའོ་ཞེས་སོ། །
སྙིང་རྗེ་འབྱོངས་པའི་རྟགས་བཤད་པ་ནི། དེ་ཉིད་སེམས་ཅན་གཅིག་ནས་ཀུན་གྱི་བར་དུ་བསྒོམས་པས་འབྱོངས་དུས། འགྲོ་བའི་སྡུག་བསྔལ་མི་བཟོད་རྟགས་སུ་བཤད། །དེའང་ཕ་རོལ་ལ་སྡུག་བསྔལ་བྱུང་བ་དེ་རང་ལ་བྱུང་བ་བས་མི་བཟོད་པའི་ཤས་སྐྱེའོ། །
སྙིང་རྗེའི་མཉམ་རྗེས་བཤད་པ་ནི། དེ་ལྟར་དམིགས་པ་དང་བཅས་པའི་སྙིང་རྗེ་བསྒོམས་པའི་ཐུན་རྗེས་ཐམས་ཅད་དུ། དམིགས་མེད་སྙིང་རྗེས་དེ་རྗེས་མཉམ་པར་བཞག །རྟགས་ནི་སྟོང་ཉིད་སྙིང་རྗེ་ཟུང་དུ་འབྲེལ། །དེའང་སྙིང་རྗེའི་ཡུལ་སེམས་ཅན་ཡང་བརྟགས་ཤིང་དཔྱད་ན་རང་བཞིན་གྱིས་མེད་ལ་སྣང་བ་ཆུ་མེད་པ་ལ་ཆུར་སྣང་བ་སྨིག་རྒྱུ་ལྟ་བུ་དང་འདྲའོ་ཞེས་བསམ་སྟེ། ཏིང་ངེ་འཛིན་རྒྱལ་པོ་ལས། ཇི་ལྟར་སོ་གའི་ཉི་མ་ཕྱེད་དུས་ན། །སྐྱེས་བུ་སྐོམ་པས་གདུངས་ཤིང་འགྲོ་བ་དག །སྨིག་རྒྱུ་དག་ལ་ཆུ་ཡིས་ཕུང་པོར་མཐོང་། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་པ་དང་། རིན་ཆེན་ཕྲེང་བ་ལས། ཇི་ལྟར་སྨིག་རྒྱུ་ཆུ་འདྲ་བ། །ཆུ་མིན་དོན་དུ་མ་ཡིན་པ། །དེ་བཞིན་ཕུང་པོ་བདག་འདྲ་བ། །དེ་དག་བདག་མིན་དོན་དུ་མིན། །སྨིག་རྒྱུ་ལ་ནི་དེ་ཆུ་ཞེས། །བསམས་ཏེ་དེར་ནི་སོང་བ་ལས། །གལ་ཏེ་ཆུ་དེ་མེད་དོ་ཞེས། །འཛིན་པ་དེ་ནི་བླུན་པ་ཉིད། །དེ་བཞིན་སྨིག་རྒྱུ་ལྟ་བུ་ཡི། །འཇིག་རྟེན་མེད་པའང་ཡོད་དོ་ཞེས། །འཛིན་པ་དེ་ནི་རྨོངས་པ་སྟེ། །རྨོངས་པ་ཡོད་ན་མི་གྲོལ་ལོ། །ཞེས་པ་དང་། གང་ཕྱིར་གཉིས་ཀའང་ཡང་དག་ཏུ། །འགྲོ་དང་འོང་དང་གནས་མེད་པ། །དེ་ཕྱིར་འཇིག་རྟེན་མྱ་ངན་བཟླ། །ཞེས་པ་དང་། དེ་ཕྱིར་སངས་རྒྱས་རྣམས་ཀྱི་ནི། །བསྟན་པ་འཆི་མེད་ཡོད་མེད་ལས། །འདས་པ་ཟབ་མོ་ཞེས་བཤད་དོ། །ཞེས་སོ། །དེ་ལྟར་བསྒོམས་པས་ཆོས་ཐམས་ཅད་ཀྱི་རང་བཞིན་ཁོང་དུ་ཆུད་ནས་སྟོང་པ་དང་སྙིང་རྗེ་ཟུང་དུ་འབྲེལ་བ་སྟེ་ལམ་དམ་པ་ལ་སྤྱོད་པ་ཡིན་ནོ། །དེའང་འདི་གཉིས་གང་རུང་ཞིག་མེད་ཀྱང་ལམ་གོལ་བ་སྟེ། དོ་ཧ་མཛོད་ལས། སྙིང་རྗེ་དང་བྲལ་སྟོང་པ་ཉིད་ཞུགས་གང་། །དེས་ནི་ལམ་མཆོག་རྙེད་པ་མ་ཡིན་ནོ། །འོན་ཏེ་སྙིང་རྗེ་འབའ་ཞིག་བསྒོམས་ན་ཡང་། །འཁོར་བ་འདིར་གནས་ཐར་པ་ཐོབ་མི་འགྱུར། །གང་དག་གཉིས་པོ་སྦྱོར་བར་ནུས་པ་དེ། །འཁོར་བར་མི་གནས་མྱ་ངན་འདས་མི་གནས། །ཞེས་སོ། །
སྙིང་རྗེ་བསྒོམས་པའི་འབྲས་བུ་ནི། དེ་ལྟར་བསྒོམས་པའི། འབྲས་བུ་གནོད་སེམས་རྣམ་འཚེ་བྲལ་བའི་སེམས། །ལས་རུང་གདོད་ནས་དག་པ་ཉིད་དུ་འགྲུབ། །དེའང་གནོད་སེམས་དང་རྣམ་པར་འཚེ་བ་མེད་པའི་སེམས་ལས་སུ་རུང་བ་ཐོབ་ཅིང་སངས་(༡༩༥)རྒྱས་ཀྱི་བྱང་ཆུབ་འགྲུབ་སྟེ། སྙིང་པོ་མཆོག་ལས། སྙིང་རྗེ་ཆེན་པོས་ནི་སེམས་ལས་སུ་རུང་བ་དང་། འཚེ་བ་མེད་པ་དང་། དགའ་བས་བརྒྱན་པའི་མཆོག་ཐོབ་པར་བྱེད་དོ་ཞེས་སོ། །
