Nitartha Digital Library
Tibetan
རྗེ་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱི་གསུང་འབུམ།


  collapse section
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
ངེས་ཆ་བཤད་པ།
   
   
   
   
   
   
   


 
previousངེས་ཆ་བཤད་པ། next

ངེས་ཆ་བཤད་པ།

གཉིས་པ་ཚུལ་བཞིན་ཡིད་བྱེད་ཀྱི་རང་བཞིན་ངེས་འབྱེད་ཆ་མཐུན་ལ་སྤྱི་དང་ཡན་ལག་གི་དོན་གཉིས་ཀྱི་དང་པོ་ལ་རྟེན། ངོ་བོ། བློ་རིགས་དཔྱད་པ་དང་གསུམ་གྱི་དང་པོ་ནི། མཐོ་ལམ་གྱི་ལུས་དང་བསམ་པའི་རྟེན་གང་ཡིན་པ་སྦྱོར་ལམ་གྱི་ཡང་ཡིན་ནོ། །སྦྱོར་ལམ་ནི་མཐོང་ལམ་གྱི་འཁོར་ཡིན་པས་སོ། །དེས་ན་གླིང་གསུམ་གྱི་སྐྱེས་པ་དང་བུད་མེད་འདོད་ལྷ་དང་བཅས་པ་ནི་ལུས་ཀྱི་རྟེན་ཡིན་ལ། སེམས་རྟེན་ནི་བསམ་གཏན་ས་དྲུག་ཡིན་ལ། བྱང་སེམས་ནི་ཐབས་ལ་མཁས་པས་འདོད་སེམས་ལ་ཡང་བརྟེན་ནོ། །ཐེག་ཆེན་མཐོང་ལམ་བསམ་གཏན་བཞི་པ་ཁོ་ན་ལ་བརྟེན་ཞེས་སྔ་རབས་པ་དག་འདོད་པ་ནི་མ་ཡིན་ནོ། །བྱང་སེམས་རྒྱུན་ཞུགས་དང་ཐོད་རྒལ་བའི་ཕྱིར་འོང་དག་འདོད་སེམས་དང་བསམ་གཏན་དང་པོའི་ཉེར་བསྡོགས་གང་རུང་ལ་བརྟེན་པའི་ཕྱིར་ཏེ། དེ་དག་གིས་བསམ་གཏན་གྱི་དངོས་གཞིའི་སེམས་མ་ཐོབ་པས་སོ། །གཉིས་པ་ལ་མཚན་ཉིད། དབྱེ་བ། ཕྱེ་བ་སོ་སོའི་དོན་དང་གསུམ་གྱི་དང་པོ་ནི། ཐར་པ་ཆ་མཐུན་རྫོགས་རྗེས་ཀྱི་བདེན་པ་མངོན་པར་རྟོགས་པ་དང་རྗེས་སུ་མཐུན་པའི་འཇིག་རྟེན་པའི་སྒོམ་བྱུང་། གཉིས་པ་ནི། གནས་སྐབས་ཀྱི་ཕྱེ་བ། ཆུང་ངུ་དང་། འབྲིང་དང་། ཆེན་པོ་གསུམ། ངོ་བོས་ཕྱེ་བ། དྲོ་བ་ལ་སོགས་པ་བཞིའོ། །གསུམ་པ་ནི། མཐོང་ལམ་སྐྱེད་པ་ཚེ་རབས་ཀྱི་དུས་ངེས་པ་མེད་པ་ཅན་ནི་ངེས་འབྱེད་ཆ་མཐུན་ཆུང་ངུའོ། །ཚེ་རབས་ཀྱི་དུས་ངེས་པ་ཅན་ནི་འབྲིང་ངོ་། །ཚེ་འདི་ཉིད་ལ་སྐྱེས་པ་ནི་ཆེན་པོའོ། །སྣང་བ་ཐོབ་པའི་ཏིང་ངེ་འཛིན་དྲོ་བར་གྱུར་པ་ནི། ཆོས་རང་བཞིན་མེད་པ་ལ་མཉམ་པར་བཞག་པ་ན། ཤེས་པ་ལས་ཐ་དད་པའི་གཟུང་བ་རང་བཞིན་མེད་པ་ལ་གསལ་སྣང་དང་པོར་ཐོབ་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །དེ་སྐད་དུ་ཡང་རྒྱན་ལས། བྱང་ཆུབ་སེམས་པ་མཉམ་གཞག་པས། །ཡིད་ཀྱི་བརྗོད་པ་མ་གཏོགས་པ། །དོན་ཀུན་རབ་ཏུ་མི་མཐོང་ངོ་། །ཞེས་སོ། །སྣང་བ་མཆེད་པའི་ཏིང་ངེ་འཛིན་རྩེ་མོར་གྱུར་པ་ནི། གཟུགས་མེད་ཀྱི་སྣང་བ་དེ་འཕེལ་བར་བྱ་བའི་ཕྱིར་བརྩོན་འགྲུས་བརྩམས་པས་གཟུང་བ་རང་བཞིན་མེད་པ་ལ་གསལ་སྣང་ཁྱད་པར་དུ་གྱུར་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །དེ་སྐད་དུ་ཡང་། ཆོས་ཀྱི་སྣང་བ་འཕེལ་བྱའི་ཕྱིར། །བརྩོན་འགྲུས་བརྟན་པ་རབ་ཏུ་རྩོམ། །ཞེས་སོ། །དེ་ཁོ་ན་ཉིད་ཀྱི་ཕྱོགས་གཅིག་ལ་ཞུགས་པའི་ཏིང་ངེ་འཛིན་བཟོད་པ་ནི། སེམས་ཙམ་ལ་གནས་ཏེ་གཟུགས་མེད་ཀྱི་ཆོས་ཉིད་ལ་གསལ་སྣང་ཆེར་སྐྱེས་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །དེ་སྐད་དུ་ཡང་། དེ་ནས་དོན་ཀུན་སྣང་བ་ནི། །སེམས་སུ་རབ་ཏུ་སྣང་བར་འགྱུར། །དེ་ཚེ་དེ་ཡིས་གཟུང་བ་ཡིས། །རྣམ་པར་གཡེང་བ་དེས་སྤོང་འགྱུར། །ཞེས་སོ། །བར་ཆད་མེད་པའི་ཏིང་ངེ་འཛིན་ཆོས་ཀྱི་མཆོག་ནི། དེའི་འོག་དུ་འཛིན་པ་རང་བཞིན་མེད་པ་ལ་གསལ་སྣང་ཡོངས་སུ་རྫོགས་པར་གྱུར་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །དེ་སྐད་དུ་ཡང་། དེ་ཚེ་བར་ཆད་མེད་པ་ཡི། །ཏིང་ངེ་འཛིན་ལ་མྱུར་དུ་རེག །འདི་ལྟར་དེ་ཡི་མཇུག་ཐོགས་སུ། །འཛིན་པའི་རྣམ་པར་གཡེང་བ་ཡོད། །ཅེས་སོ། །གནས་སྐབས་འདི་དག་ཏུ་ཆོས་ཉིད་ལ་སྒོམ་བྱུང་གི་གསལ་གནང་ཐོབ་པས། མོས་པ་བརྟན་པའི་ཕྱིར་མོས་སྤྱོད་ཀྱི་ས་ཞེས་བྱའོ། །ས་འདི་ལ་གནས་པའི་བྱང་སེམས་ནི་སོ་སྐྱེ་ཡིན་ཡང་། བྱིས་པའི་རྒུད་པ་ཐམས་ཅད་ལས་ཡང་དག་པར་འདས་ཤིང་ཏིང་ངེ་འཛིན་དང་གཟུངས་དང་རྣམ་ཐར་དང་། མངོན་ཤེས་ལ་སོགས་པའི་ཡོན་ཏན་གྲངས་མེད་པ་དང་ལྡན་ནོ། །ཞེས་དཀོན་མཆོག་སྤྲིན་ལས་བཤད་པ་ནི། བྱང་སེམས་དབང་པོ་རྣོན་པོའི་དབང་དུ་བྱས་པ་ཡིན་གྱི། ཐམས་ཅད་ལ་ངེས་པ་མེད་དོ། །གསུམ་པ་ནི། ལོ་ཙཱ་བ་ཆེན་པོས། ངེས་འབྱེད་ཆ་མཐུན་འདི་རྣམས། རྒྱུ་སྒོམ་པའི་སྟོབས་ལས་བྱུང་བ་དང་། ཡུལ་ཆོས་ཉིད་ལ་རྣམ་པ་གསལ་སྣང་ཅན་ཡིན་པའི་ཕྱིར་རྣལ་འབྱོར་མངོན་སུམ་དུ་བཞེད་པར་གྲགས་སོ། །དེ་ནི་མི་རིགས་ཏེ་མངོན་སུམ་ནི། ཡུལ་ལ་ཆ་ཤས་མ་ཕྱེ་བར་མངོན་དུ་བྱེད་པའི་རྣམ་པས་འཇུག་པས་ཆོས་ཉིད་མངོན་སུམ་དུ་མཐོང་བ་དང་། མཐོང་སྤང་གི་སྒྲིབ་པ་སྤོང་བ་དང་མོས་སྤྱོད་ཀྱི་ས་མ་ཡིན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཡང་ཁ་ཅིག་འདི་ནི་གཉིས་སྣང་གི་རྟོག་བཅས་ཡིན་གྱི་སྒྲ་དོན་འཛིན་པའི་རྟོག་པ་དང་བྲལ་བ་ཡིན་ཏེ། ཡུལ་ཆོས་ཉིད་ལ་གསལ་སྣང་ཅན་ཡིན་པས་སོ་ཞེས་ཟེར་རོ། །དེ་ལྟར་ན། འདི་རང་གི་ཡུལ་ཆོས་ཉིད་ལ་འཁྲུལ་པའམ་འོན་ཏེ་མ་འཁྲུལ་བ་ཡིན། དང་པོ་ལྟར་ན། ཆོས་ཉིད་དེ་ལ་ལྟོས་ནས་ཚད་མའི་སྟོབས་ཀྱིས་དྲངས་པས་ཤེས་པ་མ་ཡིན་པར་ཐལ། དེ་ལ་རྟོག་མེད་ལོག་ཤེས་ཡིན་ཕྱིར་ཟླ་གཉིས་ཀྱི་ཤེས་པ་བཞིན། རྟོག་མེད་ཀྱི་ཤེས་པ་འཁྲུལ་པའི་རྒྱུ་ནི་ཕྱི་ནང་གི་རྐྱེན་གྱིས་བདག་རྐྱེན་དབང་པོ་བསླད་པ་ཉིད་ཡིན་གྱི་ཚད་མའི་སྟོབས་ཀྱིས་སྐྱེད་པ་མ་སྲིད། ཅི་སྟེ། ཚད་མའི་སྟོབས་ཀྱིས་བསྐྱེད་པ་མ་ཡིན་ན་ཡང་བསྒོམས་པ་ལས་བདེན་པ་མངོན་པར་རྟོགས་པའི་ལམ་མི་སྐྱེ་བར་འགྱུར་ཏེ། ཚད་མས་གནོད་བཅས་ཀྱི་དོན་གོམས་པར་བྱས་པ་ལས་དེ་ཁོ་ན་ཉིད་ཀྱི་རྟོགས་པ་སྐྱེ་བ་མི་སྲིད་པའི་ཕྱིར་རོ། །གལ་ཏེ་ཆོས་ཉིད་ལ་མ་འཁྲུལ་ན་ཡང་། དེ་མངོན་སུམ་ཚད་མར་འགྱུར་བས་གོང་དུ་བཤད་པའི་ཉེས་པ་སོ་ན་གནས་སོ། །དེས་ན། ངེས་འབྱེད་ཆ་མཐུན་འདི་རྣམས་ནི། གཅིག་དང་དུ་བྲལ་ལ་སོགས་པའི་རྟགས་ལ་བརྟེན་པའི་ཚད་མའི་སྟོབས་ཀྱིས་དྲངས་པའི་ཤེས་རབ་ཡང་དག་པ་དཔྱོད་པའི་ངོར་གྱུར་པ་བསྒོམས་པའི་སྟོབས་ཀྱིས་སྟོང་ཉིད་ལ་གསལ་སྣང་ཅུང་ཟད་དང་བཅས་པ་ཡིན་ནོ། །གསལ་བར་སྣང་ཡང་རྟོག་བྲལ་མ་ཡིན་ཏེ། མཐོང་སྤང་གི་ས་བོན་ཉམས་སྨད་པར་བྱེད་པ་ཙམ་ཡིན་གྱི་དྲུངས་ནས་འབྱེན་བྱེད་མ་ཡིན་པའི་ཕྱིར་རོ། །གསལ་བ་སྣང་བ་ནི། ཐོས་བསམ་གྱི་ཤེས་པ་ལ་ལྟོས་ཏེ། རྣམ་རྟོག་རགས་པ་དང་བྲལ་བ་ཙམ་ཡིན་གྱི། ཡུལ་ཇི་ལྟ་བ་བཞིན་དུ་མངོན་དུ་གྱུར་པ་མ་ཡིན་པས་མངོན་སུམ་དུ་མི་འགྱུར་རོ། །གཉིས་པ་ལ་མདོར་བསྟན། རྒྱས་བཤད་གཉིས་ཀྱི་དང་པོ་ལ་གསུམ་ལས་དང་པོ་ནི། གདམས་ངག་གི་འོག་ཏུ་ངེས་པར་འབྱེད་པའི་ཡན་ལག་ངེས་པའི་ལམ་གཞན་མ་བསྟན་པ་སྡུག་བསྔལ་འཆད་དོ། །དེའི་རྒྱུ་མཚན་ལས་དང་པོ་པ་ཚོགས་ཀྱི་ལམ་ལ་གནས་པ་གོང་དུ་བཤད་པའི་ཚུལ་དེ་ལྟར་གདམས་ངག་ཐོབ་པས་དེའི་དོན་ཚུལ་བཞིན་ཉམས་སུ་བླངས་པ་ལས་འབྲས་བུ་ངེས་པར་འབྱེད་པའི་ཡན་ལག་འབྱུང་བས་སོ། །གཉིས་པ་རྩ་བ་ནི། ཁྱད་པར་འཕགས་ཞེས་དྲང་། འདི་ལ་ཁྱད་གཞི། ཁྱད་ཆོས། གང་ལས་ཁྱད་པར་དུ་འཕགས་པ་གསུམ་གྱི་དང་པོ་ནི། རྟེན་གྱི་གང་ཟག་བྱང་ཆུབ་སེམས་དཔའ་ཉིད་ཀྱི་གཟིགས་པའི་ལམ་གཞན་ལ་བསྟན་པས་སྡུག་བསྔལ་སྐྱོབ་པའི་དྲོད་དང་སོགས་པས་རྩེ་མོ་བཟོད་པ་ཆོས་མཆོག་རྣམས་སོ། །

དེ་དག་གི་རང་བཞིན་ཅི་ཞེ་ན། དྲོད་ལ་སོགས་པ་བཞི་པོའི་བདག་ཉིད་གོ་རིམ་ཇི་ལྟ་བ་བཞིན་དུ་འོག་ནས་འཆད་པར་འགྱུར་བའི་གཟུང་འཛིན་གྱི་རྣམ་པར་རྟོག་པ་དང་པོར་ལྡན་པ་ལ་བ རྟེན་པ་ཅན་ནོ། །དབྱེ་བ་ནི། རེ་རེ་ཡང་སྔ་ཕྱི་རིམ་གྱིས་སྐྱེ་བས་སམ། གདམས་ངག་དབང་པོ་རྟུལ་འབྲིང་རྣོ་གསུམ་གྱི་བྱེ་བྲག་གིས་ཆུང་ངུ་དང་འབྲིང་དང་ཆེན་པོ་གསུམ་གསུམ་མོ། །གཉིས་པ་ནི། གང་ཡོངས་སུ་བཅད་པར་བྱ་བའི་དམིགས་པ་དང་། ཚུལ་ཇི་ལྟར་ཡོངས་སུ་གཅོད་པའི་རྣམ་པ་དང་། འབྲས་བུ་ཁྱད་པར་ཅན་གྱི་རྒྱུ་བྱེད་པ་དང་། མི་མཐུན་ཕྱོགས་སྤོང་ཞིང་མཐུན་རྐྱེན་སྒྲུབ་པར་བྱེད་པའི་ཡོངས་སུ་འཛིན་པ་སྟེ། ཁྱད་པར་བཞི་ཡིས་སོ། །གསུམ་པ་ནི། ཉན་ཐོས་དང་བསེ་རུ་ལྟ་བུའི་རང་རྒྱལ་ཚོགས་སྤྱོད་ཆེ་ཆུང་དང་བཅས་པའི་སྦྱོར་ལམ་དག་ལས་སོ། །ཉི་སྣང་དུ། ཉན་ཐོས་ལ་སོགས་པ་ལས་ཁྱད་པར་རྣམ་པར་བཞི་བརྗོད་པར་བྱ་བ་ཡིན་ཏེ། དམིགས་པའི་ཁྱད་པར་དང་། རྣམ་པའི་ཁྱད་པར་དང་། རྒྱུ་ཡི་ཁྱད་པར་དང་། ཡོངས་སུ་འཛིན་པའི་ཁྱད་པར་རོ་ཞེས་སོ། །ཁྱད་ཆོས་བཞི་དང་། ཟློས་སྤོང་གི་ཐད་དུ་རྣམ་རྟོག་བཞི་དང་། ཆུང་ངུ་འབྲིང་གི་དབྱེ་བ་ཡང་བསྣམས་ནས་ཁྱད་ཆོས་དྲུག་ཏུ་བཤད་ཅིང་། འགྲེལ་ཆེན་དུ། ཆུང་འབྲིང་གི་དབྱེ་བ་དང་བཅས་པ་ཁྱད་ཆོས་ལྔར་འཆད་ལ། འདིར་ཆུང་འབྲིང་སོགས་ཁྱད་གཞིའི་དབྱེ་བར་བྱས་ནས་རྣམ་རྟོག་དང་བཅས་པའི་ཁྱད་ཆོས་ལྔར་འཆད་དོ། །གསུམ་པ་འགྲེལ་པ་ལ་དངོས་དང་། ཞར་ལ་བྱང་སེམས་ཀྱི་སྦྱོར་ལམ་དམིགས་ཚུལ་སྣ་ཚོགས་སུ་བསྟན་པ་གཉིས་ཀྱི་དང་པོ་ལ། ཁྱད་པར་འཕགས་ཚུལ་དང་དེའི་རྒྱུ་མཚན་གཉིས་ཀྱི་དང་པོ་ནི། ཁྱད་པར་དུ་འཕགས་པ་ཡིན་ནོ་ཞེས་དྲང་། འདི་ལ་རྩ་བ་ལྟར་གསུམ་གྱི་དང་པོ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞི་པོའོ། །འདི་ལ་རྒྱུ། ངོ་བོ། འབྲས་བུ། དབྱེ་བ་བཞིའི་དང་པོ་ནི། ཐར་པའི་ཆ་དང་མཐུན་པས་བསྡུས་པའི་དད་པ་ལ་སོགས་པ་དབང་པོ་ལྔའི་མཚན་ཉིད་ཀྱི་དགེ་བའི་རྩ་བ་ཡོངས་སུ་སྨིན་པ་ལས་འབྱུང་བས་དེའི་འོག་ཏུའོ། །ཐར་པ་ཆ་མཐུན་གྱི་དགེ་བ་ཇི་ལྟ་བུ་ཞེ་ན། དེ་ཁོ་ན་ཉིད་རྟོགས་པ་དང་རྗེས་སུ་མཐུན་པའི་གསུང་རབ་ལ་ཐོས་པ་དང་སོགས་པས་བསམ་པ་སོགས་རྒྱུ་སྨིན་པར་བྱེད་པ་ཚོགས་ཀྱི་ལམ་རབ་ཀྱི་མཐར་ཕྱིན་པ་ཐོབ་པའོ། །གཉིས་པ་ནི། འཇིག་རྟེན་པའི་སྒོམ་པ་ལས་བྱུང་བ་སྟེ། རྟོག་བཅས་ཡིན་པའི་ཕྱིར་དང་། གོམས་ཡུལ་ལ་གསལ་སྣང་ཡོད་པས་སོ། །དང་པོས་འཕགས་ལམ་དང་། གཉིས་པས་ཐར་པ་ཆ་མཐུན་ལས་འབྱེད་པས། དེ་ནི་ཐོས་བསམ་གྱི་རང་བཞིན་ཡིན་པས་སོ། །དང་པོ་ནི། བདེན་བཞིའི་ཆོས་ཉིད་རྟོགས་པའི་མཐོང་ལམ་སྐྱེ་བ་དང་རྗེས་སུ་མཐུན་པ་སྟེ། འདིས་ནི། མི་སྡུག་པ་བསྒོམ་པ་སོགས་མོས་པ་ཡིད་བྱེད་ཀྱི་སྒོམ་བྱུང་ལས་ཁྱད་པར་དུ་བྱེད་དོ། །བཞི་པ་ལ་ངོ་བོ་དང་། གནས་སྐབས་ཀྱི་དབྱེ་བ་གཉིས་ཀྱི་དང་པོ་ནི། གཟུགས་མེད་ཀྱི་ཆོས་ཉིད་ལ་སྒོམ་བྱུང་གི་གསལ་སྣང་དང་པོ་ཐོབ་པ། དྲོ་བར་གྱུར་པ་ཞེས་བྱ་བའི་དགེ་བའི་རྩ་བ་དང་། དེའི་འོག་ཏུ་གསལ་སྣང་འབྲིང་དུ་ཐོབ་པ་རྩེ་མོར་གྱུར་པ་དང་། དེའི་འོག་ཏུ་གཟུགས་མེད་ལ་གསལ་སྣང་ཡོངས་སུ་རྫོགས་པ་བཟོད་པར་གྱུར་པ་དང་། དེའི་འོག་ཏུ་འཛིན་མེད་ལ་གསལ་སྣང་ཡོངས་སུ་རྫོགས་པ་ཆོས་ཀྱི་མཆོག་ཅེས་བྱ་བ་རྣམ་པ་བཞིའོ། །གཉིས་པ་ནི། ཐོག་མ་དང་། བར་དང་། ཐ་མ་གསུམ་དུ་སྔ་ཕྱི་རིམ་གྱིས་སྐྱེ་བས་སམ། རྟེན་གྱི་གང་ཟག་བྱང་སེམས་དང་འབྲེལ་བའི་དབང་པོ་རྟུལ་པོ་དང་། སོགས་པས་འབྲིང་དང་རྣོན་པོའི་གང་ཟག་གི་བྱེ་བྲག་གིས་དེ་དག་རེ་རེ་ལའང་ཆུང་ངུ་དང་འབྲིང་དང་ཆེན་པོ་གསུམ་གསུམ་མོ། །གཉིས་པ་ཁྱད་པར་གྱི་ཆོས་ནི། དམིགས་པ་མི་རྟག་ལ་སོགས་པ་ཞེས་སོགས་སུ་འཆད་པར་འགྱུར་བས་དམིགས་པའི་ཁྱད་པར་གྱི་ངོ་བོ་ཉིད་མི་རྟག་པ་ལ་སོགས་པས་ཁྱད་པར་དུ་བྱས་པའི་བདེན་པ་བཞིའི་དངོས་པོ་ལ་དམིགས་པ་དང་། མི་རྟག་པ་ལ་སོགས་པ་ཆོས་སུ་ལྟ་བའི་གཉེན་པོ་ཉིད་ཀྱིས་རྟག་མི་རྟག་སོགས་ཆོས་སུ་མངོན་པར་ཞེན་པ་མེད་པ་ལ་སོགས་པའི་རྣམ་པར་ཞུགས་པས། ཐེག་པ་གསུམ་ཆར་གྱི་ཡོན་ཏན་རྟོགས་ཤིང་ཐོབ་པའི་རྒྱུའི་ངོ་བོ་ཉིད་དང་། ཐེག་ཆེན་གྱི་དགེ་བའི་བཤེས་གཉེན་ཐབས་ལ་མཁས་པའི་མཚན་ཉིད་ཀྱི་སྲིད་ཞིིའི་མཐའ་ལ་མི་ལྟུང་བར་ཡོངས་སུ་འཛིན་པ་དང་ལན་ཅིག་དང་། རྩེ་མོའི་སྐབས་ཀྱི་མཐོང་བ་དང་། སྒོམ་པས་སྤང་བྱའི་གཟུང་འཛིན་གྱི་རྣམ་རྟོག་བཞི་པོ་འོག་ནས་འཆད་པར་འགྱུར་བའི་ཚུལ་དང་། ཀུན་ནས་ཉོན་མོངས་བྱེད་དུ་འབྲེལ་བར་འབྱུང་བ་ཡིས་སོ། །གསུམ་པ་ཡུལ་གང་ལས་ཁྱད་པར་འཕགས་པ་ནི། ཉན་ཐོས་རྣམས་དང་། སོགས་པས་རང་རྒྱལ་རྣམས་ཀྱི་དྲོ་བ་ལ་སོགས་པ་ལས་སོ། །

