Nitartha Digital Library
Tibetan
ཀློང་ཆེན་པའི་གསུང་འབུམ། ཨ༽


   
  expand section
   
  expand section
   
   
   
   
  collapse section
ཡེ་གྲོལ་ཆེན་པོར་ལ་བཟླ་བ་འཁོར་བ་དོང་སྤྲུགས་རྡོ་རྗེའི་མགུར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཡེ་གྲོལ་ཆེན་པོར་ལ་བཟླ་བ་འཁོར་བ་དོང་སྤྲུགས་རྡོ་རྗེའི་མགུར།next

ཡེ་གྲོལ་ཆེན་པོར་ལ་བཟླ་བ་འཁོར་བ་དོང་སྤྲུགས་རྡོ་རྗེའི་མགུར།

དང་པོ། སྣང་སེམས་གཞི་མེད་དུ་བསྟན་པའི་ལེའུ།

༄༅། །ཁམས་གསུམ་ཡེ་གྲོལ་ཆེན་པོར་ལ་བཟླ་བ་འཁོར་བ་དོང་སྤྲུགས་རྡོ་རྗེའི་མགུར་ཞེས་བྱ་བ་བཞུགས་སོ། །

༈ ན་མོ་གུ་རུ་བྷྱཿ དྷརྨ་དྷཱ་ཏུ་ཡེ། རང་བཞིན་རྫོགས་པ་ཆེན་པོའི་མཁའ་ཀློང་ཡངས་པར་རྟོགས་པ་ཆོས་ཉིད་དུ་གྲོལ་བའི་མཚུངས་མེད་བླ་མ་ཉིད། ལྷུན་གྲུབ་གླིང་གི་དབེན་གནས་ན་བཞུགས་པའི་ཚེས་བཅུའི་ཚོགས་གྲལ་དུ་སྐལ་བཟང་གི་རྣལ་འབྱོར་པ་རྣམས་ལ། ཁམས་གསུམ་ཡེ་གྲོལ་ཆེན་པོར་ལ་བཟླ་བ་འཁོར་བ་དོང་སྤྲུགས་རྡོ་རྗེའི་མགུར་འདི་གསུངས་སོ། །མི་འགྱུར་ལྷུན་གྲུབ་ཀུན་ཏུ་བཟང་པོའི་དབྱིངས། །ཆོས་དབྱིངས་ཁྱབ་གདལ་ཀུན་ཏུ་བཟང་མོའི་ངང་། །འདུ་འབྲལ་མེད་པ་རང་བྱུང་ཡེ་ཤེས་ལ། །ཁམས་གསུམ་འཁོར་བ་དོང་སྤྲུགས་ཆེན་པོར་འདུད། །རྒྱུ་འབྲས་འདས་པའི་ཆོས་ཉིད་དོན་གྱི་དབྱིངས། །བླང་དོར་མེད་པ་བྱང་ཆུབ་སེམས་ཀྱི་ཀློང་། །སྣང་སྲིད་ཆོས་ཀུན་ཡེ་ནས་རྣམ་དག་པས། །འཁོར་བ་དོང་སྤྲུགས་རྡོ་རྗེའི་གླུ་ལ་ཉོན། །འདི་ལྟར་སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན། །གདོད་ནས་མ་སྐྱེས་རང་བཞིན་རྣམ་དག་པས། །འདི་ཞེས་མི་མཚོན་སྨྲ་བསམ་བརྗོད་ལས་འདས། །མཁའ་མཉམ་ཀློང་དུ་འཁོར་བ་དོང་སྤྲུགས་སོ། །ཁམས་གསུམ་རིགས་དྲུག་བདེ་སྡུག་འཁྲུལ་སྣང་ཀུན། །རྨི་ལམ་ངང་བཞིན་མ་སྐྱེས་སྟོང་པའི་ངང་། །སྣང་བའི་དུས་ན་རང་བཞིན་ཡོད་མ་མྱོང་། །ཆོས་ཉིད་ཀློང་དུ་འཁོར་བ་དོང་སྤྲུགས་སོ། །འཁོར་རྒྱུ་འཁོར་རྐྱེན་ལས་དང་ཉོན་མོངས་ཀུན། །བག་ཆགས་འཁྲུལ་པ་གློ་བུར་མིང་ཙམ་སྟེ། །གཞི་རྩ་རྟེན་མེད་ཆོས་དབྱིངས་གདོད་མའི་ངང་། །སེམས་ཉིད་ཀློང་དུ་འཁོར་བ་དོང་སྤྲུགས་སོ། །སྣང་སེམས་གཞི་མེད་དུ་བསྟན་པའི་ལེའུ་སྟེ་དང་པོའོ།། །།

