བླ་མ་དྲག་པོའི་དབང་གི་མཚམས་སྦྱོར་དབང་དོན་འདོད་འཇོ། འགྱུར་མེད་རྒྱ་མཚོ།
བླ་མ་དྲག་པོའི་དབང་གི་མཚམས་སྦྱོར་དབང་དོན་འདོད་འཇོ་ཞེས་བྱ་བ་བཞུགས་སོ། །
ཨོཾ་སྭསྟི། ཀུན་རི༵གས་སྙིང་པོ་གཟུང་འཛི༵ན་བྲལ་བའི་གཤིས། །རྟག་བརྟན་ཞི་བ་གཡུང་དྲུང་འ༵གྱུར་མེ༵ད་དངོས། །ནམ་མཁའི་རྡོ༵་རྗེ༵་ཟུང་འཇུག་འདུས་མ་བྱས། །རང་རིག་ཧེ་རུ་ཀ་དཔལ་དེར་ཕྱག་འཚལ། །གང་གི་རང་གཟུགས་གདུག་ཅན་བློ་ངོ་ན། །དབང་དྲག་འབར་བ་ཁྲག་འཐུང་འཁོར་ལོའི་རྩེར། །ཡོངས་ཤར་བདེ་ཆེན་མཆོག་གི་དཀྱིལ་འཁོར་དུ། །སྐལ་ལྡན་སྨིན་བྱེད་མཚམས་སྦྱོར་འཇུག་བདེ་སྤེལ། །དེ་ཡང་དབང་ཐོབ་ཅིང་བསྙེན་སྒྲུབ་ཚད་དུ་ཐེམས་པའི་སློབ་དཔོན་གྱིས་དབེན་པའི་གནས་སུ་ཡར་ངོ་དང་མར་ངོའི་ཚེས་བཅུ་སོགས་དུས་ཁྱད་པར་ཅན་ལ་གང་དུ་བྱ་བའི་གཞི་དེར། ས་ཆོག་དང་ཐིག་ཚོན་བྱིན་རླབས་སོགས་སྔོན་དུ་འགྲོ་བས་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་པའམ། སྟེགས་བུ་ཁེབས་ལྡན་གྱི་ཁར་རས་་བྲིས་བཀྲམ་པའང་རུང་སྟེ། གང་ལྟར་ཡང་དཀྱིལ་འཁོར་གྱི་དབུས་སུ་མཉྫིའི་ཁར། རྣམ་རྒྱལ་བུམ་པ་ཆས་ལྡན་གུ་རུའི་སྐུ་ཙཀ་དང་བཅས་པ། གཡས་སུ་དབང་གཏོར། གཡོན་དུ་གསང་ཐོད། གཞན་ཡང་ཕྱག་མཚན་སོགས་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་མ་ཚང་བ་མེད་པར་འདུ་བྱས་ལ། སྐྱབས་སེམས་ནས་བཟུང་བཟླས་པའི་བར་བདག་མདུན་ཐ་མི་དད་པའི་ཚུལ་དུ་གྱེར་ཚིག་གཅིག་གིས་བསྒྲུབ་ཅིང་། བུམ་ཛཔ྄་དང་སྲུང་མའི་གཏོར་བསྔོའི་མཐར། བདག་འཇུག་རྫོགས་པར་ལེན་པའམ་རིག་པའི་མེ་ཏོག་དོར་བ་ཙམ་གྱིས་དཀྱིལ་འཁོར་དུ་ཞུགས་ཏེ་གཉུག་མའི་སྒོ་གསུམ་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་དང་དབྱེར་མི་ཕྱེད་པར་མོས་ལ་སློབ་མ་འཇུག་པར་གནང་བ་ཞུ་བ་རྣམས་སྤྱི་ལྟར་བྱའོ། །དེ་ནས་སློབ་མ་རྣམས་ལ་ཇི་ལྟར་
བལྟམས་པ་སོགས་ཀྱིས་ཁྲུས་བྱ། ཕྱག་སྔོན་དུ་འགྲོ་བས་གྲལ་ལ་འཁོད་རྗེས། སྔོན་གཏོར་ཨོཾ་ཀརྨ་ཡཀྴ་ཧཱུྃ་ཕཊ་ཀྱིས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་གིས་བརླབ། ཨོཾ་སརྦ་བྷཱུ་ཏ་ཨཱ་ཀརྵ་ཡ་ཛཿས་མགྲོན་བཀུག །ཨོཾ་སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་གསུམ་གྱིས་བསྔོས་ལ། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི༴ ཆོས་ཀྱི༴ དགེ་འདུན་གྱི༴ གསང་སྔགས་དང་། རིག་སྔགས་དང་། གཟུངས་སྔགས་དང་། སྙིང་པོ་དང་། ཕྱག་རྒྱ་དང་། ཏིང་ངེ་འཛིན་རྣམས་ཀྱི་བདེན་པ་དང་། ཆོས་ཉིད་གདོད་ནས་སྟོངས་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་དབང་དྲག་པདྨ་དྲག་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་དེང་འདིར་རྡོ་རྗེའི་སློབ་མ་རྣམས་དཀྱིལ་འཁོར་དུ་འཇུག་ཅིང་དབང་བསྐུར་བ་ཟབ་མོ་སྒྲུབ་པ་ལ་བར་དུ་གཅོད་པའི་བགེགས་ཚོགས་ཐམས་ཅད་གཏོར་མ་འདིས་ཚིམས་པར་གྱིས་ལ་དཔག་ཚད་དང་རྒྱང་གྲགས་སུ་མ་གནས་པར་ཕྱིར་དེངས་ཤིག །སུམྦྷ་ནི་སོགས་དྲག་སྔགས་རོལ་མོར་བཅས་པས་བསྐྲད། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ། ཞེས་བརྗོད་པས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེ་སྲུང་བའི་ར་
གུར་བླ་རེ་ཡེ་ཤེས་ཀྱི་མེ་ཕུང་འབར་བས་མཚམས་བཅད་དེ་ཅིས་ཀྱང་མི་ཤིགས་པར་མོས་ལ་སྲུང་འཁོར་བསྒོམ། དེ་ནས་འོ་ན་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཅི་ནས་ཀྱང་ཐོབ་པར་བྱ། དེའི་ཆེད་དུ་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་མངོན་པར་དབང་བསྐུར་བ་ཟབ་མོ་གསན་ནས་དོན་ཐུགས་ཉམས་སུ་བཞེས་ཏེ་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཁྱབ་བདག་ཧེ་རུ་ཀའི་གོ་འཕང་ལ་འགོད་པར་བྱའོ་སྙམ་དུ་སེམས་བསྐྱེད་པ་རྒྱ་ཆེན་པོ་གསལ་བཏབ་སྟེ་གསན་པར་ཞུ། དེ་ཡང་འོ་སྐོལ་གྱི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་ཉིད་ཀྱིས་གདུལ་བྱའི་བསམ་པ་དང་། དབང་པོ་དང་། སྐལ་པའི་ཁྱད་པར་དང་རྗེས་སུ་མཐུན་པའི་ཆོས་ཀྱི་བདུད་རྩི་བསམ་གྱིས་མི་ཁྱབ་པ་བསྟན་པ་ཐམས་ཅད་ཀྱང་བསྡུ་ན་ཐེག་པ་རིམ་པ་དགུའམ། དེ་ཡང་རྒྱུ་འབྲས་ཀྱི་ཐེག་པ་གཉིས་སུ་འདུ་སྟེ། ཀུན་བྱེད་རྒྱལ་པོ་ལས། ཐེག་པ་རྣམ་པ་གཉིས་ཡིན་ཏེ། །མཚན་ཉིད་རྒྱུ་ཡི་ཐེག་པ་དང་། །འབྲས་བུ་རྡོ་རྗེའི་ཐེག་པ་འོ། །ཞེས་གསུངས་པ་ལྟར། ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་བདེན་གཉིས་ལ་བཟང་ངན་བླང་དོར་དུ་བལྟ་བ་ལས། འདིར་ཀུན་རྫོབ་ཏུའང་ཆོས་རྣམས་ལ་མི་གཉིས་པའི་བསམ་སྤྱོད་དང་ལྡན་པས་འབྲས་བུའི་ངོ་བོ་སྣང་སྟོང་ཟུང་འཇུག་གི་ཆོས་སྐུ་
རྟོགས་པར་བྱས་ལ་ཏིང་ངེ་འཛིན་གྱིས་གོམས་པར་བྱེད་པའི་ཕྱིར་འབྲས་བུ་ལམ་བྱེད་ཀྱིས་ཁྱད་པར་དུ་འཕགས་པ་གསང་སྔགས་རྡོ་རྗེ་ཐེག་པ་ཡིན། དེ་ལྟར་ཡང་སློབ་དཔོན་སངས་རྒྱས་གསང་བས། ཐབས་ཀྱི་ཐེག་པ་ཆེན་པོ་ནི། །རྣམ་པར་བྱང་དང་སྡུག་བསྔལ་དག །ཀུན་རྫོབ་ཏུ་ཡང་དབྱེར་མེད་དེ། །ལྟ་བ་མཐོ་དམན་དེ་ཙམ་མོ། །ཞེས་དང་། སྒྱུ་འཕྲུལ་གསང་བ་སྙིང་པོ་ལས། འདི་ནི་གསང་ཆེན་ངེས་པ་ཡི། །འབྲས་བུ་ལམ་དུ་གྱུར་པ་ཡིན། །ཞེས་གསུངས། དེ་ལ་ཡང་གསང་སྔགས་གསར་རྙིང་གཉིས་ལས་འདིར་གསར་མ་ལས་སྤྱན་འདྲེན་པ་པོ་ཡོན་བདག །ཕྱག་བཞེས་ཀྱི་གཙུག་ལག་ཁང་། འཆད་པ་པོའི་པཎ་ཆེན། སྒྱུར་བྱེད་ཀྱི་ལོ་ཙཱ་བ། ཞུ་རྟེན་གྱི་མེ་ཏོག །བརྗོད་བྱ་ཆོས་ཀྱི་ཁྱད་པར་ཏེ། ཆེ་བ་དྲུག་ལྡན་གྱིས་འཕགས་པ་གསང་སྔགས་རྙིང་མ་ཡིན། དེའང་ཕྱི་ཐུབ་པ་རྒྱུད་ཀྱི་ཐེག་པ་ཀྲི་ཡོག་སྡེ་གསུམ་དང་། ནང་པ་ཐབས་ཀྱི་རྒྱུད་ཀྱི་ཐེག་པ་བསྐྱེད་རྫོགས་རྣམ་པ་གསུམ་སྟེ་དྲུག་ཏུ་དབྱེ་བའི་རང་སྐད་ཐུན་མོང་མ་ཡིན་པ་ལས་ནང་རྒྱུད། དེ་ལའང་རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་ལས། འདིར་སྒྲུབ་སྡེའི་སྡེ་ཚན་དུ་གཏོགས་ཤིང་རྒྱུད་ལུང་མན་ངག་གསུམ་ཀའི་སྙིང་པོ་གཅིག་ཏུ་དྲིལ་བ་ལྟ་བུ་ཟབ་པ་ལས་ཀྱང་ཆེས་ཟབ་པའི་གདམས་པ་ཡིན་ཏེ་སྤྱིར་སྔ་འགྱུར་རྡོ་རྗེ་ཐེག་པ་ལ་བཀའ་གཏེར་གྱི་བབས་སོ་གཉིས་སུ་བཞུགས་པ་ལས། འདིར་བཀའ་མ་ལས།