གཉིས་པ་ཁྱད་ཆོས་དེ་དག་གི་ཁྱད་པར་འཕགས་པའི་རྒྱུ་མཚན་ནི། ཉན་རང་དེ་དག་གི་དྲོ་བ་ལ་སོགས་པའི་རྩ་བ་རྣམས་ནི། ཁྱད་ཆོས་ལྔ་པོ་དང་བྲལ་བའི་ཕྱིར་ཏེ། འདི་ལྟར། ཉན་ཐོས་ཀྱི་ཐེག་པའི་ལུང་ལས། དེ་དག་གི་ལམ་རྣམས་གཟུགས་སུ་རུང་བ་དང་། སོགས་པས་ཉམས་སུ་མྱོང་བ་དང་། ཡུལ་སོ་སོ་རྣམ་པར་རིག་པ་ལ་སོགས་པའི་མཚན་ཉིད་ཀྱི་ཕུང་པོ་ལྔའི་ངོ་བོའི་བདག་ཉིད་ཀྱི་བདེན་པ་བཞི་ལ་དམིགས་པ་དང་། སྤང་བྱ་གང་ཟག་གི་དབང་དུ་ལྟ་བའི་གཉེན་པོ་ཉིད་ཀྱིས་མི་རྟག་པ་ལ་སོགས་གང་ཟག་གི་བདག་མེད་པའི་རྣམ་པར་ཞུགས་པ་དང་རང་གཅིག་བུ་གྲོལ་བ་དོན་དུ་གཉེར་བས་རང་གི་ཐེག་པའི་འབྲས་བུ་རྟོགས་ཤིང་། ཐོས་པ་ཁོ་ནའི་ཆེད་དུ་དང་། སྲིད་ཞིའི་མཐའ་ལས་སྐྱོབ་པའི་ཡོངས་འཛིན་ཐབས་མཁས་དང་བྲལ་བ་དང་། གཟུང་འཛིན་གྱི་རྣམ་པར་རྟོག་པ་རྣམ་པ་བཞི་རང་གི་བྱང་ཆུབ་ཀྱི་གེགས་མི་བྱེད་པས་ཀུན་ནས་ཉོན་མོངས་བྱེད་དུ་མི་ལྡན་པར་འབྱུང་ངོ་ཞེས་འབྱུང་བའི་ཕྱིར་རོ། །

གཉིས་པ་ལ་དངོས་དང་། རྒྱས་པར་མ་དཀྲོལ་བའི་རྒྱུ་མཚན། ཐེག་པ་གཞན་དང་འགལ་བའི་རྩོད་པ་སྤང་བ་དང་གསུམ་གྱི་དང་པོ་ནི། བདེན་པ་བཞིའི་དངོས་པོ་ལ་དམིགས་པ་ཡིན་ནོ། །གང་གིས་ན། བྱང་སེམས་རྣམས་ཀྱི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་སོ། །གང་གི་སྒོ་ནས་ཞེ་ན། བཟོད་པ་འབྲིང་གི་གནས་སྐབས་ཁ་ཅིག་ཏུ་ནི་རྒྱུའི་སྒོ་ནས་དམིགས་ཏེ། སྒོ་གསུམ་མཚན་གཞི་དང་བཅས་པ་རྣམ་པར་དག་པའི་རྒྱུར་གྱུར་པའི་ཚུལ་དུ་བདེན་བཞི་ལ་དམིགས་པས་སོ། །ཆོས་མཆོག་ཆུང་ངུའི་གནས་སྐབས་ཁ་ཅིག་ཏུ་ནི་འབྲས་བུའི་སྒོ་ནས་དམིགས་ཏེ། གདུལ་བྱའི་སྐལ་བ་ཇི་ལྟ་བ་བཞིན་དུ་ཏིང་ངེ་འཛིན་གྱི་བྱེད་པ་འཇུག་པའི་ཆེད་དུ་བདེན་བཞི་ལ་དམིགས་པའི་ཕྱིར། བཟོད་པ་ཆུང་ངུའི་གནས་སྐབས་ཁ་ཅིག་ཏུ་ནི་བདེན་གཉིས་ཀྱི་ངོ་བོ་ཉིད་ཀྱི་སྒོ་ནས་དམིགས་ཏེ། བདེན་བཞིས་བསྡུས་པའི་གཟུགས་སོགས་དོན་དམ་པར་རང་བཞིན་མེད་ཅིང་ཀུན་རྫོབ་དུ་རང་བཞིན་དང་བཅས་པ་ལྟར་དུ་དམིགས་པའི་ཕྱིར་རོ། །དྲོ་བ་ཆུང་ངུ་ལ་སོགས་པ་ཁ་ཅིག་ཏུ་ནི་ཆོས་ཉིད་ཀྱི་རྣམ་པའི་སྒོ་ནས་དམིགས་ཏེ། མངོན་ཤེས་བཀག་པ་ལ་སོགས་པ་སྟོང་པ་ཉིད་ཀྱི་ཚུལ་དུ་བདེན་བཞི་ལ་དམིགས་པའི་ཕྱིར། འོ་ན་སྦྱོར་ལམ་བཅུ་གཉིས་པོ་གང་གིས་རྒྱུའི་སྒོ་ནས་དམིགས་ཤིང་གང་གི་འབྲས་བུ་ལ་སོགས་པའི་སྒོ་ནས་དམིགས་ཞེ་ན། སྦྱོར་ལམ་གང་ལ་རྒྱུ་འབྲས་ངོ་བོ་ཆོས་ཉིད་ཀྱི་རྣམ་པ་ཇི་ལྟར་སྲིད་པ་བཞིན་དུ་དམིགས་པ་ཡིན་ལ།

དེ་ཡང་ཅི་རིགས་པ་རང་གི་རྣམ་པར་དཔྱད་ནས་ཤེས་པར་བྱའོ། །ཅིའི་ཕྱིར་དེ་ལྟར་དམིགས་པ་ཡིན་ཞེ་ན། བདེན་གཉིས་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཐབས་ལ་མཁས་པའི་སྟོབས་ཀྱིས་སོ། །བོད་རྣམས་མཉམ་གཞག་དུ་དོན་དམ་ལ་ཆོས་ཉིད་ཀྱི་རྣམ་པའི་སྒོ་ནས་དམིགས་ལ། རྗེས་ཐོབ་དུ་ཀུན་རྫོབ་ལ་རྒྱུ་འབྲས་ངོ་བོ་གསུམ་གྱི་སྒོ་ནས་དམིགས་ཏེ། ཀུན་རྫོབ་ལ་རྒྱུ་འབྲས་ངོ་བོ་གསུམ་ལས་མ་འདས་པས་སོ་ཞེས་འཆད་པ་ལེགས་པར་ལྟར་སྣང་ཡང་སློབ་དཔོན་གྱི་དགོངས་པར་མི་སྣང་ཞིང་། འགྲེལ་པ་གཞན་གྱི་བཤད་པ་ལ་སྙིང་པོ་མེད་དོ། །སྔ་མ་ཉན་ཐོས་ཀྱི་སྦྱོར་ལམ་བཞིན་དུ་མི་རྟག་པ་ལ་སོགས་པ་རྣམ་པ་གཞུང་དུ་བསྟན་པ་ལས་གཞན་གྱིས་ཀྱང་བདེན་པ་བཞི་ལ་ཀུན་ཏུ་དམིགས་སོ་ཞེས་བཤད་པར་བྱའོ། །དེ་ལྟར་ན་ཡང་། ཉན་ཐོས་བཞིན་དུ་ཆོས་ཀྱི་མཚན་མར་འཛིན་པ་དང་། མྱང་འདས་སུ་ལྟུང་བར་མི་འགྱུར་ཏེ། ཐབས་ལ་མཁས་པའི་སྟོབས་ཀྱིས་སོ། །གཉིས་པ་ནི། རྒྱུའི་སྒོ་ནས་དམིགས་ཚུལ་སོགས་འོག་ནས་གཞུང་ཉིད་ཀྱི་འཆད་ཀྱང་། རྣམ་པ་གཞན་གྱིས་དམིགས་ཚུལ་འདི། འགྲེལ་པས་འཆད་པར་རིགས་སོ་ཞེ་ན། འགྲེལ་པ་འདིར་དེ་དག་རྒྱས་པར་མ་སྤྲོས་ཏེ། མདོར་བསྡུས་ཏེ་རྩ་བའི་ཚིག་དོན་ཙམ་རྣམ་པར་བཀྲོལ་བ་ཙམ་དུ་བརྗོད་པར་འདོད་པས་སོ། །གསུམ་པ་ནི། གལ་ཏེ་བདེན་པ་བཞི་ལ་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་དམིགས་སོ་ཞེས་པ་དེ་མངོན་པའི་སྡེ་སྣོད་དང་འགལ་ཏེ། ཆོས་མངོན་པ་ལས་དྲི་མེད་བཅུ་དྲུག་གཞན་རྣམས་མེད་ཅེས་བདེན་པའི་རྣམ་པ་མི་རྟག་སོགས་བཅུ་དྲུག་ཏུ་བཤད་པས་སོ་ཞེ་ན། དེ་ནི་ཉན་ཐོས་ཉོན་སྒྲིབ་ཙམ་སྤངས་པའི་རྣམ་གྲོལ་དོན་དུ་གཉེར་བའི་དབང་དུ་བྱས་པ་ཡིན་ལ། འདི་ནི་བྱང་སེམས་ཤེས་སྒྲིབ་སྤོང་བ་དོན་དུ་གཉེར་བ་དག་གི་དབང་དུ་བྱས་པ་ཡིན་ཏེ། བདེན་འཛིན་ཇི་སྙེད་པའི་གཉེན་པོར་དེ་དང་འགལ་བའི་རྣམ་པ་དེ་སྙེད་སྒོམ་དགོས་པས་བཅུ་དྲུག་དུ་མ་ངེས་ཞེས་སྟོན་པ་ནི། གང་གི་ཕྱིར་ཤེར་ཕྱིན་གྱི་ཚུལ་འདི་ནི་ཉན་ཐོས་ཀྱི་ཐེག་པ་ལས་རྣམ་པར་བཞག་པ་གཞན་ཁོ་ན་ཡིན་ནོ། །ཐེག་ཆེན་ཐུན་མོང་མ་ཡིན་པའི་ལུགས་ཡིན་པས་སོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར་ཐེག་པ་གཞན་ཉན་ཐོས་ཀྱི་ཚུལ་ལ་བརྟེན་ནས་དེ་དང་འགལ་བར་བསམས་ཏེ། སྐབས་འདི་འབའ་ཞིག་དུ་མ་ཟད་གང་དུ་ཡང་སུན་འབྱིན་པར་བརྗོད་པར་མི་བྱ་སྟེ། ལུགས་ཐ་དད་ཁོ་ན་ཡིན་པས་སོ། །གཉིས་པ་རྒྱས་པར་བཤད་པ་ལ། དམིགས་རྣམ་རྒྱུ་གསུམ། མཚུངས་ལྡན་ལྡོག་པ། ཡོངས་འཛིན་དགེ་བཤེས་བཤད་པ་དང་གསུམ་གྱི་དང་པོ་ལ། སྤྱིའི་མཚམས་སྦྱར། སོ་སོའི་དོན་བཤད། བརྗོད་ཚུལ་ལ་རྩོད་པ་སྤོང་བ་དང་གསུམ་གྱི། དང་པོ་ནི། གང་གིས་ཉན་རང་གི་སྦྱོར་ལམ་ལས་ཁྱད་པར་དུ་འཕགས་པའི་བྱང་སེམས་གྱི་སྦྱོར་ལམ་གྱི་དམིགས་པ་དང་རྣམ་པའི་ཁྱད་པར་དེ་ཇི་ལྟ་བུ་ཞེ་ན། དྲི་བ་དེའི་ལན་གདབ་པའི་ཕྱིར། དེའི་ཕྱིར་ཞེས་སོ། །དམིགས་རྣམ་ནི། སྦྱོར་ལམ་གྱི་ངོ་བོ་སྟོན་པའི་སྐབས་ལས་འཕྲོས་པའི་དོན་ཡིན་པས་བར་ཚིག་ཞེས་སོ། །གཉིས་པ་ལ་བཞིའི་དང་པོ་དྲོ་བ་ལ་རྩ་འགྲེལ་གཉིས་ཀྱི་དང་པོ་ནི། འདིར་དམིགས་པ་དང་རྣམ་པའི་དོན་ནི། སྒྲོ་འདོགས་གཅད་པར་བྱ་བའི་གཞི་ནི་དམིགས་པ་ཡིན་ལ། སྒྲོ་འདོགས་གཅོད་པར་བྱེད་པའི་གཉེན་པོ་ནི་རྣམ་པ་ཡིན་ནོ། །ཉི་སྣང་དུ། གལ་ཏེ་རེ་ཤིག་མངོན་པར་ཞེན་པ་མེད་པ་ཙམ། མངོན་པར་ཞེན་པ་མེད་པ་ཡིན་ན། དེ་ལྟར་ན་ནི་མེད་པའི་ཕྱིར་གཉེན་པོར་མི་རིགས་སོ། །འོན་ཏེ། གང་མངོན་པར་ཞེན་པ་མ་ཡིན་ན་ནི་མིག་ལ་སོགས་པ་ཡང་ཡིན་པར་ཐལ་བར་འགྱུར་རོ་ཞེ་ན། ཇི་ལྟར་མི་མཐུན་པ་ཡིན་པ་དེ་ལྟར་ནི་མངོན་པར་ཞེན་པ་ཡིན་ལ། ཇི་ལྟར་གཉེན་པོ་ཡིན་པ་དེ་ལྟར་ནི་མངོན་པར་ཞེན་པ་མ་ཡིན་པ་ཡིན་ནོ་ཞེས་སོ། །དེ་བས་ན་དམིགས་པ་བདེན་བཞིིའི་དེ་ཁོ་ན་ཉིད་ཡོངས་སུ་གཅོད་པར་བྱེད་པའི་ཏིང་ངེ་འཛིན་དང་ཤེས་རབ་ནི་རྣམ་པ་ཡིན་ནོ། །བདེན་པ་བཞི་ལ་ལོག་པར་ཞུགས་པའི་གདམས་ངག་དང་ཆོས་སུ་འཛིན་པའི་སྒྲོ་འདོགས་ཀྱི་གཉེན་པོ་བྱེད་པས་སོ། །དེ་ལ་དྲོ་བ་ཆུང་ངུའི་དམིགས་པ་ནི་མི་རྟག་པ་དང་སྡུག་བསྔལ་སོགས་བདེན་པ་བཞིའི་རྟེན་ཅན་ཏེ་མི་རྟག་པ་སོགས་ཀྱི་ཁྱད་པར་བྱས་པའི་བདེན་བཞི་ཡིན་ནོ། །མི་རྟག་སོགས་ཆོས་སུ་ཞེན་པའི་སྒྲོ་འདོགས་བཅད་པར་བྱ་བའི་གཞི་ཡིན་པའི་ཕྱིར་རོ། །བདེན་པའི་རྟེན་ཅན་ནི་དམིགས་པ་དེ་ཡི་ནི་རྣམ་པ་མི་རྟག་སོགས་ཆོས་སུ་མངོན་པར་ཞེན་པ་དང་ལྷག་པར་གནས་པ་སོགས་འགོག་པ་ཡིན་ནོ། །དེ་ལ་ལོག་ཕྱོགས་སུ་སྒྲོ་འདོགས་པའི་མཐུན་ཕྱོགས་ཀྱི་གཉེན་པོ་ཡིན་པས་སོ། །མདོ་ནི། ཤ་བུ་བྱང་སེམས་ཤེར་ཕྱིན་ལ་སྤྱོད་པའི་ཚེ་གཟུགས་མི་རྟག་པ་དང་སྡུག་བསྔལ་བ་དང་། སྟོང་པ་དང་བདག་མེད་ཅེས་བྱ་བར་མངོན་པར་ཞེན་པ་དང་། ལྷག་པར་གནས་པ་དང་། ཀུན་ཤེས་པ་དེ་ནི་བྱང་ཆེན་གྱི་ཆོས་ལ་མཐུན་པའི་སྲེད་པ་སྟེ། སྐྱོན་ནོ་ཞེས་པས་དམིགས་པ་རྗེས་འགྲོ་དང་། རྣམ་པ་བཟློག་པའི་སྒོ་ནས་བསྟན་ནོ། །དྲོ་བ་ཆུང་ངུ་ལ་སོགས་པ་ཐམས་ཅད་ནི་ཐེག་པ་གསུམ་ཆར་གྱི་ཡོན་ཏན་ཐོབ་པའི་རྒྱུ་ཡིན་ནོ། །བྱང་སེམས་ཀྱི་མཐོང་ལམ་ཉིད་ལ་ཐེག་པ་གསུམ་ཀའི་ཡོན་ཏན་ཚང་ཞིང་དེའི་རྒྱུ་བྱེད་པའི་ཕྱིར་རོ། །མདོ་ནི། ཉན་ཐོས་ཀྱི་ས་ལ་བསླབ་པར་འདོད་པས་ཀྱང་ཤེར་ཕྱིན་འདི་ཉིད་མཉན་པར་བྱ་བ་ཞེས་སོ། །དྲོད་འབྲིང་གི་དམིགས་པ་ནི་བདེན་པས་བསྡུས་པའི་གཟུགས་ལ་སོགས་པའི་འདུ་བ་སྒྲུབ་པ་དང་། འགོད་པ་དགག་པ་དང་བྲལ་བ་སྟེ། བཅོམ་ལྡན་འདས་བདག་གི་གཟུགས་ཀྱི་འདུ་བ་དང་། འགོད་པ་མ་འཚལ། མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ཞེས་སོ། །རྣམ་པ་ནི། དགག་སྒྲུབ་དང་བྲལ་བའི་གཟུགས་སོགས་ཀྱི་མིང་རྒྱུན་གནས་པ་དང་བྲལ་བ་ཡང་མེད་རྒྱུན་གནས་པ་ཡང་མེད་དེ། མིང་ཉིད་རང་བཞིན་མེད་པས་སོ། །མིང་དེ་ཡང་གནས་པ་ཡང་མ་ལགས། མི་གནས་པ་ཡང་མ་ལགས་ཞེས་སོ། །ཆེན་པོའི་དམིགས་པ་ནི། གཟུགས་ནས་སངས་རྒྱས་ཀྱི་བར་གྱི་ཆོས་བརྡར་བཏགས་པའི་ཐ་སྙད་པ་ཉིད་ཡིན་ནོ། །བཅོམ་ལྡན་འདས་འདི་ལྟ་སྟེ། བྱང་སེམས་ཞེས་ཆོས་ཀྱི་བརྡར་བཏགས་པ་དང་། ཆོས་སུ་བཏགས་པ་གང་ལགས་པ་འདིའང་ཞེས་སོ། །རྣམ་པ་ནི། དེ་ཉིད་དགེ་མི་དགེ་སོགས་ཆོས་གང་དུ་ཡང་བརྗོད་དུ་མེད་པར་རྟོགས་པ་སྟེ། ཕུང་པོ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་གང་གིས་ཀྱང་བརྗོད་པར་བགྱི་བ་མ་ལགས་ཏེ་ཞེས་སོ། །གཉིས་པ་འགྲེལ་པ་ལ་རྒྱས་པར་བཤད་པ། དོན་བསྡུ་བ་གཉིས་ཀྱི་དང་པོ་ནི། དེ་ལ་ཞེས་པ་ངག་ཉེ་བར་འགོད་པའི་ཚིག་ཕྲད་དོ། །སྡུག་བསྔལ་ལ་སོགས་པའི་བདེན་བཞི་ལ་བརྟེན་པའི་མི་རྟག་པ་ལ་སོགས་པའི་རྣམ་པ་སྟེ་ཆོས་བཅུ་དྲུག་ཆོས་ཅན། དྲོ་བ་ཆུང་ངུའི་དམིགས་པ་ཡིན་ནོ། །དེ་སྒྲོ་འདོགས་བཅད་པར་བྱ་བའི་གཞི་ཡིན་པས་སོ། །སྡུག་བསྔལ་ལ་སོགས་པ་བདེན་པ་བཞི་ལ་མི་རྟག་པ་ལ་སོགས་པ་དང་པོར་མངོན་པར་ཞེན་པ་དང་། དེའི་འོག་ཏུ་རྒྱུ་མཚན་ལྷག་པར་དམིགས་པ་དང་། སོགས་པས་ཕྱིན་ཅི་ལོག་གི་རྒྱུ་མཚན་འཛིན་པའི་སྒོ་ནས་ཀུན་ཤེས་པ་རྣམས་འགོག་པར་བྱེད་པའི་ཡེ་ཤེས་ཀྱི་བྱེ་བྲག་ཆོས་ཅན། བྱང་སེམས་ཀྱི་དྲོད་ཆུང་ངུའི་རྣམ་པ་ཡིན་ཏེ། དེའི་དམིགས་པ་ལ་ལོག་ཕྱོགས་སུ་སྒྲོ་འདོགས་པའི་མི་མཐུན་ཕྱོགས་ཀྱི་གཉེན་པོ་ཡིན་པའི་ཕྱིར་ཐམས་ཅད་ལ་དེ་བཞིན་ཤེས་པར་བྱའོ། །བྱང་སེམས་ཀྱི་དྲོ་བ་ལ་སོགས་པ་ངེས་འབྱེད་ཆ་མཐུན་ཐམས་ཅད་ཀྱང་ཆོས་ཅན། ཐེག་པ་གསུམ་ཆར་གྱི་རྟོགས་པ་ཐོབ་པའི་རྒྱུའི་ངོ་བོ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །ཉན་རང་གི་སྤངས་རྟོགས་ཡོན་ཏན་ཡར་ལྡན་དུ་ཐོབ་པའི་བྱང་སེམས་ཀྱི་མཐོང་ལམ་ཐོབ་བྱེད་ཡིན་པའི་ཕྱིར་རོ། །དྲོ་བ་འབྲིང་གི་དམིགས་པ་ནི་གཟུགས་ལ་སོགས་པ་ཡོད་དོ་ཡིན་ནོ་ཞེས་སོགས་སྒྲུབ་པ་དང་། མེད་དོ་མིན་ནོ་ཞེས་སོགས་དགག་པའི་ཐ་སྙད་དག་མོས་པ་ཡིད་ལ་བྱེད་པས་གྲངས་བཞིན་དུ་མི་དམིགས་ཤིང་དེ་ཁོ་ན་ཉིད་ཡིད་ལ་བྱེད་པས་མ་མཐོང་བ་ཞེས་བྱ་བ་ཡིན་ནོ། །དེ་ལ་ཐོས་བསམ་ལས་བྱུང་བ་དང་། འཇིག་རྟེན་པའི་སྒོམ་བྱུང་ནི་མོས་པ་ཡིད་ལ་བྱེད་པ་ཡིན་ནོ། །ཆོས་ཉིད་ལ་དོན་སྤྱིའི་ཚུལ་གྱིས་རྣམ་པར་སྤྱོད་པ་ཡིན་པའི་ཕྱིར་རོ། །མཐོང་སྒོམ་གྱིས་བསྡུས་པ་ནི། དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་ཡིན་ནོ། །ཆོས་ཉིད་ལ་མངོན་དུ་བྱེད་པའི་རྣམ་པས་འཇུག་པའི་ཕྱིར་རོ། །རྣམ་པ་ནི། དགག་སྒྲུབ་དང་བྲལ་བའི་གཟུགས་སོགས་ཆོས་རྣམས་ནི། མིང་ཙམ་དུ་ཟད་ལ་མིང་ཐམས་ཅད་ཀྱང་ངོ་བོར་མེད་པ་ཉིད་ཀྱིས་རྒྱུན་མི་འདྲ་བ་རིགས་འདྲ་ཆད་པ་དང་རྒྱུན་འདྲ་བ་མ་ཆད་པར་འ ཇུག་པའི་མཚན་ཉིད་དག་མེད་པ་ཞེས་བྱ་བའི་ཆོས་ཉིད་རྟོགས་པའི་ཡེ་ཤེས་ཀྱི་བྱེ་བྲག་ཡིན་ནོ། །དྲོ་བ་ཆེན་པོའི་དམིགས་པ་ནི། གཟུགས་ནས་སངས་རྒྱས་ཞེས་བྱ་བའི་འཁོར་འདས་ཀྱི་ཆོས་ཐམས་ཅད་དོན་ལ་མ་གྲུབ་ཅིང་མིང་གི་བརྡར་བཏགས་པ་ཙམ་གྱི་ཆོས་འཇིག་རྟེན་གྱི་ཐ་སྙད་ཀྱིས་བཞག་པ་ཙམ་ཡིན་ནོ་ཞེས་བྱའོ། །རྣམ་པ་ནི། དེ་དག་དོན་དམ་པར་རང་བཞིན་མེད་པས་དགེ་མི་དགེ་ལུང་མ་བསྟན་ལ་སོགས་པ་ཉིད་ཀྱི་ཆོས་གང་དུ་ཡང་བརྗོད་པ་མེད་པ་ཞེས་བྱ་བ་རྟོགས་པའི་ཡེ་ཤེས་ཀྱི་བྱེ་བྲག་གོ །གཉིས་པ་ནི། ཇི་སྐད་བཤད་པའི་ཚུལ་གྱིས་ཆུང་ངུ་དང་འབྲིང་དང་ཆེན་པོ་གསུམ་ཡོད་པ་དེ་ལྟར་ན་དྲོ་བར་གྱུར་པ་ཞེས་སོ། །ཅིའི་ཕྱིར་དྲོ་བར་གྱུར་པ་ཞེས་བྱ་ཞེ་ན། དཔེར་ན་གཙུབ་ཤིང་གཙུབས་པ་ལས་མེ་འབྱུང་བའི་སྔ་ལྟས་སུ་དྲོད་འབྱུང་བ་ལྟར། ཆོས་ཉིད་ལ་སྒོམ་བྱུང་གི་གསལ་སྣང་དང་པོར་ཐོབ་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་མེའི་སྔ་ལྟས་སུ་གྱུར་པའི་ཕྱིར་རོ། །གཉིས་པ་རྩེ་མོ་ལ་རྩ་འགྲེལ་གཉིས་ཀྱི་དང་པོ་འཕགས་པ་ལྟར་ན། རྩེ་མོ་ཆུང་ངུའི་དམིགས་རྣམ་ལ་གཉིས་ཏེ། བདེན་བཞིར་ཕྱེ་བ་དང་། བདེན་བཞིར་མ་ཕྱེ་བ་གཉིས་ཀྱི་དང་པོ་ལ་དམིགས་པ་ནི། གཟུགས་ལ་སོགས་པ་དོན་དམ་པར་མི་གནས་པ་སྟེ་གནས་བྱར་མེད་དེ། གཟུགས་སོགས་དེ་དག་དོན་དམ་པར་དེའི་ངོ་བོར་རང་བཞིན་མེད་པས་སོ། །མདོ་ནི་བྱང་ཆེན་ཤེར་ཕྱིན་ལ་སྤྱོད་པའི་ཚེ་གཟུགས་ལ་གནས་པར་མི་བགྱི་ཞེས་སོ། །རྣམ་པ་ནི། གཟུགས་སོགས་དེ་དག་གི་སྟོང་ཉིད་དག་ཕན་ཚུན་གཅིག་པའི་རང་བཞིན་གཅིག་ཉིད་དབྱེར་མེད་པར་རྟོགས་པའི་ཡེ་ཤེས་ཀྱི་བྱེ་བྲག་གོ། གཟུགས་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་དག་གཟུགས་མ་ལགས། སྟོང་པ་ཉིད་ལས་གཞན་ན་ཡང་གཟུགས་མ་འཆིས། ཞེས་སོ། །གཉིས་པ་ལ་དམིགས་པ་ནི། གཟུགས་ལ་སོགས་པ་དེ་དག་དོན་དམ་པར་མི་རྟག་པ་དང་སྡུག་བསྔལ་ལ་སོགས་པར་མི་གནས་ཏེ། གཟུགས་སོགས་ཀྱི་མི་རྟག་པ་ལ་སོགས་པ་དེ་རྣམས་དོན་དམ་པར་དེ་ཡི་ངོ་བོ་སྟོང་པའི་ཕྱིར། བཅོམ་ལྡན་འདས་གཞན་ཡང་བྱང་ཆེན་ཤེར་ཕྱིན་ལ་སྤྱོད་པ་དེའི་ཚེ་དེས་གཟུགས་མི་རྟག་ཅེས་བགྱི་བར་གནས་པར་མི་བགྱི། ཞེས་པ་ནས། གཟུགས་ཞི་ཞེས་བགྱི་བར་གནས་པར་མི་བགྱི། ཞེས་པའི་བར་དུ་གསུངས་སོ། །རྣམ་པ་ནི་མི་རྟག་པ་ལ་སོགས་པ་དང་། དེ་དག་གི་སྟོང་པ་ཉིད་ལ་སོགས་པ་དེ་དག་དོན་དམ་པར་ཕན་ཚུན་གཅིག་གི་རང་བཞིན་གཅིག་ཡིན་པར་རྟོགས་པའི་ཡེ་ཤེས་ཀྱི་བྱེ་བྲག་གོ། བཅོམ་ལྡན་འདས་མི་རྟག་པ་ཉིད་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་ནི་མི་རྟག་པ་མ་ལགས། མི་རྟག་པ་ཉིད་ལས་གུད་ན་ཡང་སྟོང་པ་ཉིད་མ་འཆིས་ཏེ། ཞེས་སོ། །རྩེ་མོ་འབྲིང་གི་དམིགས་པ་ནི། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་རྣམས་མཚན་མར་མི་འཛིན་པ་སྟེ། གཟུང་བྱར་མེད་པ་གང་ཡིན་པ་སྟེ། བཅོམ་ལྡན་འདས་རྣམ་པར་མཁྱེན་པ་ཉིད་ནི་མཚན་མར་བཟུང་བར་བགྱི་བ་མ་ལགས་ཏེ། ཞེས་སོ། །རྣམ་པ་ནི། ཆོས་དེ་དག་ལ་ཐོབ་བྱ་དང་མངོན་པར་རྟོགས་བྱའི་མཚན་མར་མི་མཐོང་བའི་ཡེ་ཤེས་ཀྱི་བྱེ་བྲག་གོ །དེས་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་རྣམས་ལ་ཆོས་གང་ཡོངས་སུ་མ་བ ཟུང་བའོ། །འདི་ལྟར་དེས་ཤེས་པ་དེ་ལ་ནང་གི་ཐོབ་པ་དང་མངོན་པར་རྟོགས་པ་ཡང་དག་པར་རྗེས་སུ་མ་མཐོང་ཞེས་སོ། །རྩེ་མོ་ཆེན་པོའི་དམིགས་པ་ནི། ཆོས་རྣམས་ལ་འདིའི་ངོ་བོ་ནི་གང་། འབྲེལ་བ་ཅན་གང་གིས། མཚན་ཉིད་ཅི་ཞིག་ཅེས་པ་ཡང་དག་པའི་ཤེས་རབ་ཀྱིས་ཡོངས་སུ་རྟོགས་པའི་སྟེ་བརྟག་པའི་ཁྱད་པར་ཅན་གྱི་གཟུགས་ལ་སོགས་པའོ། །བྱང་ཆེན་ཤིར་ཕྱིན་ལ་སྤྱོད་པའི་ཚེ་ཤེར་ཕྱིན་གང་། གང་གིས། ཅི་ཞིག །ཅིའི་ཕྱིར་ཤེར་ཕྱིན་ཞེས་བྱ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བགྱིའོ། །ཞེས་སོ། །རྣམ་པ་ནི། དེ་ལྟར་ན་བཏགས་པ་ནི་ཆོས་ཐམས་ཅད་བདེན་པར་དམིགས་སུ་མེད་པར་རྟོགས་པའི་ཡེ་ཤེས་ཀྱི་བྱེ་བྲག་གོ །ཚེ་དང་ལྡན་པ་ཤ་བུ་ནང་སྟོང་པ་ཉིད་ལ་སོགས་པའི་ཕྱིར། གཟུགས་མེད་ཅིང་མི་དམིགས་སོ་ཞེས་སོགས་སོ། །གཉིས་པ་འགྲེལ་པ་ལ་གཉིས་ཀྱི་དང་པོ་ནི། རྒྱས་པར་བཤད་པ་ནི། རྩེ་མོ་ཆུང་ངུའི་དམིགས་པ་ནི་གཟུགས་ལ་སོགས་པ་དོན་དམ་པར་མི་གནས་པ་ཞེས་བྱ་བ་ཡིན་ཏེ། དོན་དམ་པར་རང་གི་ངོ་བོ་སྟོང་པ་ཉིད་ཀྱིས་གནས་བྱར་མེད་པས་སོ། །དེའི་རྒྱུ་མཚན་ཡང་། གཟུགས་ལ་སོགས་པ་ནི། ཞེས་སོ། །རྐང་པ་དང་པོ་གཉིས་བཤད་དོ། །རྣམ་པ་ནི། གཟུགས་ལ་སོགས་པ་དེ་དག་ལ་དོན་དམ་པར་རྟག་མི་རྟག་ལ་སོགས་པ་མི་གནས་ཏེ། གནས་བྱར་མེད་པ་རྟོགས་པ་ཉིད་ཡིན་ནོ། །རྒྱུ་མཚན་ནི། དོན་དམ་པར་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དང་སྟོང་པ་ཉིད་དག་རྒྱུ་མཚན་གཅིག་པས་སོ། ཁྱབ་ཏེ། སྟོང་པ་ཉིད་ལ་མི་རྟག་པ་དང་སོགས་པས་རྟག་པ་སོགས་ཀྱི་མཚན་མ་གང་ཡང་མེད་པ་ཉིད་ཀྱིས་སོ། །