གཉིས་པ། གཟུང་འཛིན་རྟེན་མེད་དུ་བསྟན་པའི་ལེའུ།

ཕྱི་རོལ་གཟུགས་སོགས་ཡུལ་དུ་སྣང་བའི་ཆོས། །ཕྱོགས་ཆ་དངོས་མེད་ཆུ་ཟླ་མིག་ཡོར་བཞིན། །སྣང་བས་སྟོང་ལ་གཟུགས་བྲལ་ཡངས་སངས་ཆེ། །ཡུལ་མེད་ཀློང་དུ་འཁོར་བ་དོང་སྤྲུགས་སོ། །ནང་གི་སེམས་ལ་ཁ་དོག་དངོས་པོ་མེད། །འདི་ཞེས་མི་མཚོན་བསམ་དང་བྲལ་བ་ཡི། །མཐའ་དང་དབུས་མེད་མཁའ་ལྟར་དག་པའི་ངང་། །འཛིན་མེད་ཀློང་དུ་འཁོར་བ་དོང་སྤྲུགས་སོ། །བར་གྱི་དམིགས་མྱོང་ལུས་སེམས་རྟེན་འདི་ཡང་། །ར་རི་འལ་འོལ་བར་སྣང་འཇའ་ཚོན་བཞིན། །ལུས་ངག་སྟོང་གསལ་སྒྱུ་མ་རང་སྣང་ཙམ། །རྟེན་མེད་ཀློང་དུ་འཁོར་བ་དོང་སྤྲུགས་སོ། །དབང་པོ་ཡུལ་དང་རྣམ་ཤེས་ཆོས་རྣམས་ཀུན། །མེད་ལ་གསལ་སྣང་དྲི་ཟའི་གྲོང་ཁྱེར་བཞིན། །རང་བཞིན་བདེན་མེད་གཞི་བྲལ་མཉམ་པའི་ངང་། །ཡེ་སྟོང་ཀློང་དུ་འཁོར་བ་དོང་སྤྲུགས་སོ། །གཟུང་འཛིན་རྟེན་མེད་དུ་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།

གསུམ་པ། རིག་སྟོང་ཆོས་ཟད་དུ་བསྟན་པའི་ལེའུ།

རིག་པའི་ངང་འདིར་ཕྱི་ནང་བར་མེད་པས། །གཟུང་འཛིན་ཡུལ་སེམས་རྟེན་མེད་ནམ་མཁའ་འདྲ། །གཅིག་ལས་མ་གཡོས་ཐམས་ཅད་གདོད་མའི་ངང་། །ཀ་དག་ཀློང་དུ་འཁོར་བ་དོང་སྤྲུགས་སོ། །ཕྱི་ལྟར་(༢༦)སྣང་ཡང་ཡུལ་མེད་རིག་པའི་ཀློང་། །ནང་ལྟར་སྣང་ཡང་འཛིན་མེད་ཡེ་ཤེས་ཀློང་། །བར་ལྟར་སྣང་ཡང་རྟེན་མེད་སྟོང་པའི་ཀློང་། །ལྷུན་གྲུབ་ཀློང་དུ་འཁོར་བ་དོང་སྤྲུགས་སོ། །ཕྱི་དང་ནང་མེད་རིག་པ་མཁའ་ལྟར་ཡངས། །ཟང་ངེ་ཐལ་ལེ་རྒྱ་ཆད་ཕྱོགས་ལྷུང་བྲལ། །རང་བྱུང་ཡེ་ཤེས་ཀུན་ཏུ་བཟང་པོའི་ཀློང་། །ཆོས་ཟད་ཀློང་དུ་འཁོར་བ་དོང་སྤྲུགས་སོ། །རིག་སྟོང་ཆོས་ཟད་དུ་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།