བཞི་པ་དགའ་བ་བསྒོམ་པ་ལ་དྲུག་ལས། དགའ་བ་བསྒོམ་དགོས་པར་བསྟན་པ་ནི། ད་ནི་དགའ་བ་བཤད་པར་བྱ་སྟེ། བཤད་མ་ཐག་པའི་ཚུལ། དེ་ལྟར་སྙིང་རྗེས་བརླན་པའི་འགྲོ་བ་ལ། །རང་རང་བདེ་བས་གནས་ཏེ་དགའ་བ་བསྒོམ། །འདི་ལྟར་སེམས་ཅན་བདེ་བ་མཐོང་ན་དགའ་བ་བསྒོམ་པ་ནི། ཉི་ཁྲི་ལས། སེམས་ཅན་གང་དག་རང་རང་གི་བདེ་བས་འབྱོར་པ་མཐོང་ན་འདི་སྙམ་དུ་སེམས་ཏེ། བདེ་བ་འདི་དང་མི་འབྲལ་པར་ཤོག་ཅིག །ལྷ་དང་མིའི་བདེ་བ་ལས་འདས་པ་རྣམ་པ་ཐམས་ཅད་མཁྱེན་པའི་བདེ་བ་དེ་དང་ལྡན་པར་གྱུར་ཅིག་སྙམ་མོ་ཞེས་སོ། །
དགའ་བ་བསྒོམ་པའི་དམིགས་རྣམ་བཤད་པ་ནི། ཚུལ་ཇི་ལྟར་ན། དེ་ཡང་དམིགས་ཡུལ་བདེ་ལྡན་སེམས་ཅན་ཏེ། །རྣམ་པ་ཨེ་མ་འགྲོ་བ་འདི་དག་ཀུན། །བདག་གིས་བདེ་ལ་དགོད་པ་མ་དགོས་པར། །རང་རང་བདེ་བ་བདག་གིས་རྙེད་པ་རབ། །ད་ནི་དེང་ནས་བྱང་ཆུབ་སྙིང་པོའི་བར། །བདེ་ཞིང་སྐྱིད་པ་འདི་དང་མི་འབྲལ་ཤོག །སྙམ་དུ་གཅིག་ནས་ཀུན་ལ་བསྒོམ་པར་བྱ། །སེམས་ཅན་བདེ་བ་དང་ལྡན་པ་གཅིག་ནས་ཐམས་ཅད་ལ་དེ་བཞིན་བསྒོམས་པས།
དགའ་བ་འབྱོངས་པའི་ཚད་ནི། དེའི། རྟགས་སུ་ཕྲག་དོག་མེད་ཅིང་དགའ་བ་སྐྱེ། །གཞན་གྱི་འབྱོར་པ་ལ་ཕྲག་དོག་མེད་པའི་དགའ་བ་དམ་པ་སྐྱེ་བ་ཡིན་ནོ། །
དགའ་བའི་ངོ་བོ་བཤད་པ་ནི། དམིགས་པ་དང་བཅས་པའི་དགའ་བ་བསྒོམས་པའི་ཐུན་གྱི། དེ་རྗེས་མི་དམིགས་བསམ་གཏན་དགའ་བ་ཉིད། །དེའང་དགའ་བའི་ཡུལ་སེམས་ཅན་ཐམས་ཅད་ཀྱང་མེད་བཞིན་དུ་སྣང་བ་སྒྱུ་མ་ལྟ་བུར་བསྒོམ་སྟེ། ཏིང་ངེ་འཛིན་རྒྱལ་པོ་ལས། ཇི་ལྟར་སྐྱེ་བོ་མང་པོའི་དབུས་དག་ན། །སྒྱུ་མ་བྱེད་པ་དག་གིས་གཟུགས་སྤྲུལ་ནས། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །དེ་ལ་ཇི་བཞིན་སྣང་བ་གང་ཡང་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་པ་དང་། རིན་ཆེན་ཕྲེང་བ་ལས། སོ་སོའི་སྐྱེ་བོ་ལ་གསང་བ། །གང་ཡིན་དེ་ནི་ཟབ་མོའི་ཆོས། །འཇིག་རྟེན་སྒྱུ་མ་ལྟ་བུ་ཉིད། །སངས་རྒྱས་བསྟན་པའི་བདུད་རྩི་ཡིན། །ཇི་ལྟར་སྒྱུ་མའི་གླང་པོ་ལ། །སྐྱེ་དང་འཇིག་པ་ཉིད་སྣང་ཡང་། །དེ་ལ་དོན་གྱིས་ཡང་དག་ཏུ། །སྐྱེ་དང་འཇིག་པ་ཉིད་མེད་ལྟར། །དེ་བཞིན་སྒྱུ་འདྲའི་འཇིག་རྟེན་ལ། །སྐྱེ་དང་འཇིག་པ་གཉིས་སྣང་ཡང་། །དམ་པའི་དོན་དུ་སྐྱེ་བ་དང་། །འཇིག་པ་ཉིད་ནི་ཡོད་མ་ཡིན། །ཇི་ལྟར་སྒྱུ་མའི་གླང་པོ་ནི། །གང་ནས་མ་འོངས་གར་མི་འགྲོ། །སེམས་རྨོངས་ཙམ་དུ་(༡༩༦)ཟད་པས་ན། །ཡང་དག་ཉིད་དུ་གནས་པ་མེད། །དེ་བཞིན་སྒྱུ་འདྲའི་འཇིག་རྟེན་ནི། །གང་ནས་མ་འོངས་གར་མི་འགྲོ། །སེམས་རྨོངས་ཙམ་དུ་ཟད་པས་ན། །ཡང་དག་ཉིད་དུ་གནས་པ་མེད། །དེ་ལྟར་དུས་གསུམ་འདས་བདག་ཉིད། །ཐ་སྙད་བཏགས་པ་མ་རྟོགས་པར། །གང་ཞིག་ཡོད་དང་མེད་འགྱུར་བའི། །འཇིག་རྟེན་དུ་ནི་ཅི་ཞིག་ཡོད། །ཅེས་སོ། །
དགའ་བའི་ཡོན་ཏན་བཤད་པ་ནི། ཚུལ་དེ་ལྟར་བསྒོམས་པས་གནས་ལུགས་ཀྱི་དགའ་བས། ལུས་ངག་སེམས་ལ་ཞི་བདེ་ལྷུན་གྱིས་གྲུབ། །འདི་ནི་ཚད་དོ། །