གསུམ་པ་དང་བཞི་པ་བཤད་དོ། །རྩེ་མོ་འབྲིང་གི་དམིགས་པ་ནི། དམིགས་པ་མི་རྟག་ལ་སོགས་དང་། ཞེས་པ་དེ་དག་གི་སྟོང་པ་ཉིད་དོན་དམ་པར་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཡིན་ཏེ། དོན་དམ་པར་རང་གི་ངོ་བོ་ཉིད་མེད་པ་ཡིན་ནོ། །༼ ཆད་སྙམ་པས་དཔྱད་པར་མཛོད།༽དེའི་རྒྱུ་མཚན་ཡང་སྤྲོས་བྲལ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱིས་སོ། །དེས་ནི་ལྔ་པ་དང་དྲུག་པ་བཤད་དོ། །རྣམ་པ་ནི། དོན་དམ་པར་བདེན་པའི་ངོ་བོ་ཉིད་བཀག་པས་གཟུགས་ལ་སོགས་པ་རང་གིར་མི་བྱ་སྟེ། བདག་གི་གཟུང་བྱ་མ་ཡིན་པར་རྟོགས་པ་ཞེས་བྱ་བ་ཡིན་ནོ། །འདིས་ཆོས་རྣམས་མི་འཛིན་གང་ཡིན་དང་། །ཞེས་བཤད་དོ། །རྩེ་མོ་ཆེན་པོའི་དམིགས་པ་ནི། གཟུགས་ལ་སོགས་པ་དེ་དག་ལ་དོན་དམ་པར་སྔོན་པོ་དང་སེར་པོ་ལ་སོགས་པའི་ཆོས་ཐ་སྙད་ཀྱི་རྒྱུ་ུམཚན་གྱི་མཚན་མར་མི་མཐོང་བ་ཞེས་བྱ་བ་ཡིན་ནོ། །དོན་དམ་པར་སྟོང་ཉིད་མེད་པ་ཉིད་ཀྱིས་སོ། །དེས་ནི་དེ་དག་མཚན་མར་མི་མཐོང་ཕྱིར་ཞེས་པ་བཤད་དོ། །རྣམ་པ་ནི། རིགས་པའི་རྗེས་སུ་འགྲོ་བའི་ཤེས་རབ་ཀྱིས་ཡང་དག་པར་ཆོས་རྣམས་ལ་ངོ་བོ་གང་། འབྲེལ་བ་ཅན་གང་དག་གི མཚན་ཉིད་ཅི་ཞེས། རབ་ཏུ་རྣམ་པར་འབྱེད་པས་ཕྱི་ནང་གི་དངོས་པོ་ཐམས་ཅད་བདེན་པར་མི་དམིགས་པ་ངེས་པར་རྟོགས་ཞེས་བྱ་བ་ཡིན་ནོ། །འདིས་ནི་རྐང་པ་ཐ་མ་གཉིས་བཤད་དེ། དེ་ལྟར་ན་སློབ་དཔོན་གྱི་བསྟན་བཅོས་ཀྱི་སྒྲ་ཟིན་གཙོ་བོར་མཛད་ལ། འཕགས་པས་མདོ་དང་སྦྱར་བའི་དབང་དུ་མཛད་པ་ཡིན་པས་གཉིས་ཀ་ལྟར་ཡང་ཕྱོགས་རེ་རེ་ནས་བཤད་དུ་རུང་བས་སྐྱོན་ཅན་དུ་བསམ་པར་མི་བྱའོ། །གཉིས་པ་ནི། ཇི་སྐད་བཤད་པའི་ཚུལ་གྱིས་ཆུང་འབྲིང་ཆེན་པོ་གསུམ་ཡོད་པ་དེ་ལྟར་ན་རྩེ་མོ་གསུམ་ཞེས་སོ། །ཅིའི་ཕྱིར་རྩེ་མོ་ཞེས་བྱ་ཞེ་ན། དྲོད་མན་ཆད་དུ་ལོག་ལྟས་དགེ་བ་གཅོད་སྲིད་པས་དགེ་བའི་རྩ་བ་གཡོ་བ་ཞེས་བྱ་ལ་འདི་ཐོབ་ནས་དགེ་རྩ་ཆད་མི་སྲིད་པས་དེ་ལས་རབ་ཏུ་གྱུར་པས་རྩེ་མོ་ཡིན་པའི་ཕྱིར་རོ། །གསུམ་པ་བཟོད་པའི་དམིགས་རྣམ་ལ་རྩ་འགྲེལ་གཉིས་ཀྱི་དང་པོ་ནི། བཟོད་པ་ཆུང་ངུའི་དམིགས་པ་ནི། གཟུགས་ལ་སོགས་པ་དོན་དམ་པར་བདེན་པའི་ངོ་བོ་ཉིད་མེད་པས་ཁྱད་པར་དུ་བྱས་པ་ཡིན་པའི་ཕྱིར་རོ། །མདོ་ནི། ཤ་བུ་གཟུགས་ནི་གཟུགས་ཀྱི་རང་བཞིན་དང་བྲལ་བའོ་ཞེས་པ་ནས་མ་འདྲེས་པའི་བར་ལ་གསུངས་སོ། །རྣམ་པ་ནི་གཟུགས་སོགས་དོན་དམ་པར་བདེན་པར་མེད་པ་དེ་ཉིད་ཐ་སྙད་དུ་གཟུགས་སོགས་དེའི་ངོ་བོ་ཉིད་དུ་སྣང་བ་ཙམ་དུ་རྟོགས་པ་ཡིན་ནོ། །ཤ་བུ་མཚན་ཉིད་ཀྱང་མཚན་ཉིད་ཀྱི་ངོ་བོ་ཉིད་དང་བྲལ་བའོ། །ངོ་བོ་ཡང་ངོ་བོའི་མཚན་ཉིད་དང་བྲལ་བའོ་ཞེས་སོ། །འབྲིང་གི་དམིགས་པ་ནི། གཟུགས་ལ་སོགས་པ་དོན་དམ་པར་སྔོན་གྱི་མཐར་སྐྱེ་བ་ཡང་མེད་ཕྱི་མའི་མཐར་ངེས་པར་འབྱུང་བ་ཡང་མེད་པས་ཁྱད་པར་དུ་བྱས་པའོ། །མདོ་ནི། ཤ་བུ་གཟུགས་ནི་གཟུགས་ཀྱི་རང་བཞིན་གྱིས་སྟོང་སྟེ། དེ་ལ་སྐྱེ་བའམ། ངེས་པར་འབྱུང་བ་ཡང་མི་དམིགས་སོ་ཞེས་སོ། །རྣམ་པ་ནི། སྒོ་གསུམ་མཚན་གཞི་དང་བཅས་པ་རྣམ་པར་དག་པའི་རྒྱུར་གྱུར་པའི་ཆོས་རྣམས་ཀྱི་རང་བཞིན་རྟོགས་པའི་ཡེ་ཤེས་སོ། །མདོ་ནི། རྣམ་མཁྱེན་དང་ཉེ་བ་ཡིན་ཏེ། ཇི་ལྟ་ཇི་ལྟར་རྣམ་མཁྱེན་དང་ཉེ་བར་གྱུར་པ་དེ་ལྟ་དེ་ལྟར་ལུས་དང་། ངག་དང་། སེམས་དང་མཚན་དེ་འདོད་ཆགས་དང་ལྡན་པའི་སེམས་མི་བསྐྱེད་ཅིང་། ཞེས་སོ། །བཟོད་པ་ཆེན་པོའི་དམིགས་པ་ནི། གཟུགས་སོགས་དེ་དག་རྟག་མི་རྟག་ལ་སོགས་པའི་མཚན་མ་མེད་པས་ཁྱད་པར་དུ་བྱས་པའོ། །བྱང་ཆེན་ཤེར་ཕྱིན་ལ་སྤྱོད་པ་ན། ཐབས་མི་མཁས་པས་གཟུགས་ལ་སྤྱོད་ན་མཚན་མ་ལ་སྤྱོད་དོ་ཞེས་སོ། །རྣམ་པ་ནི། གཟུགས་སོགས་དེའི་མཚན་མ་ལ་མི་བརྟེན་པས་དེ་རྟེན་དང་བྲལ་བས་མོས་པ་ཡིད་བྱེད་ཀྱིས་མོས་པ་མིན་ཞིང་དེ་ཁོ་ན་ཉིད་ཀྱི་ཡིད་བྱེད་ཀྱིས་འདུ་ཤེས་བྱར་མེད་པར་རྟོགས་པ་ཡིན་ཏེ། བྱང་ཆེན་ཤེར་ཕྱིན་ལ་སྤྱོད་པ་ན་གཟུགས་ལ་གནས་པ་མེད་པ་དང་ལྷག་པར་མོས་པ་མེད་པ་དང་ཀུན་ཤེས་པ་མེད་པ་དང་ཞེས་སོ། །གཉིས་པ་འགྲེལ་པ་ལ་གཉིས་ཀྱི། དང་པོ་རྒྱས་པར་བཤད་པ་ནི། བཟོད་པ་ཆུང་ངུའི་དམིགས་པ་ནི། གཟུགས་ལ་སོགས་པ་དོན་དམ་པར་ངོ་བོ་ཉིད་མེད་ཅེས་བྱ་བ་ཡིན་ནོ། །ཆོས་རྣམས་ནི་མཚན་ཉིད་དང་མཚན་གཞི་གཉིས་སུ་ངེས་ལ། གཟུགས་སུ་རུང་བ་ལ་སོགས་པའི་མཚན་ཉིད་ཀྱི་ངོ་བོ་ཉིད་དང་གཟུགས་ལ་སོགས་པ་མཚན་གཞིའི་ངོ་བོ་ཉིད་ཀྱི་མཚན་ཉིད་དག་དོན་དམ་པར་སྟོང་པ་ཉིད་དུ་རོ་གཅིག་པ་ཉིད་ཀྱིས་སོ། །རྣམ་པ་ནི། དངོས་པོར་མངོན་པར་ཞེན་པའི་སྐྱེ་བོ་དམིགས་པ་ཅན་གྱི་ངོར་གཟུགས་ལ་སོགས་པ་དོན་དམ་པར་དངོས་པོ་མེད་པ་ཉིད་ཐ་སྙད་དུ་སྣང་བ་ཙམ་གྱི་ངོ་བོ་ཉིད་དོ་ཞེས་རྟོགས་པ་ཡིན་ནོ། །བཟོད་པ་འབྲིང་གི་དམིགས་པ་ནི། དོན་དམ་པར་རང་བཞིན་གྱིས་མ་སྐྱེས་པ་ཉིད་ཀྱིས་གཟུགས་ལ་སོགས་པ་ཀུན་ནས་ཉོན་མོངས་པའི་རང་བཞིན་དུ་སྐྱེ་བ་ཡང་མེད། རྣམ་བྱང་གི་རང་བཞིན་དུ་མྱ་ངན་ལས་འདའ་བ་ཡང་མེད་ཅེས་བྱ་བ་ཡིན་ནོ། །རྣམ་པ་ནི། ལུས་དང་སོགས་པས་ངག་ཡིད་མཚན་གཞི་དང་བཅས་པ་སངས་རྒྱས་ཀྱི་སར་རྣམ་པ་ཐམས་ཅད་དུ་མི་མཐུན་ཕྱོགས་དང་བྲལ་བས་རྣམ་པར་དག་པ་ཞེས་བྱ་བའི་རྒྱུར་གྱུར་པའི་ཡེ་ཤེས་སོ། །ཅིའི་ཕྱིར་དེའི་རྒྱུར་གྱུར་ཞེ་ན། བཟོད་འབྲིང་གི་ཡེ་ཤེས་དེས་ཆོས་ཐམས་ཅད་ཀྱི་རང་གི་ངོ་བོ་སྟོང་པ་ཉིད་རྟོགས་པ་ཁོ་ནས་སོ། །བཟོད་པ་ཆེན་པོའི་དམིགས་པ་ནི། ཆོས་ཐམས་ཅད་དོན་དམ་པར་མཚན་མ་མེད་པ་ཉིད་ཀྱིས་ཁྱད་པར་དུ་བྱས་པའི་གཟུགས་ལ་སོགས་པའོ། །མཚན་མ་མེད་པའི་རྒྱུ་མཚན། གཟུགས་སུ་རུང་བ་ལ་སོགས་པ་རང་གི་མཚན་ཉིད་དང་མི་རྟག་པ་ལ་སོགས་པའི་སྤྱིའི་མཚན་ཉིད་དོན་དམ་པར་མེད་པས་སོ། །རྣམ་པ་ནི། རང་བཞིན་ཁོ་ནས་གཟུགས་ལ་སོགས་པའི་མཚན་མ་རྣམས་ཀྱི་རྟེན་དང་བྲལ་བ་ཉིད་ཀྱི་མཚན་མའི་ཆོས་རྣམས་དོན་དམ་པར་མོས་པ་ཡིད་ལ་བྱེད་པས་དོན་སྤྱིའི་ཚུལ་དུ་མི་མོས་ཤིང་དེ་ཁོ་ན་ཉིད་ཡིད་ལ་བྱེད་པས་མངོན་སུམ་གྱི་རྣམ་པས་ཡོངས་སུ་ཤེས་པ་མེད་པར་རྟོགས་པ་ཞེས་བྱ་བ་ཡིན་ནོ། །གཉིས་པ་དོན་བསྡུ་བ་ནི། ཇི་སྐད་བཤད་པའི་ཚུལ་གྱིས་ཆུང་འབྲིང་ཆེན་པོ་གསུམ་ཡོད་པ་དེ་ལྟར་ན་བཟོད་པར་གྱུར་པ་ཞེེས་སོ། །ཅིའི་ཕྱིར་བཟོད་པར་གྱུར་པ་ཞེས་བྱ་ཞེ་ན། འདི་ཐོབ་ནས་ངན་འགྲོར་སྐྱེ་བ་མེད་པས་འཛིན་པ་རང་བཞིན་མེད་པས་ཆོས་ཆེན་པོ་ལ་མི་སྐྲག་ཅིང་མོས་པའི་ཕྱིར་རོ། །བཞི་པ་ཆོས་མཆོག་གི་དམིགས་རྣམ་ལ་གཉིས་ཀྱི། དང་པོ་རྩ་བ་ནི། ཆོས་མཆོག་ཆུང་ངུའི་དམིགས་པ་ནི། དེ་ཁོ་ན་ཉིད་དུ་ཏིང་ངེ་འཛིན་གྱི་ངོ་བོར་གྱུར་པའི་གཟུགས་ལ་སོགས་པ་རྣམས་ཡིན་ནོ། །མདོ་ནི། འདི་ནི་བྱང་ཆེན་རྣམས་ཀྱི་ཏིང་ངེ་འཛིན་ཆོས་ཐམས་ཅད་སྐྱེ་བ་མེད་པ་ཞེས་བྱ་སྟེ་ཞེས་སོ། །ཏིང་ངེ་འཛིན་ནི་ལམ་བདེན་གྱིས་བསྡུས་པ་ལས། ཆོས་མཆོག་ནི་བདེན་པ་བཞི་ཀ་ལ་དམིགས་པའི་ཕྱིར་དམིགས་པར་མི་འཐད་དོ་ཞེ་ན། བདེན་མོད་ཀྱི་འོན་ཀྱང་འདིར་གདུལ་བྱ་ཉེ་བའི་བསམ་པ་ལ་ལྟོས་ནས་ཏིང་ངེ་འཛིན་གྱི་ཐབས་ཀྱིས་དོན་དམ་པར་ཏིང་ངེ་འཛིན་དང་རང་བཞིན་སྟོང་པ་ཉིད་དུ་གཅིག་པའི་གཟུགས་ལ་སོགས་པ་དམིགས་པར་བསྟན་ཏེ། འགྲེལ་ཆེན་དུ། འདི་ནི་དེ་ཁོ་ན་ཉིད་དུ་ཏིང་ངེ་འཛིན་གྱི་རང་གི་ངོ་བོར་གྱུར་པའི་གཟུགས་ལ་སོགས་པ་ལ་དམིགས་པ་ན་ཞེས་སོ། །རྣམ་པ་ནི། སངས་རྒྱས་པ་ན་རང་གི་སྔོན་གྱི་སྨོན་ལམ་ལ་སོགས་པའི་མཐུས་དཔའ་བར་འགྲོ་བ་ལ་སོགས་ཏིང་ངེ་འཛིན་དེ་མི་བྱེད་པར་གདུལ་བྱའི་སྐལ་བ་ཇི་ལྟ་བ་བཞིན་དུ་འཇུག་པར་འགྱུར་ཏེ། ཞེས་འབྲས་བུའི་སྒོ་ནས་བདེན་པའི་དེ་ཁོ་ན་ཉིད་ལ་དམིགས་པ་ཡིས་སོ། །ཆོས་མཆོག་ཆུང་ངུ་འདི་ནི། ཆེད་དུ་བྱ་བའི་ཏིང་ངེ་འཛིན་གྱི་འབྲས་བུའི་དོན་དུ་བདེན་པ་ལ་དམིགས་ནས་བསྒོམས་པས་འབྲས་བུའི་སྒོ་ནས་ཞེས་བྱ་ལ། བཟོད་པ་འབྲིང་ནི་ལུས་སོགས་རྣམ་པར་དག་པས་རྒྱུར་གྱུར་པའི་ཚུལ་དུ་བདེན་པ་ལ་དམིགས་པའི་ཕྱིར་རྒྱུའི་སྒོ་ནས་ཞེས་བྱའོ། །མདོ་ནི། ཏིང་ངེ་འཛིན་གང་གིས་ཏིང་ངེ་འཛིན་ཐམས་ཅད་ཀྱི་སྤྱོད་ཡུལ་ཉམས་སུ་མྱོང་བར་འགྱུར་བ་སྟེ། དེ་ནི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཞེས་བྱའོ། །ཞེས་སོ། །འབྲིང་གི་དམིགས་པ་ནི། ལུང་སྟོན་པའི་རྒྱུའི་ཁྱད་པར་ཆོས་མཆོག་འབྲིང་གི་ཡེ་ཤེས་དང་དོན་དམ་པར་ངོ་བོ་དབྱེར་མེད་པའི་གཟུགས་ལ་སོགས་པར་དམིགས་པ་ཡིན་ཏེ། འགྲེལ་ཆེན་དུ། ལུང་བསྟན་པའི་རྒྱུ་ཁྱད་པར་ཅན་གྱི་གཟུགས་ལ་སོགས་པ་ལ་དམིགས་པའི་ཕྱིར་རོ། །ཞེས་སོ། །མདོ་ནི། ཤ་བུ་བྱང་ཆེན་ཏིང་ངེ་འཛིན་འདི་དག་གིས་གནས་པ་དེ་དག་ནི་སྔོན་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་བླ་མེད་རྫོགས་བྱང་དུ་ལུང་བསྟན་ཏོ་ཞེས་སོ། །རྣམ་པ་ནི། བདག་ནི་མཉམ་པར་བཞག་པའོ། །ཞེས་འཁོར་གསུམ་དུ་རྣམ་པར་རྟོག་པའི་རློམ་པ་ཟད་པའི་ཡེ་ཤེས་སོ། །དེས་ཏིང་ངེ་འཛིན་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །བདག་ནི་སྙོམས་པར་འཇུག་གོ ། བདག་གིས་མཉམ་པར་བཞག་པར་བྱའོ། །བདག་ནི་མཉམ་པར་བཞག་པར་གྱུར་ཏོ་ཞེས་རློམ་སེམས་སུ་གྱུར་པ་མེད་དོ་ཞེས་སོ། །ཆེན་པོའི་དམིགས་པ་ནི། བསྒོམ་བྱ་སྒོམ་བྱེད་སྒོམ་པ་པོ་གསུམ་པོ་དོན་དམ་པར་སྟོང་པ་ཉིད་དུ་ཕན་ཚུན་ངོ་བོ་གཅིག་པས་ཁྱད་པར་དུ་བྱས་པའི་གཟུགས་ལ་སོགས་པའོ། །མདོ་ནི། ཤ་བུ་འདི་ལྟར་ཤེར་ཕྱིན་ཡང་གཞན་ལ། ཏིང་ངེ་འཛིན་ཡང་གཞན། བྱང་སེམས་ཀྱང་གཞན་ཞེས་བྱ་བ་མེད་ཅིང་ཞེས་སོ། །རྣམ་པ་ནི། ཆོས་མཆོག་ཆེན་པོའི་ཏིང་ངེ་འཛིན་རང་གི་ངོ་བོ་མཐའ་གང་དུ་ཡང་རྣམ་པར་མི་རྟོག་པའོ། །ཚེ་དང་ལྡན་པ་རབ་འབྱོར་རིགས་ཀྱི་བུ་ཏིང་ངེ་འཛིན་དེ་ལ་འདུ་ཤེས་སུ་བྱེད་དམ། སྨྲས་པ་ཚེ་དང་ལྡན་པ་ཤ་བུ་འདུ་ཤེས་སུ་བྱེད་པ་མེད་དོ་ཞེས་སོ། །སྤྱིའི་དོན་བསྡུ་བ་ནི། ཇི་སྐད་བཤད་པའི་ཚུལ་དེ་ལྟར་ངེས་འབྱེད་ཆ་མཐུན་བཞི་པོ་རྣམས་ནི་རེ་རེ་ཡང་། ཆུང་ངུ་དང་འབྲིང་དང་ཆེན་པོ་གསུམ་གསུམ་ཡིན་པར་ཇི་སྐད་དུ་བཤད་པའི་ཚུལ་གྱིས་ཤེས་པར་བྱའོ། །འདིར་སྦྱོར་ལམ་བཞི་པོ་རེ་རེ་ལ་ཆུང་འབྲིང་ཆེན་པོ་གསུམ་གསུམ་དུ་འབྱེད་པ་ནི་རྗེ་བཙུན་གྱི་མཇུག་བསྡུད་ཀྱི་ཚིག་འདིས་གསལ་བར་བྱས་པ་ཡིན་ལ། དེ་དག་ནང་ཚན་སོ་སོར་མདོའི་སྐབས་འབྱེད་པ་ནི་འཕགས་པས་མཛད་ལ། བསྟན་བཅོས་ལ་སྦྱར་བ་ནི་སློབ་དཔོན་གྱིས་མཛད་པའོ། །ཐམས་ཅད་ལ་དམིགས་པ་དང་རྣམ་པ་མི་འདྲ་བའི་ཁྱད་པར་དུ་མ་འབྱུང་བ་ནི་གདུལ་བྱ་ཉེ་བའི་བསམ་པ་ལ་ལྟོས་པ་ཡིན་ལ། ཡང་དག་པར་ན་ཐམས་ཅད་ཀྱང་དམིགས་པ་བདེན་པ་བཞི་དང་། རྣམ་པ་གཟུང་འཛིན་རང་བཞིན་མེད་པའི་སྟོང་ཉིད་ཡོངས་སུ་གཅོད་པར་འདྲ་ལ། ནང་སེལ་གྱི་རྣམ་པ་མི་འདྲ་བ་ལ་སོགས་པ་བཞི་པོ་གོ་རིམ་བཞིན་དུ་ཀུན་ནས་ཉོན་མོངས་དང་རྣམ་བྱང་གི་གཟུང་བ་རང་བཞིན་མེད་པ་དང་། གང་ཟག་རྫས་ཡོད་དང་སྐྱེས་བུ་བཏགས་ཡོད་ཀྱི་འཛིན་པ་རང་བཞིན་མེད་པར་ཡོངས་སུ་གཅོད་པའི་རྣམ་པ་ཅན་ཡིན་ནོ། །སྤྱིར་ཆོས་ཐམས་ཅད་རང་བཞིན་མེད་པར་སྒྲོ་འདོགས་བཅད་ནས་སྒོམ་པ་ཡིན་ན་ཡང་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཉིད་ཀྱིས་ཀུན་ནས་ཉོན་མོངས་ཀྱི་གཟུང་བ་རང་བཞིན་མེད་པ་ལ་གསལ་སྣང་དང་པོར་སྐྱེ་ཞིང་། མཐར་བཏགས་འཛིན་རང་བཞིན་མེད་པ་ལ་གསལ་སྣང་སྐྱེ་བས། དེའི་ཕྱིར་དྲོ་བ་ལ་སོགས་པ་ཡུལ་ཡོངས་སུ་གཅོད་ཚུལ་གྱིས་རྣམ་པ་མི་འདྲ་བར་བཞག་གོ །