བཞི་པ། ཆོས་ཟད་བློ་འདས་སུ་བསྟན་པའི་ལེའུ།

ལྟ་བའི་ཡུལ་མེད་བསྒོམ་པའི་དམིགས་གཏད་མེད། །སྤྱོད་པའི་རིས་མེད་འབྲས་བུའི་འདོད་བློ་ཟད། །བྱ་རྒྱུའི་ཆོས་མེད་རྒྱ་ཡན་རིག་པའི་འགྲོས། །གནས་ལུགས་ཀློང་དུ་འཁོར་བ་དོང་སྤྲུགས་སོ། །རྒྱུ་འབྲས་ཆོས་ཀུན་བྱིས་པའི་རྩེད་མོ་འདྲ། །བྱས་ཀྱང་ཆོག་སྟེ་རང་བཞིན་བཞག་ཀྱང་ཆོག །ནན་ཏར་བྱས་ན་བྱ་རྒྱུ་མེད་པ་ལགས། །བྱར་མེད་ཀློང་དུ་འཁོར་བ་དོང་སྤྲུགས་སོ། །ཟང་ངེ་ཐལ་ལེ་རྒྱ་ཡན་རིག་པའི་ཀློང་། །རང་བྱུང་ཀློང་དུ་འཁོར་བ་དོང་སྤྲུགས་སོ། །ཆོས་ཟད་བློ་འདས་སུ་བསྟན་པའི་ལེའུ་སྟེ་བཞི་པའོ།། །།

ལྔ་པ། དགོངས་དོན་རང་ཤར་དུ་བསྟན་པའི་ལེའུ།

དགོངས་དོན་གསང་བའི་རིག་པ་རང་ཤར་བས། །མ་སྤངས་བཞིན་དུ་ཉོན་མོངས་གཟུང་འཛིན་དག །ལས་དང་བག་ཆགས་རང་གྲོལ་ཟང་ཐལ་ལེ། །རྣམ་དག་ཀློང་དུ་འཁོར་བ་དོང་སྤྲུགས་སོ། །བྱང་ཆུབ་སེམས་ཀྱི་དགོངས་པ་རང་ཤར་བས། །མ་བཙལ་ངང་དུ་ཡོན་ཏན་ལྷུན་གྱིས་གྲུབ། །སྐུ་དང་ཡེ་ཤེས་ཞིང་ཁམས་རང་སྣང་སངས། །འོད་གསལ་ཀློང་དུ་འཁོར་བ་དོང་སྤྲུགས་སོ། །བཏང་བཞག་མེད་པའི་བསམ་གཏན་རང་ཤར་བས། །འབད་རྩོལ་གཉེན་པོའི་ལམ་ལ་མ་བརྟེན་པར། །བདེ་གསལ་མི་རྟོག་ཉི་ཟླ་མཐའ་དབུས་མེད། །ཉམས་རྟོགས་ཀློང་དུ་འཁོར་བ་དོང་སྤྲུགས་སོ། །དགོངས་དོན་རང་ཤར་དུ་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།

