Nitartha Digital Library
Tibetan
གསུང་འབུམ་པོད་བདུན་པ། དྲང་ངེས་སོགས།


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཉིས་པ་བྱེ་བྲག་སོ་སོར་བཤད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཉིས་པ་བྱེ་བྲག་སོ་སོར་བཤད་པ།next

གཉིས་པ་བྱེ་བྲག་སོ་སོར་བཤད་པ།

གཉིས་པ་བྱེ་བྲག་སོ་སོར་བཤད་པ་ལ།

བླང་དོར་རབ་གསལ་འགྲེལ་བ་ལས། ཀུན་རྫོབ་རྣམ་ཤེས་ལ་སྣང་ཡང་དཔྱད་ན་རང་བཞིན་མེད་པར་སྟོན་པ་བཀའ་བར་བ་དང་མཐུན་པའི་དབུ་མ་དང༌། ཞེས་དང༌། དོན་དམ་ཡེ་ཤེས་ལ་སྣང་ཡང་མུ་བཞིའི་སྤྲོས་པ་དང་བྲལ་བར་སྟོན་པ་བཀའ་ཐ་མ་དང་མཐུན་པའི་དབུ་མའོ། །ཞེས་གསུངས་པ་ལྟར་འཁོར་ལོ་བར་བའི་རྗེས་འབྲང་གི་དབུ་མ་པ་དང༌། འཁོར་ལོ་ཐ་མའི་རྗེས་འབྲང་གི་དབུ་མ་པའི་ལུགས་ཀྱི་དྲང་ངེས་བཤད་པ་དང་གཉིས། དང་པོ་ལ་ནང་གསེས་འདོད་པ་མི་འདྲ་བ་མང་ཡང་བཞེད་པ་མཐུན་པ་མང་དུ་ཡོད་དེ། གཞན་སྟོང་སྙིང་པོ་ལས། དེ་དག་ལ་གྲུབ་མཐའ་ནང་གསེས་མི་འདྲ་བ་མང་ཡང༌། ཐམས་ཅད་མཐུན་པར་གཟུགས་སེམས་གཉིས་དང་ལྡན་མིན་འདུ་བྱེད་དེ་འདུས་བྱས་ཀྱི་དངོས་པོ་ཐམས་ཅད་དང༌། ནམ་མཁའ་སོགས་འདུས་མ་བྱས་དང༌། དངོས་མེད་ཐམས་ཅད་དེ་ཆོས་འདི་དག་ཐམས་ཅད་ནི་ཀུན་རྫོབ་ཡིན་ལ། དེ་རྣམས་ཀྱི་རང་བཞིན་བདེན་མེད་ཙམ་ནི་དོན་དམ་ཡིན་ཞིང༌། དེ་གཉིས་ངོ་བོ་གཅིག་དང་ཐ་དད་གང་དུ་ཡང་བརྗོད་དུ་མེད། རྣམ་བཞག་ཙམ་ཐ་དད་དེ། དོན་དམ་དབྱིངས་ཀྱི་ངོ་བོ་ནི་གང་ཡང་མེད་པས་སྤྲོས་བྲལ་ནམ་མཁའི་དཔེས་བསྟན། ཀུན་རྫོབ་སྣང་དུས་ན་བདེན་པས་སྟོང་ཡང༌། སྣང་བ་མ་འགག་པ་སྒྱུ་མའི་དཔེས་བསྟན། དེ་གཉིས་ཀར་ཡོད་མེད་ཡིན་མིན་སོགས་སྤྲོས་པ་ཐམས་ཅད་ལས་འདས་པར་འདོད་དོ། །གྲུབ་མཐའ་འདི་ལ་ཡང༌། དོན་དམ་ཆོས་ཉིད་དེ་སྤྲོས་པ་བཀག་ཙམ་གྱི་ནམ་མཁའ་ལྟ་བུ་ལ་འདོད་པ་དང༌། སངས་རྒྱས་ཀྱི་ཡེ་ཤེས་སོགས་ཀུན་རྫོབ་ཡིན་ཞིང་བདེན་པར་མེད་ཟེར་བ་དང༌།དོན་དམ་བདེན་པ་བདེན་མེད་དུ་འདོད་པ་དང༌། ཞེས་གསུངས་སོ། །དེ་ལ་དབྱེ་ན