གཉིས་པ་འགྲེལ་པ་ལ་གཉིས་ཀྱི། དང་པོ་རྒྱས་པ་བཤད་པ་ནི། ཆོས་མཆོག་ཆུང་ངུའི་དམིགས་པ་ནི། གདུལ་བྱ་ཉེ་བའི་བསམ་པས་ཆོས་ཐམས་ཅད་སྐྱེ་བ་མེད་པ་དང་དཔའ་བར་འགྲོ་བ་དང་རིན་ཆེན་ཕྱག་རྒྱ་ལ་སོགས་པའི་ཏིང་ངེ་འཛིན་བརྒྱ་ལྷག་ཙམ་སྒོམ་པ་གཅིག་པའོ་ཞེས་དངོས་སུ་བསྟན་པའི་ཐབས་ཀྱིས་དེ་ཁོ་ན་ཏི ང་ངེ་འཛིན་གྱི་ངོ་བོར་གྱུར་པའི་གཟུགས་ལ་སོགས་པ་དམིགས་པར་བསྟན་པ་ཡིན་ནོ། །རྣམ་པ་ནི། མངོན་པར་རྫོགས་པ་སངས་རྒྱས་པ་ན་ནམ་མཁའི་མཐར་གཏུགས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གདུལ་བྱའི་སྐལ་བ་ཇི་ལྟ་བ་བཞིན་དུ་དོན་བྱེད་པའི་ཏིང་ངེ་འཛིན་གྱི་བྱེད་པ་འཇུག་པ་ཞེས་བྱ་བའི་འབྲས་བུའི་སྒོ་ནས་བདེན་བཞིའི་ཆོས་ཉིད་ལ་དམིགས་པའི་ཡེ་ཤེས་སོ། །ཚུལ་ཇི་ལྟར་འཇུག་ན། འབད་རྩོལ་ལ་མ་ལྟོས་པར་ཀུན་གྱིས་ནུས་སོ། །རྒྱུ་གང་ལ་ན། གདུལ་བྱའི་སྐལ་བ་ཇི་ལྟ་བ་བཞིན་དུ་དོན་བྱེད་པར་གྱུར་ཅིག་པའི་རང་གི་སྨོན་ལམ་དང་བསྐལ་བ་གྲངས་མེད་དུ་མར་བསགས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ཆོས་ཀྱི་དབྱིངས་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་སོ། །འབྲིང་གི་དམིགས་པ་ནི་བཏགས་འཛིན་རང་བཞིན་མེད་པའི་ཆོས་ཉིད་ལ་ཡང་དག་པར་ཞུགས་པའི་ཏིང་ངེ་འཛིན་ཆོས་མཆོག་འབྲིང་དང་ལྡན་པའི་རྣལ་འབྱོར་པ་ལ་དུས་གསུམ་གྱི་སངས་རྒྱས་རྣམས་བྱང་ཆུབ་དུ་ལུང་སྟོན་པར་མཛད་པ་ནི་ཆོས་ཉིད་དོ་ཞེས་དངོས་སུ་བསྟན་པའི་ཐབས་ཀྱིས་ལུང་སྟོན་པའི་རྒྱུར་གྱུར་པའི་ཏིང་ངེ་འཛིན་དང་ངོ་བོ་དབྱེར་མེད་པའི་གཟུགས་ལ་སོགས་པ་དམིགས་པར་བསྟན་པ་ཡིན་ནོ། །ཅི་སྟེ་ས་བརྒྱད་པར་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ན་ལུང་སྟོན་པ་མ་ཡིན་ནམ། ཆོས་མཆོག་ལ་གནས་པར་ཇི་ལྟར་ལུང་སྟོན་ཞེ་ན། ས་བརྒྱད་པར་ནི་ཞིང་དང་བསྐལ་པའི་མིང་དང་འཁོར་དང་མཚན་མ་ལ་སོགས་པའི་སྒོ་ནས་མངོན་སུམ་དུ་དུས་ངེས་པ་ཅན་དུ་ལུང་སྟོན་པ་ཡིན་ལ། འདིར་དུས་ངེས་པ་མེད་པར་ལྐོག་དུ་ལུང་སྟོན་པ་ཡིན་ནོ། །དེའི་རྒྱུ་མཚན་ཡང་ཆོས་མཆོག་ལ་གནས་པ་ནི་ཕྱིར་མི་ལྡོག་པའི་ས་གདོན་མི་ཟ་བར་ཐོབ་པའི་རྒྱུ་ལ་གནས་པའི་ཕྱིར། རྣམ་པ་ནི། འཁོར་གསུམ་དུ་རྟོག་པའི་རྣམ་རྟོག་མངོན་གྱུར་ཐམས་ཅད་འབྱུང་བ་མི་འཐད་པས་བྱང་སེམས་ཆོས་མཆོག་འབྲིང་གི་ཏིང་ངེ་འཛིན་གྱིས་རང་གི་ངོ་བོ་རྟོགས་ཤིང་ཐོབ་པ་ལ་བདག་གི་ད་ལྟ་མཉམ་པར་བཞག་པའོ། །འདས་པའི་དུས་ན་མཉམ་པར་བཞག་གོ ། མ་འོངས་པ་ན་ཡང་བཞག་པར་བྱའོ་སྙམ་པ་ལ་སོགས་པའི་ཤེས་པ་མི་འབྱུང་བ་ཞེས་བྱ་བ་ཡིན་ནོ། །ཆོས་མཆོག་ཆེན་པོའི་དམིགས་པ་ནི། དོན་དམ་པར་ཆོས་ཉིད་ཀྱི་ངོ་བོ་ཉིད་ཀྱིས་སྒོམ་ཏིང་ངེ་འཛིན་དང་བསྒོམ་བྱ་ཤེར་ཕྱིན་དང་དོན་གསུམ་ཕན་ཚུན་སྟོང་པ་ཉིད་དུ་ངོ་བོ་གཅིག་པའི་ཞེས་བྱ་བ་ཡིན་ནོ། །རྣམ་པ་ནི། དོན་དམ་པར་ཆོས་ཐམས་ཅད་ཡོད་པ་མིན་པ་ཉིད་ཀྱིས་ཆོས་མཆོག་ཆེན་པོའི་ཏིང་ངེ་འཛིན་མཐའ་གང་དུ་ཡང་རྣམ་པར་མི་རྟོག་པ་ནི་སངས་རྒྱས་ཐོབ་བྱེད་ཀྱི་ཐབས་དམ་པའོ་ཞེས་བྱ་བ་ཡིན་ནོ། །གཉིས་པ་དོན་བསྡུ་བ་ནི། ཇི་སྐད་བཤད་པའི་ཚུལ་གྱི་ཆུང་ངུ་འབྲིང་ཆེན་པོ་གསུམ་ཡོད་པ་དེ་ལྟར་ན་ཆོས་ཀྱི་མཆོག་ཅེས་བྱའོ་ཞེས་སོ། །ཅིའི་ཕྱིར་ཆོས་ཀྱི་མཆོག་ཅེས་བྱ་ཞེ་ན། འདི་ནི་འཇིག་རྟེན་པ་ཡང་ཡིན་ལ་ཟག་མེད་ཀྱི་ཡེ་ཤེས་རྩལ་གྱི་འདྲེན་པར་བྱེད་པས་དེའི་འཇིག་རྟེན་པའི་ཆོས་ཐམས་ཅད་ཀྱི་མཆོག་ཡིན་པའི་ཕྱིར་རོ། །གསུམ་པ་བརྗོད་ཚུལ་ལ་རྩོད་པ་སྤོང་བ་ལ་གསུམ། རྩོད་པ་དང་ལན་ནོ། །དང་པོ་ལ་གང་ལ་རྩོད་པའི་གཞི། ཇི་ལྟར་རྩོད་པའི་ཚུལ། དེ་ལྟར་རྩོད་པའི་རྒྱུ་མཚན་དང་གསུམ་གྱིས་ཤེས་པར་བྱའོ། །དང་པོ་ནི། རྒྱན་གྱི་རྩ་བའི་ཚིག་གིས་བརྗོད་ཚུལ་ལ་རྩོད་དེ། བརྗོད་ཚུལ་དེ་ཡང་གང་ཞེ་ན། གཞན་དག་ན་རེ། གཟུགས་སོགས་འདུ་འགོད་གནས་བྲལ་དང་། །ཞེས་སོགས་ལེགས་སྦྱར་གྱི་སྐད་ལ་གཟུགས་སོགས་ཀྱི་འདུ་འགོད་གནས་བྲལ་ཞེས་སོགས་ཆོས་བརྗོད་དུ་ཡོད་པས་སོ། །ཞེས་ཟེར་རོ། །དེ་ལྟར་ན་སཾ་སྐྲྀ་ཏ་ལ་དྲུག་པའི་རྣམ་དབྱེ་དངོས་སུ་ཡོད་པས་བོད་སྐད་ལ་ཡང་དྲུག་སྒྲ་འབྱུང་བར་རིགས་ཏེ། གཞན་དུ་ན་སྒྲ་ཡི་ནུས་པ་མ་ཐོན་པས་དོན་ལོག་པར་འགྱུར་བའི་ཕྱིར་རོ། །དེ་བས་ན་འདི་ལྟར། དེ་ལྟར་ངེས་འབྱེད་ཆ་མཐུན་ནི། །ཆུང་དང་འབྲིང་དང་ཆེན་པོ་ཡིན། །ཅེས་པའི་ཚིག་རྐང་པ་དང་པོ་འདི་ཆོས་མཆོག་གི་མཇུག་ཏུ་བྱུང་ཡང་དྲོ་བ་ལ་སོགས་པ་གཞན་གསུམ་གྱི་འཇུག་ཏུ་ཡང་སྦྱར་བར་བྱ་བ་ཡིན་ཏེ། དེ་ལྟར་སློབ་དཔོན་གྱིས་བཤད་པའི་ཕྱིར་རོ། །དེ་བཞིན་དུ་དམིགས་པ་མི་རྟག་ལ་སོགས་པ། །བདེན་པའི་རྟེན་ཅན་དེ་ཡི་ནི། །ཞེས་པའི་རྐང་པ་གཉིས་པ་འདི་ཡང་དམིགས་རྣམ་ཐམས་ཅད་ལ་ཡང་རྗེས་སུ་འགྲོ་བ་ཡིན་ཏེ། དེ་ལྟ་མ་ཡིན་ན་དམིགས་རྣམ་ལྷག་མ་རྣམས་བདེན་པར་རྟོགས་པའི་ཆོས་སུ་མ་བསྟན་པར་འགྱུར་ཏེ། དེ་ལྟར་སྟོན་བྱེད་ཀྱི་ཚིག་མེད་པའི་ཕྱིར་རོ། །དེ་ལྟར་ན་བདེན་པ་ལ་མ་དམིགས་པའི་མངོན་རྟོགས་ནི། མི་མཐུན་ཕྱོགས་ཀྱི་གཉེན་པོར་མི་རུང་བ་དང་། བདེན་པ་མངོན་པར་རྟོགས་པ་དང་རྗེས་སུ་མཐུན་པའི་ལམ་མ་ཡིན་པར་ཐལ་བའི་སྐྱོན་དུ་འགྱུར་རོ། །དེ་བས་ན་ཚིག་གི་དོན་འདི་འབྱུང་སྟེ། དམིགས་པ་མི་རྟག་ལ་སོགས་པ། །བདེན་པའི་རྟེན་ཅན་དེ་ཡི་ནི། །གཟུགས་སོགས་འདུ་འགོད་གནས་བྲལ་དང་། །ཞེས་པ་ནས། དེའི་ནི། ཏིང་ངེ་འཛིན་དེའི་བྱེད་པ་དང་། །ཞེས་སོགས་སུ་འགྱུར་རོ། །དེ་བས་ན་འདིར་གང་ལ་རྩོད་པའི་གཞི་ནི་བརྗོད་ཚུལ་གྱི་རྣམ་པ་འདི་ཉིད་ཡིན་ནོ། །གཉིས་པ་ནི། འདིར་ངེས་འབྱེད་ཆ་མཐུན་ནི་བདེན་པ་མངོན་པར་རྟོགས་པ་དང་རྗེས་སུ་མཐུན་པའི་ལམ་ཡིན་པས་དམིགས་པ་བདེན་པ་བཞི་ལ་དམིགས་ནས་རྣམ་པ་དེ་ཡི་ཁྱད་པར་གྱི་ཆོས་ལ་སྒྲོ་འདོགས་གཅོད་པ་ཞིག་དགོས་པ་ཡིན་ལ། དེ་ཡང་སྒྲས་སྟོན་པ་ན་དམིགས་རྣམ་བདེན་བཞིས་ཁྱད་པར་དུ་བྱས་པ་ཅན་གྱི་ཆོས་ཅན་བརྗོད་པས་བརྗོད་པར་བྱ་བ་ཡིན་ཏེ། ཁྱད་པར་གྱི་ཆོས་ཡོངས་སུ་གཅད་པར་བྱ་བའི་གཞི་ཡིན་པའི་ཕྱིར། རྣམ་པ་རྣམས་ནི་བདེན་བཞིའི་ཁྱད་པར་ཅན་གྱི་ཆོས་བརྗོད་པས་བརྗོད་པར་བྱ་བ་ཡིན་ཏེ། བདེན་བཞིར་གཏོགས་པའི་ཆོས་ཅན་གྱི་སྟེང་དུ་ཡོངས་སུ་གཅད་པར་བྱ་བའི་དོན་ཡིན་པའི་ཕྱིར་དེ་ལྟ་ན་ཡང་དམིགས་རྣམ་སྟོན་པའི་སྐབས་འདིར། དྲོ་བ་ཆུང་ངུའི་དམིགས་པ་སྟོན་པ་ན། དམིགས་པ་མི་རྟག་ལ་སོགས་པ། །བདེན་པའི་རྟེན་ཅན་འདི་ཡི་ཞེས་བྱ་བར་བདེན་པའི་ཁྱད་པར་ཅན་གྱི་ཆོས་ཅན་བརྗོད་པས། དེར་མ་གཏོགས་པ་དམིགས་པ་ལྷག་མ་བཅུ་གཅིག་པ་རྣམས་བདེན་པའི་རྟེན་ཅན་དེ་ཡིན་ཏེ། །ཞེས་པ་རྣམ་དབྱེ་དྲུག་པའི་སྒྲས་བདེན་པའི་ཁྱད་པར་ཅན་གྱི་ཆོས་བརྗོད་པས་ཐམས་ཅད་དུ་མཚུངས་པར་བརྗོད་པ་མི་རིགས་ཞེས་པ་འདི་ཇི་ལྟར་རྩོད་པའི་ཚུལ་ལོ། །གསུམ་པ་ནི། བརྡ་སྤྲོད་པའི་གཞུང་ལས་ཐ་དད་པ་ལས་ནི་དྲུག་པའོ། །ཞེས་ལྷ་སྦྱིན་དང་རིལ་བ་ལྟ་བུ་ཆོས་ཆོས་ཅན་རྫས་ཐ་དད་པ་ཁོ་ན་ལ་རྣམ་དབྱེ་དྲུག་པའི་སྒྲ་སྦྱོར་བ་ཡིན་པས་འདིའི་དམིགས་པ་ལྷག་མ་བཅུ་གཅིག་དང་རྣམ་པ་རྣམས་ནི་ཆོས་ཅན། བདེན་བཞི་ལས་དོན་ཐ་དད་པ་ཁོ་ནར་འགྱུར་ཏེ། ཆོས་བརྗོད་པའི་སྒྲས་དེ་ལས་ཐ་དད་པར་བརྗོད་པའི་ཕྱིར་རོ། །ཞེས་པ་ནི་དེ་ལྟར་རྩོད་པའི་རྒྱུ་མཚན་ནོ། །འདིར་གཞུང་གི་ཡང་ཞེས་པ་འགལ་བ་བསྡུ་བའི་ཚིག་གི་རྒྱན་ཡིན་ལ། ནི་ཞེས་པ་རྒྱུ་ུམཚན་འདྲེན་པར་བྱེད་པའི་ཚིག་གི་ཕྲད་ཡིན་པས། གང་གི་ཕྱིར་གྱི་དོན་ཏོ། །ཐམས་ཅད་དུ་བརྗོད་པ་ནི། ཞེས་པ་ཡན་ལག་རྩོད་པའི་ངག་ཏུ་དངོས་སུ་མ་བཀོད་ཀྱང་རྩོད་པའི་དོན་དངོས་སུ་བརྗོད་ནས་དགག་པའི་ཚིག་ཁོང་ནས་འདྲེན་བྱེད་ཡིན་པས་རྩོད་ངག་ཏུ་བརྗོད་པ་ལ་འགལ་བ་མེད་ཅིང་ཚིག་གི་ཚོགས་སྐྱུང་བའི་དགོས་པ་ཡང་ཡོད་དོ། །སློབ་དཔོན་གྱིས་ཀྱང་ཚིག་གི་ཚོགས་སྐྱུང་བའི་ཕྱིར་རྒོལ་བར་དངོས་སུ་མ་བཀོད་པར་རྩོད་པ་ཁོང་ནས་འདྲེན་བྱེད་ཀྱི་ལན་ཙམ་དངོས་སུ་བཀོད་དོ། །གཉིས་པ་ལན་ལ། ཚིག་ལ་བ རྟེན་པ་དང་། དོན་ལ་བརྟེན་པའི་ལན་གཉིས་ཀྱི། དང་པོ་ནི། ཇི་སྐད་བཤད་པའི་སྐྱོན་མེད་དེ། ཆོས་དང་ཆོས་ཅན་བརྗོད་པའི་སྒྲ་གཉིས་ཀྱིས་བརྗོད་བྱ་ཆོས་ཆོས་ཅན་རྫས་ཐ་དད་པ་ཁོ་ན་བརྗོད་ན་ནི་ཇི་སྐད་བཤད་པའི་ཉེས་པར་འགྱུར་བ་ཞིག་ན། ཆོས་དང་ཆོས་ཅན་བརྗོད་པའི་སྒྲ་ལ་ནི་དོན་གཅིག་ཉིད་གཞན་སྤོང་བའི་ཚུལ་གྱིས་བརྗོད་པ་དང་མི་སྤོང་བའི་ཚུལ་གྱིས་བརྗོད་པ་ཙམ་མ་གཏོགས་པ་ངེས་པའི་ཤེས་པའི་ཡུལ་དུ་ཡང་དོན་གྱི་ཁྱད་པར་འགའ་ཡང་མེད་པའི་ཕྱིར། དེ་ཡང་འདི་ལྟར། བ་ལང་མ་ཡིན་པ་ལས་ལོག་པའི་ལྡོག་པ་དེ་ཉིད་ཉན་པ་པོ་རྣམས་བ་ལང་གི་ཁྱད་ཆོས་གཞན་གྱི་རྟེན་དུ་མི་རུང་བའི་ཆོས་ཙམ་དུ་ཤེས་པར་འདོད་པ་ན་སྨྲ་བ་པོས་དེ་ལྟར་ཤེས་པར་བྱ་བའི་ཕྱིར་བ་ལང་ཉིད་ཅེས་ཆོས་བརྗོད་ཀྱི་སྒྲས་སྟོན་པར་བྱེད་ལ་དེའི་ཚེ་ཉན་པ་པོ་རྣམས་ཀྱི་བ་ལང་མ་ཡིན་པ་ལས་བཟློག་པའི་ལྡོག་པ་དེ་ཉིད་ཁྱད་ཆོས་གཞན་གྱི་རྟེན་དུ་མི་རུང་བའི་ཆོས་ཙམ་དུ་བློོ་ཡུལ་དུ་འཆར་བས་ཁྱད་པར་གཞན་སྤངས་པར་བརྗོད་པ་ཞེས་བྱ་ལ་གང་གི་ཚེ་དེ་ཉིད་དཀར་པོ་ལ་སོགས་པ་ཁྱད་ཆོས་གཞན་གྱི་རྟེན་དུ་རུང་བའི་ཆོས་ཅན་དུ་ཤེས་པར་འདོད་པ་ན་བ་ལང་ཞེས་ཆོས་ཅན་བརྗོད་པའི་སྒྲ་སྦྱོར་བར་བྱེད་ལ། དེའི་ཚེ་ཉན་པ་པོ་རྣམས་ཀྱི་བ་ལང་མ་ཡིན་པ་ལས་ལོག་པ་དེ་ཉིད་དཀར་པོ་སོགས་ཆོས་གཞན་གྱི་རྟེན་དུ་རུང་བའི་ཆོས་ཅན་ལྟ་བུར་བློ་ཡུལ་དུ་འཆར་བས་དེ་ཙམ་ལ་ཁྱད་པར་གཞན་མ་སྤངས་པར་བརྗོད་པ་ཞེས་བྱའོ། །དེ་ལྟར་ན་ཡང་སྒྲ་གཉིས་ཀའི་བ་ལང་མ་ཡིན་པ་ལས་ལོག་ཙམ་གྱི་ལྡོག་པ་དེ་ཉིད་བརྗོད་པ་ལ་ཁྱད་པར་མེད་དོ། །དོན་དེ་དག་ཀྱང་རྣམ་འགྲེལ་ལས། ཁྱད་པར་གཞན་ནི་སྤོང་བ་དང་། །མི་སྤོང་བ་དང་དེ་གཉིས་ཀྱི། །བརྡའི་བྱེ་བྲག་རྟོགས་པ་པོའི། །འདོད་པ་རྗེས་སུ་བྱེད་པ་གཞི། །ཀུན་ལ་རྫས་དང་དངོས་བརྗོད་པའི། །སྒྲ་ཡི་ཁྱད་པར་དེ་ཉིད་དེ། །དེ་ཕྱིར་དེ་དག་བརྗོད་བྱ་ལ། ཁྱད་པར་འགའ་ཡང་ཡོད་མ་ཡིན། །ཞེས་ཆོས་ཀྱི་གྲགས་པའི་ལུགས་ལས་འབྱུང་བའི་ཕྱིར་རོ། །དོན་ནི་འདི་ཡིན་ཏེ། གཟུགས་སོགས་འདུ་འགོད་གནས་བྲལ་དང་། །ཞེས་སོགས་སྦྱོར་ལམ་ལྷག་མ་བཅུ་གཅིག་གི་དམིགས་པ་སྟོན་པའི་རྒྱན་གྱི་ཚིགས་བཅད་ཆོས་ཅན། སྦྱོར་ལམ་གྱི་དམིགས་གཞི་བདེན་བཞི་ཁྱད་པར་ཅན་གྱི་ཆོས་ཅན་བརྗོད་པར་བྱ་བ་ཡིན་ན་ཡང་ཁྱད་པར་ཅན་གྱི་ཆོས་བརྗོད་ཀྱི་བརྗོད་པའི་སྒོ་ནས་བརྗོད་ཚུལ་ལ་སྐྱོན་ཆགས་པ་མ་ཡིན་ཏེ། ཁྱད་པར་ཅན་གྱི་ཆོས་བརྗོད་དང་ཆོས་ཅན་བརྗོད་པའི་སྒྲ་འདི་དག་ལ་དོན་གཅིག་ཉིད་ཁྱད་པར་གཞན་སྤངས་མ་སྤངས་ཀྱི་སྒོ་ནས་བརྗོད་པ་ཙམ་མ་གཏོགས་བརྗོད་བྱའི་དོན་ལ་ངེས་པའི་ཤེས་པའི་ཡུལ་དུ་ཡང་ཁྱད་པར་མེད་པའི་ཕྱིར་རོ། །ཞེས་པའོ། །གཉིས་པ་ནི། ལན་གྱི་རྣམ་པ་གཅིག་ཏུ་ན་དམིགས་པ་ལྷག་མ་བཅུ་གཅིག་དང་རྣམ་པ་རྣམས་སྡུག་བསྔལ་ལ་སོགས་པའི་བདེན་པར་རྟོགས་པ་ཁོ་ན་ཡིན་ཏེ། དྲོ་བ་ཆུང་ངུའི་རྣམ་པ་མངོན་ཞེན་སོགས་བཀག་པ་དང་ལྡན་པའི་བདེན་པའི་རྟེན་ཅན་གྱི་མི་རྟག་པ་ལ་སོགས་པ་དེ་དག་ཁོ་ན་སྒྲུབ་པ་དང་དགག་པ་དང་བྲལ་བར་འགྱུར་བའི་དྲོ་བ་འབྲིང་གི་དམིགས་པ་ཡིན་པའི་ཕྱིར། དེ་ནི་མཚོན་པ་སྟེ། དེ་བཞིན་དུ་མངོན་ཞེན་སོགས་བཀག་པ་དང་ལྡན་པ་དེ་ཁོ་ནར་བརྡར་བཏགས་པའི་ཆོས་ཐ་སྙད་པ་དྲོ་བ་ཆེན་པོའི་དམིགས་པ་དང་བྱང་སེམས། ཏིང་ངེ་འཛིན་ཤེར་ཕྱིན་གསུམ་ཕན་ཚུན་ངོ་བོ་གཅིག་པ་ཆོས་མཆོག་ཆེན་པོའི་དམིགས་པར་འགྱུར་བའི་ཕྱིར་རོ། །དེའི་རྒྱུ་མཚན་ཡང་དྲོ་བ་ཆུང་ངུའི་དམིགས་རྣམ་བདེན་པར་རྟོགས་པར་བསྟན་པ་ན་ལྷག་མ་རྣམས་ཀྱི་དམིགས་རྣམ་ཡང་བདེན་པར་རྟོགས་པ་དོན་གྱིས་ཤེས་ཏེ། མངོན་རྟོགས་རིགས་རྒྱུན་གཅིག་ཉིད་དམིགས་པ་མི་འདྲ་བ་ལ་དམིགས་པར་མི་རུང་བའི་ཕྱིར་ཏེ། མངོན་རྟོགས་རིགས་རྒྱུན་ཐ་དད་པར་ཐལ་བའི་ཕྱིར་རོ། །དེ་ལྟར་དྲོ་བ་ཆུང་ངུའི་དམིགས་པ་བདེན་བཞིའི་ནང་དུ་དམིགས་པ་ལྷག་མ་བཅུ་གཅིག་འདུ་བའི་ཕྱིར་དེ་ལས་ཐ་དད་པར་སྟོན་པར་མི་རིགས་སོ་ཞེ་ན། སྐྱོན་མེད་དེ། དྲོ་བ་ཆུང་ངུའི་དམིགས་པ་བདེན་བཞི་ལ་དམིགས་པ་ལྷག་མ་བཅུ་གཅིག་ཐ་དད་པར་བརྗོད་པ་ནི་རྒྱན་གྱི་རྩ་བའི་ཚིགས་ལེའུར་བྱས་པ་ལྡེབ་པའི་ངོར་ཡིན་པས་སོ། །ཀྱང་ཞེས་པ་འགལ་བ་བསྡུས་པའི་ཚིག་རྒྱན་ནོ། །སྐབས་འོག་མ་རྣམས་ཀྱི་སྦྱོར་བ་དག་ལའང་འདིར་ཇི་སྐད་བཤད་པ་དེ་བཞིན་དུ་བདེན་པར་རྟོགས་པ་ཁོ་ན་དམིགས་པ་དང་རྣམ་པར་བྱ་བ་ཡིན་པ་ཤེས་པར་བྱ་སྟེ། སྐབས་དང་པོར་ཇི་སྐད་བཤད་པའི་ཚུལ་གྱིས་བདེན་པར་རྟོགས་པ་ཁོ་ན་དམིགས་རྣམ་དུ་བཤད་པའི་ཕྱིར་དང་། རིགས་པ་མཚུངས་པའི་ཕྱིར་རོ། །གཞུང་འདི་དག་གི་ཡེ་གེའི་དོན་ལ་ཞུགས་པའི་བཤད་པ་ནི། དེ་ཁོ་ན་ལྟར་བཤད་པ་ཡིན་ལ། ཊཱིཀ་བྱེད་སྔ་མ་དག་དང་འགྲེལ་པ་དག་གི་བཤད་པ་ལ་ནི་ཡིད་བརྟན་མ་མཐོང་བའི་ཕྱིར་ཁོ་བོས་མ་བཀོད་དེ། རྨོངས་པ་འཆད་པ་པོའི་ཁ་ལ་ལྟས་ནས་སྒྲ་སྒྲོགས་པ་ཙམ་གྱིས་ཚིམ་པའི་ཉན་པ་པོ་དག་འདྲིད་པར་བྱེད་པའི་སྒྱུ་ཐབས་ཀྱི་བཤད་པ་ཁོ་བོ་དོན་དུ་མི་གཉེར་བའི་ཕྱིར་རོ། །