དགའ་བ་བསྒོམས་པའི་འབྲས་བུ་ནི། དེའི། འབྲས་བུ་འབྱོར་པས་བརྟན་ལ་དགའ་བ་འགྲུབ། །དེ་སྐད་དུ་ཡང་། བརྒྱད་སྟོང་པ་ལས། དགའ་བ་དང་ལྡན་པའི་སེམས་ཡངས་པ་ཚད་མེད་པ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་མི་འཕྲོགས་པ་གང་གིས། བླ་ན་མེད་པའི་ཕུན་སུམ་ཚོགས་པས་མངོན་པར་མཐོ་བ་ཉིད་ཐོབ་པར་བྱེད་དོ་ཞེས་སོ། །
སྤྱི་དོན་བརྒྱད་པ་སྒོམ་ཚུལ་གཞན་བཤད་པ་ལ་བདུན་ལས། གོམས་རྗེས་བསྒོམ་པའི་རིམ་པ་ནི། ད་ནི་བསྒོམ་པའི་ཚུལ་གཞན་ཡང་བསྟན་པ་ནི། བཤད་མ་ཐག་པ། དེ་ལྟར་གོམས་རྗེས་བྱམས་ནས་རིམ་པར་བསྒོམ། །དེ་ཡིས་བཞི་པོའི་ཞེན་པར་རིམ་གྱིས་འགོག །དེའང་རྟག་ཏུ་སྔར་བཞིན་བསྒོམས་ན་ཁ་ཅིག་གོ་རིམས་ལ་དག་གྲོལ་དུ་བྱེད་པའི་གཉེན་པོ་བྱེད་དོ། །
བྱམས་པའི་གེགས་སྙིང་རྗེས་འགོག་ཚུལ་ནི། ཡང་། བྱམས་བསྒོམས་གཉེན་བཞིན་ཀུན་ལ་ཆགས་པ་ན། །སྙིང་རྗེས་སྡུག་བསྔལ་རྒྱུ་འབྲས་ཞེན་པ་འགོག །ལ་ལས་ཐེར་ཟུག་ཏུ་ཕ་མ་ལྟར་ཞེན་ན་སེམས་ཅན་གཞན་དུ་ཞེན་པ་དང་འདྲ་བས། སྙིང་རྗེ་གཉིས་པོ་བསྒོམས་པས་དེའི་གཉེན་པོ་བྱེད་དོ། །
སྙིང་རྗེའི་གེགས་དགའ་བས་འགོག་པ་ནི། ཡང་། སྙིང་རྗེ་དམན་པས་དམིགས་དང་བཅས་པ་ན། །དམིགས་མེད་དགའ་བས་སྐྱོ་བ་རྣམ་པར་འགོག །སྙིང་རྗེ་རང་མཚན་དུ་ཞེན་ན་དམིགས་པ་མེད་པའི་དགའ་བ་སྒྱུ་མ་ལྟ་བུས་སྐྱོ་བ་དང་ཞེན་པ་ཐམས་ཅད་སེལ་ལོ། །
དགའ་བའི་གེགས་བཏང་སྙོམས་ཀྱིས་འགོག་པ་ནི། ཡང་། དགའ་བས་སེམས་གཡེངས་སྤྲོས་ལ་འཆེལ་བ་ན། །ཉེ་རིང་ཆགས་བྲལ་བཏང་སྙོམས་ཆེན་པོ་བསྒོམ། །གཞན་གྱི་བདེ་བ་ལ་དགའ་བས་ཆགས་ན་སྐྱོ་བ་དང་། མི་དམིགས་པའི་བཏང་སྙོམས་བསྒོམས་པས་སེལ་ལོ། །
བཏང་སྙོམས་ཀྱི་གེགས་བྱམས་པས་འགོག་པ་ནི། ཡང་། བཏང་སྙོམས་བར་མ་ལུང་མ་བསྟན་བཞིན་ན། །སྔར་བཞིན་བྱམས་སོགས་རིམ་པས་བསྒོམ་པར་བྱ། །དེ་ཡིས་འབྱོངས་པར་སླ་ཞིང་བརྟན་པ་འཐོབ། །ཐམས་ཅད་ལ་ལུང་མ་བསྟན་བཞིན་སོང་ན་བྱམས་པ་ནས་བརྩམས་ཏེ་བསྒོམ་མོ། །དེ་དག་ནི་སྤྱིའི་གཉེན་པོའོ། །བྱེ་བྲག་ཏུ་རང་རང་གི་དམིགས་པ་དང་བཅས་པའི་གཉེན་པོར་དམིགས་པ་མེད་པ་རེ་རེ་བསྟན་པ་བཞིན་བསྒོམ་མོ། །དེ་ལྟར་བསྒོམས་པས་ཚད་མེད་བཞི་ལ་(༡༩༧)རང་གི་རྒྱུད་འབྱོངས་ཏེ་བརྟན་པ་མྱུར་དུ་འཐོབ་པའི་དགོས་པ་ཡོད་དོ། །
སྤེལ་མར་སྒོམ་ཚུལ་བཤད་པ་ནི། དེ་ནས། གོམས་པ་ཤིན་ཏུ་བརྟན་པའི་རྣལ་འབྱོར་པས། །རིམ་དང་རིམ་མིན་སྤེལ་མ་ཐོད་རྒལ་བསྒོམ། །ཚད་མེད་པ་བཞི་བརྟན་ནས་བོགས་དབྱུང་བའི་ཕྱིར་བྱམས་པ་ནས་རིམ་གྱིས་སྒོམ་ཞིང་། ཡང་བཏང་སྙོམས་ནས་བཟློག་ལ་རིམ་མིན་དུ་བསྒོམ་སྟེ། ཡང་བྱམས་པ་དང་དགའ་བ། སྙིང་རྗེ་དང་བཏང་སྙོམས་སྤེལ་མར་བསྒོམས་ནས། བཏང་སྙོམས་ནས་སྙིང་རྗེ་སྒོམ་ཞིང་བྱམས་པ་བསྒོམ་པ་ཆུང་ངུ་། བྱམས་པ་ནས་མར་ལོག་སྟེ་དགའ་བ་བསྒོམ་པ་འབྲིང་དང་། བཏང་སྙོམས་ནས་བྱམས་པ་བསྒོམ་པ་ནི་ཆེན་པོ་སྟེ། ཐོད་རྒལ་དུ་ཡར་མཆོང་མར་མཆོང་ལ་བར་དུ་བཞག་ནས་བསྒོམ་པ་ཉིད། ཡུམ་བར་མ་ལས། རབ་འབྱོར། འདི་ལྟར་བྱམས་པ་བསྒོམ་མོ། །དགའ་བ་བསྒོམ་མོ། །སྙིང་རྗེ་ལ་མཉམ་པར་འཇོག་གོ། །བཏང་སྙོམས་ལེན་ཏོ་ཞེས་པ་ལ་སོགས་པ་གསུངས་སོ། །
དེ་ལྟར་བསྒོམས་པའི་ཡོན་ཏན་བཤད་པ་ནི། དེ་ལ་དགོས་པ་ཅི་ཡོད་ན། ཚུལ། དེ་ཡིས་རྟོགས་པ་སོ་མར་བོགས་འབྱིན་ཞིང་། །ཤིན་ཏུ་བརྟན་པས་ཆེས་བརྟན་ཉིད་དུ་འགྱུར། །དེའང་ཚད་མེད་བཞིའི་སེམས་ཀྱི་ཁྱད་པར་སོ་མ་ཐོབ་པ་དང་། མི་བརྟན་པ་བརྟན། བརྟན་པ་ཆེས་རབ་ཏུ་བརྟན་པ་ཉིད་དུ་འགྱུར་རོ། །
སྤྱི་དོན་དགུ་པ་འབྲས་བུ་བཤད་པ་ལ་བཅུ་གཉིས་ལས་། མངོན་མཐོ་ངེས་ལེགས་འགྲུབ་ཚུལ་བཤད་པ། ད་ནི་ཚད་མེད་པ་བཞི་པོ་བསྒོམས་པའི་འབྲས་བུ་བསྟན་པ་ནི། ཚུལ་ཇི་སྐད་བཤད་པ། དེ་ལྟར་བསྒོམས་པའི་འབྲས་བུ་བཞི་དག་ལས། །རྣམ་སྨིན་མངོན་མཐོ་ངེས་ལེགས་གཉིས་འཐོབ་ལ། །འདོད་པར་ལྷ་མིའི་ལུས་འགྲུབ་ཕན་བདེ་བྱེད། །དེའང་མངོན་པར་མཐོ་བ་ལྷ་དང་མིའི་ལུས་འགྲུབ་ཅིང་། ཚོགས་གཉིས་རྫོགས་པ་དང་། སེམས་ཅན་ལ་ཕན་པ་དང་། ཚད་མེད་པ་བཞི་དང་མི་འབྲལ་བ་དང་། བག་མེད་པའམ་གཉིད་ལོག་པའི་སྐབས་སུའང་ཡོད་ཅིང་། གནོད་པ་དྲག་པོས་ཀྱང་མི་འཕྲོགས་པ་ཉིད། མདོ་སྡེའི་རྒྱན་ལས། ཚངས་པའི་གནས་པས་གནས་པ་ཡི། །བློ་ལྡན་རྟག་ཏུ་འདོད་པར་སྐྱེ། །དེར་ནི་ཚོགས་རྣམས་རྫོགས་བྱེད་ཅིང་། །སེམས་ཅན་དག་ཀྱང་ཡོངས་སྨིན་བྱེད། །ཀུན་དུ་ཚངས་དང་མི་འབྲལ་བ། །དེ་ཡི་མི་མཐུན་ཕྱོགས་དང་བྲལ། །བག་མེད་གྱུར་ཀྱང་དེ་ཡི་རྐྱེན། །མི་བཟད་པས་ཀྱང་མི་འགྱུར་རོ། །ཞེས་སོ། །མཐར་ཐུག་གི་འབྲས་བུ་ནི་བྱང་ཆུབ་འགྲུབ་པ་སྟེ། དེ་ཉིད་ལས། འཚེ་སྤངས་བྱང་ཆུབ་མཆོག་གི་ས་བོན་ནི། །བདེ་བ་བསྐྱེད་དང་གདུང་བྱེད་འདོད་པའི་རྒྱུ། །ངོ་བོ་ཉིད་སྨིན་ཆོས་ལ་བརྟེན་པ་ཡི། །རྒྱལ་སྲས་རྣམས་ལ་བྱང་ཆུབ་ཐག་མི་རིང་། །ཞེས་སོ། །དེའང་འཚེ་བ་སྤངས་པ་ནི་བྲལ་བའི་འབྲས་བུའོ། །(༡༩༨)ཐར་པའི་ས་བོན་བྱེད་པ་ནི་བདག་པོའི་དབང་གི་འབྲས་བུའོ། །གཞན་བདེ་བ་བསྐྱེད་པའི་ཕྱིར་རང་ཉིད་དཀའ་སྤྱད་ཀྱི་གདུང་བ་བཟོད་པ་ནི་བྱེད་པའི་འབྲས་བུའོ། །ཚེ་འདིར་བཞི་པོ་དེ་བསྒོམས་པས་ཚེ་རབས་གཞན་ལའང་བཞི་པོ་དེ་སྨིན་ཅིང་གྲུབ་པ་སྟེ་རྒྱུ་མཐུན་པའི་འབྲས་བུའོ། །དེ་ལྟ་བུའི་ཚད་མེད་པ་བཞི་པོ་འདི་རྒྱལ་སྲས་རྣམས་ལ་རང་བཞིན་རྟགས་པར་སྐྱེ་བ་དང་། གོམས་པ་ལས་སྐྱེ་བ་དང་། ཡུལ་མཐོང་བ་ལས་སྐྱེ་བ་དང་། མི་མཐུན་ཕྱོགས་ཉམས་པ་ལས་སྐྱེ་བར། དེ་ཉིད་ལས། སྙིང་རྗེའི་བདག་ཉིད་ཅན་གྱི་བརྩེ་བ་འདི། །རང་བཞིན་དང་ནི་སོ་སོར་བརྟགས་པ་དང་། །དེ་སྔོན་གོམས་པར་བྱས་དང་ལྡན་པ་དང་། །མི་མཐུན་ཕྱོགས་ཉམས་རྣམ་དག་ཐོབ་པ་བཞི། །ཞེས་སོ། །
རྒྱུ་མཐུན་གྱི་ཕན་ཡོན་ནི། རྒྱུ་མཐུན་གྱི་འབྲས་བུ་ལ་གཉིས་ལས། རྒྱུ་མཐུན་བྱེད་པས་དེ་ཉིད་བྱེད་པ་དང་། །མྱོང་བས་མི་མཐུན་ཕྱོགས་བྲལ་བདེ་བ་འཐོབ། །བྱེད་པ་རྒྱུ་མཐུན་པས་ཚད་མེད་བཞི་རྟག་ཏུ་སྒོམ་པར་སྐྱེ་ལ། མྱོང་བ་རྒྱུ་མཐུན་པས་གནོད་སེམས་དང་། རྣམ་འཚེ་དང་། མི་དགའ་བ་དང་། ཆགས་སྡང་རྣམས་མེད་པར་སྐྱེའོ། །