དྲུག་པ། གནས་གསུམ་ཆོས་ཉིད་དུ་བསྟན་པའི་ལེའུ།

གཡོ་ཟོལ་མེད་པའི་རང་ལུས་ཁང་བཟང་དུ། །བྱིང་རྒོད་མེད་པའི་རིག་པ་རང་གསལ་བས། །འཕོ་འགྱུར་མེད་པ་ཆོས་སྐུའི་གཏན་སྲིད་ཟིན། །ཐོག་མའི་ཀློང་དུ་འཁོར་བ་དོང་སྤྲུགས་སོ། །གདོད་ནས་དག་པའི་ཡེ་ཤེས་རླུང་བཅིངས་པས། །འོད་རྩ་རྣམ་དག་ཀུན་བཟང་ཐིག་ལེ་གསལ། །མཐའ་དབུས་མེད་པར་ཐམས་ཅད་སངས་རྒྱས་ཞིང་། །ཡེ་ཤེས་ཀློང་དུ་འཁོར་བ་དོང་སྤྲུགས་སོ། །གཞི་ནས་ཕྱམ་ཕྱམ་གདོད་ནས་མེ་རེ་རེ། །མཐའ་དབུས་ཁྱབ་བརྡལ་འོད་གསལ་གདོད་མའི་ངང་། །སྣང་བཞི་ཟད་པས་རང་གསལ་ཆོས་སྐུའི་དབྱིངས། །ལྷུན་གྲུབ་སྦུབས་སུ་འཁོར་བ་དོང་སྤྲུགས་སོ། །གནས་གསུམ་ཆོས་ཉིད་དུ་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།

བདུན་པ། ཆོས་དང་གང་ཟག་ལ་བསྔགས་པའི་ལེའུ།

ཆོས་ཉིད་རང་བཞིན་རྫོགས་པ་ཆེན་པོའི་རྩེ། །གང་དང་མི་འདྲ་ཀུན་ལས་འཕགས་པས་ན། །འདི་དང་སུ་འཕྲད་ཚེ་འདིའི་གྲོལ་བ་ཐོབ། །མཐར་ཐུག་ཀློང་དུ་འཁོར་བ་དོང་སྤྲུགས་སོ། །ཐོག་མེད་བསྐལ་པ་རྒྱ་མཚོའི་རྡུལ་སྙེད་ནས། །བསོད་ནམས་ཡེ་ཤེས་ཚོགས་གཉིས་རབ་རྫོགས་པས། །འདི་ལ་འཇུག་པའི་སྐྱེས་བུ་སྐལ་བ་རབ། །བྱང་ཆུབ་ཀློང་དུ་འཁོར་བ་དོང་སྤྲུགས་སོ། །ཡེ་ནས་ལྷུན་གྲུབ་ཀློང་ཆེན་རབ་འབྱམས་ཀྱིས། །(༢༧)གཉིས་མེད་རང་བཞིན་རྫོགས་པ་ཆེན་པོའི་གནས། །ཇི་བཞིན་གླུར་བླངས་དགེ་བས་འགྲོ་བ་ཀུན། །ཀུན་བཟང་ཀློང་དུ་འཁོར་བ་དོང་སྤྲུགས་ཤོག །ཆོས་དང་གང་ཟག་ལ་བསྔགས་པའི་ལེའུ་སྟེ་བདུན་པའོ།། །།

མཆོག་གསང་རྫོགས་པ་ཆེན་པོ་རྡོ་རྗེ་རྩེ་མོའི་གླུ། འཁོར་བ་དོང་སྤྲུགས་མ་ཞེས་བྱ་བ་ཆོས་ཉིད་ཟད་སར་འཁྱོལ་བའི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས། དབང་པོ་ཡང་རབ་རྣམས་ཀྱི་རྟོགས་པ་ལ་བཟླ་བའི་དོན་དུ་གསུངས་པའོ། །རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་གསུངས་པའི་སྙིང་པོ་དོན་གྱི་མགུར་རྫོགས་སོ།། །།

དགེའོ།། །།


previousཡེ་གྲོལ་ཆེན་པོར་ལ་བཟླ་བ་འཁོར་བ་དོང་སྤྲུགས་རྡོ་རྗེའི་མགུར།next