གཉིས་པ་མཚུངས་ལྡན་རྟོགས་པ་བཤད་པ་ལ། སྤྱི་དང་། ཡན་ལག་གཉིས་ཀྱི་དང་པོ་ལ། ངོ་བོ། དབྱེ་བ། གྲངས་དང་། གོ་རིམ་ངེས་པ་དང་། གཉེན་པོས་སྤོང་ཚུལ་རྣམས་ཀྱིས་ཤེས་པར་བྱའོ། །དང་པོ་ལ་སྤྱིའི་ངོས་འཛིན་དང་། དགག་སྒྲུབ་གང་གི་རྣམ་པ་ཅན་ཡིན་པར་དཔྱད་པ། ཁྱད་ཆོས་སུ་འགྱུར་ཚུལ་གསུམ་གྱི་དང་པོ་ནི། སྤྱིར་རྟོག་པ་ནི་གསུམ་སྟེ། ཡང་དག་པ་མ་ཡིན་པའི་ཀུན་རྟོག་དང་། སེམས་རྩིང་བའི་རྣམ་པ་ཅན་དང་། སྒྲ་དོན་འདྲེས་འཛིན་གྱི་རྟོག་པའོ། །དང་པོ་ནི། དབུས་མཐར། ཡང་དག་མ་ཡིན་ཀུན་རྟོག་ནི། །སེམས་དང་སེམས་བྱུང་ཁམས་གསུམ་པ། །ཞེས་པ་ལྟར། སེམས་སེམས་བྱུང་གཟུང་འཛིན་གཉིས་སུ་སྣང་བ་ཁམས་གསུམ་པའི་རྣམ་པ་ཅན་རྣམས་སོ། །