བཀའ་བབས་ལུང་བསྟན། སྨོན་ལམ་དབང་བསྐུར། མཁའ་འགྲོ་གཏད་རྒྱ་སྟེ་ཁྱད་པར་གྱི་བརྒྱུད་པ་གསུམ་དང་། གཙོ་བོ་བརྒྱུད་ཐག་ཉེ་ཞིང་གཏེར་ཡིག་གི་དཔེ་དཔང་མངའ་བས་ཁུངས་བཙུན་པ་དང་། གང་ལ་གང་འདུལ་གྱི་དུས་དང་འཚམ་པར་མངོན་དུ་སྣང་བའི་ཕྱིར་ཟབ་ལམ་ནུབ་པ་མེད་པས་ཁྱད་པར་དུ་འཕགས་པ་གཏེར་གྱི་ཕྱོགས་སུ་གཏོགས་པ་ཡིན། དེ་ལ་ཡང་གཏེར་ཁ་གསར་རྙིང་གཉིས་སུ་གྲགས་པ་ལས་འདིར་ཕྱི་མ་སྟེ། དེ་ཡང་པདྨ་བཀའ་ཐང་དུ། ཆོས་ལོག་ཁྲིམས་རལ་དམ་ཉམས་ལུང་པ་གང༔ ལྷ་མིའི་གནས་སུ་གཏམ་ངན་གྲགས་པས་ཁྱབ༔ ཤ་འུག་སྟག་སྒོར་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ ཨོ་རྒྱན་གཏེར་བདག་གླིང་པ་ཞེས་བྱ་འབྱུང༔ ཞེས་ལུང་བསྟན་པ་ལྟར་དེང་དུས་སྙིགས་མའི་དུས་ཀྱི་གདུལ་བྱ་རྣམས་འདུལ་བའི་བྱེད་པོར་ལོ་ཙ་བ་ཆེན་པོ་བཻ་རོ་ཙཱ་ན་ཉིད་སྤྲུལ་པའི་གཏེར་སྟོན་ཆེན་པོའི་རོལ་པ་རང་ཅག་རྣམས་ཀྱི་སྐྱབས་དང་མགོན་དང་དཔུང་གཉེན་དམ་པར་གྱུར་་པ། རྗེ་བཙུན་ཆོས་ཀྱི་རྒྱལ་པོ་གཏེར་བདག་གླིང་པ་ཞེས་མཚན་ཡོངས་སུ་གྲགས་པ་འདི་ཉིད་ཀྱིས་གཏེར་ཁ་དུ་མ་ཞིག་སྤྱན་འདྲེན་པར་མཛད་པ་ལས། ད་རེས་སྐབས་སུ་བབ་པ་ནི། གཏེར་ཁ་འདི་ཉིད་ཀྱི་ཁ་བྱང་ལས། ངམ་ཤོད་བྱིང་གི་ཨོ་དཀར་བྲག༔ རྡོ་རྗེ་རྩེ་ལྔ་འདྲ་བའི་ངོགས༔ བཀྲ་ཤིས་གདུགས་ཀྱི་ཤམ་བུ་འདྲ༔ ཞེས་སོགས་གཏེར་
གནས་དང་འདོན་པའི་དུས་རྟགས་རྟེན་འབྲེལ་ལ་སོགས་ཇི་ལྟར་ལུང་བསྟན་པ་བཞིན་ངམ་ཤོད་བྱིང་མདའ་གནམ་ལྕགས་བྲག་ནས་སྤྱན་དྲངས་པའི་ཆོས་སྐོར་ཏེ། དེ་ཉིད་ལས། ཟབ་པ་ལས་ཀྱང་ཆེས་ཟབ་པའི༔ ཡང་ཟབ་ཐེག་པ་ཀུན་གྱི་རྩེ༔ མཐར་ཐུག་བྱང་ཆུབ་སྒྲུབ་པའི་ལམ༔ རྡོར་སེམས་ཐུགས་ཀྱི་སྒྲུབ་པ་དང༔ དྲག་པོ་གསང་བའི་སྒྲུབ་པ་དང༔ ཨ་ཏི་རྫོགས་ཆེན་སྙིང་པོ་གསུམ༔ སོ་སོའི་གདམས་པ་ལེ་ལག་བཅས༔ ཞེས་གསུངས་པའི་ཆོས་སྐོར་གྱི་ནང་ཚན་གུ་རུ་དྲག་པོ་གསང་བར་སྒྲུབ་པའི་གདམས་སྐོར་ཏེ། དེ་ཉིད་ལས། སྨིན་བྱེད་དབང་དང་སྒྲུབ་ཐབས་ཕྲིན་ལས་སྐོར༔ བཀའ་ཡི་བསྟན་སྲུང་སྐོར་ཚོ་བཞི་རུ་ཕྱེ༔ ཞེས་གསུངས་པ་ལས་སྨིན་བྱེད་དབང་གི་རིམ་པ་རྣམས་བསྒྲུབ་པ་སྐབས་སུ་བབ་པ་ཡིན་ཞིང་། དེ་ཡང་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་སྤྱི་གཟུགས་སློབ་དཔོན་ཆེན་པོ་པདྨ་སཾ་བྷ་ཝ་དེ་ཉིད་གང་འདུལ་གྱི་མོས་ངོར་རབ་འབྱམས་ཞི་དང་ཁྲོ་བོའི་རོལ་པ་ཅིར་ཡང་འཆར་བ་ལས། འདིར་གདུལ་བྱ་གདུག་ཅིང་གཏུམ་པ་རྣམས་ཀྱི་གཉེན་པོ་ཆེ་མཆོག་པདྨ་དྲག་པོ་ཁྲག་འཐུང་ཁྲོ་བོའི་དབང་ཕྱུག་རྡོ་རྗེ་སྲིན་པོ་མི་བཟད་པ་ཆེན་པོའི་སྒྱུ་འཕྲུལ་གྱི་རྣམ་པར་བཞེངས་པ་གང་གི་སྒྲུབ་ཐབས་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་ཀྱི་ཉེ་ལམ་གཅིག་ཏུ་གྱུར་པ་སྟེ། ཉིད་ཀྱི་རྡོ་རྗེའི་གསུང་ལས། ཁྱད་པར་བྱིན་རླབས་དངོས་གྲུབ་
མྱུར་འདོད་ན༔ པདྨ་ང་བསྒོམ་མཆོད་དང་སུས་བསྒྲུབ་པ༔ ཇི་ལྟར་ཡིད་བཞིན་ནོར་བུ་རིན་ཆེན་ལས༔ དགོས་འདོད་ཐམས་ཅད་ངང་གིས་འབྱུང་བ་བཞིན༔ རྒྱལ་བ་རྒྱ་མཚོས་བྱིན་བརླབས་བུ་བཞིན་བསྲུང༔ དམ་ཅན་མཁའ་འགྲོས་དངོས་གྲུབ་ཆར་ལྟར་འབེབ༔ སྣང་སྲིད་དྲེགས་པས་ཅི་བསྒོའི་ལས་རྣམས་སྒྲུབ༔ ཕྲིན་ལས་ལྷུན་གྲུབ་མཐའ་ཡས་སེམས་ཅན་སྒྲོལ༔ དེ་ལྟར་ཐམས་ཅད་བདག་ཉིད་བསྟེན་ལས་འབྱུང༔ ཞེས་ཞལ་གྱིས་བཞེས་པའི་ཕན་ཡོན་ཁྱད་པར་ཅན་དང་ལྡན་པའི་གདམས་པ་དེ་ཉིད་ཀྱི་སྒོ་ནས་བྱིན་རླབས་དབང་བསྐུར་བའི་རིམ་པ་སྒྲུབ་པར་བྱེད་པ་ལ། རྡོ་རྗེ་སློབ་དཔོན་གྱི་བྱ་བ་དང་། རྡོ་རྗེ་སློབ་མའི་བྱ་བ་གཉིས་ལས། སློབ་དཔོན་གྱི་བགྱི་འོས་རྣམས་བླ་མ་དམ་པའི་ཕྱག་བཞེས་ལས་ཇི་ལྟར་འབྱུང་བ་ལྟར་ཆད་ལྷག་མེད་པར་སྔོན་དུ་སོང་གྲུབ། ད་ཁྱེད་རང་གི་ངོ་སྐལ་དུ་གྱུར་པ་ནི་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་ལ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། ཅེས་བརྡ་སྦྱར་ལ་སྔར་མེ་ཏོག་བཀྲམ་བསྡུ་བྱས་པའི་མཎྜལ་འབུལ་དུ་བཅུག །དེ་ལྟར་མཎྜལ་འབུལ་བའི་རིམ་པ་དེ་སོང་ནས། ཐོག་མར་འཇུག་པའི་ཆས་སུ་འཇུག་པ་ནི། སྔོན་ཆད་གཉིས་འཛིན་གྱི་ཞེན་རྟོག་འཐུག་པོས་མིག་ལྡོངས་པས་དཀྱིལ་འཁོར་གྱི་ལྷ་ཚོགས་མ་མཇལ་བའམ་མཇལ་ནའང་དཀྱིལ་འཁོར་སོ་མ་འདི་ཉིད་མ་མཇལ་བའི་མཚོན་བྱེད་རས་