དབང་གི་ཕན་ཡོན་ནི། བདག་པོའམ། དབང་གིས་ཡིད་འོང་བདེ་ཞིང་རབ་དགའི་ཡུལ། །འགྲོ་བ་མཐུན་ཅིང་འབྱོར་པས་བརྒྱན་པར་སྐྱེ། །བྱམས་པས་ཡུལ་ཡིད་དུ་འོང་བ་དང་། སྙིང་རྗེས་བདེ་བ་དང་། དགའ་བས་སྨན་དང་མེ་ཏོག་ལ་སོགས་པ་མང་ཞིང་སྐྱིད་ལ་འབྱོར་པ་དང་། བཏང་སྙོམས་ཀྱིས་སྐྱེ་དགུ་མཐུན་ཞིང་གནོད་པ་མེད་པར་སྐྱེའོ། །
བྱེད་པའི་ཕན་ཡོན་ནི། སྐྱེས་བུ། བྱེད་པས་བཞི་པོ་ཆེས་ཆེར་རབ་འཕེལ་བས། །རང་གཞན་དོན་གཉིས་འབྱོར་པ་ལྷུན་གྲུབ་འགྱུར། །ཚད་མེད་པ་བཞི་བསྒོམས་པ་ལས་ཡང་འཕེལ་བའི་བསོད་ནམས་ཀྱིས་བདེ་བ་དང་ལེགས་པ་འགྲུབ་པ་ཡིན་ནོ། །
བྱམས་པའི་ཕན་ཡོན་ནི། གཞན་ཡང་། བྱམས་པས་ཞེ་སྡང་མེད་ཅིང་ལོངས་སྤྱོད་རྫོགས། །མེ་ལོང་ཡེ་ཤེས་རབ་ཏུ་ཐོབ་པར་འགྱུར། །ལོངས་སྤྱོད་རྫོགས་པའི་སྐུ་ནི་མཚན་དཔེས་བརྒྱན། །དེའང་བྱམས་པས་ཞེ་སྡང་གནས་གྱུར་མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་གྱུར་ནས་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པ་ཡིན་ཏེ། པདྨ་རྩེ་མོ་ལས། བྱམས་པས་ཞེ་སྡང་གནས་སུ་དག །མེ་ལོང་ཡེ་ཤེས་ལོངས་སྤྱོད་རྫོགས། །ཞེས་སོ། །
སྙིང་རྗེའི་ཕན་ཡོན་ནི། ཡང་། སྙིང་རྗེས་འདོད་ཆགས་མེད་ཅིང་ཆོས་ཀྱི་སྐུ། །
སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་བྱེད། །ཆོས་ཀྱི་སྐུ་ནི་སྟོབས་སོགས་མ་འདྲེས་ཆོས། །སྙིང་རྗེས་འདོད་ཆགས་དག་པ་སོ་སོར་རྟོག་པའི་ཡེ་ཤེས་དང་ཆོས་སྐུ་ཐོབ་པར། དེ་ཉིད་ལས། སྙིང་རྗེས་འདོད་ཆགས་གནས་སུ་དག །ཀུན་རྟོག་ཡེ་ཤེས་ཆོས་ཀྱི་སྐུ། །ཞེས་སོ། །
དགའ་བའི་ཕན་ཡོན་ནི། ཡང་། (༡༩༩)དགའ་བས་ཕྲག་དོག་མེད་ཅིང་སྤྲུལ་པའི་སྐུ། །བྱ་གྲུབ་ཡེ་ཤེས་དམ་པ་ཐོབ་པར་འགྱུར། །སྤྲུལ་པའི་སྐུ་ནི་མ་ངེས་སྣ་ཚོགས་གཟུགས། །ལྷུན་གྱིས་གྲུབ་པའི་སྐུ་སྟེ་ཕྲིན་ལས་ཡིན། །དགའ་བ་ཚད་མེད་པས་ཕྲིན་ལས་ཕུན་སུམ་ཚོགས་པའི་རང་བཞིན་བྱ་བ་གྲུབ་པའི་ཡེ་ཤེས་ཐོབ་ཅིང་། ཕྲག་དོག་དག་ནས་སྤྲུལ་པའི་སྐུ་མངོན་དུ་བྱེད་དེ། དེ་ཉིད་ལས། དགའ་བས་ཕྲག་དོག་གནས་སུ་དག །བྱ་གྲུབ་ཡེ་ཤེས་སྤྲུལ་པའི་སྐུ། །མཛད་པ་ལྷུན་གྲུབ་དམ་པའོ། །ཞེས་སོ། །
བཏང་སྙོམས་ཀྱི་ཕན་ཡོན་ནི། ཡང་། བཏང་སྙོམས་ང་རྒྱལ་རྨོངས་མེད་ངོ་བོ་ཉིད། །
མཉམ་ཉིད་ཆོས་དབྱིངས་ཡེ་ཤེས་མངོན་དུ་བྱེད། །ངོ་བོ་ཉིད་སྐུ་ཆོས་ཉིད་སྤྲོས་དང་བྲལ། །བཏང་སྙོམས་ཀྱིས་ང་རྒྱལ་དང་གཏི་མུག་གནས་སུ་དག་ནས་མཉམ་པ་ཉིད་དང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་གྲུབ་སྟེ་ངོ་བོ་ཉིད་ཀྱི་སྐུ་མི་འགྱུར་བས་རྡོ་རྗེ་དང་། མངོན་པར་བྱང་ཆུབ་པའི་སྐུ་མངོན་དུ་བྱེད་པར། དེ་ཉིད་ལས། བཏང་སྙོམས་བཏང་སྙོམས་ཆེན་པོ་ཡིས། །ང་རྒྱལ་གཏི་མུག་གནས་སུ་དག །མཉམ་ཉིད་ཆོས་དབྱིངས་ཡེ་ཤེས་བདག །བྱང་ཆུབ་རྡོ་རྗེའི་སྐུ་ཉིད་དོ། །ཞེས་སོ། ཚད་མེད་པའི་འདི་དག་གི་བྱེད་ལས་ཀྱང་བཞི་ལས། མ་ཆགས་པའི་རང་བཞིན་ནི། མདོ་སྡེའི་རྒྱན་ལས། སྙིང་རྗེས་ཟིན་པའི་བརྩེར་ལྡན་རྣམས། །ཞི་ལའང་ཡིད་ནི་མི་གནས་ན། །འཇིག་རྟེན་བདེ་དང་རང་སྲོག་ལ། །ཆགས་པར་འགྱུར་བ་སྨོས་ཅི་དགོས། །ཞེས་སོ། །རང་བདེ་མི་འདོད་པ་ནི། དེ་ཉིད་ལས། སྙིང་རྗེས་སྡུག་བསྔལ་དག་གིས་སྡུག་བསྔལ་བ། །བདེ་མ་བསྐྱེད་པར་གང་གིས་བདེ་བར་འགྱུར། །དེ་ཕྱིར་བརྩེ་དང་ལྡན་པས་གཞན་བདེ་བ། །བསྐྱེད་ནས་རང་ཉིད་བདེ་བར་བྱེད་པ་ཡིན། །ཞེས་སོ། །གཞན་བདེ་ཟིལ་གྱིས་གནོན་པ་ནི། དེ་ཉིད་ལས། བརྩེ་བས་བསྐྱེད་པའི་སྡུག་བསྔལ་འཇིག་རྟེན་གྱི། །བདེ་བ་ཐམས་ཅད་ཟིལ་གྱིས་གནོན་འགྱུར་ཞིང་། །དོན་བྱས་རྣམས་ཀྱང་དེ་དང་མི་ལྡན་གང་། །དེ་ལས་ངོ་མཚར་ཆེ་བ་ཅི་ཞིག་ཡོད། །ཅེས་པ་དང་། སློབ་སྤྲིང་ལས། འགྲོ་བ་སྡུག་བསྔལ་མི་བཟད་མང་པོས་དབང་མེད་སྐྱབས་མེད་འདིར། །གཞན་གྱི་དོན་དུ་སྡུག་བསྔལ་གང་དེ་བདེ་ཞེས་སྐྱེས་མཆོག་གསུང་། །སྐད་ཅིག་གཞན་བཀྲེས་སྐོམ་དང་ཚ་ངལ་ཕྲལ་བས་རང་བྱས་པ། །དེས་དགའ་གང་ཞིག་དེ་དང་འདྲ་བར་འདི་ཡང་གང་ཞིག་ཡོད། །གཞན་ཕན་བདེ་བ་བསྐྱེད་པར་བརྩོན་པས་དགའ་བ་རྙེད་པ་གང་། །དེ་ནི་ཡུལ་བདེའི་ལོངས་སྤྱོད་ལྷུར་ལེན་རྣམས་ཀྱིས་ཇི་ལྟར་ཡང་། །གཞན་བདེས་མི་འཐོང་མི་དབང་འབྱོར་པའི་ཡོ་བྱད་རྣམས་ཀྱིས་མིན། །ཆུང་མས་མ་ཡིན་གཞན་མིན་ལྷ་གནས་ལྷ་མིན་འགྲོ་བར་མིན། །ཞེས་སོ། །འཁོར་བ་ལ་མི་སྐྱོ་བའི་བྱེད་ལས་ནི། སྔ་མ་(༢༠༠)ལས། སྙིང་རྗེ་བློ་མཆོག་འཁོར་བར་བཏགས་པ་ཡི། །སྡུག་བསྔལ་བདག་ཉིད་ཀུན་དང་བདག་མེད་པའང་། །རྣམ་པར་ཤེས་ནས་སྐྱོ་བར་མི་འགྱུར་ཞིང་། །ཉེས་པས་རབ་གནོད་པར་ཡང་མི་འགྱུར་རོ། །ཞེས་སོ། །དེ་ལྟ་བུའི་དོན་དང་ལྡན་པའི་སྐྱེས་བུ་དམ་པ་དེའི་ཚད་མེད་པ་ནི་འཇིག་རྟེན་ལས་འདས་ཤིང་ཁ་ན་མ་ཐོ་བ་མེད་པ་ཡིན་ཏེ། དེ་ཉིད་ལས། ཆགས་པ་གང་དེ་ཁ་ན་མ་ཐོ་བ། །མེད་དང་འཇིག་རྟེན་འདས་པ་ཡོད་མ་ཡིན། །བློ་ལྡན་རྣམས་ཀྱི་བརྩེ་བས་བྱམས་པ་ནི། །ཁ་ན་མ་ཐོ་མེད་ཅིང་འཇིག་རྟེན་འདས། །ཞེས་ཏེ། ཕ་མ་བུ་ཚ་ལ་བྱམས་པ་ཆགས་པ་ཡིན་ལ། སེམས་དཔའ་སེམས་ཅན་ལ་ཆགས་པ་དེ་ལྟ་བུ་མ་ཡིན་ཏེ་འཁོར་བ་ལས་སྒྲོལ་བའི་ཕྱིར་རོ་ཞེས་པའོ། །ཁ་ན་མ་ཐོ་བ་མེད་པ་ནི། སྡུག་བསྔལ་བའི་སེམས་ཅན་འཁོར་བ་ལས་སྒྲོལ་བའི་ཕྱིར་ཏེ། དེ་ཉིད་ལས། སྡུག་བསྔལ་དབའ་རྒལ་ཆེ་དང་མི་ཤེས་པའི། །མུན་པ་ཆེ་ལ་བརྟེན་པར་གྱུར་པ་ཡི། །འཇིག་རྟེན་འདྲེན་པའི་ཐབས་གང་ཡིན་པ་དེ། །ཇི་ལྟར་ཁ་ན་མ་ཐོ་མེད་མི་འགྱུར། །ཞེས་སོ། །འཇིག་རྟེན་ལས་འདས་པ་ཡིན་ཏེ། ཉན་རང་ལའང་མེད་པའི་བྱམས་པ་ལ་སོགས་ཡིན་པའི་ཕྱིར་ཏེ། དེ་ཉིད་ལས། འཇིག་རྟེན་བྱང་ཆུབ་རང་སངས་རྒྱས་པ་ཡི། །དགྲ་བཅོམ་རྣམས་ལའང་བྱམས་པ་དེ་མེད་ན། །དེ་ལས་གཞན་ལ་སྨོས་ཀྱང་ཅི་དགོས་པ། །ཇི་ལྟར་འཇིག་རྟེན་འདས་པ་མ་ཡིན་འགྱུར། །ཞེས་སོ། །ཚད་མེད་བཞི་མ་བསྒོམས་ན་ཉེས་པ་དུ་མ་ཡོད་དེ། དེ་ཉིད་ལས། བྱང་ཆུབ་སེམས་དཔའ་གནོད་སེམས་དང་། །རྣམ་འཚེ་མི་དགའ་གནོད་སེམས་དང་། །འདོད་པའི་འདོད་ཆགས་དང་ལྡན་པས། །ཉེས་པ་རྣམ་པ་མང་ལ་རེག །ཅེས་སོ། །དེའང་འདོད་པའི་སར་སྐྱེ་བ་ལ་འདོད་པའི་འདོད་ཆགས་ཟེར་ལ། གོང་མ་གཉིས་སུ་སྐྱེ་བ་ལ་སྲིད་པའི་འདོད་ཆགས་ཟེར་ཏེ། མཛོད་ལས། ཁམས་གཉིས་ལས་སྐྱེས་སྲིད་འདོད་ཆགས། །ཞེས་སོ། །ཉོན་མོངས་པ་འཕེལ་བའི་ཉེས་པ་ནི་ཚད་མེད་དེ། སྔ་མ་ལས། ཉོན་མོངས་རྣམས་ནི་བདག་འཇོམས་སེམས་ཅན་འཇོམས་ཤིང་ཚུལ་ཁྲིམས་འཇོམས། །ཉམས་བཅས་རྙེད་པས་དམན་ཞིང་སྲུང་དང་དེ་བཞིན་སྟོན་པས་སྨད། །རྩོད་བཅས་མི་སྙན་དེ་ནི་གཞན་དུ་མི་ཁོམ་རྣམས་སུ་སྐྱེ། །ཐོབ་དང་མ་ཐོབ་ཉམས་པས་ཡིད་ལ་སྡུག་བསྔལ་ཆེན་པོ་འཐོབ། །ཅེས་སོ། །ཐོབ་པ་འདིའི་བདེ་བ་དང་མ་ཐོབ་པ་ཕྱི་མའི་བདེ་བ་ལས་ཉམས་པའོ། །ཚད་མེད་པ་བཞི་བསྒོམས་པའི་ཕན་ཡོན་ནི། དེ་ལྟ་བུའི་ཉེས་པ་མེད་པ་དང་སེམས་ཅན་གྱི་དོན་དུ་སྲིད་པ་འཛིན་ཡང་། ཉོན་མོངས་པ་ཅན་གྱི་འཁོར་བ་མ་ཡིན་པས་སྡུག་བསྔལ་མི་འབྱུང་བ་སྟེ། དེ་ཉིད་ལས། ཉེས་པ་འདི་ཀུན་བྱམས་སོགས་ལ། །ལེགས་པར་གནས་ལ་མི་འབྱུང་སྟེ། །ཉོན་མོངས་ཅན་མིན་(༢༠༡)སེམས་ཅན་གྱི། །དོན་དུ་འཁོར་བ་ཡོངས་མི་གཏོང་། །ཞེས་སོ། །
ཡོན་ཏན་ལ་བསྔགས་པ་ནི། ཚུལ། དེ་ལྟར་བྱམས་སོགས་ཡོན་ཏན་མཐའ་ཡས་ཤིང་། །མཚུངས་བྲལ་ལྷ་མིའི་སྟོན་པས་རབ་བསྔགས་མཛད། །ཇི་སྐད་དུ། དཔལ་ཕྲེང་གི་མདོ་ལས། གང་གིས་ཚད་མེད་བཞི་བསྒོམས་པ། །དེ་ནི་བདེ་གཤེགས་ཀུན་གྱིས་དགོངས། །ཀུན་དུ་ཡོན་ཏན་ཚད་མེད་དེ། །ནམ་མཁའི་ལམ་ལས་རབ་འདས་པའོ། །ཞེས་སོ། །
ཚད་མེད་བཞི་རྒྱལ་བའི་གཤེགས་ཤུལ་དུ་བསྟན་པ་ནི། ཚད་མེད་པ་བཞི་པོ། དེ་དག་མི་བདེན་ལམ་དེ་ཕྱིན་ཅི་ལོག །སྟོན་པ་གཞན་ལ་སྐྱབས་སོང་ལམ་ངན་ཡིན། །དེས་གཟུང་ལམ་ནི་ཐར་པ་དྲི་མ་མེད། །དུས་གསུམ་རྒྱལ་བ་སྔ་ཕྱིའི་གཤེགས་ཤུལ་ཡིན། །ཇི་སྐད་དུ། སའི་སྟོད་འགྲེལ་ལས། ཚད་མེད་པ་འདི་བཞི་ནི་ཐར་པར་འགྲོ་བའི་ལམ་སྟེ། གཞན་དུ་ན་ལམ་ལོག་པའོ་ཞེས་བཤད་དོ། །
དམ་པ་གཉིས་ཐོབ་ཚུལ་བསྟན་པ་ནི། འདི་ལྟར། རྒྱུ་ཡི་ཐེག་པས་ས་བོན་མྱུ་གུ་བཞིན། །
ཐབས་ཤེས་སྐུ་གཉིས་བསྐྱེད་པར་འདོད་ན་ཡང་། །འབྲས་བུའི་ཐེག་པས་སྐུ་ཡི་སྒྲིབ་པ་གཉིས། །སེལ་བྱེད་རྐྱེན་གྱི་རྣམ་པར་ཁས་ལེན་པས། །ཐབས་ཉིད་སྙིང་རྗེ་ཚད་མེད་ལམ་ལ་བརྟེན། །དོན་ལ་གཅིག་སྟེ་སྟོང་ཉིད་སྙིང་རྗེ་ཅན། །རྒྱུ་འབྲས་གཉིས་ཀས་མཐུན་པར་ཉམས་སུ་ལེན། །འདི་ལྟར་མཚན་ཉིད་ཀྱི་ཐེག་པ་ཕལ་ཆེར་ལས། ཚོགས་གཉིས་སྐུ་གཉིས་ཀྱི་སྐྱེད་བྱེད་ཀྱི་རྒྱུར་ཁས་ལེན་ཏེ། རིགས་པ་དྲུག་ཅུ་པ་ལས། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་བསགས་ཏེ། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་གཉིས་ནི་ཐོབ་པར་ཤོག །ཅེས་པ་དང་། གསང་སྔགས་ལས། སྐུ་ཡི་སྒྲིབ་པ་གཉིས་སེལ་བ་ལ་ཚོགས་གཉིས་ཐབས་དང་ཤེས་རབ་ཟབ་མོས་ཉམས་སུ་ལེན་པར་འདོད་པས་རྐྱེན་དུ་ཁས་ལེན་པ་གཉིས་ཀ་མཐུན་ཏེ། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་བསྒྲུབ་པའི་ཕྱིར་རོ། །
དེ་ལྟར་བསྒོམས་པའི་དོན་བསྡུ་བ་ནི། འདི་ལྟར། གཞན་ཡང་ཐོག་མེད་དགེ་བ་ས་བོན་ཚུལ། །མ་བྱས་ཡེ་ནས་གནས་པར་མདོ་ལས་གསུངས། །དེ་དང་སྐུ་གསུམ་ཡེ་ལྡན་གློ་བུར་གྱི། །སྒྲིབ་པས་བསྒྲིབས་ཏེ་སེལ་འདོད་སྔགས་ཉིད་མཚུངས། །མདོར་ན་མདོ་རྒྱུད་ལམ་རྣམས་གཅིག་ཉིད་དུ། །མཁས་གྲུབ་རྣམས་ཀྱིས་ཕྱི་ནང་བཤད་པ་མཛད། །དེ་ཕྱིར་རྒྱལ་སྲས་དམ་པའི་རྗེས་འགྲོ་ཞིང་། །ཚད་མེད་རྣམ་པ་བཞི་ལ་འབད་པར་མཛོད། །འདི་ལྟར། བཀའ་ཐ་མ་ལས་ཁམས་རང་བཞིན་གྱིས་དག་པ་ཡོན་ཏན་ཡེ་ལྡན་དུ་ཡོད་ལ། ལམ་ཉམས་སུ་བླངས་དུས་ཡོན་ཏན་སྐྱེ་བ་ལྟར་སྣང་བར་ཁས་ལེན་པ་དང་། སྔགས་ལས་རང་བཞིན་གྱི་དཀྱིལ་འཁོར་འགྲོ་བ་ཀུན་ལ་གནས་པར་འོག་ཏུ་འཆད་པ་གཉིས་ཁྱད་མེད་པས་གཞི་གཅིག་ལ། ལམ་ཡང་ཐབས་(༢༠༢)ཤེས་ཚོགས་གཉིས་སུ་གཅིག་ལ། འབྲས་བུ་ཡང་སྐུ་དང་ཡེ་ཤེས་སུ་གཅིག་པས་ན་སྔོན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་སོགས་པས་ཕྱི་ནང་དུ་བཤད་མཛད་པ་ཡིན་ནོ། །དེ་བས་ན་ཚད་མེད་པ་བཞི་བསྒོམ་པ་ལ་འབད་པར་མཛོད་ཅིག་ཅེས་པའོ། །
སྤྱི་དོན་བཅུ་པ་སྐབས་ཀྱི་དགེ་བ་བསྔོ་བ་ནི། ད་ནི་དགེ་བ་སེམས་ཅན་གྱི་དོན་དུ་བསྔོ་བ། དེ་ལྟར་ལེགས་གསུངས་ཞི་བའི་རང་བཞིན་གྱིས། །འགྲོ་ཀུན་སེམས་ཀྱི་རྙོག་པ་རབ་ཞི་ནས། །ལམ་གོལ་ལོག་དང་དམན་པར་ཞུགས་པ་ཡིས། །དུབ་པའི་སེམས་ཉིད་དེ་རིང་ངལ་སོས་ཤིག །ཅེས་སྨོས་ཏེ། ལེགས་པར་བཤད་པའི་ཆོས་ཚུལ་སྟོན་ཀའི་ཟླ་བ་དྲི་མ་མེད་པའི་འོད་ཟེར་གྱི་ཚོགས་ཤར་བའི་མཐུས། འགྲོ་བ་གང་དག་ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་ལ་ཞུགས་པ་དང་། གཞན་མུ་སྟེགས་བྱེད་ཀྱི་ལམ་ལ་ཞུགས་པ་དང་། ཡོངས་སུ་མ་རྫོགས་པའི་ལམ་ལ་ཞུགས་པས་དུབ་པ་དང་། གཞན་ཡང་སྲིད་པའི་ལམ་པོ་ཆེར་ཞུགས་པས་དུབ་པ་དག་གི་སེམས་ཀྱི་ཉོན་མོངས་པའི་རྙོག་པ་རབ་ཏུ་ཞི་ནས། ཐར་པའི་ནགས་ཚལ་རྨད་དུ་བྱུང་བར། ཡོན་ཏན་གྱི་རྫིང་བུ་མེ་ཏོག་གི་ཚལ་བཀྲ་བས་ཁེབས་པར་ངལ་གསོ་བར་ཤོག་ཅིག་ཅེས་པའོ། །སྟོན་ཟླ་གང་བས་ནམ་མཁའ་བརྒྱན་པ་བཞིན། །ཆ་ཤས་རྫོགས་པས་གསལ་བའི་དཀྱིལ་འཁོར་ཅན། །དད་བརྒྱའི་ཀུ་མུ་ད་རྣམས་ཁ་འབྱེད་པ། །དེ་ཡིས་འགྲོ་ཀུན་རབ་ཏུ་སྣང་བྱེད་ཤོག །སེམས་གཙང་ལྷུན་པོ་ཕན་བདེའི་རོལ་མཚོས་བསྐོར། །ཚད་མེད་བཞི་ལྡན་ལོགས་བཞི་གླིང་བཞིའི་རྒྱན། །དགེ་ཚོགས་མུ་ཁྱུད་ཀྱིས་མཛེས་འཇིག་རྟེན་གྱི། །མ་ལུས་འགྲོ་ཀུན་ཉེར་འཚོའི་གཞིར་གྱུར་པ། །ས་གསུམ་རོལ་པའི་ཆུ་འཛིན་ཞི་བའི་ནང་། །རྨད་བྱུང་དགེ་ཚོགས་ཆར་འབབ་གློག་འགྱུ་ཞིང་། །ཚད་མེད་རྣམ་བཞིའི་འབྲུག་སྒྲ་སྙན་བསྒྲགས་པས། །ཕྱི་མའི་མུ་མཐར་ཕན་བདེ་བྱེད་པར་ཤོག །རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་ལས། ཚད་མེད་པ་བཞིའི་ལེའུ་སྟེ་བདུན་པའི་འགྲེལ་པའོ།། །