གཉིས་པ་ནི། མངོན་པར་རྟོག་པ་གང་ཞེ་ན། སེམས་པའམ་ཤེས་རབ་ལ་བརྟེན་ནས་ཀུན་ཏུ་ཚོལ་བ་ཡིད་ཀྱི་བརྗོད་པ་སྟེ། དེ་ནི་སེམས་རྩིང་བའོ་ཞེས་སོ། །གསུམ་པ་ནི། རྣམ་འགྲེལ་དུ། ཤེས་གང་དག་ལ་སྒྲ་དོན་འཛིན། །དེ་ནི་དེ་ལ་རྟོག་པ་ཡིན། །ཞེས་པ་ལྟར་མིང་གི་རྗེས་འབྲངས་ནས་དོན་ལ་མངོན་པར་ཞེན་པའོ། །དེ་ལ་ཁ་ཅིག་འདིར་རྣམ་པར་རྟོག་པ་དང་པོ་ཉེ་བར་གཟུང་ངོ་ཞེས་ཟེར་བ་ནི་མ་ཡིན་ཏེ། འདིར་ནི་བྱང་སེམས་ལམ་གྱི་སྤང་བྱའི་གཙོ་བོར་གྱུར་པའི་རྟོག་པ་གཟུང་བ་ཡིན་ལ། མངོན་ཞེན་དང་བྲལ་བའི་གཉིས་སྣང་ཙམ་ནི་ཆེད་དུ་གཉེར་ནས་སྤང་བྱ་མ་ཡིན་པའི་ཕྱིར་ཏེ། ཇི་སྲིད་གཉིས་སྣང་གི་བག་ཆགས་མ་སྤངས་པ་དེ་སྲིད་དུ་དེ་དག་རང་གི་ངང་གིས་འབྱུང་བས་སྤང་མི་ནུས་པའི་ཕྱིར་དང་། ཞེན་པ་མེད་ན་སྣང་བ་ཙམ་གྱིས་ཉེས་པ་མི་བསྐྱེད་ཅིང་། རྣམ་རྟོག་གི་བག་ཆགས་མ་ལུས་པ་སྤངས་ན་དེ་དག་རང་གི་ངང་གིས་ལྡོག་པས་ལོགས་སུ་སྤང་མི་དགོས་པའི་ཕྱིར་རོ། །གཞན་ཡང་འདི་དག་ཞེན་པ་དང་བྲལ་བའི་གཉིས་སྣང་ཙམ་ཡིན་ན་དགག་པའི་རྣམ་པ་ཅན་འདོད་པ་ཤིན་ཏུ་མི་རིགས་ཏེ། དགག་སྒྲུབ་ནི་རྟོག་བཅས་ཀྱི་ཤེས་པ་ཁོ་ནའི་བྱེད་པ་ཡིན་པའི་ཕྱིར་རོ། །དེ་བས་ན་འདིར་རྟོག་པ་ནི་སྒྲ་དོན་འདྲེས་འཛིན་གྱི་མཚན་ཉིད་ཅན་ཡིན་ཏེ། བྱང་སེམས་ལམ་གྱི་སྤང་བྱར་གྱུར་པ་མངོན་པར་ཞེན་པའི་བདག་ཉིད་ཅན་ཡིན་པས་སོ། །གཉིས་པ་ནི། འདིར་རྒྱ་བོད་ཀྱི་འགྲེལ་པ་བྱེད་པ་ཕལ་ཆེ་བ་ནི་སྐབས་འདིའི་གཟུང་འཛིན་གྱི་རྟོག་པ་རྣམས་སྦྱོར་ལམ་གྱི་ངོ་བོ་དང་། དེ་ཡང་དགག་པའི་རྣམ་པ་ཅན་དུ་བཞེད་དེ། སངས་རྒྱས་ཡེ་ཤེས་ཀྱི་བསྡུད་འགྲེལ་དུ། དངོས་པོ་ཙམ་ལ་བརྟེན་པ་ནི་གང་གིས་ན་ཕུང་པོ་ལ་སོགས་པའི་དངོས་པོ་ཙམ་ལ་བརྗོད་པ་ཙམ་དུ་ཤེས་པ་ཡིན་ཞེས་དང་། གཉེན་པོ་ལ་བརྟེན་པ་ནི་ཕར་ཕྱིན་ལ་སོགས་པ་རྣམ་པར་བྱང་བའི་དངོས་པོ་ཁོ་ན་ལ་སེམས་ཙམ་དུ་རྣམ་པར་འཇོག་པར་བྱེད་པའོ་ཞེས་དང་། གང་གི་རྫས་ལ་བརྟེན་པ་ནི་འཛིན་པའི་རྣམ་པ་གང་གིས་རྫས་སུ་སྒྲོ་བཏགས་པ་གཙོ་བོར་སེམས་ལ་སོགས་པར་ལྟ་བའི་ཡུལ་གྱི་དངོས་པོ་འགོག་པར་བྱེད་པའོ། །དེར་བཏགས་པ་ལ་བརྟེན་པ་ནི་གང་གིས་བཏགས་པ་ཙམ་ཡང་འཛིན་པ་མ་ཡིན་པ་ཉིད་དུ་རབ་ཏུ་འབྱེད་པའོ་ཞེས་བཤད་ཅིང་། གསེར་གླིང་པས། རྣམ་པར་རྟོག་པ་མཐའ་ཡས་པ་ཡིན་ན་ཡང་མི་མཐུན་ཕྱོགས་ཡིན་པའི་ཕྱིར་ལམ་དུ་རྟོག་པ་ཁོ་ནའི་རྣམ་པར་རྟོག་པ་བསྟན་གྱི་གཞན་ནི་ཅི་ཡང་མི་བྱེད་པ་ཉིད་ཀྱིས་ན་སྤང་བར་བྱ་བའི་ཡང་མ་ཡིན་ཅིང་། བླང་བར་བྱ་བ་ཡང་མ་ཡིན་པས་ཉེས་པ་མེད་དོ་ཞེས་བཤད་ཅིང་། བོད་རྣམས་ཀྱི་ཊཱི་ཀ་བྱེད་པ་ཕལ་ཆེ་བ་ཡང་། དེ་དག་དང་མཐུན་པར་བཤད་ལ། འཕགས་པས་གཟུང་བའི་རྣམ་པར་རྟོག་པ་གཉིས་ཏེ། དངོས་པོ་ཙམ་ལ་བརྟེན་པ་དང་གཉེན་པོའི་ཕྱོགས་ལ་བརྟེན་པའོ། །འཛིན་པའི་རྣམ་པར་རྟོག་པ་གཉིས་ཏེ། བདག་རྫས་སུ་ཡོད་པའི་རྟེན་ཅན་དང་། སྐྱེས་བུ་བཏགས་པར་ཡོད་པའི་རྟེན་ཅན་ནོ། །དེ་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང་པོ་དང་། གཉིས་པ་དག་ནི་གོ་རིམ་བཞིན་དུ་གཟུང་བའི་རྣམ་པར་རྟོག་པ་གཉིས་སུ་གྱུར་པ་ཡིན་ལ། གསུམ་པ་དང་བཞི་པ་དག་ཀྱང་འཛིན་པའི་རྣམ་པར་རྟོག་པ་གཉིས་སུ་ཡིན་ནོ་ཞེས་པའི་དོན་དུ་བསམས་ནས་རྟོག་པ་བཞི་པོ་ངེས་འབྱེད་ཆ་མཐུན་གྱི་རང་བཞིན་དགག་པའི་རྣམ་པ་ཅན་ཁོ་ནར་འདོད་དོ། །འདི་དག་ནི་རིགས་པར་མ་མཐོང་སྟེ། བྱང་སེམས་ལམ་གྱི་སྤང་བར་བྱ་བ་ནི། གཟུང་འཛིན་གྱི་རྣམ་རྟོག་བཞི་པོ་འདི་ཙམ་ཁོ་ནར་ཟད་པའི་ཕྱིར་དང་། དེ་དག་ཀྱང་སྦྱོར་ལམ་བཞིའི་ངོ་བོ་ཡིན་ན་བྱང་སེམས་བསྐལ་པ་གྲངས་མེད་པ་གསུམ་དུ་ཤེས་སྒྲིབ་སྤངས་པའི་ཕྱིར་དུ་ཤེར་ཕྱིན་སྒོམ་པ་ནི་རང་གི་སྦྱོར་ལམ་ཁོ་ན་སྤང་བའི་ཕྱིར་དུ་ངལ་བ་བྱེད་པར་འགྱུར་བ་དང་། ལས་དང་པོ་པ་དག་གིས་སྦྱོར་ལམ་མ་སྐྱེད་པའི་ཕྱིར་དེ་དག་ལ་གཟུང་འཛིན་གྱི་རྣམ་རྟོག་མེད་པ་ཐལ་བར་ཡང་འགྱུར་རོ། །གལ་ཏེ་འདི་དག་ལས་མ་གཏོགས་པའི་གཟུང་འཛིན་གྱི་རྣམ་རྟོག་གཞན་ཡོད་དོ་ཞེ་ན། དེ་ལྟར་ན། དེ་གཞུང་འདིར་མ་བསྟན་པས་སྤང་བྱ་རྫོགས་པར་མ་བསྟན་པར་འགྱུར་ལ། དེ་ལྟར་ན་ལམ་རྣམས་ཀྱང་མི་མཐུན་ཕྱོགས་་གང་གི་གཉེན་པོ་ཡིན་པ་ཁོང་དུ་ཆུད་པ་མི་འགྱུར་རོ། །གཞན་ཡང་རྣམ་རྟོག་འདི་དག་དགག་པའི་རྣམ་པ་ཅན་ཡིན་ལ། སྐབས་ལྔ་པའི་འཇུག་པ་དང་ལྡོག་པ་གཟུང་རྟོག་སོགས་ཀྱང་དགག་པའི་རྣམ་པ་ཅན་དུ་འགྱུར་ན། དེ་ཡང་མི་རིགས་ཏེ། འགྲེལ་པར་འཇུག་པར་བྱའོ་ཞེས་དང་། ལྡོག་པར་བྱའོ་ཞེས་གཟུང་བར་རྣམ་པར་རྟོག་ཅེས་དངོས་སུ་སྒྲུབ་པའི་རྣམ་པ་ཅན་དུ་བཤད་པའི་ཕྱིར་དང་། མདོ་ལས་ཀྱང་། གཉེན་པོ་རང་བཞིན་མེད་པའི་ཤེས་རབ་དངོས་སུ་བསྟན་པའི་ལྡོག་པའི་སྒོ་ནས་གཟུང་འཛིན་གྱི་རྟོག་པ་རྣམས་བསྟན་པའི་ཕྱིར་རོ། །ཅི་སྟེ་སྐབས་ལྔ་པའི་རྟོག་པ་ནི། འདིའི་སྐབས་ཀྱི་རྟོག་པས་མ་བསྡུས་སོ་ཞེ་ན། མི་རིགས་ཏེ། འགྲེལ་ཆེན་དུ། དེ་ལྟར་ན་འོག་ནས་འཆད་པའི་རྩེ་མོའི་མངོན་པར་རྟོགས་པས་བསྡུས་པ་མཐོང་བ་དང་སྒོམ་པའི་ལམ་གྱིས་སྤང་བར་བྱ་བའི་རྣམ་པར་རྟོག་པ་བཞི་པོ་རྣམས་ཀྱི་གྲངས་ཇི་ལྟ་བ་བཞིན་དུ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་འདི་ཀུན་ནས་ཉོན་མོངས་པ་ལ་བརྟེན་པར་བརྗོད་པར་བྱའོ་ཞེས་ཁྱད་ཆོས་ཀྱི་རྟོག་པ་འདི་རྣམས་རྩེ་མོའི་མཐོང་ལམ་གྱི་སྤང་བྱར་བཤད་པའི་ཕྱིར་རོ། །གཞན་ཡང་འགྲེལ་ཆེན་དུ། རྣམ་པར་རྟོག་པ་བཞི་པོ་ནི་རང་གི་བྱང་ཆུབ་ཀྱི་གེགས་སུ་གྱུར་པ་མ་ཡིན་པས་ན། གང་གི་ཕྱིར་དེ་དང་འདྲེས་པར་གྱུར་ཀྱང་མ་འདྲེས་པར་སྐྱེ་བ་ཡིན་ནོ་ཞེས་རྣམ་པར་བཞག་གོ །ཞེས་པ་ཡང་ཇི་ལྟར་དྲང་སྟེ། གཟུང་འཛིན་གྱི་རྣམ་རྟོག་འདི་དག་བྱང་སེམས་སྦྱོར་ལམ་གྱི་ངོ་བོ་ཡིན་ན་ཉན་རང་སྦྱོར་ལམ་དང་འདྲེས་པར་སྐྱེ་བོ་ཞེས་རྣམ་པར་བཞག་མི་ནུས་པའི་ཕྱིར་རོ། །འཕགས་པའི་དགོངས་པ་ནི། སྦྱོར་ལམ་གོ་རིམ་བཞིན་དུ་གཟུང་འཛིན་གྱི་རྣམ་རྟོག་བཞིའི་ངོ་བོར་སྟོན་པ་ཡིན་གྱི་གཟུང་འཛིམ་གྱི་རྣམ་པར་རྟོག་པ་རྣམས་སྦྱོར་ལམ་དུ་སྟོན་པ་མ་ཡིན་ནོ། །དེའི་ཕྱིར་ལུགས་འདི་ནི་མང་པོ་ཞིག་ལ་གྲགས་སུ་ཟིན་ཀྱང་དཔྱད་མི་བཟོད་པའི་ཕྱིར་མི་རིགས་པ་ཁོ་ནའོ། །ཡང་གཞན་དག་ཇི་སྐད་བཤད་པའི་འཐད་པའི་དགག་པའི་རྣམ་པ་ཅན་དང་། ལམ་གྱི་ངོ་བོར་མི་རིགས་པར་མཐོང་ནས་རྟོག་པ་བཞི་པོ་འདི་དག་སྤང་བྱ་ཁོ་ན་དང་། དེ་ཡང་སྒྲུབ་པའི་རྣམ་པ་ཅན་དུ་འཆད་དོ། །དེ་ཡང་མི་བཟང་སྟེ། དགག་པ་དང་སྒྲུབ་པའི་རྣམ་པ་ཅན་གྱི་མངོན་པར་ཞེན་པ་ཐམས་ཅད་བྱང་སེམས་ཀྱི་སྤང་བྱ་ཡིན་པའི་ཕྱིར་དང་། དེ་ཐམས་ཅད་ཀྱང་གཟུང་འཛིན་གྱི་རྣམ་པ་རྟོག་པ་བཞིས་བསྡུས་པའི་ཕྱིར་དང་། འཕགས་པ་དང་སློབ་དཔོན་གྱིས་ངེས་འབྱེད་ཆ་མཐུན་བཞི་པོ་གྲངས་བཞིན་དུ་གཟུང་འཛིན་གྱི་རྣམ་རྟོག་བཞིའི་ངོ་བོ་དང་དེ་དག་གིས་ཀུན་ནས་ཉོན་མོངས་པར་བྱས་པར་བཤད་པ་དང་ཡང་འགལ་བའི་ཕྱིར་རོ། །གལ་ཏེ་སྦྱོར་ལམ་བཞི་པོ་གཟུང་འཛིན་གྱི་རྣམ་རྟོག་བཞིའི་ངོ་བོར་མི་ལྡན་ན་ཇི་ལྟར་ལམ་དག་རྣམ་རྟོག་དག་གིས་ཀུན་ནས་ཉོན་མོངས་པར་བྱས་པར་འགྱུར། ཅི་སྟེ་སྤང་བྱར་ལྡན་པས་སོ་ཞེ་ན། ཤིན་ཏུ་ཡང་མི་རིགས་ཏེ། མཐོང་སྒོམ་གྱི་ལམ་དག་ཀྱང་དེར་ཐལ་བའི་ཕྱིར་རོ། །ཅི་སྟེ་བག་ལ་ཉལ་རྗེས་སུ་འབྲེལ་བས་སོ་ཞེ་ན་ཡང་། ཐལ་བ་དེ་ཉིད་ལྡོག་པ་མེད་དེ། འདི་དག་གི་བག་ལ་ཉལ་ནི་ས་བཅུ་པའི་ཡེ་ཤེས་ཀྱིས་སྤང་བྱ་ཡིན་པས་སོ། །གཞན་ཡང་སྦྱོར་ལམ་བཞི་གཟུང་འཛིན་གྱི་རྣམ་རྟོག་བཞིའི་ངོ་བོ་མ་ཡིན་ན་སྤང་བྱའི་རྟོག་པ་ལ་བཞིར་གྲངས་མ་ངེས་པའམ་ཡང་ན་སྦྱོར་ལམ་རྟོག་པའི་ངོ་བོ་མ་ཡིན་པར་འགྱུར་ན་གཉིས་ཀ་ལྟར་ཡང་མི་རིགས་ཏེ། གཟུང་འཛིན་གྱི་རྣམ་རྟོག་བཞི་པོ་རེ་རེ་ལ་ཆུང་འབྲིང་ཆེན་པོ་གསུམ་གྱི་དབྱེ་བས་དགུ་དགུ་དང་། དེ་ཡང་ཁམས་གསུམ་གྱི་བྱེ་བྲག་གིས་རྣམ་པར་རྟོག་པ་བརྒྱ་རྩ་བརྒྱད་དུ་ཕྱེ་བ་རྣམས་མ་ལུས་པར་སྤངས་པས་ཇི་སྐད་དུ། ཡམས་ནད་འདི་དག་ཟད་ནས་ནི། །ཡུན་རིང་ལོན་ནས་དབུགས་ཕྱིན་ལྟར། །ཞེས་བཤད་པ་ལྟར་སངས་རྒྱས་ཀྱི་ཆོས་ཐམས་ཅད་འཐོབ་པའི་ཕྱིར་དང་། སྦྱོར་ལམ་རྟོག་པ་མ་ཡིན་པ་ཡང་སྔར་ཉེས་པ་བསྟན་ཟིན་པའི་ཕྱིར་རོ། །དེ་བས་ན་གཟུང་བ་དང་འཛིན་པའི་ཡུལ་ལ་དམིགས་ནས་དགག་པའམ་སྒྲུབ་པ་གང་ཡང་རུང་བའི་རྣམ་པར་མངོན་པར་ཞེན་པ་ནི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་ཡིན་ལ། ངེས་འབྱེད་ཆ་མཐུན་བཞི་ཡང་གོ་རིམ་བཞིན་དུ་ཀུན་ནས་ཉོན་མོངས་དང་རྣམ་བྱང་དག་གི་ཕྱོགས་ཀྱི་གཟུང་བ་དང་དགག་རྫས་དུ་ཡོད་པ་དང་སྐྱེས་བུ་བཏགས་པར་ཡོད་པའི་འཛིན་པ་དེ་དག་ལ་དགག་པའི་ཚུལ་དུ་རང་བཞིན་མེད་པར་མངོན་པར་ཞེན་པས་ན་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་ཞེས་བྱའོ། །འདིར་གཟུང་བ་དང་འཛིན་པ་གང་ལ་བྱ་ཞེ་ན། ལོ་ཙཱ་བ་ཆེན་པོས། གཟུང་འཛིན་གྱི་ཚུལ་གསུམ་སྟེ། སྐྱེ་མཆེད་ཀྱི་དབང་དུ་བྱས་པ་གཟུགས་སོགས་ཕྱིའི་སྐྱེ་མཆེད་གཟུང་བ་དང་། མིག་སོགས་ནང་གི་སྐྱེ་མཆེད་འཛིན་པའོ། །ཡུལ་ཡུལ་ཅན་གྱི་དབང་དུ་བྱས་པ་བེམས་པོ་རྣམས་གཟུང་བ་དང་། རིག་པ་རྣམས་འཛིན་པའོ། །བདག་དང་བདག་གི་བའི་དབང་དུ་བྱས་པ་ལོངས་སྤྱོད་པ་པོའི་བདག་འཛིན་པ་དང་། ལོངས་སྤྱོད་བྱ་བའི་བདག་གི་བ་གཟུང་བའོ། །དེ་ལ་འདིར་ཐ་མ་གཟུང་ཞེས་གསུང་ཡང་སློབ་དཔོན་དང་འཕགས་པས་མུ་བཞིའི་དཔྱད་པ་དང་མི་འགྲིགས་པའི་ཕྱིར་མི་འཐད་ལ། བེམས་རིག་ལ་བྱས་ན་ཡང་ཀུན་བྱང་གི་གཟུང་བ་རྣམས་བེམས་པོ་ཁོ་ནར་མ་ངེས་ཤིང་། གང་ཟག་རྫས་སྤོང་རིགས་པར་མ་ངེས་པའི་ཕྱིར་མི་རིགས་སོ། །དེ་བས་ན་འདིར་འཛིན་པའི་མཚན་ཉིད་ལོངས་སྤྱོད་པ་པོ་དང་། གཟུང་བའི་མཚན་ཉིད་ལ་ལོངས་སྤྱད་བྱའོ། །དེ་དག་ལ་གོ་རིམ་བཞིན་དུ་དགག་སྒྲུབ་གང་རུང་གིས་རྣམ་པར་ཞེན་པ་ནི་གོ་རིམ་བཞིན་དུ་གཟུང་བ་དང་། འཛིན་པའི་རྣམ་རྟོག་གི་མཚན་ཉིད་དོ། །ལོངས་སྤྱོད་པ་པོ་ལ་ཡང་གཉིས་ཏེ། ཆོས་ཀྱི་རང་བཞིན་དང་། གང་ཟག་གི་རང་བཞིན་ནོ། །དང་པོ་ནི་ཤེས་རིག་གིས་བསྡུས་པའི་སེམས་སེམས་བྱུང་རྣམས་ཏེ། དེ་དག་རྒྱུན་ལྡན་རྣམས་ནི་གཟུང་བ་དང་འཛིན་པ་གཉིས་ཀ་ཡིན་ལ། སྐད་ཅིག་རེ་རེ་བ་རྣམས་ནི་འཛིན་པ་ཁོ་ན་ཡིན་ནོ། །གཉིས་པ་ནི། བདག་ཏུ་ཐ་སྙད་བཏགས་པའི་ཡུལ་ཏེ། དེ་ལ་ཡང་བྱིས་པས་ཕུང་པོ་ལ་རིལ་པོའི་བདག་ཏུ་གཟུང་བ་དགག་པ་རྫས་ཡོད་དང་། འཕགས་པས་གཟུགས་སོགས་ཆོས་ཙམ་ལ་སྐྱེས་བུར་ཐ་སྙད་བཏགས་པ་སྐྱེས་བུ་གཏགས་ཡོད་གཉིས་ཏེ། འདི་དག་ནི་འཛིན་པ་ཁོ་ན་ཡིན་ལ། འདི་དག་ལ་རྟོག་པ་ཡང་འཛིན་རྟོག་ཁོ་ན་ཡིན་ནོ། །གཉིས་པ་ལོངས་སྤྱོད་བྱ་ལ་ཡང་ཀུན་ནས་ཉོན་མོངས་ཕྱོགས་ཀྱིས་བསྡུས་པ་དང་། རྣམ་བྱང་ཕྱོགས་ཀྱིས་བསྡུས་པ་གཉིས་ཏེ། དེ་དག་སྤྱི་ལ་རྟོག་པ་ནི་གཟུང་རྟོག་ཁོ་ན་ཡིན་ལ། བྱེ་བྲག་ཕྱེ་ནས་རྟོག་པ་ན་ཅི་རིགས་པར་མུ་གསུམ་དུ་འགྱུར་རོ། །གསུམ་པ་ཁྱད་ཆོས་སུ་འགྱུར་ཚུལ་ནི། སྦྱོར་ལམ་བཞི་ལ་ཇི་སྐད་བཤད་པའི་ཚུལ་གྱིས་གཟུང་འཛིན་གྱི་རྣམ་རྟོག་བཞི་ངོ་བོར་ལྡན་པ་ཡིན་ལ། དེའི་ཕྱིར་དེ་དག་ནི་རྣམ་རྟོག་དེ་དག་གིས་ཀུན་ནས་ཉོན་མོངས་པར་བྱས་པ་ཡིན་ཏེ། བྱང་སེམས་ཀྱི་ཀུན་ནས་ཉོན་མོངས་པར་བྱས་པ་ནི་རྣམ་རྟོག་ཡིན་པའི་ཕྱིར་རོ། །དེའི་ཕྱིར་གཟུང་འཛིན་གྱི་རྣམ་རྟོག་བཞི་ནི་བྱང་སེམས་ཀྱི་སྦྱོར་ལམ་དང་ཉན་རང་སྦྱོར་ལམ་གཉིས་ཀྱི་ནང་ནས་བྱང་སེམས་ཀྱི་སྦྱོར་ལམ་ཁོ་ནའི་ཁྱད་པར་བྱེད་ཆོས་ཡིན་ཏེ། བྱང་སེམས་ཀྱི་སྦྱོར་ལམ་ལ་ཀུན་ནས་ཉོན་མོངས་བྱེད་དུ་ལྡན་པའི་ཕྱིར་དང་། གཅིག་ཤོས་ཀྱི་ལ་ཡོད་དུ་ཟིན་ཀྱང་དེར་མི་ལྡན་པའི་ཕྱིར་རོ། །དེ་ཡང་འདི་ལྟར། ཉན་རང་གི་སྦྱོར་ལམ་དག་ནི་བདེན་པ་བཞི་ལ་མ་རིག་ལ་སོགས་བཅུ་དྲུག་གི་རྣམ་པར་མངོན་པར་ཞེན་པ་ཡིན་པའི་ཕྱིར་སྡུག་བསྔལ་དང་ཀུན་འབྱུང་ལ་དམིགས་པ་དག་ནི་ཀུན་ནས་ཉོན་མོངས་གཟུང་རྟོག་ཡིན་ལ། འགོག་ལམ་ལ་དམིགས་པ་དག་ནི་རྣམ་བྱང་གཟུང་རྟོག་ཡིན་ཞིང་ཐམས་ཅད་ཀྱང་གང་ཟག་གི་བདག་མེད་པར་མངོན་པར་ཞེན་པའི་ཕྱིར། རྫས་འཛིན་རྟོག་པ་དགག་པའི་རྣམ་པ་ཅན་ཡིན་ནོ། །དེའི་ཕྱིར་དེ་དག་ལ་གཟུང་འཛིན་གྱི་རྣམ་རྟོག་ངོ་བོར་ལྡན་ཡང་ཀུན་ནས་ཉོན་མོངས་བྱེད་དུ་མི་ལྡན་ཏེ། མི་རྟག་སོགས་ཆོས་སུ་མངོན་པར་ཞེན་པ་ནི་རང་གི་བྱང་ཆུབ་ཀྱི་གེགས་མ་ཡིན་པའི་ཕྱིར་རོ། །དེས་ན་སློབ་དཔོན་གྱིས། དེ་དག་འདྲེས་པར་གྱུར་ཀྱང་མ་འདྲེས་པར་སྐྱེ་བར་རྣམ་པ་བཞག་གོ་ཞེས་གསུངས་སོ། །གལ་ཏེ་ཉན་རང་གི་སྦྱོར་ལམ་ཡང་དེ་དག་གི་སྒོམ་སྤངས་སུ་བཤད་པ་མ་ཡིན་ནམ་ཞེ་ན། དེ་ནི་ཉོན་སྒྲིབ་དང་འབྲེལ་བའི་ཆ་ནས་སྤང་བྱ་ཡིན་གྱི་རྣམ་རྟོག་དང་འབྲེལ་བའི་སྒོ་ནས་མ་ཡིན་པས་སྐྱོན་མེད་དོ། །དེ་བས་ན་རྣམ་རྟོག་ཁྱད་ཆོས་སུ་འགྱུར་ཚུལ་སློབ་དཔོན་གྱི་དགོངས་པ་ཕྱིན་ཅི་མ་ལོག་པ་ནི་ཇི་སྐད་བཤད་པ་དེ་ཁོ་ན་ལྟར་ཡིན་ལ། གང་དག་རྟོག་པ་དགག་པའི་རྣམ་པ་ཅན་དུ་འདོད་པ་གང་དག་སྦྱོར་ལམ་བཞིས་རང་བཞིན་མེད་པར་ཞེན་པའི་ཆ་ནས་ཉན་རང་གི་སྦྱོར་ལམ་ལས་ཁྱད་པར་འཕགས་ཞེས་འཆད་པ་ནི་རྣམ་པའི་ཁྱད་ཆོས་དང་ཟློས་པར་འགྱུར་ལ། གང་ཡང་སྒྲུབ་པའི་རྣམ་པ་ཅན་དུ་འདོད་པ་དག་སྤང་བྱར་འབྲེལ་བས་ཁྱད་པར་དུ་འཕགས་ཞེས་འཆད་པ་ཡང་མི་རིགས་ཏེ། རྟོག་པ་འདི་དག་མཐོང་སྒོམ་ལམ་གྱི་སྤང་བྱར་བཤད་པའི་ཕྱིར་དང་། སྦྱོར་ལམ་གྱི་སྤང་བྱ་ཡོད་མི་ནུས་པའི་ཕྱིར་དང་། སྦྱོར་ལམ་གྱི་སྤང་བྱ་ཡང་ཡོད་ན་སྤང་བྱ་ལ་མཐོང་སྒོམ་གྱིས་གཉིས་སུ་མ་ངེས་པར་ཐལ་བའི་ཕྱིར་རོ། །གཉིས་པ་དབྱེ་བ་ནི། རྩ་བའི་དབྱེ་བ་མཐོང་བ་དང་སྒོམ་པས་སྤང་བར་བྱ་བའི་གཟུང་བ་དང་འཛིན་པའི་རྣམ་རྟོག་བཞི་བཞི་སྟེ་བརྒྱད་དུ་གྱུར་པ། དེ་དག་རེ་རེ་ལ་ཡང་ཆེ་འབྲིང་གི་དབྱེ་བས་དགུ་དགུ་དང་། དེ་ཡང་ཁམས་གསུམ་གྱི་བྱེ་བྲག་གིས་བརྒྱ་རྩ་བརྒྱད་དུ་འགྱུར་རོ། །གསུམ་པ་གྲངས་ངེས་ནི། བརྟག་པར་བྱ་བའི་ཡུལ་ལ་གཟུང་འཛིན་གཉིས་སུ་ངེས་ལ། གཟུང་བ་ལ་ཡང་ཀུན་ནས་ཉོན་མོངས་དང་། རྣ་བྱང་གཉིས། འཛིན་པ་ལ་ཡང་རྫས་བཏགས་གཉིས་སུ་དངོས་པོ་ལ་ཡང་ངེས་པའི་ཕྱིར་དེའི་ཡུལ་ཅན་གྱི་རྟོག་པ་ཡང་བཞིར་ངེས་སོ། །བཞི་པ་གོ་རིམ་ངེས་པ་ནི། ངེས་འབྱེད་ཆ་མཐུན་བཞི་ནི། དོན་གྱི་གོ་རིམ་ཡིན་ལ། དེ་དག་འདིར་རྣམ་རྟོག་བཞིའི་ཁྱད་གཞི་ཡིན་ལ། དེས་ན་ཁྱད་གཞིའི་དབང་གིས་ཁྱད་ཆོས་ཀྱི་གོ་རིམ་རྣམ་པར་བཞག་གོ །ལྔ་པ་གཉེན་པོས་སྤོང་ཚུལ་ནི་རགས་པ་མངོན་གྱུར་རྣམས་ནི་ས་བརྒྱད་པ་མན་ཆད་དུ་སྤོང་ལ། ཕྲ་བ་བག་ལ་ཉལ་ནི་ས་བཅུ་པའི་ཡེ་ཤེས་ཀྱིས་སྤོང་ངོ་། །གཉིས་པ་ཡན་ལག་གི་དོན་ལ། མདོར་བསྟན་པ་དང་། རྒྱད་པར་བཤད་པ་དང་། སྦྱོར་ལམ་ལ་ལྡན་ཚུལ་གསུམ་གྱི་དང་པོ་ལ། སྤྱིའི་མཚམས་སྦྱར་དང་། སོ་སོའི་དོན་བཤད་པ་གཉིས་ཀྱི། དང་པོ་རྣམ་པར་རྟོག་པ་བཞི་དང་ལྡན་པ་ཡང་ཞེས་སོ། །གཉིས་པ་ལ་གཉིས་ཀྱི། དང་པོ་གཟུང་རྟོག་མདོར་བསྟན་པ་ལ། རྩ་འགྲེལ་གཉིས་ཀྱི། དང་པོ་ནི། གཟུང་བའི་རྣམ་པར་རྟོག་པ་དབྱེ་གཞི། དབྱེ་གྲངས་རྣམ་པ་གཉིས། དབྱེ་བའི་གཞི་དངོས་པོ་ཙམ་ལ་བརྟེན་པ་དང་། དེའི་གཉེན་པོ་མཐར་ཕྱིན་སོགས་རྣམ་བྱང་ལ་བརྟེན་པའོ། །དངོས་པོ་ཙམ་དང་རྣམ་བྱང་ལ་བརྟེན་པའི་གཟུང་རྟོག་དེ་ནི་སོ་སོ་རེ་རེ་ལ་ཡང་རྣམ་པ་དགུ་དགུ་སྟེ། གོ་རིམ་བཞིན་དུ་རྨོངས་པ་ལ་སོགས་པ་དང་། ཕུང་པོ་ལ་སོགས་ཡུལ་དགུ་དགུ་ཡོད་པའི་བྱེ་བྲག་གིས་སོ། །གཉིས་པ་འགྲེལ་པ་ནི། གཟུང་བར་རྣམ་པར་རྟོག་པ་ཆོས་ཅན། དབྱེ་ན་རྣམ་པ་གཉིས་ཡིན་ཏེ། ཀུན་ནས་ཉོན་མོངས་པའི་གཞིའི་རྟེན་ཅན་ཏེ་ཡུལ་ལ་མངོན་པར་ཞེན་པ་ཅན་དང་། གཉེན་པོའི་རྟེན་ཅན་ཏེ་ཡུལ་ལ་མངོན་པར་ཞེན་པ་ཉིད་ཀྱིས་སོ། །དེ་དག་རེ་རེ་ལ་ཡང་རྣམ་པ་དགུ་དགུ་ཡོད་དེ། གོ་རིམ་བཞིན་དུ་མ་རིག་པ་དང་རྣམ་བྱང་གི་ཕུང་པོ་ལ་སོགས་པ་ཡུལ་དགུ་དགུའི་རབ་ཏུ་དབྱེ་བས་སོ། །གཉིས་པ་འཛིན་རྟོག་མདོར་བསྟན་པ་ལ་རྩ་འགྲེལ་གཉིས་ཀྱི། དང་པོ་ནི། འཛིན་རྟོག་དབྱེ་གཞི། དབྱེ་གྲངས་རྣམ་པ་གཉིས་སུ་འདོད་དེ། ཕྱེ་བའི་ངོ་བོ་གང་ཟག་རྫས་ཡོད་ལ་བརྟེན་པ་ཅན་དང་། སྐྱེས་བུ་བཏགས་པར་ཡོད་པའི་རྟེན་ཅན་གྱིས་སོ། །དེ་གཉིས་ཀ་ཡང་གཟུང་རྟོག་དེ་བཞིན་དུ་ཡུལ་གྱི་དབྱེ་བས་དགུ་དགུ་སྟེ། གོ་རིམ་བཞིན་དུ་རང་དབང་ཅན་གྱི་བདག་ལ་སོགས་པ་དང་ཕུང་པོ་ལ་སོགས་པ་ཡུལ་དགུ་དགུ་ལ་བརྟེན་པའི་བྱེ་བྲག་ལས་སོ། །གཉིས་པ་ནི། འཛིན་པའི་རྣམ་པར་རྟོག་པ་ཆོས་ཅན། རྣམ་པ་གཉིས་ཡིན་ཏེ། གང་ཟག་རྫས་སུ་ཡོད་པ་དང་སྐྱེས་བུ་བཏགས་པར་ཡོད་པ་ལ་མངོན་པར་ཞེན་པས་དམིགས་པས་སོ། །གཉིས་པ་དེ་དག་སོ་སོར་ཡང་གཟུང་རྟོག་དེ་ལྟར་རྣམ་པ་དགུ་དགུ་སྟེ། གོ་རིམ་བཞིན་དུ་བདག་རང་དབང་ཅན་དང་ཕུང་པོ་ལ་སོགས་པ་ཡུལ་དགུ་དགུ་ལ་དམིགས་པ་ཉིད་ཀྱིས་སོ། །གཉིས་པ་རྒྱས་པར་བཤད་པ་ལ། མཚམས་སྦྱར་བ་དང་། སོ་སོའི་ངོ་བོ་གཉིས་ཀྱི། དང་པོ་ནི། རྣམ་རྟོག་བཞི་མདོར་བསྟན་པ་དེ་ལ་མིང་ཙམ་མདོར་བསྡུས་ནས་བཤད་པའི་དོན་ནི་འདི་ཡིན་ཏེ། གཉིས་པ་ལ། གཟུང་རྟོག་འཛིན་རྟོག་རྒྱས་པར་བཤད་པ་གཉིས་ཀྱི་དང་པོ་ལ། ཀུན་ནས་ཉོན་མོངས་དང་། རྣམ་བྱང་གི་རྟེན་ཅན་གཉིས་ཀྱི་དང་པོ་ནི། ཀུན་ནས་ཉོན་མོངས་པའི་གཞིའི་རྟེན་ཅན་གྱི་རྣམ་རྟོག་ནི་དབྱེ་གཞི་སྟེ། གྲངས་དགུ་སྟེ་ཡུལ་དགུ་ཡོད་པས་སོ། །ཡུལ་དགུ་པོ་དེ་ཡང་བཞིར་བསྡུས་ཏེ། ཀུན་ནས་ཉོན་མོངས་ཀྱི་དངོས་པོ། ཉེས་དམིགས། དམིགས་པ། དེའི་མཚན་ཉིད་ཤེས་བྱེད་དོ། །དང་པོ་ནི་ལྔ་སྟེ། དངོས་པོ་ཙམ་ཡུལ་དུ་བྱས་ནས་དེ་ཉིད་ལ་མངོན་པར་ཞེན་པ་ནི་དེ་ཁོ་ན་ཉིད་མཐོང་བ་ལ་སྒྲིབ་པའི་ཕྱིར་མ་རིག་པ་སྟེ། དེ་ལ་དགག་པའམ་སྒྲུབ་པའི་རྣམ་པར་མངོན་པར་ཞེན་པ་ནི་མ་རིག་པ་ལ་གཟུང་བར་རྣམ་པར་རྟོག་པ་ཞེས་བྱ་སྟེ། དེ་བཞིན་དུ་གཞན་རྣམས་ལ་ཡང་སྦྱར་རོ། །མདོ་ནི། ཤ་བུ་ཆོས་འདི་དག་ནི་བྱིས་པ་སོ་སོའི་སྐྱེ་བོས་ཇི་ལྟར་མངོན་པར་ཆགས་པར་བྱ་བ་དེ་ལྟ་བུའི་རྣམ་པར་ཡོད་པ་མ་ཡིན་ནོ་ཞེས་སོ། །མ་རིག་པས་ཀུན་ནས་བླང་བ་ལས་གཟུགས་སོགས་ཉེར་ལེན་གྱི་ཕུང་པོ་ལྔ་འབྱུང་བས་དེ་ལ་རྟོག་པ་ནི། ཤ་བུ་གཟུགས་ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་ཕྱིར་ཡོད་པ་མ་ཡིན་ནོ་ཞེས་སོ། །ཕུང་པོ་ལྔ་པོ་དེ་དག་ཡུལ་དུ་བྱས་པའི་རྟོག་པ་ནི་མིང་དང་གཟུགས་ལ་མངོན་པར་ཞེན་པ་ཞེས་བྱ་ལ། དེ་ལ་རྟོག་པ་ནི། དེ་དག་གིས་ཇི་ལྟར་མེད་པའི་ཆོས་དེ་དག་བརྟགས་ནས་མིང་དང་གཟུགས་ལ་མངོན་པར་ཞེན་ཅེས་སོ། །ཇི་སྐད་དུ། དངོས་པོར་ཁས་ལེན་ཡོད་ན་ནི། །རྟག་དང་ཆད་པར་ལྟ་བ་ནི། །ཐལ་པར་འགྱུར་ཏེ་དངོས་དེ་ནི། །རྟག་དང་མི་རྟག་འགྱུར་ཕྱིར་རོ། །ཞེས་པ་ལྟར། མིང་གཟུགས་སུ་མངོན་པར་ཞེན་པ་ལས་དེ་ཐེར་ཟུག་མི་འགྱུར་བའི་རྟག་པའམ། སྔོན་བྱུང་ན་ཕྱིས་མེད་པར་འགྱུར་པའི་ཆད་པའི་མཐའ་གཉིས་ལ་ཆགས་པར་འགྱུར་བས་དེ་ལ་རྣམ་པར་རྟོག་པ་ནི། ཆོས་རྣམས་ལ་མངོན་པར་ཞེན་པ་དེ་དག་ནི་མེད་པའི་མཐའ་གཉིས་དག་ཏུ་རྟོག་པར་བྱེད་དོ་ཞེས་སོ། །དེ་ལྟར་རྟག་ཆད་དུ་ཞེན་པ་ལས་ནི་ཆགས་སོགས་ཀུན་ནས་ཉོན་མོངས་པ་སྤང་བྱ་དང་དད་སོགས་རྣམ་པར་བྱང་བ་བླང་བྱར་མི་ཤེས་ཤིང་དེ་ལ་རྣམ་པར་རྟོག་པ་ནི། གཟུགས་ཀུན་ནས་ཉོན་མོངས་པའོ། །གཟུགས་རྣམ་པར་བྱང་བའོ་ཞེས་མི་ཤེས་མི་མཐོང་ངོ་ཞེས་སོ། །གཉིས་པ་དེ་དག་གི་ཉེས་དམིགས་ནི། དེ་ལྟར་བླང་དོར་མི་ཤེས་པའི་སྦྱིན་སོགས་འཕགས་པའི་ལམ་ལ་མི་གནས་པས་དེ་ལ་རྣམ་པར་རྟོག་པ་ནི། དེ་གནས་པ་མ་ཡིན། ཇི་ལྟར་གནས་པ་མ་ཡིན་ཞེ་ན། སྦྱིན་པའི་ཕ་ཕྱིན་ལ་གནས་པ་མ་ཡིན་ཅེས་སོ། །གསུམ་པ་དམིགས་པའི་དབང་དུ་བྱས་པ་ནི། དམིགས་པ་དང་བདག་ལ་སོགས་པ་སྟེ། དེ་གཉིས་ནི་ཀུན་ནས་ཉོན་མོངས་ཀྱི་ངོ་བོ་མ་ཡིན་པས་སོ། །དེ་ལ་དམིགས་པ་ནི་ཕར་ཕྱིན་དྲུག་སྟེ་དེ་ལ་རྟོག་པ་ནི། བྱང་ཆེན་ཤེར་ཕྱིན་ལ་སྤྱོད་པའི་ཚེ་ཤེར་ཕྱིན་མི་དམིགས་ཤིང་ཡང་དག་པར་རྗེས་སུ་མི་མཐོང་བ་དེ་ལྟར་སློབ་ཅེས་སོ། །བདག་དང་བདག་ཡོད་ན་ནི་གཞན་དུ་ཤེས། ཞེས་པའི་ཚུལ་གྱིས་སོགས་པས་གཞན་བསྡུས་ཏེ་དེ་ལ་རྣམ་པར་རྟོག་པ་ནི་ཤིན་ཏུ་རྣམ་པར་དག་པའི་ཕྱིར་བདག་མི་དམིགས་ཤིང་མི་མཐོང་ཞེས་སོ། །ཀུན་ཉོན་གྱི་མཚན་ཉིད་ཤེས་བྱེད་ཀྱི་དབང་དུ་བྱས་པ་ནི། རྣམ་པར་དག་པ་སྐྱེད་པ་ལམ་དང་སོགས་པས་འགོག་པའི་བདེན་པ་ལ་གཟུགས་ལ་རྣམ་པར་རྟོག་པ་ནི། ཤ་བུ་ཤིན་ཏུ་རྣམ་པར་དག་པ་ནི་སྐྱེ་བ་མེད་པ་མ་བྱུང་བ་མངོན་པར་འདུ་བྱེད་པ་མེད་པའོ་ཞེས་སོ། །གཉིས་པ་ནི། གཉེན་པོའི་རྟེན་ཅན་གྱི་རྟོག་པ་ནི་དབྱེ་གཞི། གྲངས་རྣམ་པ་དགུ། ཕུང་པོ་ལ་སོགས་པ་ཡུལ་དགུ་ཡོད་པས་སོ། །ཡུལ་གྱི་ངོ་བོ་དེ་ལ། རྣམ་བྱང་གི་དངོས་པོ་ཡང་། རྐྱེན་དང་། རྒྱུ་དང་། རྟེན་འབྲེལ་དང་། དེའི་དཔྱོད་པ་དང་། དེའི་དབྱེ་བ་དང་དྲུག་གིས་ཤེས་པར་བྱའོ། །དང་པོ་ནི། རྣམ་བྱང་གི་ཆར་གཏོོགས་པའི་གཟུགས་སོགས་རིགས་མཐུན་ཕྱོགས་གཅིག་ཏུ་སྤུང་པ་ནི་ཕུང་པོ་སྟེ་དེ་ལ་རྟོག་པ་ནི། དེ་ཐབས་མི་མཁས་པས་གཟུགས་ལ་རྟོག་ཅིང་མངོན་པར་ཞེན་པ་ཡིན་ཞེས་སོ། །གཉིས་པ་ནི། རྣམ་བྱང་གི་ཆར་གཏོགས་ཀྱི་མིག་སོགས་སེམས་སེམས་བྱུང་སྐྱེ་བའི་སྒོར་གྱུར་པ་ལ་རྟོག་པ་ནི་མིག་ལ་རྟོག་ཅིང་མངོན་པར་ཞེན་པ་ཡིན་ཅེས་སོ། །གསུམ་པ་ནི། རྣམ་བྱང་འབྲས་བུའི་འབྱུང་ཁུངས་སུ་གྱུར་པའི་རིགས་ལ་རྟོག་པ་ནི། མིག་དང་གཟུགས་དང་མིག་གི་རྣམ་པར་ཤེས་པའི་ཁམས་ལ་རྟོག་ཅིང་མངོན་པར་ཞེན་པ་ཡིན་ཞེས་སོ། །བཞི་པ་ནི། མ་རིག་བག་ཆགས་ཀྱི་ས་དང་ཟག་མེད་ཀྱི་ལས་ཀྱིས་ཡིད་ཀྱི་རང་བཞིན་གྱི་ལུས་གྲུབ་པ་རྣམ་བྱང་གི་སྐྱེ་བ་རྟེན་འབྲེལ་ལ་རྟོག་པ་ནི་མ་རིག་པ་ལ་རྟོག་ཅིང་མངོན་པར་ཞེན་པ་ཡིན་ཅེས་སོ། །ལྔ་པ་ནི། སྟོང་པ་ཉིད་དང་ཕ་རོལ་ཏུ་ཕྱིན་པ་གཉིས་ཏེ། རང་བཞིན་གྱི་རྣམ་བྱང་ནང་སྟོང་པ་ཉིད་ལ་སོགས་པ་སྟོང་པ་ཉིད་ལ་རྟོག་པ་ནི། དེ་ནང་སྟོང་པ་ཉིད་ནས་དངོས་པོ་མེད་པའི་སྟོང་པ་ཉིད་ཀྱི་བར་ལ་རྟོག་ཅིང་མངོན་པར་ཞེན་པ་ཡིན་ཞེས་སོ། །སྦྱིན་སོགས་ཕར་ཕྱིན་གྱི་དོན་ལ་རྟོག་པ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་རྟོག་ཅིང་ཞེན་པ་ཡིན་ནོ། །ཞེས་སོ། །དྲུག་པ་ནི། མཐོང་བ་ལ་སོགས་པ་གསུམ་སྟེ། བྱང་ཕྱོགས་སོ་བདུན་གྱི་རང་བཞིན་གྱི་མཐོང་བའི་ལམ་ལ་རྟོག་པ་ནི། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་རྟོག་ཅིང་ཞེན་པ་ཡིན་ཞེས་སོ། །བསམ་གཏན་དང་གཟུགས་མེད་ཀྱི་རང་བཞིན་གྱི་སྒོམ་པའི་ལམ་ལ་རྟོག་པ་ནི། དེ་བསམ་གཏན་དང་མངོན་པར་ཤེས་པ་དང་ཚད་མེད་པ་དང་གཟུགས་མེད་པའི་སྙོམས་འཇུག་རྣམས་ལ་རྟོག་ཅིང་མངོན་པར་ཞེན་ཞེས་སོ། །སྟོབས་དང་མི་འཇིགས་པ་ལ་སོགས་པ་མི་སློབ་པའི་ལམ་ལ་དགག་སྒྲུབ་གང་རུང་དུ་མངོན་པར་ཞེན་པའི་གཟུང་བ་རྣམ་པར་རྟོག་པ་ནི། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་རྣམ་མཁྱེན་གྱི་བར་ལ་རྟོག་ཅིང་མངོན་པར་ཞེན་པ་ཡིན་ཞེས་སོ། །དེ་ལ་འཕགས་པ་ལྟར་ན་གཟུང་རྟོག་དང་པོ་ནི་གཞི་ཐམས་ཅད་ཁོ་ན་ཡིན་ལ། གཉིས་པ་ནི། རྣམ་བྱང་ཁོ་ནའི་གཞི་ཅན་ཡིན་ནོ། །