་དབུ་མ་རང་རྒྱུད་པའི་ལུགས་དང༌། རང་སྟོང་སྨྲ་བའི་ཐལ་འགྱུར་བའི་ལུགས་ཀྱི་དྲང་ངེས་གཉིས། དང་པོ་རང་རྒྱུད་པ་ནི། དབུ་མ་རང་རྒྱུད་པས་རང་རྒྱུད་ཀྱི་རྟགས་དང་རང་མཚན་ཐ་སྙད་དུ་ཁས་ལེན་པའི་འཁོར་ལོ་བར་བའི་རྗེས་འབྲང་གི་དབུ་མ་པའོ། །རང་རྒྱུད་པའི་མཚན་ཉིད་ནི། ཕར་ཕྱིན་ཡྀད་ཀྱི་མུན་སེལ་ལས། དབུ་མ་རང་རྒྱུད་པའི་མཚན་ཉིད། དབུ་མ་པ་གང་ཞིག རང་རྒྱུད་ཀྱི་སྦྱོར་ངག་རང་ལུགས་ལ་ཁས་བླངས་ནས་དངོས་སྨྲ་འགོག་པ། ཞེས་གསུངས་སོ། །སློབ་དཔོན་ལེགས་ལྡན་འབྱེད་དང༌། རང་རྒྱུད་ཤར་གསུམ་གྱི་མཁན་པོ་ཡེ་ཤེས་སྙིང་པོ། ཞི་བ་འཚོ་དང༌། ཀ་མ་ལ་ཤཱི་ལའོ། །

རང་རྒྱུད་པ་དེ་ལ་མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ་དང༌། རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་ལུགས་དང་གཉིས།

དང་པོ་ནི།

མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པས་ཕྱི་དོན་དང་གཞན་སྐྱེ་ཁས་ལེན་པའི་དབུ་མ་རང་རྒྱུད་པ་ཞིག་ཡིན་ལ། དེའི་མཚན་ཉིད་ནི། མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པའི་མཚན་ཉིད། ཀུན་རྫོབ་ཏུ་ཕྱི་དོན་གྲུབ་པར་ཁས་ལེན་པའི་དབུ་མ་རང་རྒྱུད་པ་དེ་ཡིན་ཏེ། བསྟན་པ་སྤྱི་འགྲེལ་གྱི་རྣམ་བཤད་ལས། ཀུན་རྫོབ་ཏུ་ཕྱི་རོལ་གྱི་དོན་གྲུབ་པར་འདོད་པའི་དབུ་མ་རང་རྒྱུད་པ་ལ། མདོ་སྡེ་སྤྱོད་པའི་དབུ་མ་བ་ཟེར་ཏེ་སློབ་དཔོན་ལེགས་ལྡན་འབྱེད་རྗེས་འབྲང་དང་བཅས་པའོ། །ཞེས་སོ། །ལེགས་ལྡན་འབྱེད་ཀྱིས་ཤེས་རབ་སྒྲོན་མ་ལས། ཇི་ལྟ་བུ་ཞེ་ན། ངོ་བོ་ཉིད་གསུམ་ཤེས་པར་བྱ། །དང་པོ་ཀུན་ཏུ་བརྟགས་པ་ཡིན། །གཉིས་པ་གཞན་གྱི་དབང་ཡིན་ཏེ། །ཐ་མ་ཡོངས་སུ་གྲུབ་པ་ཡིན། །མཚན་ཉིད་དེ་བཞིན་སྐྱེ་བ་དང༌། །དོན་དམ་ངོ་བོ་ཉིད་མེད་པས། །ངོ་བོ་ཉིད་ནི་གསུམ་པོ་དག །ངོ་བོ་ཉིད་མེད་ཉིད་དུ་འདོད། །དེ་ལ་གང་གི་ཚེ་ཀུན་བརྟགས་པའི་ངོ་བོ་ཉིད་མེད་པའི་ཕྱིར་མི་དམིགས་ཤིང༌། གཞན་གྱི་དབང་གི་ངོ་བོ་ཉིད་ཀྱང་རྒྱུ་མཚན་དུ་མི་འཛིན་པས་ཡང་དག་པར་རྗེས་སུ་མི་མཐོང་བ་དེའི་ཚེ་ན། དམིགས་པ་ཐམས་ཅད་ཉེ་བར་ཞི་བ་ཡིན་ནོ། །ཞེས་པ་ནས། དེ་ལ་འདིར་གལ་ཏེ་གཟུགས་ཞེས་བྱ་བར་ཡིད་ལ་བརྗོད་པ་དང༌།ཚིག་ཏུ་བརྗོད་པའི་ཀུན་བཏགས་པའི་ངོ་བོ་ཉིད་གང་ཡིན་པ་དེ་མེད་དོ་ཞེ་ན་ནི། དངོས་པོ་ལ་སྐུར་པ་འདེབས་པ་ཡིན་ཏེ་ཡིད་ལ་བརྗོད་པ་དང་ཚིག་ཏུ་བརྗོད་པ་ལ་སྐུར་པ་འདེབས་པའི་ཕྱིར་རོ། །ཞེས་ཀུན་བཏགས་ལ་མཚན་ཉིད་ངོ་བོ་ཉིད་མེད་དོ་ཞེས་གསུངས་པའི་ཀུན་བཏགས་དེ་ངོ་བོ་དང་ཁྱད་པར་དུ་འདོགས་པའི་རྟོག་པ་དང་མིང་ལ་བྱེད་ན་དེ་གཉིས་ཕུང་པོར་གཏོགས་པས་གཞན་དབང་ལ་མཚན་ཉིད་ངོ་བོ་ཉིད་མེད་པའི་སྐུར་འདེབས་སུ་བཤད་པས། གཞན་དབང་ལ་མཚན་ཉིད་ངོ་བོ་ཉིད་ཡོད་པར་འདོད་དགོས་སོ། །དེ་ཡང་དགོངས་པ་ངེས་འགྲེལ་ལས་རང་གི་མཚན་ཉིད་ཀྱིས་མ་གྲུབ་པས་མཚན་ཉིད་ངོ་བོ་ཉིད་མེད་པར་བཤད་ལ། འདི་དག་ཀྱང་མདོ་དེའི་དོན་གཏན་ལ་འབེབས་པ་ཡིན་པས། གཞན་དབང་ལ་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ངོ་བོ་ཡོད་པར་བཞེད་དོ། །དབུས་མཐའ་ལས་མིང་ཀུན་བཏགས་སུ་བཤད་པ་ནི་མིང་གིས་བཏགས་པའི་དོན་ཡིན་གྱི་མིང་གི་ངོ་བོ་མིན་པར་བློ་བརྟན་གྱིས་བཤད་ཅེས་རྗེའི་དྲང་ངེས་ན་བཤད་པས་དཔྱད་པར་ཞུ། སློབ་དཔོན་འདིས་དངོས་པོ་ལ་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཡིན་པར་ཐ་སྙད་དུ་བཞེད་པ་ཡིན་ནོ། ། གཞན་ཡང་ཤེས་རབ་སྒྲོན་མ་ལས། ཅི་སྟེ་གང་ཡང་རུང་བས་དེ་གཉིས་ཀྱིས་དོན་ཀུན་བཏགས་པ་དེ་མེད་དེ། དཔེར་ན། ཐག་པ་ལ་སྦྲུལ་གྱི་བློ་བཞིན་ནོ་ཞེ་ན་ནི། ཀུན་བཏགས་པ་མེད་པ་མ་ཡིན་ཏེ། དེ་ལ་རྣམ་པ་འདྲ་བས་བློ་གྲོས་འཁྲུལ་བས་ཀུན་བཏགས་པའི་དོན་མེད་ཀྱང་ཐ་སྙད་དུ་སྦྲུལ་འཁྱིལ་བ་ལ་སྦྲུལ་མེད་དོ་ཞེ་ན་ནི། གྲགས་པའི་གནོད་པར་འགྱུར་རོ། །ཅི་སྟེ་དོན་དམ་པར་དངོས་པོ་སེལ་བར་བྱེད་ན་ནི། དབུ་མ་པའི་ཚུལ་གྱིས་རྗེས་སུ་སྨྲ་བ་ཡིན་ཏེ།དོན་དམ་པར་སྦྲུལ་རྫས་སུ་ཡོད་པ་མ་ཡིན་པའི་ཕྱིར་དང༌། ངོ་བོ་ཉིད་ལས་སྐྱེ་བ་མེད་པའི་ཕྱིར་རོ། །ཞེས་པའི་དོན་ནི་གཟུགས་ལ་སོགས་པ་ལ་འདི་དང་འདིའི་ཞེས་ངོ་བོ་དང་ཁྱད་པར་དུ་ཀུན་བཏགས་པའི་དོན་དེ་མེད་པའི་དཔེར་ཐག་པ་ལ་སྦྲུལ་ལོ་སྙམ་དུ་བཏགས་པའི་བཏགས་དོན་མེད་པ་འཇོག་པ་མི་རིགས་ཏེ། དེ་ལ་ཕ་རོལ་པོས་ཐག་པ་ལ་སྦྲུལ་ལོ་སྙམ་དུ་བཟུང་བ་དེའི་དོན་མེད་ཀྱང་སྦྲུལ་འཁྱིལ་བ་ལ་སྦྲུལ་ལོ་སྙམ་དུ་བཟུང་བའི་དོན་ཐ་སྙད་དུ་ཡོད་པ་བཞིན་དུ། གཟུགས་ལ་ཚོར་བའོ་སྙམ་དུ་བཟུང་བའི་ཡུལ་མེད་ཀྱང་གཟུགས་ལ་གཟུགས་སོ་སྙམ་དུ་བཟུང་བའི་ཡུལ་ཐ་སྙད་དུ་ཡོད་དོ་ཞེས་སྨྲ་བར་ནུས་པའི་ཕྱིར་རོ། །འདིར་ཡོད་མེད་ནི་མཚན་ཉིད་ངོ་བོ་ཉིད་ཡོད་མེད་ཡིན་པར་རྗེ་བདག་ཉིད་ཆེན་པོས་གསུངས་ཀྱང་རང་ལུགས་ལ་སྤྱིར་ཡོད་མེད་ལ་བཞེད་དགོས་པ་འདྲའོ། །ཁ་ཅིག་གིས་འདི་བས་གཞི་གྲུབ་ན་རང་གི་མཚན་ཉིད་གྲུབ་པར་འདོད་ཅེས་འཆད་ཀྱང་ཀུན་བཏགས་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་བཞེད་སྙམ་མོ། །ས་བཅུ་པ་ལས་ཁམས་གསུམ་སེམས་ཙམ་དུ་གསུངས་པ་ནི། གཞན་སྡེ་འདོད་པ་ལྟར་སེམས་ལས་གཞན་པའི་འཇིག་རྟེན་གྱི་བྱེད་པ་པོ་འགོག་པ་མདོའི་དོན་ཡིན་པས་ཕྱི་དོན་འགོག་པ་མིན་ནོ། །ལང་ཀར་གཤེགས་པ་ལས། ཕྱི་རོལ་སྣང་བ་ཡོད་མིན་ཏེ། །ལུས་དང་ལོངས་སྤྱོད་གནས་འདྲ་བར། །སེམས་ནི་སྣ་ཚོགས་སྣང་བས་ན། །སེམས་ཙམ་དུ་ནི་ང་སྨྲ་འོ། །ཞེས་གསུངས་པས་ཀྱང་ཕྱི་རོལ་བཀག་པ་མིན་པར་བཞེད་དོ། །ལུང་དེའི་རྐང་པ་དང་པོའི་དོན་ནི་ཕྱི་རོལ་ངོ་བོ་ཉིད་ལས་ཡོད་པ་མིན་པའོ། །ལུས་དང་ལོངས་སྤྱོད་དང་གནས་ཀྱི་དོན་དང་འདྲ་བར་སེམས་སྣ་ཚོགས་སུ་སྐྱེ་བ་ནི་དོན་དེ་དག་དང་འདྲ་བའི་རྣམ་པ་ཅན་དུ་སྐྱེས་པ་ལ་ཤེས་རབ་སྒྲོན་མ་ལས་བཤད་དོ། །ཤེས་རབ་སྒྲོན་མ་ལས། དང་པོ་རྣམ་པར་རིག་པ་ཙམ་བླངས་ནས་ཕྱིས་དེ་ཡོངས་སུ་གཏོང་བར་འདོད་ན་ཡང༌། འདམ་རྫབ་ཀྱིས་སྦགས་ནས་འཁྲུ་བ་ལས་དང་པོ་ནས་མི་རེག་པར་ཐག་སྲིང་བ་བཟང་སྟེ། ཕྱི་རོལ་གྱི་དོན་ངོ་བོ་ཉིད་མེད་པར་རྟོགས་པ་བཞིན་དུ་རྣམ་ཤེས་ཀྱང་བདག་མེད་པ་དང་སྐྱེ་བ་མེད་པར་རྟོགས་པར་བྱར་རུང་ངོ། །ཞེས་ཀྱང་གསུངས་ལ། ཀུན་གཞི་རྣམ་པར་ཤེས་པ་ཡང་མི་བཞེད་དེ། དེ་འདོད་ན་ཕྱི་རོལ་མེད་ཀྱང་དེའི་བག་ཆགས་སྨིན་པ་ལས་དོན་དུ་སྣང་བའི་རྣམ་རིག་སྐྱེ་བར་འཇོག་དགོས་པས་ཕྱི་རོལ་ཁས་ལེན་དོན་མེད་པའི་ཕྱིར་རོ། །དེས་ན་དབུ་མ་སྙིང་པོ་ལས། རྣམ་ཤེས་ཞེས་བྱའི་རྣམ་གྲངས་ཀྱིས། །བདག་ནི་ངེས་པར་བསྟན་པ་ཡིན། །ཞེས་གསུངས་ཏེ། ཀུན་གཞི་མི་འདོད་པས་ན་ཉོན་ཡིད་ཀྱང་མི་འཇོག་གོ །ཡང་དེ་ཉིད་ལས། ཡུལ་དུ་སྣང་ལས་གཞན་གྱུར་པའི། །སེམས་ཉིད་ཇི་འདྲ་བ་ཞིག་སྣང༌། །ཞེས་རྣམ་ཤེས་ཕྱི་རོལ་ཡུལ་གྱི་རྣམ་པར་སྣང་བ་དང༌། རྣམ་པ་དེར་མི་སྣང་བར་འཛིན་རྣམ་མྱོང་བའི་ངོ་བོར་སྣང་བས་རྣམ་པར་ཤེས་པ་ཉིད་རང་སྣང་བ་དང་ཡུལ་དུ་སྣང་བ་གཉིས་སུ་སྣང་བ་འབྱུང་བ་དང༌། ཡུལ་དུ་སྣང་བ་སྔ་མས་མྱོང་བའི་རང་རིག་དང་དེ་གཉིས་དམིགས་བྱ་དམིགས་བྱེད་ཀྱི་དམིགས་རྐྱེན་འཇོག་པ་རྣམས་ཐ་སྙད་དུ་ཡང་འགོག་པས་རང་རིག་ཀྱང་མི་བཞེད་དེ། དབུ་མ་སྙིང་པོ་ལས། ཡུལ་དུ་སྣང་བར་གྱུར་པ་ཡི། །སེམས་ཉིད་དམིགས་པར་འདོད་ཅེ་ན། །ཡུལ་དུ་སྣང་ལས་གཞན་གྱུར་པའི། །སེམས་ཉིད་ཇི་འདྲ་བ་ཞིག་སྣང༌། །ཞེས་དང༌། བདེན་གཉིས་རང་འགྲེལ་ལས། ཤེས་པ་ནི་བདག་གིས་བདག་ཤེས་པ་ནི་མ་ཡིན་ཏེ། རང་སྣང་བས་སྟོང་བའི་ཕྱིར། ཤེས་པ་གཞན་བཞིན་ནོ། །ཞེས་དང༌། རང་སྣང་བར་ཁས་ལེན་ན་ནི་ཐ་དད་པར་ཐལ་བར་འགྱུར་ཏེ། སྔོན་པོ་དང་དེ་ཤེས་པ་བཞིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །སློབ་དཔོན་ཡེ་ཤེས་སྙིང་པོས་ཡང༌། ཐ་སྙད་དུ་རང་གི་མཚན་ཉིད་ཀྱིས་གྲུབ་པ་མི་འགོགས་པ་དང་ཕྱི་རོལ་ཡོད་པའི་ཚུལ་ལུགས་འདི་དང་འདྲའོ། །སློབ་དཔོན་འདིས་བདེན་མེད་སྒྲུབ་བྱེད་ཀྱི་རིགས་པ་གཙོ་བོར་གང་ལ་བྱེད་ཅེ་ན། དགག་པའི་རྟགས་ཀྱིས་འགོག་པ་ལ་འགའ་ཟུང་ཙམ་མ་གཏོགས་པ་འགལ་ཟླ་དམིགས་པ་ཉིད་ཀྱིས་འགོག་ཅིང༌། དེ་ཡང་གཏན་ཚིགས་དང་བསྒྲུབ་བྱའི་ཆོས་རྗེས་སུ་འགྲོ་བའི་དཔེ་སླ་བ་ལ་བསམས་ནས། མིག་ནི