དམར་པོ་རེས་གདོང་གཡོགས་པའི་མོས་པ་མཛོད། ཨོཾ་ཙཀྵུརྦྷནྡྷ་ཝ་ར་མ་ཎཱ་ཡ་སྭཱ་ཧཱས་མིག་དར་བཅིང་། དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཚེ་ཕྱག་སྟོང་དུ་མཇལ་མི་རུང་བས་ཕྱག་ཏུ་ཨུ་དུམྦ་རའི་མེ་ཏོག་གི་ཕྲེང་བ་ཁ་དོག་ལྔ་པ་རེ་བཟུང་བའི་མོས་པ་མཛོད། ཨཱ་ཁཾ་ཝཱི་ར་ཧཱུྃ་གིས་མེ་ཏོག་གི་ཕྲེང་བ་གཏད། དེ་ནས་ཕྱི་འཇུག་གི་ཐོག་མར་གསོལ་བ་གདབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། སའི་ཕྱོགས་འདི་ཉིད་དག་པ་རབ་འབྱམས་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོར་གྱུར་པའི་ནང་དུ། སློབ་དཔོན་ཉིད་དུས་གསུམ་སངས་རྒྱས་ཀུན་འདུས་ཀྱི་ངོ་བོ་ཁྲག་འཐུང་ཆེ་མཆོག་པདྨ་དྲག་པོའི་རྣམ་པར་བཞུགས་པ་ལ་མི་ཕྱེད་དད་པའི་གདུང་ཤུགས་ཆེན་པོས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། བླ་མ་སངས་རྒྱས་ཆེ་བའི་མཆོག༔ ཧེ་རུ་ཀ་དཔལ་དྲག་པོ་རྩལ༔ བདེ་ཆེན་མཆོག་གི་དཀྱིལ་འཁོར་འདིར༔ བདག་ཉིད་ཐུགས་རྗེས་བཟུང་དུ་གསོལ༔ ཞེས་ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་ལ་སློབ་དཔོན་གྱིས། གསང་བ་མཆོག་གི་དཀྱིལ་འཁོར་དུ༔ འཇུག་པའི་སྐལ་ལྡན་ཤིན་ཏུ་དཀོན༔ དམ་ཚིག་མཆོག་ལ་རབ་གནས་ན༔ དེ་རིང་ཁྱོད་ནི་སྐལ་བཟང་བགྱིད༔ ཅེས་དྲིས་པའི་ལན་དུ་འདིའི་རྗེས་ཟློས་མཛོད། བདག་ནི་སྐལ་བཟང་སྣོད་ལྡན་རིགས༔ ཇི་ལྟར་བསྒོ་བའི་དམ་ཚིག་ལས༔ སྲོག་ལ་བབ་ཀྱང་མི་འདའ་ན༔ དཔའ་བོ་ཆེན་
པོས་རྗེས་སུ་ཟུངས༔ དེ་ནས་རྒྱུད་དག་པར་བྱ་བའི་ཕྱིར་སྐྱབས་སེམས་ཡན་ལག་བདུན་པ་རྣམས་བྱ་བ་ལས། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་གཉིས་སུ་མེད་པ་ཆེ་མཆོག་པདྨ་དྲག་པོའི་ངོ་བོར་བཞུགས་པའི་མཐའ་སྐོར་དུ། རྩ་བརྒྱུད་ཀྱི་བླ་མ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྲིན་ཕུང་གཏིབས་པ་བཞིན་བཞུགས་པ་ལ་དུས་འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་འགྲོ་སྙམ་པས་འདིའི་རྗེས་ཟློས་མཛོད། ཧཱུྃ༔ མཆོག་གསུམ་འདུས་པའི་ངོ་བོ་ཉིད༔ བླ་མ་རྡོ་རྗེ་དྲག་པོ་རྩལ༔ དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལ༔ རྟག་པར་བདག་ནི་སྐྱབས་སུ་མཆི༔ གསུམ་བརྗོད། དེ་ནས་སེམས་ཅན་ཐམས་ཅད་བླ་ན་མེད་པ་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱ་བའི་ཆེད་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། མཁའ་མཉམ་འགྲོ་བ་མ་ལུས་པ༔ སྲིད་པའི་མཚོ་ལས་ཡོངས་བསྒྲལ་ཕྱིར༔ བླ་མེད་བྱང་ཆུབ་མཆོག་གི་སེམས༔ དམ་པ་བདག་གིས་བསྐྱེད་པར་བགྱི༔ གསུམ། དེ་ལྟར་སྐྱབས་སེམས་སྔོན་དུ་སོང་ནས་ཚོགས་ཞིང་ཁྱད་པར་ཅན་དེ་དག་གི་སྤྱན་སྔར་ཕྱག་འཚལ་བ་དང་། མཆོད་པའི་སྤྲིན་སྤྲོ་བ། སྡིག་པ་བཤགས་པ། དགེ་བ་ལ་ཡི་རང་བ། ཆོས་འཁོར་བསྐོར་བར་བསྐུལ་པ། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་རྣམས་སྔོན་དུ་འགྲོ་བས་བླ་ན་མེད་
པའི་སྡོམ་པ་རྣམས་བཟུང་སྙམས་པས་འདིའི་རྗེས་ཟློས་མཛོད། བདེ་གཤེགས་དཀྱིལ་འཁོར་ལྷ་ཚོགས་ལ༔ ཕྱག་འཚལ་མཆོད་ཅིང་སྡིག་པ་བཤགས༔ དགེ་ལ་ཡི་རང་ཆོས་འཁོར་བསྐོར༔ མྱ་ངན་མི་འདར་གསོལ་བ་འདེབས༔ བླ་མེད་མཆོག་གི་དམ་ཚིག་རྣམས༔ བདག་གིས་དེང་ནས་བཟུང་བར་བགྱི༔ གསུམ་བརྗོད། དབང་བསྐུར་བ་དེ་ཡང་རྟེན་དཀྱིལ་འཁོར་ལ་བརྟེན་ནས་ཐོབ་ནའང་དབང་སྲོག་འཛིན་པ་ནི་དམ་ཚིག་དང་སྡོམ་པ་ལ་རགས་ལས་པས་སྨིན་བྱེད་ཀྱི་རྟེན་སྡོམ་ལྡན་དུ་བྱ་བའི་ཕྱིར་སླར་ཡང་སྤྱི་དང་ཁྱད་པར་གྱི་སྡོམ་པ་རྣམས་བྱེ་བྲག་ཏུ་བླང་བར་བྱ་སྟེ། དེ་ལ་སྤྱིའི་སྡོམ་པ་ནི་གཞན་ལ་གནོད་པའི་སྦྱོར་བ་ལས་སེམས་བསྲུང་པ་སོ་སོ་ཐར་པའི་སྡོམ་པ། དེའི་སྟེང་དུ་ཕན་འདོགས་ཀྱི་སྦྱོར་བ་ལ་ཞུགས་པ་བྱང་ཆུབ་སེམས་དཔའི་སྡོམ་པ། དེ་གཉིས་ཀའི་སྟེང་དུ་སངས་རྒྱས་ཀྱི་མཛད་པ་ཉམས་སུ་བླངས་ཏེ་མཉམ་པ་ཆེན་པོའི་ངང་ནས་ཐབས་ལ་མཁས་པས་གཞན་དོན་རླབས་པོ་ཆེ་སྤྱོད་པ་སྔགས་ཀྱི་སྡོམ་པ་དང་། ཁྱད་པར་དུའང་བླ་ན་མེད་པའི་སྔགས་ཀྱི་དམ་ཚིག་ནི་བླ་མ་དང་མཆེད་བཀུར་བ་སྐུའི་དམ་ཚིག །སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད་པ་གསུང་གི་དམ་ཚིག །བྱང་ཆུབ་ཀྱི་སེམས་མི་སྤང་ཞིང་གསང་བཅུ་མི་བསྟན་པ་ཐུགས་ཀྱི་དམ་ཚིག་སྟེ་རྩ་བའི་དམ་ཚིག་གསུམ་དང་། སྤྱད་དང་མི་སྤང་དང་དུ་བླང༔ ཤེས་དང་སྒྲུབ་པ་ལྔ་ལྔ་འོ༔
ཞེས་གསུངས་པ་ལྟར་ཡན་ལག་གི་དམ་ཚིག་ཉི་ཤུ་རྩ་ལྔ་དང་། བདེ་གཤེགས་རིགས་ལྔའི་སྡོམ་པ་ལ་སོགས་པ་སྟེ་སྤྱི་བྱེ་བྲག་གི་དམ་ཚིག་དང་སྡོམ་པ་རྣམས་བཟུང་བར་བྱའོ་སྙམ་པས་འདིའི་རྗེས་ཟློས་མཛོད། བདེ་གཤེགས་སྲས་བཅས་བདག་ལ་དགོངས༔ བདག་མིང་འདི་ཞེས་བགྱི་བ་ཡིས༔ བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔ སོ་སོ་ཐར་དང་བྱང་ཆུབ་སེམས༔ རིག་འཛིན་ནང་གི་སྡོམ་པའི་ཚོགས༔ མ་ལུས་ཡོངས་སུ་བཟུང་བར་བགྱི༔ ཞེས་ལན་གསུམ། དེ་ནས་གཙོ་བོའི་ཐུགས་ཀ་ནས་བྱེ་བའི་ལས་ཀྱི་རྡོ་རྗེས་རྡོ་རྗེའི་ལམ་ལས་དཀྱིལ་འཁོར་གྱི་ནང་དུ་དྲངས་པའི་མོས་པ་མཛོད། ཛཿཧཱུྃ་བཾ་ཧོ༔ ཞེས་བརྗོད། དབང་ཡོལ་ཡོད་ན་སྐབས་འདིར་བསལ། ཞེས་དྲངས་པས་ཚད་མེད་པ་བཞིའི་འཇུག་པས་དཀྱིལ་འཁོར་གྱི་སྒོ་བཞི་ནས་ཞུགས་ཏེ་ལྷ་ཚོགས་རྣམས་ལ་ཕྱག་བྱས་ནས་དཀྱིལ་འཁོར་གྱི་ཤར་སྒོའི་དྲུང་དུ་འཁོད་པའི་མོས་པ་མཛོད། དེ་དག་ནི་ཕྱི་མཚན་མའི་དཀྱིལ་འཁོར་དུ་འཇུག་པའོ། །དེ་ནས་ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པའི་སླད་དུ་སྦྱོར་བ་དམ་ལ་བཞག་པ་ནི། བདུད་རྩི་དང་བཅས་པའི་དམ་ཚིག་གི་མནའ་ཆུ་འདི་ཉིད་བཞག་པ་ལྕེ་ལ་བཞག་ཅིང་ཐིམ་པ་སྙིང་གི་དཀྱིལ་དུ་ཐིམ་སྟེ་དེ་བཞིན་གཤེགས་པ་ཐམས་ཅད་དང་མཉམ་པར་སྦྱོར་བའི་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཐོབ་པར་མོས་ཤིག །འདི་ནི་དམ་ཚིག་བདུད་རྩིའི་ཆུ༔ དེ་རིང་ཁྱོད་ཀྱི་