དེ་ལྟར་བྱས་ན་གཟུང་རྟོག་དང་པོ་གང་ཡིན་པ་ནི་གཉིས་པ་ཡང་ཡིན་ནོ། །ཡུལ་རྣམ་བྱང་ལ་ཡང་རྟོག་པའི་ཕྱིར་རོ། །གཉིས་པ་ཁོ་ན་ཡིན་ལ། དང་པོ་མ་ཡིན་པ་ནི། རྣམ་བྱང་ཙམ་གྱི་རྟེན་ཅན་གཟུང་རྟོག་གཉིས་པ་བཞིན་ནོ། །ཞེས་འཆད་ལ། སློབ་དཔོན་ལྟར་ན་ཀུན་ནས་ཉོན་མོངས་པའི་གཞི་ལ་བརྟེན་པ་དང་པོ་ཡིན་ལ། རྣམ་བྱང་གི་གཞི་ལ་བརྟེན་པ་ནི་གཉིས་པ་ཡིན་པས་འདི་གཉིས་ནི་ཡུལ་ཕན་ཚུན་རྣམ་པར་ཆད་པའི་རང་བཞིན་ཡིན་པའི་ཕྱིར་ཐ་དད་པ་ཁོ་ན་ཡིན་ནོ་ཞེས་འཆད་དོ། །གཉིས་པ་འཛིན་རྟོག་ལ་རྫས་འཛིན་དང་། བཏགས་འཛིན་གཉིས་ཀྱི་དང་པོ་ནི། གང་ཟག་རྫས་སུ་ཡོད་པའི་རྟེན་ཅན་གྱི་འཛིན་རྟོག་ནི། དབྱེ་གཞི། གྲངས་རྣམ་པ་དགུ་སྟེ། ཡུལ་དགུ་ཡོད་པས་སོ། །ཡུལ་དགུ་པ་གཉིས་སུ་བསྡུས་ཏེ། རྫས་ཀྱི་རང་བཞིན་གྱི་སྒོ་ནས་དང་། བྱེད་པའི་སྒོ་ནས་སོ། །དང་པོ་ནི། གཞན་ལ་རག་མ་ལས་པས་བདག་རང་དབང་ཅན་ལ་རྟོག་པ་ནི། ཤ་བུ་བདག་ཉེ་བར་མི་དམིགས་པ་དེ་བཞིན་དུ་སེམས་ཅན་དང་སྲོག་དང་ཞེས་སོ། །ཕུང་པོ་ལ་ཟླ་མེད་པའི་བདག་གཅིག་པུར་རྟོག་པ་ནི། ཤ་བུ་གཟུགས་ཉེ་བར་མི་དམིགས་ཞེས་པ་ནས་རྣམ་ཤེས་ཀྱི་བར་དུ་ཉེ་བར་མི་འགྲོ་ཞེས་སོ། །སྐྱེ་མཆེད་ལ་རྒྱུའི་བདག་དུ་རྟོག་པ་ནི་མིག་མི་དམིགས། དེ་བཞིན་དུ་ཡིད་ཀྱི་བར་དང་ཞེས་སོ། ཁམས་ལ། དབང་པོ་ནས་ཤེས་པ་པོའི་བར་གྱི་བདག་ཏུ་རྟོག་པ་ནི། མིག་དང་གཟུགས་དང་མིག་གི་རྣམ་པ་ཤེས་པ་མི་དམིགས་ཞེས་སོ། །གཉིས་པ་ནི། བདག་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ཀུན་ནས་ཉོན་མོངས་པའི་རྟེན་བྱེད་པར་རྟོགས་པ་ནི། རྟེན་ཅིང་འབྲེལ་བར་འབྱུང་བ་མི་དམིགས་སོ་ཞེས་སོ། །འཛིན་པའི་འདོད་ཆགས་དང་བྲལ་བའི་རྟེན་བྱེད་པར་རྟོག་པ་ནི། བསམ་གཏན་དང་པོ་མི་དམིགས་སོ། །གཟུགས་མེད་པའི་སྙོམས་འཇུག་གི་བར་དུ་མི་དམིགས་སོ་ཞེས་སོ། །བདེན་པ་སྔར་མ་རྟོགས་གསར་དུ་རྟོགས་པ་ལ་མཐོང་ལམ་གྱི་རྟེན་དུ་རྟོག་པ་ནི། འཕགས་པའི་བདེན་པ་རྣམས་མི་དམིགས་སོ་ཞེས་སོ། །བདེན་པའི་མཚན་ཉིད་མཐོང་ཟིན་གོམས་པར་བྱེད་པ་སྒོམ་ལམ་གྱི་རྟེན་དུ་རྟོག་པ་ནི། རྣམ་ཐར་བརྒྱད་དང་མཐར་གནས་ཀྱི་སྙོམས་འཇུག་དགུ་མི་དམིགས་སོ་ཞེས་སོ། །དོན་བྱས་ཏེ་སྟོབས་སོགས་མི་སློབ་ལམ་གྱི་རྟེན་གྱི་བདག་ལ་དགག་པའམ་སྒྲུབ་པར་མངོན་པར་ཞེན་པའི་འཛིན་པའི་རྣམ་པར་རྟོག་པ་ནི། སྟོབས་བཅུ་མི་དམིགས་རྣམ་མཁྱེན་གྱི་བར་དུ་མི་དམིགས་སོ་ཞེས་སོ། །གཉིས་པ་བཏགས་འཛིན་ནི་སྐྱེས་བུ་བཏགས་པར་ཡོད་པའི་རྟེན་ཅན་གྱི་འཛིན་རྟོག་ནི་དབྱེ་གཞི་གྲངས་དགུ་སྟེ། ཡུལ་དགུ་ཡོད་པས་སོ། །བཏགས་པའི་གཞི་དགུ་ཡང་གཉིས་སུ་བསྡུས་ཏེ། རིགས་ལྔའི་སེམས་སུ་གདགས་པའི་གཞི་དང་། འཕགས་པའི་གང་ཟག་ཏུ་གདགས་པའི་གཞིའོ། །དང་པོ་ནི། ཕུང་པོ་ལ་སོགས་པ་བཞི་སྟེ། རིགས་ལྔའི་སྐྱེས་བུར་ཐ་སྙད་གདགས་པའི་གཞི་ཟག་བཅས་ཀྱི་ཕུང་པོར་བཏགས་པ་ལ་རྟོག་པ་ནི། རབ་འབྱོར་དེ་ཇི་སྙམ་དུ་སེམས་གཟུགས་ཀྱང་གཞན་ལ་སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་མམ་ཞེས་སོ། །མིག་སོགས་སྐྱེ་བོ་རུ་བཏགས་པ་ལ་རྟོག་པ་ནི། མིག་ཀྱང་གཞན་ལ་སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་མམ་ཞེས་སོ། །མིག་དང་གཟུགས་དང་མིག་གི་རྣམ་པར་ཤེས་པ་སོགས་ཁམས་སུ་བཏགས་པ་ལ་རྟོག་པ་ནི། མིག་དང་གཟུགས་དང་མིག་གི་རྣམ་པར་ཤེས་པ་ཡང་གཞན་ལ་སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་མམ་ཞེས་སོ། །མ་རིག་པ་ལ་སོགས་པའི་རྟེན་ཅིང་འབྲེལ་བར་འབྱུང་བར་བཏགས་པ་ལ་རྟོག་པ་ནི། སྒྱུ་མ་ཡང་གཞན་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་ཡང་གཞན་ཞིག་ཡིན་སྙམ་མམ་ཞེས་སོ། །གཉིས་པ་ནི། བྱང་ཕྱོགས་སོགས་རྣམ་བྱང་དུ་བཏགས་པ་ལ་རྟོག་པ་ནི། བྱང་ཆུབ་ཀྱི་ཆོས་རྣམས་ཀྱི་བར་ཡང་གཞན་ལ་སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་མམ་ཞེས་སོ། །རྣམ་ཐར་སྒོ་གསུམ་གྱི་རང་བཞིན་མཐོང་བའི་ལམ་ལ་རྟོག་པ་ནི། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ཡང་གཞན་ལ་སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་མམ་ཞེས་སོ། །བསམ་གཏན་གཟུགས་མེད་ཀྱི་རང་བཞིན་སྒོམ་པའི་ལམ་དུ་བཏགས་པ་ལ་རྟོག་པ་ནི། སྒྱུ་མ་ཡང་གཞན་ལ་བསམ་གཏན་དང་གཟུགས་མེད་པའི་སྙོམས་འཇུག་ཡང་གཞན་ནམ་ཞེས་སོ། །སྟོང་པ་ཉིད་ཐམས་ཅད་ཀྱི་རང་བཞིན་ཁྱད་པར་གྱི་ལམ་དུ་བཏགས་པ་ལ་རྟོག་པ་ནི། སྒྱུ་མ་ཡང་གཞན་ལ་སྟོང་པ་ཉིད་ཐམས་ཅད་ཀྱང་གཞན་ཡིན་ནམ་ཞེས་སོ། །སྟོབས་བཅུ་སོགས་མི་སློབ་པའི་ལམ་ལ་འཕགས་པའི་སྐྱེ་བོར་བཏགས་པ་ལ་དགག་པའམ་སྒྲུབ་པ་གང་རུང་དུ་མངོན་པར་ཞེན་པའི་འཛིན་པ་རང་བཞིན་རྣམ་པར་རྟོག་པ་ནི། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱི་བར་ཡང་གཞན་ལ་སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་མམ་ཞེས་སོ། །གསུམ་པ་ནི། ཇི་སྐད་བཤད་པ་དེ་ལྟ་བུའི་གཟུང་འཛིན་གྱི་རྣམ་པར་རྟོག་པ་དང་། དྲོ་བ་ལ་སོགས་པར་འབྱེད་པའི་ཆ་དང་མཐུན་པ་བཞི་པོ་གྲངས་བཞིན་དུ་ཁྱད་པར་དུ་བྱས་གཞི་དང་ཁྱད་ཆོས་སུ་ལྡན་པ་ཡིན་ནོ། །