་དོན་དམ་པར་གཟུགས་ལ་མི་ལྟ་སྟེ། དབང་པོ་ཡིན་པའི་ཕྱིར། རྣ་བའི་དབང་པོ་བཞིན་ནོ་ཞེས་པ་དང༌།སའི་ཁམས་ནི་དོན་དམ་པར་སྲ་བའི་ངོ་བོ་ཉིད་མ་ཡིན་ཏེ། འབྱུང་བ་ཡིན་པའི་ཕྱིར། ཆུ་བཞིན་ནོ། །ཞེས་པ་ལ་སོགས་པ་འདི་འདྲ་བའི་སྦྱོར་བ་རྣམས་ཀྱིས་བསྒྲུབ་པའོ། །སློབ་དཔོན་ཡེ་ཤེས་སྙིང་པོའི་ལུགས་ལ་རང་བཞིན་གྱིས་སྐྱེ་བ་མེད་པ་རྣམ་གྲངས་པའི་དོན་དམ་དང༌། མི་བསླུ་བའི་ཆོས་སྤྲོས་པ་ལས་འདས་པ་རྣམ་གྲངས་མ་ཡིན་པའི་དོན་དམ་དུ་བཞེད་དེ། ཇོ་བོ་རྗེའི་བདེན་གཉིས་ལས། ཀུན་རྫོབ་འདི་ལྟར་སྣང་བ་འདི། །རིགས་པས་བརྟགས་ན་འགའ་མི་རྙེད། །མ་རྙེད་པ་ཉིད་དོན་དམ་སྟེ། །ཡེ་ནས་གནས་པའི་ཆོས་ཉིད་དོ། །ཞེས་དང༌། སློབ་དཔོན་ཡེ་ཤེས་སྙིང་བོའི་ཞལ་སྔ་ནས་བསླུ་བ་མེད་པས་རིགས་པ་ནི། །དོན་དམ་ཡིན་ཏེ་ཀུན་རྫོབ་མིན། །དེ་ལྟར་མི་སླུ་མིན་ཕྱིར་དེ། །ཇི་ལྟར་སྣང་བ་དེ་ཉིད་བདེན། །ཞེས་དང༌། བདེན་གཉིས་རང་འགྲེལ་ལས། རིགས་པ་ཇི་ལྟ་བ་བཞིན་ཉིད་ནི་དོན་དམ་པའི་བདེན་པའོ། །ནི་ཞེས་བྱ་བའི་སྒྲ་ནི་བསྣན་པའི་དོན་ཏོ། །དོན་དམ་པར་བདེན་པ་ནི་དོན་དམ་པའི་བདེན་པ་སྟེ། དེ་ནི་རིགས་པའི་རྗེས་སུ་འགྲོ་བ་ཅན་གྱི་བདེན་པ་ཉིད་ཅེས་བྱ་བའི་ཐ་ཚིག་གོ། །གང་གི་ཕྱིར། སླུ་བ་མེད་པས་རིགས་པ་ནི་དོན་དམ་ཡིན་ཏེ། རིགས་པའི་སྟོབས་ཀྱིས་དོན་ལ་ངེས་པ་ནི་སླུ་བར་མི་འགྱུར་ཏེ། དེ་ཕྱིར་ཚུལ་གསུམ་པའི་རྟགས་ཀྱིས་བསྐྱེད་པའི་རྟོགས་པ་གང་ཡྀན་པ་དེ་ནི་དམ་པ་ཡང་ཡིན་ལ། དོན་ཡང་ཡིན་པས་དོན་དམ་པའོ། །ཞེས་སོགས་དང༌། སྐྱེ་བ་ལ་སོགས་བཀག་པ་ཡང༌། །དོན་དམ་པ་དང་མཐུན་པའི་ཕྱིར། །དོན་དམ་ཡིན་པར་ཁོ་བོས་འདོད། །ཅེས་དང༌། དབུ་མ་སྣང་བ་ལས། དེ་ལྟར་ན་སྐྱེ་བ་མེད་པ་འདི་ཡང་དོན་དམ་པ་དང་མཐུན་པའི་ཕྱིར་དོན་དམ་པ་ཞེས་བྱའི་དངོས་སུ་ནི་མ་ཡིན་ཏེ། དངོས་སུ་ནི་དོན་དམ་པ་སྤྲོས་པ་ཐམས་ཅད་ལས་འདས་པའི་ཕྱིར་རོ། །ཞེས་གསུངས་སོ། །ཉ་ཊཱིཀ་ལས་དེ་ལྟར་བཤད་དོ། །


previousགཉིས་པ་བྱེ་བྲག་སོ་སོར་བཤད་པ།next