སྙིང་ལ་བསྟིམས༔ སངས་རྒྱས་ཀུན་དང་མཉམ་སྦྱོར་བའི༔ འདའ་ཀ་རྡོ་རྗེའི་དམ་ཟུངས་ཤིག༔ ས་མ་ཡ་ཨ་མྲྀཏ་ཧཱུྃ༔ ཞེས་དམ་ཆུ་སྦྱིན། དུས་དེ་རིང་ནས་བཟུང་སྟེ་ཁྱེད་རྣམས་ཀྱི་གསང་ཆེན་རྡོ་རྗེའི་དམ་ཚིག་འདི་ཉིད་ཡིན་ཏེ། གལ་ཏེ་འདས་ན་ཕུང་བར་འགྱུར་ཏ་རེ་ཞེས་པའི་ཐ་ཚིག་སྟེ། དེ་རིང་ནས་ནི་བུ་ཁྱོད་ཀྱི༔ གསང་ཆེན་རྡོ་རྗེ་འདི་ཡིན་པས༔ དམ་ཚིག་མཆོག་ལས་ཁྱོད་མ་འདའ༔ ཉམས་ན་བསྲེག་པར་འགྱུར་ཏ་རེ༔ བཛྲ་ས་མ་ཡ་ཧཱུྃ༔ རྡོ་རྗེ་སྤྱི་བོར་བཞག །དེ་ནས་ནང་འཇུག་གི་དངོས་གཞི་ཡེ་ཤེས་དབབ་པའི་སླད་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། དུས་གསུམ་རྒྱལ་བ་འདུས་པའི་སྐུ༔ ཆེ་མཆོག་ཁྲག་འཐུང་ཆེན་པོ་ཡི༔ སྐུ་གསུང་ཐུགས་ཀྱི་ཡེ་ཤེས་རྣམས༔ སྐལ་ལྡན་བདག་ལ་དབབ་ཏུ་གསོལ༔ ལན་གསུམ། དེ་ནས་ཁྱེད་རང་རྣམས་ལུས་གནད་དྲང་པོར་བསྲང་། ངག་གནད་རླུང་ཁ་སྦྱོར་དུ་འཆིང་། སེམས་གནད་དམིགས་པ་མ་ཡེངས་པས་འདི་བཞིན་དུ་མཛོད། བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ལ་ཕོག་རྣམ་སྨིན་གདོས་བཅས་ཀྱིས་མཚོན་པའི་མ་དག་པའི་སྣང་བ་ཐམས་ཅད་མི་དམིགས་ཏེ་སྟོང་པར་སྦྱང་། ཨོཾ་ཀརྨ་ཡཀྴ་ཧཱུྃ་ཕཊ༔ སྭ་བྷཱ་བ་སོགས། སྟོང་པའི་ངང་ལས་ཆུ་ལས་ཆུ་བུར་རྡོལ་བ་བཞིན་དབང་དྲག་རོལ་པའི་སྐུར་གྱུར་པ་ནི། སྐུ་མདོག་དམར་ནག་བསྐལ་པའི་མེ་ལྟར་འབར་བ་ཞལ་གཅིག་ཕྱག་
གཉིས་པ་འཇིགས་ཤིང་རྔམ་པ་གཤིན་རྗེ་ལྟར་ཁྲོས་པ། ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་དགུ་པ་ཕྱར་བ། གཡོན་གནམ་ལྕགས་ཀྱི་ཕུར་བུ་འཛིན་པའི་སྡིགས་མཛུབ་ཀྱི་རྩེ་ནས་ལྕགས་སྡིག་གི་ཕོ་ཉ་འགྱེད་པས་གནོད་བྱེད་ལ་གཟིར་བ། ཞབས་གཡས་བསྐུམ་གཡོན་བརྐྱང་བའི་དྲག་ཤུལ་ཆེན་པོའི་སྟབས་ཀྱིས་སྲིན་པོ་ཕོ་མོའི་གདན་ལ་རོལ་བ། དུར་ཁྲོད་རོལ་པའི་ཆས་ཐམས་ཅད་ཀྱིས་བརྗིད་པ། ཡུམ་རྡོ་རྗེ་རྣལ་འབྱོར་མ་མཐིང་ནག་གྲི་ཐོད་འཛིན་པ་དང་སྙོམས་པར་འཇུག་པ། ཆེ་བཙན་འགྲན་ཟླ་ཐམས་ཅད་དང་བྲལ་བ་ཡེ་ཤེས་ཀྱི་མེ་ཕུང་འབར་བའི་ཀློང་ན་བཞུགས་པ། དེའི་ཐུགས་ཀར་གཡུང་དྲུང་དམར་པོ་གཡོན་དུ་འཁོར་བའི་ལྟེ་བ་དང་ཡན་ལག་བཞི་ལ་མཁའ་འགྲོ་སྡེ་ལྔ་བདེ་བའི་གར་གྱིས་རོལ་པར་མོས། དེ་ནས་འོག་རླུང་གིས་སྙིང་གའི་གཡུང་དྲུང་གཡོན་དུ་དྲག་ཏུ་འཁོར་བས། མཁའ་འགྲོ་མ་རྣམས་བདེ་བ་བཟོད་མེད་དུ་འབར་བའི་གར་བསྒྱུར་ཞིང་མུ་མེད་པའི་འོད་ཟེར་བ་སྤུའི་བུ་ག་ནས་ཕྱིར་སྤྲོས། ལྷོ་ནུབ་རྔ་ཡབ་པདྨ་འོད་ཀྱི་ཕོ་བྲང་སོགས་རང་བཞིན་གྱི་གནས་ནས་བླ་མ་རིག་འཛིན་སངས་རྒྱས་བྱང་སེམས་དཔའ་བོ་དཔའ་མོ་ཐམས་ཅད་ཁྲག་འཐུང་པདྨ་དྲག་པོའི་དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་ཀྱི་རྣམ་པར་བྱོན་ཁྱེད་རང་གི་ལུས་ངག་ཡིད་གསུམ་ལ་སིབ་སིབ་ཐིམ་པའི་མོས་པ་མཛོད། ཧཱུྃ༔ ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང༔ གཟུགས་སྐུ་འཇིགས་བྱེད་ཁྲོ་བོའི་སྐུར་སྟོན་
པ༔ དབང་དྲག་རོལ་པའི་དཀྱིལ་འཁོར་ལྷ་ཚོགས་རྣམས༔ གློག་ལྟར་མྱུར་བའི་ཐུགས་རྗེས་བརྩེར་དགོངས་ལ༔ འདིར་གཤེགས་དབང་སྐུར་བྱིན་ཕོབ་དངོས་གྲུབ་སྩོལ༔ ངོ་མཚར་རྟགས་དང་མཚན་མ་མྱུར་དུ་སྟོན༔ བཛྲ་གུ་རུ་ཀྲོ་དྷ་རཱ་ཛ་ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱ༔ དེ་ལྟར་བྱིན་ཕབ་པས་ཡེ་ཤེས་པ་རྣམས་ཁྱེད་རང་ལ་རོ་གཅིག་ཏུ་བརྟན་པའི་མོས་པ་མཛོད། རྡོ་རྗེ་རྒྱ་གྲམ་སྤྱི་བོར་བཞག་ནས། ཏིཥྛ་བཛྲ༔ ཞེས་བརྗོད། དེ་ནས་རིགས་བརྟགས་པའི་ཕྱིར་མེ་ཏོག་དོར་བ་ནི། འདིར་བླ་མ་དྲག་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་བཞུགས་པ་ཡིན་ཏེ། དེ་ཡང་ངོ་བོ་ཡེ་ཤེས་གཅིག་ལས་གཙོ་འཁོར་གྱི་རྣམ་པར་ཤར་བ་མ་གཏོགས། ངོ་བོ་ལ་བཟང་ངན་མེད་ཀྱང་རང་གི་ལས་འཕྲོ་ཡོད་པའི་ལྷ་དེ་ལ་བབ་པར་ཤོག་སྙམ་དུ་འདིའི་རྗེས་ཟློས་དང་བཅས་ཏེ་ལྟོས་པ་མེད་པར་དོར་མཛོད། ཧོཿ རིན་ཆེན་རྫས་ཀྱི་མེ་ཏོག་འདི༔ དཀྱིལ་འཁོར་ལྷ་ལ་གུས་འབུལ་ན༔ སྔོན་སྦྱངས་ལས་འཕྲོ་གང་ཡོད་པའི༔ རིགས་མཆོག་དེ་ལ་འབབ་པར་ཤོག༔ ཨོཾ་པྲ་ཏི་གྲྀཧྞ་ཧཱུྃ༔ ཞེས་མེ་ཏོག་དོར། གང་ལ་བབ་པའི་རིགས་ངེས་པར་བྱས་ཏེ། ཆེ་མཆོག་དྲག་པོ་རྩལ། རྡོ་རྗེ་དྲག་པོ་རྩལ། རཏྣ་དྲག་པོ་རྩལ། པདྨ་དྲག་པོ་རྩལ། ཀརྨ་དྲག་པོ་རྩལ་ཞེས་པ་ལྟ་བུ་རེ་གསང་མཚན་བཏགས། སྔར་ཕུལ་བའི་མེ་ཏོག་གི་ཕྲེང་བ་དེ་དབང་རྟགས་སུ་ཅོད་པན་གྱི་ཚུལ་དུ་མགོ་བོར་བཅིངས་པའི་མོས་པ་མཛོད་བྱས་ལ། ཨོཾ་བོ་དྷི་
ཙིཏྟ་པུཥྤེ་ས་མ་ཡ་སཏྭཾ༔ ཞེས་ཅོད་པན་མགོ་བོར་བཀོད། དེ་ནས་མ་རིག་པའི་ལིང་ཏོག་མིག་དར་དང་ལྷན་ཅིག་ཏུ་བསལ་བའི་མོས་པ་མཛོད། ཧཱུྃ༔ བླ་མ་རྡོ་རྗེ་དྲག་པོ་རྩལ༔ བུ་ཁྱོད་མིག་ནི་འབྱེད་པར་མཛད༔ ཕྱེ་བས་ཐམས་ཅད་མཐོང་གྱུར་པའི༔ རྡོ་རྗེའི་ཡེ་ཤེས་མིག་དང་ལྡན༔ བཛྲ་ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ ཅེས་བརྗོད་ཅིང་གསེར་ཐུར་གྱིས་མིག་དར་བསལ། དེ་ནས་ཡེ་ཤེས་ཀྱི་མིག་གསར་དུ་ཐོབ་པ་དེ་ལ་མཐོང་བ་བསྟན་པར་བྱ་སྟེ། དཀྱིལ་འཁོར་ཆེན་པོ་འདི་ལ་ལྟོས༔ ད་ནི་དད་པ་རབ་ཏུ་སྐྱེད༔ ཆེ་མཆོག་དྲག་པོའི་རིག་འཛིན་པའི༔ དངོས་གྲུབ་དེ་རིང་ཁྱོད་ཀྱིས་ཐོབ༔ ཅེས་བལྟ་བར་བསྐུལ་ལ། དེ་ཡང་འདིར་སློབ་དཔོན་གྱི་སྐུ་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་བཞུགས་པ་དང། མདུན་གྱི་དཀྱིལ་འཁོར་རང་སྣང་དབྱེར་མེད་བླ་མ་རྡོ་རྗེ་དྲག་པོ་རྩལ་གྱི་དཀྱིལ་འཁོར་དུ་མངོན་སུམ་དུ་གསལ་བར་བཞུགས་པ་ནི་གཟུགས་བརྙན་གྱི་དཀྱིལ་འཁོར་འདིས་མཚོན་པ་ཡིན་ཏེ། དེ་ཡང་གཉིས་འཛིན་གྱི་རྟོག་པ་སྲེག་པའི་བརྡར། ཕྱི་རོལ་དུ་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བ། མི་རྟོག་པའི་ཡེ་ཤེས་ལ་གཞན་གྱིས་མི་ཤིགས་ཤིང་མི་ཚུགས་པའི་བརྡར། དེའི་ནང་དུ་རྡོ་རྗེའི་ར་བ། རྣམ་པར་ཐར་པའི་ཚོགས་བརྒྱད་གནས་སུ་དག་པའི་བརྡར། དུར་ཁྲོད་ཆེན་པོ་བརྒྱད། འཁོར་བར་གནས་ནས་འགྲོ་དོན་མཛད་ཀྱང་འཁོར་བའི་སྐྱོན་གྱིས་མ་གོས་པའི་བརྡར། པདྨའི་ཕྲེང་བ། རྟེན་འབྲེལ་
བཅུ་གཉིས་གནས་སུ་དག་པའི་བརྡར། འོག་གཞི་སྣ་ཚོགས་རྡོ་རྗེ། ཆེ་བའི་ཡོན་ཏན་རྒྱས་པའི་བརྡར། གཞལ་ཡས་ཁང་གྲུ་བཞི་པ། བྱང་ཆུབ་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་ཡེ་ཤེས་ལྔ་ལ་སོགས་པའི་རང་བཞིན་གྱི་དཀྱིལ་འཁོར་གྱི་ཆོས་རྣམས་ཀྱིས་མཛེས་པར་སྤྲས་པའི་ནང་དུ་རྣམ་ཐར་བཞིས་འགྲོ་དོན་ལྷུན་གྱིས་གྲུབ་པའི་བརྡར། འཁོར་ལོ་རྩིབས་བཞི་ར་བ་དང་བཅས་པ། དེའི་ནང་དུ་ཡེ་ཤེས་ལྔ་མཚོན་པའི་བརྡར། པདྨ་འདབ་མ་བཞི་པ་ལྟེ་བ་དང་བཅས་པ། དེ་ལྟ་བུའི་གཞལ་ཡས་ཁང་གི་དབུས་ཀྱི་ལྟེ་བར། སྡེ་བརྒྱད་པད་ཟླ་ཉི་མ་དྲེགས་པ་བསྣོལ་བའི་གདན་གྱི་སྟེང་དུ་ཐབས་མཆོག་རང་རིག་པའི་ཡེ་ཤེས་བདེ་བ་ཆེན་པོ་མཚོན་པའི་བརྡར། དུས་གསུམ་རྒྱལ་བ་ཐམས་ཅད་འདུས་པའི་སྤྱི་གཟུགས་ཁྲག་འཐུང་དྲག་པོ། ཤེས་རབ་སྟོང་པ་ཉིད་རང་རྩལ་ཆེ་བའི་ཡོན་ཏན་ཡེ་ཤེས་ལྔ་མ་འགགས་པར་རང་སྣང་བའི་བརྡར། ཡུམ་རྡོ་རྗེ་རྣལ་འབྱོར་མ་དང་རིགས་བཞིའི་མཁའ་འགྲོ་མ་བཞི། འཁོར་འདས་ཐམས་ཅད་ཀྱི་སྙིང་པོ་གཅིག་ཏུ་གྲུབ་པའི་བརྡར། ཡེ་ཤེས་སེམས་དཔའ་པདྨ་འབྱུང་གནས། དེ་ཉིད་ཀྱིས་འཁོར་འདས་ཀུན་ལ་ཁྱབ་ཅིང་དབང་བསྒྱུར་བའི་བརྡར། རིགས་བདག་འོད་དཔག་མེད། སྐུ་གསུང་ཐུགས་ཕྲིན་ལས་བཞིའི་བདག་ཉིད་ཀྱིས་གདུལ་བྱ་རྗེས་སུ་འཛིན་པའི་བརྡར། ཁྲོ་རྒྱལ་རྣམ་ཐར་བཞི་དང་གཞན་ཡང་སྤྲུལ་པའི་འཁོར་
ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ་སྟེ། དེ་ལྟར་ན་ཁྲག་འཐུང་པདྨ་དྲག་པོའི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཐམས་ཅད་ཆོས་ཀྱི་དབྱིངས་མངོན་སུམ་པ་བཞིན་དུ་མཇལ་བར་གྱུར་སྙམ་དུ་དགའ་བ་དང་སྤྲོ་བ་ཡང་དག་པ་སྐྱེད་མཛོད། ཅེས་བརྡ་སྤྲད་དོ། །དེ་ལྟར་དཀྱིལ་འཁོར་དུ་འཇུག་པའི་བྱ་བ་འཁོར་དང་བཅས་པ་སོང་ནས། ཞུགས་པ་ལ་མངོན་པར་དབང་བསྐུར་བ་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། ཞེས་བརྗོད་ལ་སློབ་མས་མཎྜལ་འབུལ། དེ་ནས་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་བདག་ཉིད་དུ་བཞུགས་པ་ལ་སྙིམ་པ་མེ་ཏོག་དང་བཅས་ཏེ་མི་ཕྱེད་པའི་གདུང་ཤུགས་དྲག་པོས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། རྒྱལ་བ་ཀུན་གྱི་གསང་བའི་ལམ༔ འགྲོ་བ་སྐྱོབ་པའི་གཟི་བྱིན་ཅན༔ ཡོན་ཏན་ཐམས་ཅད་འབྱུང་བའི་གནས༔ དཔའ་བོ་ཆེན་པོས་བདག་ལ་སྩོལ༔ ཅེས་གསུམ། དེ་ལྟར་གསོལ་བ་བཏབ་ནས་དབང་བསྐུར་བ་དངོས་ལ། སྤྱིར་དབང་གི་ངོ་བོ་ནི་ཐོབ་བྱའི་ནུས་པ་ཁྱད་པར་ཅན་རྒྱུད་ལ་འཇོག་པའི་ལས་ཀྱི་བདག་ཉིད་ཅན་ཡིན་ལ། ངེས་ཚིག་ནི། ཨ་བྷི་ཥིཉྩའི་སྒྲ་ལས་དྲངས་ན་མངོན་པར་གཏོར་བ་ཞེས་བྱ་སྟེ། དངོས་སུ་ལུས་ངག་ཡིད་གསུམ་གྱི་དྲི་མ་འཁྲུད་པ་དང་། བརྒྱུད་ནས་སྐལ་པ་འཇོག་པ་ལ་འཇུག་སྟེ། ཧེ་རུ་ཀ་བའི་རྒྱུད་ལས། རྒྱུད་དག་ནུས་པ་ཐོབ་ཕྱིར་དབང༔ ཞེས་གསུངས། དབྱེ་ན་སྦྱང་གཞི་བདེ་བར་གཤེགས་པའི་སྙིང་
པོ་ལ་སྒྲིབ་པར་བྱེད་པའི་དྲི་མ་བཞི། སྦྱོང་བྱེད་བསྐྱེད་རྫོགས་ཀྱིས་བསྡུས་པའི་མན་ངག་རྣམ་བཞི་སྒོམ་པའི་སྣོད་རུང་དུ་བྱེད་པ་རྩ་བའི་དབང་བཞི། ལུས་ངག་ཡིད་གསུམ་མི་ཤིགས་པ་རྡོ་རྗེ་གསུམ་གྱི་ངོ་བོར་ལྷུན་གྱིས་གྲུབ་པའི་རིགས་ཀྱི་ནུས་པ་སད་བྱེད་སྐུ་གསུང་ཐུགས་ཀྱི་བྱིན་རླབས། འགལ་རྐྱེན་མི་མཐུན་པ་ལས་རྣམ་པར་རྒྱལ་ཞིང་མཐུན་རྐྱེན་དངོས་གྲུབ་ཀྱི་སྒོ་འབྱེད་གཏོར་མའི་དབང་། མ་རྟོགས་དུག་ལྔའི་རང་མདངས་དྲེགས་པ་སྡེ་བརྒྱད་དབང་དུ་སྡུད་བྱེད་དྲེགས་པའི་སྲོག་དབང་བསྐུར་བ་དང་བཞི་ཡོད་པ་ལས། རྩ་བའི་དབང་བཞི་བསྐུར་བའི་ཐོག་མར་བུམ་དབང་བསྐུར་བ་ནི། དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་དབང་སྟེགས་ཀྱི་དཀྱིལ་འཁོར་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་སྡེ་བརྒྱད་པད་ཟླ་ཉི་མ་དྲེགས་པ་བསྣོལ་བའི་གདན་ལ་ཁྱེད་རང་རྣམས་བླ་མ་དྲག་པོའི་རྣམ་པས་འཁོད་པའི་མོས་པ་མཛོད། བླ་མ་དང་གཉིས་སུ་མེད་པའི་དཀྱིལ་འཁོར་གྱི་གཙོ་བོའི་གནས་གསུམ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་གདན་གསུམ་ཚང་བའི་དབང་གི་ལྷ་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་སྤྱན་དྲང་། ཆུ་གཉིས་ཉེར་སྤྱོད་རོལ་མོར་བཅས་པས་མཆོད་ཅིང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ནས་པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་བིདྱ། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་དངོས་ཡིད་གང་འབྱོར་ཕྱག་རྒྱར་