གསུམ་པ་ཡོངས་འཛིན་ལ་གསུམ་གྱི་དང་པོ་ནི། རྟོག་པའི་འཇུག་ཐོག་དུ་བར་སྐབས་ཀྱི་ཚིགས་སུ་བཅད་པས་ཡོངས་འཛིན་གསུང་བ་མི་རིགས་ཏེ། མདོར་བསྟན་དུ་ཡོངས་འཛིན་སྔར་གསུངས་པའི་ཕྱིར་རོ་ཞེ་ན། མདོར་བསྟན་དུ་ཡོངས་འཛིན་སྔར་གསུངས་པ་ནི། རྩ་བའི་ཚིགས་སུ་བཅད་པའི་སྦྱར་བ་དང་མཐུན་པར་བྱ་བའི་ཕྱིར་ཡིན་ལ། འདིར་མཇུག་ཏུ་བཤད་པ་ནི། ཡོངས་འཛིན་དེའི་སྟོབས་ཀྱིས་ཇི་སྐད་བཤད་པའི་དམིགས་རྣམ་རྒྱུ་གསུམ་གཟུང་འཛིན་གྱི་རྣམ་རྟོག་བཞི་པོ་དང་བཅས་པ་ཁྱད་པར་གྱི་ཆོས་སུ་འགྱུར་རོ་ཞེས་བསྟན་པར་བྱ་བའི་ཕྱིར་དུ་ཡིན་ཏེ། གལ་ཏེ་མདོར་བསྟན་དང་མཐུན་པར་ཡོངས་འཛིན་གྱི་མཇུག་ཏུ་བཤད་ན། མདོར་བསྟན་དུ་རྟོག་པ་ཁྱད་གཞིའི་ནང་དུ་ཆུད་པར་བསྟན་གྱི་ཁྱད་ཆོས་སྟོན་བྱེད་ཀྱི་སྒྲས་མ་ཟིན་པས་ཁྱད་ཆོས་མ་ཡིན་པར་དོགས་པར་འགྱུར་ལ། རྒྱས་བཤད་དུ་ཡོངས་འཛིན་གྱི་སྔར་བཤད་པ་ནི་ཁྱད་ཆོས་ཀྱི་ནང་དུ་ཆུད་པར་བཤད་པའི་ཕྱིར་རོ། །ཁྱད་ཆོས་སུ་ཤེས་པར་འགྱུར་བ་ཡང་ཡོངས་འཛིན་ཁྱད་ཆོས་ཀུན་གྱི་མཇུག་ཏུ་བསྟན་པས་དམིགས་རྣམ་རྒྱུ་གསུམ་མཚུངས་ལྡན་རྟོག་པ་དང་བཅས་པ་ཁྱད་པར་དུ་འགྱུར་བ་ཡང་ཡོངས་འཛིན་གྱི་སྟོབས་ཀྱིས་ཡིན་ནོ། །ཞེས་ཤེས་པར་བྱ་བའི་ཕྱིར་རོ། །ཡང་སྔ་མ་འགལ་བའི་ཚིག་རྒྱན་ཡིན་ལ། ཕྱི་མ་ནི་སྦྱོར་ལམ་གྱི་སྐབས་སུ་དམིགས་རྣམ་རྟོག་པ་དང་བཅས་པ་འཕྲོས་དོན་ཡིན་པས་བར་ཚིགས་ཀྱིས་བསྟན་པར་མ་ཟད་ཡོངས་འཛིན་ཡང་ཞེས་པའོ། །

གཉིས་པ་རྩ་བ་ལ་འཕགས་པ་ལྟར་ན་གཉིས་ཏེ། ནང་ཐབས་མཁས་དང་། ཕྱི་དགེ་བཤེས་ཀྱི་ཡོངས་འཛིན་གཉིས་ཀྱི། དང་པོ་ནི། རྣམ་མཁྱེན་ཡིད་བྱེད་དང་ནམ་ཡང་མི་འབྲལ་ཞིང་སྟོང་ཉིད་ཟབ་མོའི་དོན་ལ་སེམས་མི་འགོང་ཞིང་མི་སྐྲག་པ་ལ་སོགས་པ་ནི་ཐབས་མཁས་ཀྱི་ངོ་བོ་ཡིན་ལ། ཁྱད་པར་ནི། ཐབས་མཁས་དེའི་མི་མཐུན་ཕྱོགས་ཉན་རང་གི་ཡིད་བྱེད་དང་དངོས་པོར་མངོན་ཞེན་སོགས་བོར་བའོ། །མདོ་ནི། རབ་འབྱོར་བྱང་ཆེན་ཤེར་ཕྱིན་ལ་སྤྱོད་པའི་ཚེ་རྣམ་མཁྱེན་དང་ལྡན་པའི་སེམས་ཀྱི་གཟུགས་མི་རྟག་ཅེས་བྱ་བ་སོ་སོར་རྟོག་ཀྱང་དེ་མི་དམིགས་སོ་ཞེས་དང་། རབ་འབྱོར་བྱང་ཆེན་ཤེར་ཕྱིན་ལ་སྤྱོད་པའི་ཚེ་རྣམ་མཁྱེན་དང་ལྡན་པའི་ཡིད་བྱེད་དང་བྲལ་བས་ཤེར་ཕྱིན་བསྒོམ་ཞིང་དམིགས་ཏེ་ཞེས་སོ། །གཉིས་པ་ནི། གདུལ་བྱའི་སྐལ་བ་ཇི་ལྟ་བ་བཞིན་དུ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའི་ཤེས་རབ་དང་དགེ་བའི་རྩ་བ་རྣམ་མཁྱེན་དུ་བསྔོ་བར་འཇུག་པའི་ཐབས་ལ་སོགས་པ་ཕྱིན་ཅི་མ་ལོག་པར་སྟོན་པར་བྱེད་པ་ནི་ངོ་བོ་ཡིན་ལ། དེའི་ཁྱད་པར་ནི། དགེ་བཤེས་དེ་མི་མཐུན་ཕྱོགས་ཐེག་ཆེན་གྱི་ལམ་དང་གཞུང་སོགས་སྤོང་དུ་འཇུག་པའི་སྡིག་གྲོགས་བོར་བའོ། །མདོ་ནི། རབ་འབྱོར་གཞན་ཡང་བྱང་ཆེན་གྱི་དགེ་བའི་བཤེན་གཉེན་གང་དེ་ལ་གཟུགས་མི་རྟག་ཅེས་བྱ་བར་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་དེ་ཐམས་ཅད་ཀྱང་རྣམ་མཁྱེན་གྱིས་མ་རྟོགས་པར་ཉན་རང་གི་སར་ཡོངས་སུ་བསྔོ་བར་མི་འཇུག་ཅེས་སོགས་དང་། བྱང་ཆེན་གྱི་སྡིག་པའི་གྲོགས་པོ་ནི་ཤེར་ཕྱིན་དང་འབྲལ་བར་བྱེད་པ་དང་ཞེས་སོ། །ཐབས་མཁས་དང་དགེ་བཤེས་དེ་གཉིས་ནི་བྱང་སེམས་རྣམ་པ་ཀུན་ཏུ་སྲིད་ཞིའི་མཐའ་ལས་སྐྱོབ་པར་བྱེད་པའི་ཡོངས་འཛིན་ཡིན་ནོ། །གསུམ་པ་འགྲེལ་པ་ནི། ཕྲིན་ལས་རྣམ་པར་དག་པའི་མཐུན་རྐྱེན་ཤེས་རབ་དང་སྙིང་རྗེ་ཁྱད་པར་ཅན་དང་ལྡན་ཞིང་། འགལ་རྐྱེན་ཕར་ཕྱིན་དྲུག་གི་མཐུན་ཕྱོགས་དང་བྲལ་བ་ནི་བྱང་སེམས་སྦྱོར་ལམ་པའི་ཡོངས་འཛིན་ཡིན་ཏེ། དེ་ཡི་དགེ་བའི་བཤེན་གཉེན་ཡིན་པས་སོ། །དེ་ལ་ཤེས་རབ་ཁྱད་པར་ཅན་དང་ལྡན་པ་ནི་རང་ཉིད་ཟབ་མོའི་དོན་ལ་དང་པོར་སེམས་མི་འགོང་ཞིང་བར་དུ་མི་སྐྲག་ཐ་མར་མི་དངངས་ལ། རྣམ་མཁྱེན་ཡིད་བྱེད་མི་འབྲལ་ཞིང་། དགེ་བའི་རྩ་བ་བླ་མེད་བྱང་ཆུབ་ཏུ་བསྔོ་བ་ལ་སོགས་པའི་ཐབས་ལ་མཁས་པ་ཞེས་སོ། །མཐུན་རྐྱེན་སྙིང་རྗེ་ཁྱད་པར་ཅན་དང་ལྡན་པ་ནི། གདུལ་བྱའི་ཁམས་དང་བསམ་པ་དང་བག་ལ་ཉལ་ཇི་ལྟ་བ་བཞིན་དུ་རིམ་གྱིས་ཕྱི་ནང་གི་དངོས་པོ་མཐའ་དག་གང་ཟག་དང་ཆོས་ཀྱི་བདག་མེད་པར་རྟོགས་པའི་ཤེས་རབ་དང་སོགས་པས་རྣམ་མཁྱེན་ཡིད་བྱེད་དང་མ་བྲལ་བས་དགེ་བ་རྫོགས་བྱང་དུ་བསྔོ་བར་འཇུག་པ་སོགས་ཐབས་དང་ཐེག་ཆེན་གྱི་གཞུང་ལམ་སྤོང་དུ་འཇུག་པའི་སྡིག་གྲོགས་སུ་སྟོན་པར་བྱེད་པའོ། །འགལ་རྐྱེན་སྤང་བ་ནི། ཕར་ཕྱིན་དྲུག་གི་མི་མཐུན་ཕྱོགས་སེར་སྣ་དང་ཤེས་རབ་འཆལ་བ་སོགས་དང་མི་ལྡན་པའོ། །


previousངེས་ཆ་བཤད་པ། next