Nitartha Digital Library
Tibetan
ཀློང་ཆེན་པའི་གསུང་འབུམ། ཝ༽


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཉི་ཤུ་རྩ་གཉིས་པ། མཉེས་པ་དང་ཡོངས་སུ་གཟུང་བའི་ལེའུ།
  expand section


 
previousཉི་ཤུ་རྩ་གཉིས་པ། མཉེས་པ་དང་ཡོངས་སུ་གཟུང་བའི་ལེའུ།next

ཉི་ཤུ་རྩ་གཉིས་པ། མཉེས་པ་དང་ཡོངས་སུ་གཟུང་བའི་ལེའུ།

༈ དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་དེ་བཞིན་གཤེགས་པ་ཉིད་ལ་ སྔགས་ཀྱི་རྒྱལ་པོ་བརྟན་པར་གཟུང་བ་འདི་ཆེད་དུ་བརྗོད་དོ། །ཀྱེ་ཀྱེ་ཕྱོགས་བཅུ་དུས་བཞིའི་རང་བཞིན་འདི། །དེ་བཞིན་གཤེགས་པའི་ངོ་བོ་ཉིད། །གཟུང་འཛིན་སྤྲོས་ལ་འཆེལ་བ་ཡིས། །རྣམ་རྟོག་ཞགས་པས་སོ་སོར་འཛིན། །ས་རྣམས་ཁྱད་པར་བཀོད་པ་ཡང་། །གསང་བའི་སྙིང་པོར་འགྲོ་བའི་ལམ། །ཡེ་ཤེས་ངོ་མཚར་རབ་འབྱམས་ཀུན། །དོན་དུ་མི་འགྱུར་ཡོངས་མ་གསུངས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཕྱག་རྒྱ་གསང་ཆེན་སྙིང་པོ་འདི། །རྟོགས་ནས་སྨྲ་བར་གང་བྱེད་པ། །དེ་ཉིད་ང་ཡིན་དབང་ཡང་རྫོགས། །དེ་བཞིན་གཤེགས་པ་ཐམས་ཅད་ལ། །གསང་བ་འདི་ལས་གཞན་མི་མངའ། །སྒྲོ་དང་སྐུར་པ་ཞི་བ་ཡི། །གསང་བའི་སྙིང་པོ་དེ་ཁོ་ན། །ཉིད་དེ་ངེས་པའི་དབྱིངས་ནས་ཕྱུང་། །དེ་ནི་ངེས་པར་ལུང་བསྟན་ཏེ། །སྲས་ནི་ཐུགས་ལས་སྐྱེས་པ་ཡིན། །ས་རབ་རིག་པ་འཛིན་ལ་གནས། །ཞེས་བརྗོད་པས། དེ་བཞིན་གཤེགས་པ་ཐམས་ཅད་དབྱེར་མེད་པར་དགྱེས་ནས་དུས་བཞི་མཉམ་པ་ཉིད་ཀྱི་དབྱིངས་སྐུ་གསུང་ཐུགས་ལྷུན་སྟུག་པོ་བཀོད་པའི་རྒྱན་ཉིད་དུ་བཞུགས་སོ། །འཕགས་པ་རྟོག་པའི་རྒྱལ་པོ་སྒྱུ་འཕྲུལ་དྲྭ་བ་ལེའུ་སྟོང་ཕྲག་བརྒྱ་པ་ལས་མཚན་ཉིད་དང་རྒྱུད་ཐམས་ཅད་ཀྱི་ལུང་གི་སྤྱི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཐམས་ཅད་མ་ལུས་པར་སྤྲོས་ཏེ་འཁོར་ལོ་བསྐོར་བ་དེ་དག་གི་འབྲས་བུའི་མཆོག་གོ། །༼གཡུང་ཊཱིཀ་ན་རྫོགས་སོ་ཞེས་པ་རེ་ཞིག་རང་རྩོམ་ཟིན་པ་ལ་དགོངས་པ་འདྲའོ། །༽གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་མཉེས་པ་དང་ཡོངས་སུ་གཟུང་བའི་ལེའུ་སྟེ་ཉི་ཤུ་གཉིས་པ་རྫོགས་སོ།། །།

རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲའི་ཞལ་སྔ་ནས་དང་། བོད་ཀྱི་ལོ་ཙཱ་བ་གཉགས་ཛྙཱ་ན་ཀུ་མཱ་ར་དང་། རྨ་ཨཱ་ཙཱརྱ་རིན་ཆེན་མཆོག་གིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །སྤྱིར་རྩ་རྒྱུད་འདི་ལ་བོད་དུ་ལོ་པཎ་བསྡེབས་པའི་གཞི་འགྱུར་གསུམ་དང་། པཎྜི་ཏ་མེད་པའི་རྩལ་འགྱུར་གཉིས་ཏེ་འགྱུར་ལྔ་བྱུང་བར་གྲགས་པ་ལས། གཞི་འགྱུར་གསུམ་ནི། སློབ་དཔོན་སངས་རྒྱས་གསང་བ་དང་བཻ་རོ་ཙ་ནའི་སྔ་འགྱུར། སློབ་དཔོན་པདྨ་འབྱུང་གནས་དང་གཉགས་ཛྙཱ་ནའི་བར་འགྱུར། བི་མ་ལ་དང་རྨ་གཉགས་ཐུན་མོང་གི་ཕྱི་འགྱུར་དང་གསུམ་ལས། འདི་ནི་ཕྱི་མ་སྟེ་འཕྱོང་ཅན་ཡིན་ལ། སྔ་མ་གཉིས་ལ་འཕྱོང་མེད་པར་གྲགས་སོ། །རྩལ་འགྱུར་གཉིས་ནི། བསྟན་པ་ཕྱི་དར་གྱི་ཚེ་ཡོངས་རྫོགས་བསྟན་པའི་མངའ་བདག་ཐར་ལོ་ཉི་མ་རྒྱལ་མཚན་གྱི་འགྱུར་དང་། འགོས་ལོ་ཙཱ་བ་གཞོན་ནུ་དཔལ་གྱིས་འགྱུར་བཅོས་མཛད་པ་གཉིས་སུ་གྲགས་སོ། །སརྦ་དཱ་མངྒ་ལཾ།། །།


previousཉི་ཤུ་རྩ་གཉིས་པ། མཉེས་པ་དང་ཡོངས་སུ་གཟུང་བའི་ལེའུ།next