བཅས་པས་མཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ། ཞེས་གསོལ་བ་བཏབ་པས་བླ་མ་དང་གཉིས་སུ་མེད་པའི་དེ་བཞིན་གཤེགས་པ་ཡབ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། ཡུམ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་ཡེ་ཤེས་ལྔའི་བདུད་རྩིས་གང་བ་ཐོགས་ནས་དབང་བསྐུར་བའི་བྱ་བ་མཛད། འཁོར་གྱི་སེམས་དཔའ་སེམས་མ་ལྷ་མོ་རྣམས་ཀྱིས་ཤིས་པ་བརྗོད་ཅིང་མེ་ཏོག་ལ་སོགས་པའི་མཆོད་རྫས་ཀྱི་ཆར་འབེབ། ཕོ་ཉ་བཀའ་སྡོད་རྣམས་ཀྱིས་བགེགས་སྐྲོད་པའི་སྦྱོར་བ་དང་བཅས་ཏེ་དབང་བསྐུར་བའི་མོས་པ་མཛོད། བྱས་ལ་བུམ་པ་སྤྱི་བོར་བཞག་སྟེ། ཧཱུྃ༔ བཀྲ་ཤིས་རྒྱལ་བྱེད་བུམ་པའི་ནང༔ ཡེ་ཤེས་བདུད་རྩིའི་ཆུ་བོས་གཏམས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ སྐུ་ལྔ་ཡེ་ཤེས་ལྔ་རྫོགས་ཤོག༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བུམ་ཆུ་བླུད། དེ་ལྟར་བུམ་པ་བཟང་པོ་ལས་བྱུང་བའི་ཡེ་ཤེས་ལྔའི་རང་བཞིན་གྱི་བདུད་རྩིའི་ཆུ་རྒྱུན་གྱིས་དབང་བསྐུར་བས་ཉོན་མོངས་པ་ལྔ་སྦྱངས། ཕུང་པོ་ལྔ་སངས་རྒྱས་ལྔར་གནས་འགྱུར། ཡེ་ཤེས་ལྔ་མངོན་དུ་བྱས། ཆུ་ལྷག་མ་ཡར་ལུད་པས་དབང་རྟགས་སུ་དེ་བཞིན་གཤེགས་པ་རིགས་ལྔས་དབུ་བརྒྱན་པའི་མོས་པ་མཛོད། དེ་ལྟར་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག །ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །
དེ་ནས་གསང་དབང་ནི། བླ་མ་རྡོ་རྗེ་དྲག་པོ་རྩལ་ཡབ་ཡུམ་རྗེས་སུ་ཆགས་པའི་སྦྱོར་བས་སྙོམས་པར་ཞུགས་པའི་ཀུནྡ་བྱང་ཆུབ་ཀྱི་སེམས་ལྷན་ཅིག་སྐྱེས་པའི་རྟེན་དུ་གྱུར་པ་དྷཱུ་ཏི་ནས་བརྒྱུད། རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་འཁྱིལ་བ་དེ་ཉིད་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་འདྲེས་པ་ཁྱེད་རང་གི་ལྕེ་ཐོག་ཏུ་བཞག་པའི་མོས་པ་མཛོད། ཧཱུྃ༔ མཚན་ལྡན་རྡོ་རྗེའི་ཀ་པཱ་ལར༔ ཟག་མེད་བྱང་སེམས་བདུད་རྩིས་གང༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ རྩ་ཁམས་བདེ་བས་ཁྱབ་པར་ཤོག༔ ཨོཾ་བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བདུད་རྩི་བླུད། སློབ་མས་ཨ་ཧོ་མ་ཧཱ་སུ་ཁ་ཞེས་མྱང་ཞིང་། བདུད་རྩི་དེ་ཉིད་མགྲིན་པ་ནས་ཇེ་ཆེར་འཕེལ་བས་རྩ་ཐམས་ཅད་གང་། དུག་གསུམ་གྱི་རྟོག་པ་འགགས། ཞུ་བདེ་ལྷན་སྐྱེས་ཀྱི་ཡེ་ཤེས་ཉམས་སུ་མྱང་བ་ནི་གསང་དབང་གི་ཡེ་ཤེས་སོ། །དེ་ལྟར་ཀུན་རྫོབ་བྱང་སེམས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་གི་དྲི་མ་དག །ལམ་རྩ་རླུང་བསྒོམ་པ་ལ་དབང་། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །དེ་ནས་ཤེར་དབང་ནི། བླ་མས་པདྨ་ཅན་གྱི་མཚན་ཉིད་དང་ལྡན་པའི་ཕྱག་རྒྱ་མ་ལོ་བཅུ་དྲུག་ལོན་པའི་ན་ཚོད་ཅན་ཡིད་དུ་འོང་བ་ཞིག་སྤྲུལ་ཏེ་ཁྱེད་རང་ལ་གཏད་པའི་མོས་པ་མཛོད། ཧཱུྃ༔ ཡིད་འོང་ལྷ་མོའི་རེག་བྱ་ནི༔ བདེ་མཆོག་སྒྱུ་མའི་རོལ་པར་འཆར༔ སྐལ་ལྡན་ཁྱོད་ལ་དབང་
བསྐུར་བས༔ དགའ་བཞིའི་ཡེ་ཤེས་རྒྱས་པར་ཤོག༔ པྲ་ཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་རིག་མའི་ཙཀ་ལི་ལག་ཏུ་གཏད། དེ་ནས་དམིགས་པ་འདི་བཞིན་དུ་མཛོད། ཁྱེད་རང་ཆེ་མཆོག་པདྨ་དྲག་པོ་རྩལ་དང་གཏད་པའི་རིག་མ་རྡོ་རྗེ་རྣལ་འབྱོར་མར་གསལ་བ་ལྷའི་འདུ་ཤེས། ཡབ་ཀྱི་གསང་གནས་ཧཱུྃ་ལས་རྡོ་རྗེའི་ལྟེ་བར་ཧཱུྃ་བུ་གར་ཕཊ་ཀྱིས་མཚན་པ། ཡུམ་གྱི་མཁའ་ཨ་ལས་པདྨ་ཨཱཿས་མཚན་པར་བསམ་པ་ནི་སྔགས་ཀྱི་འདུ་ཤེས། ཐབས་འདི་ལ་བརྟེན་ནས་རང་གནས་ཀྱི་ཡེ་ཤེས་མངོན་དུ་བྱའོ་སྙམ་པ་ཆོས་ཀྱི་འདུ་ཤེས་ཏེ། དེ་ལྟར་འདུ་ཤེས་གསུམ་ལྡན་གྱི་སྒོ་ནས་སྙོམས་པར་ཞུགས་པའི་མོས་པས་འདིའི་རྗེས་ཟློས་མཛོད། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། ཞེས་སྙོམས་པར་ཞུགས་པས་རྗེས་ཆགས་ཀྱི་མེས་ཚོགས་དྲུག་གི་རྟེན་གྱི་ཁམས་དྭངས་མ་ཐམས་ཅད་ཞུ་ནས་སྤྱི་བོའི་ཧཾ་ལ་འདུས་ཏེ་སྤྱི་བོ་ལས་མགྲིན་པར་བབས་པས་དགའ་བ། མགྲིན་པ་ནས་སྙིང་གར་བབས་པས་མཆོག་དགའ། སྙིང་ག་ནས་ལྟེ་བར་བབས་པས་ཁྱད་པར་གྱི་དགའ་བ། ལྟེ་བ་ནས་གསང་བར་བབས་པས་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་ཏེ་ཡས་བརྟན་གྱི་དགའ་བ་བཞི་ཉམས་སུ་མྱོང་། མཁའ་གསང་གི་རྩེ་མོར་བཟུང་བ་དེ་ཉིད་སླར་ཡང་རླུང་གི་སྦྱོར་བས་གྱེན་དུ་དྲངས་པས་འཁོར་ལོ་བཞིར་མས་བརྟན་གྱི་དགའ་བ་བཞི་རིམ་པར་ཉམས་སུ་མྱོང་བས་བདེ་སྟོང་དབྱེར་མེད་ལྷན་ཅིག་
སྐྱེས་དགའི་ཡེ་ཤེས་ཀྱིས་ཐམས་ཅད་ལ་ཁྱབ་ཅིང་བརྟན་པའི་མོས་པ་མཛོད། དེ་ལྟར་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག །ལམ་ཐིག་ལེ་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །བཞི་པ་ཚིག་དབང་ནི། སྔར་དབང་གསུམ་པའི་སྐབས་སུ་ཉམས་སུ་མྱོང་བའི་བདེ་བའི་ཡེ་ཤེས་དེ་ཉིད་མཚོན་བྱེད་དཔེའི་ཡེ་ཤེས་སུ་བྱས་ནས། འདིར་མཚོན་བྱ་དོན་གྱི་ཡེ་ཤེས་ངོ་སྤྲོད་པ་སྟེ། དེ་ཡང་བླ་མ་དང་དཀྱིལ་འཁོར་གྱི་བདག་པོ་དབྱེར་མ་མཆིས་པ་ལ་མོས་གུས་གདུང་ཤུགས་དྲག་ཏུ་བསྐྱེད་པས་དེའི་ཐུགས་ཀ་ནས་རིག་པ་ཡེ་ཤེས་ཀྱི་རང་རྩལ་བླ་མའི་སྐུ་གཉིས་པ་ཞིག་སྐར་མདའ་ཆད་པ་ལྟར་རྒྱང་གིས་བྱུང་། ཁྱེད་རང་རྣམས་ཀྱི་སྤྱི་བོར་ཐིམ་པས་བླ་མའི་ཐུགས་རྒྱུད་ཀྱི་རྟོགས་པ་ཐམས་ཅད་མར་མེ་གཅིག་ལས་གཉིས་པ་སྦར་བའི་ཚུལ་དུ་སོ་སོའི་ཐུགས་རྒྱུད་ལ་འཕོས་པར་གྱུར་སྙམ་པ་མཛོད་བྱས་ལ། ཧཱུྃ༔ རང་སེམས་མ་འགག་འཆར་སྒོ་ནི༔ རིག་འཛིན་བླ་མའི་སྐུ་རུ་ཤར༔ ཤར་ཀྱང་རང་ལས་མ་དམིགས་པའི༔ བདེ་ཆེན་མཉམ་ཉིད་རྟོགས་པར་ཤོག༔ དྷརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་གུ་རུ་ཞི་བའི་སྐུ་སྤྱི་བོར་བཞག །དེ་ལྟར་མོས་གུས་ཅིག་ཆར་བའི་ལམ་ལ་བརྟེན་ནས་བྱིན་རླབས་འཕོ་བའི་སྟོབས་ཀྱིས་དབང་བསྐུར་ཞིང་དོན་ངོ་སྤྲོད་པས། རང་གི་སེམས་ཉིད་
གདོད་མ་གཤིས་ཀྱི་གནས་ལུགས་ཀུན་ཁྱབ་མཚན་མ་ཐམས་ཅད་དང་བྲལ་བའི་ཆ་ནས་ཆོས་ཀྱི་སྐུ་དེ་ཉིད། རྟོགས་མ་རྟོགས་ཀྱི་བྱེད་པས་འཁོར་འདས་གཉིས་ཀྱིས་བསྡུས་པའི་ཆོས་གང་དུའང་མ་འགག་པར་འཆར་རུང་ངོ་བོ་ཉིད་རྒྱུར་ལྷུན་གྱིས་གྲུབ་པའི་ཆ་ནས་ལོངས་སྤྱོད་རྫོགས་པའི་སྐུ །དེ་ལས་རྟོག་ཚོགས་ཀྱི་རོལ་པ་ཅིར་ཡང་འཆར་ཞིང་དེ་དོན་གོམས་པའི་མཐུ་ལས་འཁོར་བ་མ་སྤངས་པར་འགྲོ་འདུལ་རིག་འཛིན་བླ་མའི་སྐུ་དང་ཡེ་ཤེས་ཀྱི་རོལ་པར་དངོས་སུ་འཆར་བའི་ཆ་ནས་སྤྲུལ་པའི་སྐུ་སྐུ་གསུམ་པོ་དེ་དག་ཀྱང་དོན་རང་བྱུང་གི་ཡེ་ཤེས་ཉིད་ལས་གཞན་དུ་མི་གཡོ་བ་ཟུང་འཇུག་བདེ་བ་ཆེན་པོའི་སྐུ་སྟེ། སྐུ་བཞི་དབྱེར་མེད་བདེ་ཆེན་མཉམ་པ་ཉིད་ཀྱི་རང་བཞིན་རང་རིག་བླ་མའི་ངོ་བོར་ལྷུན་གྱིས་གྲུབ་པའི་དགོངས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེས་པར་མོས་ལ་དེའི་ངང་སྐྱོང་སྟེ་ཅུང་ཟད་ཅིག་མཉམ་པར་འཇོག་པ་ཞུ། དེ་ལྟར་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། སྒོ་གསུམ་གྱི་དྲི་མ་དག །ལམ་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །དེ་ལྟར་སྨིན་བྱེད་རྩ་བའི་དབང་བཞི་བསྐུར་བ་དེ་སོང་ནས། རྩ་བར། ཉམས་སུ་ལེན་ཅིང་སྙིང་སྟོབས་འཆང་བའི་བུར༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་དབང་བསྐུར་བྱ༔ ཞེས་གསུངས་པའི་ཐོག་མར་
སྐུའི་བྱིན་རླབས་ནི། སྐུ་རྟེན་སྤྱི་བོར་བཞག་པའི་ཚེ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་ཀྱང་འོད་ཟེར་འཕྲོས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དབང་དྲག་འབར་བའི་རྣམ་པར་བྱོན་པ་རྣམས་དང་། བླ་མ་དང་མདུན་བསྐྱེད་ཀྱི་སྐུ་ལས་ཀྱང་སྐུ་གྲངས་མེད་པ་འཕྲོས་ནས་ཁྱེད་རང་གི་སྤྱི་བོ་ནས་ཞུགས་ཏེ་ལུས་ལ་ཐིམ་པའི་མོས་པ་མཛོད། ཧཱུྃ༔ ཆོས་སྐུའི་ངང་ལས་ལོངས་སྐུའི་རོལ་པར་ཤར༔ མ་འགག་སྤྲུལ་སྐུ་པདྨ་ཐོད་ཕྲེང་རྩལ༔ སྣང་སྟོང་གཉིས་མེད་སྒྱུ་མའི་ཕྱག་རྒྱ་འདིས༔ སྐལ་ལྡན་ལུས་ལ་དེ་རིང་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་སོགས་དང་འཁོར་སྔགས་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་དབང་བསྐུར་རོལ་མོ་བྱ། དེས་སྐུའི་བྱིན་རླབས་ལུས་ལ་ཞུགས་པས་ལུས་ཀྱི་སྡིག་སྒྲིབ་སྦྱང་། བར་ཆད་ཞི། ལུས་ལྷ་བསྒོམ་པ་ལ་དབང་། པདྨ་དྲག་པོའི་སྐུ་དང་ཁྱེད་རང་གི་ལུས་དབྱེར་མེད་དུ་གྱུར་པའི་མོས་པ་མཛོད། དེ་ནས་གསུང་གི་བྱིན་རླབས་ནི། ཁྱེད་རང་དབང་དྲག་འབར་བའི་སྐུར་གསལ་བའི་ཐུགས་ཀར་པད་ཟླའི་གདན་ལ་ཡེ་ཤེས་སེམས་དཔའ་པདྨ་འབྱུང་གནས། དེའི་ཐུགས་ཀར་རྡོ་རྗེ་རྩེ་ལྔ་སྦུབ་སྟོང་དུ་གནས་པའི་ནང་དུ་པད་ཉི་ལ་གནས་པའི་ཧཱུྃ་ཡིག་དམར་པོ། དེའི་མཐར་
སྔགས་ཀྱི་ཕྲེང་བས་བསྐོར་བར་མོས་ཏེ་སློབ་དཔོན་ལ་གུས་འདུད་བྱས་པའི་རྐྱེན་གྱིས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། གཉིས་ཀའི་ཐུགས་ཀ་ནས་སྔགས་ཕྲེང་རྣམས་བུང་བ་ཚང་ཞིག་པ་ལྟར་རང་སྒྲ་སྒྲོག་ཅིང་ཐོགས་པ་མེད་པར་བྱོན་ཁྱེད་རང་གི་མགྲིན་པ་ནས་ཞུགས་སྙིང་གའི་སྔགས་ཕྲེང་ལ་ཐིམ་པའི་མོས་པ་མཛོད། སྔགས་བྱང་མགྲིན་པར་བཞག་ལ། ཧཱུྃ༔ སྒྲ་ཡི་སྙིང་པོ་གསང་ཆེན་སྔགས་ཀྱི་སྒྲ༔ དྲག་ལ་ངར་ལྡན་རྒྱུན་ཆད་མེད་པར་བཟླ༔ གྲགས་སྟོང་དབྱེར་མེད་སྙིང་པོ་སྔགས་ཀྱི་དབང༔ སྐལ་ལྡན་ངག་ལ་དེ་རིང་དབང་བསྐུར་རོ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བསྐུར་ཞིང་རོལ་མོ་བྱ། དེ་ནས་ཕྲེང་བའི་ཕྱེད་ལག་ཏུ་གཏད་ལ། ཁྱེད་རང་གི་སྙིང་གའི་སྔགས་ཕྲེང་ལས་འོད་ཟེར་འཕྲོས། རྒྱལ་བ་སྲས་དང་བཅས་པ་མཆོད་ཅིང་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་འོད་ཟེར་གྱི་རྣམ་པས་བསྡུས། དྲེགས་པ་ཅན་ཐམས་ཅད་ཚར་བཅད་མཐུ་སྟོབས་དང་ནུས་པ་ཐམས་ཅད་སྙིང་གའི་སྔགས་ཕྲེང་ལ་ཐིམ་པའི་མོས་པ་དང་ལྡན་པས་སྔགས་འདིའི་རྗེས་ཟློས་མཛོད། ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་བ་ཏེ་ཧཱུྃ་ཧཱུྃ་ཨ་ཧཱུྃ་ཧཱུྃ་ཕཊ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཡཀྴ་ཧཱུྃ༔ ཨོཾ་བཛྲ་རཀྴ་ཧཱུྃ་ཕཊ༔ རཱ་ཛ་ཆེ་གེའི་སྙིང་ལ་མཱ་ར་ཡ་ཧཱུྃ་ཕཊ༔ བཾ་ཧ་རི་ནི་ས་ཧཱུྃ་ཕཊ༔ ཨོཾ་བཛྲ་པཱ་ཎི་ཧཱུྃ་ཕཊ༔ ཨོཾ་ཡ་མཱནྟ་ཀ་ཧཱུྃ་ཕཊ༔ ཨོཾ་པདྨཱནྟ་ཀྲྀཏ་ཧཱུྃ་ཕཊ༔
ཨོཾ་ཀརྨ་ཡཀྴ་ཧཱུྃ་ཕཊ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་སྔགས་རྣམས་ཀྱི་རྗེས་ཟློས་ལན་གསུམ་བྱ། དེས་གསུང་གི་བྱིན་རླབས་ངག་ལ་ཞུགས་པས་ངག་གི་སྡིག་སྒྲིབ་སྦྱངས། བར་ཆད་ཞི། ངག་སྔགས་བཟླ་བ་ལ་དབང་། པདྨ་དྲག་པོའི་གསུང་དང་ཁྱེད་རང་གི་ངག་དབྱེར་མེད་དུ་གྱུར་པའི་མོས་པ་མཛོད། དེ་ནས་ཐུགས་ཀྱི་བྱིན་རླབས་ནི། སློབ་དཔོན་ལ་གུས་འདུད་བྱས་པས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་མདུན་བསྐྱེད་དང་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། དེ་རྣམས་ཀྱི་ཐུགས་ཀ་ནས་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་རྣམས་རྡོ་རྗེ་དང་ཕུར་བུ་ལྕགས་སྡིག་ལ་སོགས་པའི་རྣམ་པར་བྱོན་ཁྱེད་རང་རྣམས་ཀྱི་ཐུགས་ཀའི་ཧཱུྃ་ལ་ཐིམ་པའི་མོས་པ་མཛོད། ཕྱག་མཚན་སྙིང་གར་བཞག་ཅིང་ལག་པར་གཏད་ལ། ཧཱུྃ༔ ཐུགས་མཆོག་འགྱུར་མེད་རྡོ་རྗེས་བདུད་དཔུང་འཇོམས༔ གནམ་ལྕགས་ཕུར་བུས་གདོན་བགེགས་སྙིང་རྩ་བསྲེག༔ དཔལ་གྱི་ཕོ་ཉ་ལྕགས་སྡིག་མགོ་དགུ་སྟེ༔ ཁྲོ་རྒྱལ་འབར་བའི་ཕྱག་རྒྱས་དབང་བསྐུར་རོ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བསྐུར་ཞིང་རོལ་མོ་བྱ། དེས་ཐུགས་ཀྱི་བྱིན་རླབས་ཡིད་ལ་ཞུགས་པས་ཡིད་ཀྱི་སྡིག་སྒྲིབ་སྦྱངས། བར་ཆད་ཞི། ཡིད་སྟོང་ཉིད་བསྒོམ་པ་ལ་དབང་། པདྨ་དྲག་པོའི་ཐུགས་དང་ཁྱེད་རང་གི་ཡིད་དབྱེར་མེད་དུ་གྱུར་པའི་མོས་པ་མཛོད། དེས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་པ་སོང་།
དེ་ནས་གཏོར་མས་བྱིན་གྱིས་བརླབ་པ་ནི། རྩ་བར། འགལ་རྐྱེན་ཞི་འདོད་གཏོར་མའི་བྱིན་རླབས་ནི༔ རོལ་མོ་དབྱངས་བཅས་སློབ་མའི་སྤྱི་བོར་བཞག༔ ཅེས་པས་གཏོར་མ་འདི་ཉིད་ཆེ་མཆོག་པདྨ་དྲག་པོའི་སྐུར་བཞུགས་པ་ལ་མོས་གུས་དུང་པ་བྱས་པས་ཁྱེད་རང་གི་སྤྱི་བོར་བྱོན། ལུས་ངག་ཡིད་གསུམ་གྱི་འགལ་རྐྱེན་བར་ཆད་ཐམས་ཅད་བསལ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་ཆར་ལྟར་བབ་ཅིང་རྒྱུད་ལ་ཞུགས་པར་གྱུར་སྙམ་པའི་མོས་པ་མཛོད། གཏོར་མ་མགོ་ཐོག་ཏུ་བཞག་ལ། ཧཱུྃ༔ བདེ་གཤེགས་ཀུན་འདུས་དྲག་པོ་ཐོད་ཕྲེང་རྩལ༔ གློག་ལྟར་མྱུར་བའི་ཐུགས་རྗེས་འདིར་བྱོན་ལ༔ སྐུ་གསུང་ཐུགས་ཀྱིས་དབང་སྐུར་བྱིན་གྱིས་རློབས༔ འགལ་རྐྱེན་ཀུན་སོལ་མཆོག་ཐུན་དངོས་གྲུབ་སྩོལ༔ སརྦ་སིདྡྷི་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ རོལ་མོའི་སྒྲ་དང་བཅས་ཏེ་སྔགས་དྲག་ཏུ་བརྗོད། མཐར་གཏོར་མའི་ལྷ་ཚོགས་འོད་དུ་ཞུ་ནས་ཁྱེད་རང་ལ་ཐིམ་པས་ཆེ་མཆོག་པདྨ་དྲག་པོའི་སྐུར་དངོས་སུ་གྱུར་པ་ཡིན་སྙམ་པ་མཛོད། ཅེས་བརྗོད་ཅིང་། ལྷ་འོད་དུ་ཞུ་བའི་གཏོར་ཟན་ཅུང་ཟད་ཙམ་དངོས་གྲུབ་ཏུ་སྦྱིན། བཀྲ་ཤིས་ཀྱི་མེ་ཏོག་འཐོར་ནས། ཆོས་ཀྱི་དབྱིངས་ལས་ལོངས་སྤྱོད་རྫོགས་སྐུར་ཤར༔ བདུད་འདུལ་པདྨ་འབྱུང་གནས་སྤྲུལ་པའི་སྐུ༔ སྐུ་གསུམ་བདག་ཉིད་དཀྱིལ་འཁོར་ཀུན་གྱི་གཙོ༔ མཁའ་ལྟར་ཀུན་ཁྱབ་མཆོག་གི་བཀྲ་ཤིས་ཤོག༔ ཅེས་བརྗོད་དོ། །སྐབས་འདིར་བརྒྱུད་འཛིན་གྱི་སློབ་མ་ཁྱད་པར་བ་འགའ་
རེ་ཙམ་ལ་དྲེགས་པའི་སྲོག་དབང་བསྐུར་བར་སྤྲོ་ན། ཐོད་ངན་དུ་སྡེ་བརྒྱད་ཀྱི་གཟུགས་བྱས་ལ་སློབ་དཔོན་གྱི་མདུན་དུ་བཀོད་ལ། དེ་ལྟར་དབང་སྐུར་བས་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་ལྷའི་སྐུ་གསུང་ཐུགས་དང་དབྱེར་མེད་དུ་བྱིན་གྱིས་བརླབས་པས་ཆེ་བཙན་འགྲན་ཟླ་དང་བྲལ་བའི་བདག་ཉིད་དུ་གྱུར་པ་དེ་ཉིད་ལ་དྲེགས་པའི་སྲོག་དབང་བསྐུར་བར་བྱ་སྟེ། རྩ་བར། བརྒྱུད་འཛིན་སྙིང་དང་འདྲ་བའི་བུ་རྣམས་ལ༔ དྲེགས་པ་སྡེ་བརྒྱད་སྲོག་གི་སྙིང་པོ་བྱིན༔ ཅེས་གསུངས་པ་བཞིན་སྒྲུབ་པ་སྐབས་སུ་བབས་པ་ཡིན་པས་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་ཉིད་ཆེ་མཆོག་དྲག་པོ་ཡུམ་དང་བཅས་པའི་སྐུ་ཅན་ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པའི་བདག་ཉིད་དུ་བཞུགས་པའི་ཐུགས་ཀའི་ཧཱུྃ་ལས་ལྕགས་ཀྱུ་ལྟ་བུའི་འོད་ཟེར་ཕྱོགས་བཅུར་འཕྲོས། འཇིག་རྟེན་ཁམས་ཀྱི་ཆེ་བཙན་དྲེགས་པ་ཅན་སྡེ་བརྒྱད་ཐམས་ཅད་རང་དབང་མེད་པར་བཀུག་སྟེ་མདུན་གྱི་རྟེན་ལ་ཐིམ་པར་གྱུར། བདེན་སྟོབས་བརྗོད་པ་སྔོན་དུ་འགྲོ་བས། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་དྲེགས་པ་ཅན་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །རྩ་སྔགས་ཨོཾ་ཨརྩིག་ནིརྩིག་སོགས་དང་ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་ཨ་ཀརྵ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿཞེས་པས་འགུགས། དེ་ནས་སློབ་དཔོན་གྱི་ཕྱག་གི་ཕུར་བུ་སྲས་མཆོག་ཡཀྴ་མེ་དབལ་དུ་གསལ་བ་དེ་ཉིད་དྲེགས་པའི་སྙིང་གར་གཟིར་ཞིང་བཏབ་པས་ཕུར་རྩེ་ལས་ཡེ་ཤེས་གྱི་མེ་འབར་བས་དེ་
རྣམས་ཀྱི་རྒྱུད་ཀྱི་ཉོན་མོངས་པ་དུག་ལྔའི་རྟོག་པ་ཐམས་ཅད་བསྲེགས་ཤིང་བཅོམ་སྟེ་ཚར་བཅད་པའི་མོས་པ་མཛོད། རྩ་བའི་སྔགས་དང་སྡེ་བརྒྱད་སྲོག་གི་མཐར་ཏྲིག་ནན་ཨེ་ཧུར་ཐུཾ་ཛ༔ མཱ་ར་རྦད༔ བཛྲ་ཀཱི་ལ་ཡ་ཛཿཧཱུྃ་ཕཊ༔ ཅེས་པའི་བསད་སྔགས་སོགས་ཀྱིས་ཕུར་བུས་གཟིར། དེ་ལྟར་བསྒྲལ་པའི་དྭངས་མ་ཨ་ཡ་མ་དུ་རུ་ཙ་ཤ་ན་ཞེས་པའི་སྲོག་གི་སྙིང་པོ་སོ་སོ་ལས་སྡེ་བརྒྱད་རང་རང་གི་གཟུགས་སུ་གྱུར་པ་ལ་སློབ་དཔོན་གྱིས་དམ་རྫས་བདུད་རྩི་བྱིན་ཅིང་བཀའ་བསྒོས་ཏེ་ཁྱེད་རང་རྣམས་ཀྱི་སྲུང་མར་གཏད་པའི་མོས་པ་མཛོད། ས་མ་ཡ་ཨ་མྲྀཏ་ཧཱུྃ༔ ཞེས་བདུད་རྩི་འཐོར་ཚུལ་བྱས་ལ། ཧཱུྃ༔ འཇིག་རྟེན་འདས་ཀྱང་འཁོར་བའི་ཆ་འཛིན་ཅིང༔ རྫུ་འཕྲུལ་མཐུ་ཡིས་སྐྱེ་འགྲོའི་ཚེ་སྲོག་ལེན༔ ཕོ་ཉ་ལས་བྱེད་དྲེགས་པ་སྡེ་བརྒྱད་ཀྱིས༔ སྐལ་ལྡན་འདི་ཡི་ལས་རྣམས་ཀུན་སྒྲུབས་ཤིག༔ ཅེས་སྡེ་བརྒྱད་ཀྱི་གཟུགས་ལག་ཏུ་གཏད། ཅེས་བསྒོས་ཤིང་བྲན་དུ་གཏད་པ་ལ་བརྟེན་ནས་སྡེ་བརྒྱད་དེ་རྣམས་ཀྱིས་གུས་ཤིང་འདུད་པའི་ཚུལ་གྱིས་ངེད་རྣམས་ཀྱིས་ཁྱེད་རང་ལ་ལུས་གུས་པས་འདུད་ཅིང་། ངག་གུས་པའི་སྒོ་ནས། མི་བཟད་དཔལ་ཆེན་དྲག་པོ་ཐོད་ཕྲེང་རྩལ༔ ཁྱེད་ཀྱི་བཀའ་བཞིན་བདག་གིས་བསྟན་པ་བསྲུང༔ ཅི་བསྒོའི་ལས་རྣམས་ཐོགས་པ་མེད་སྒྲུབ་ཅིང༔ དམ་ཚིག་གཉན་ལས་ནམ་ཡང་མི་འདའ་འོ༔ ས་མ་ཡ་ཨི་དན་ན་ར་ཀན༔ ཞེས་བརྗོད་ཅིང་། ཡིད་ཀྱིས་གང་བསྒོ་བའི་ལས་སྒྲུབ་པ་ལ་དགྱེས་ཤིང་ངོ་ཐོན་དུ་བཞུགས་པའི་མོས་པ་མཛོད། ཅེས་བརྗོད་པས་བདུད་རྩི་བྱིན་ཞིང་དམ་
བསྲེ། སྡེ་བརྒྱད་རