རང་གི་སྤྱི་བོར་སོགས་སྨན་སྦྱར།
རང་གི་སྤྱི་བོར་པདྨ་འདབ་བཞིའི་དབུས་སུ། རྒྱལ་བ་ཐམས་ཅད་འདུས་པའི་ངོ་བོ། མཚུངས་མེད་མ་ཧཱ་གུ་ཎ་དང་འཇམ་དཔལ་དབྱངས་དབྱེར་མ་མཆིས་པ་ལ་སྨན་གྱི་ལྷ་མོ་བཞིས་བསྐོར་བ་མངོན་སུམ་བཞིན་དུ་བཞུགས་པར་གྱུར། ས་གཞི་སྤོས་ཆུས་སོགས་མཎྜལ་འབུལ། བླ་མ་སངས་རྒྱས་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །ཆོས་རྗེ་སངས་རྒྱས་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །མཚུངས་མེད་མ་ཧཱ་གུ་ཎ་ལ་གསོལ་བ་འདེབས་སོ། །བདག་གསོ་བ་རིག་པའི་གཞུང་ལུགས་ཐམས་ཅད་ལ་བློ་གྲོས་ཀྱི་སྣང་བ་རྒྱས་ཏེ་འགྲོ་བ་སེམས་ཅན་ཐམས་ཅད་ལ་ཕན་ཐོགས་ཉི་ཟླ་ལྟར་འབྱུང་བར་གྱུར་ཅིག །སྨྲས་ཚད་མངོན་ཤེས་སུ་གྱུར་ཅིག །སྦྱར་ཚད་སྨན་གྱུར་ཅིག །བཏང་ཚད་ཕན་པར་གྱུར་ཅིག །མཆོག་དང་ཐུན་མོང་གི་དངོས་གྲུབ་སྩལ་དུ་གསོལ། ཨོཾ་མ་ཧཱ་གུ་ཎ་སིདྡྷི་ཧཱུྃ། ཨོཾ་མ་ཧཱ་གུ་ཎ་ཧ་རི་ནི་ས་སིདྡྷི་ཧཱུྃ། ཨོཾ་ཨ་ར་པ་ཙ་ན་དྷཱིཿ ཇི་ནུས་བཟླས་མཐར། སྤྱི་བོའི་བླ་མ་འཁོར་བཅས་དགྱེས་པ་ཆེན་པོས་འོད་དུ་ཞུ་ནས་རང་ལ་ཐིམ་པར་གྱུར། སྐྱེ་བ་ཀུན་ཏུ་སོགས་ནས། སྨན་པའི་རྒྱལ་པོའི་གོ་འཕང་མྱུར་ཐོབ་ཤོག །ཅེས་སྦྱར་རོ། །བཀྲ་ཤིས།། །།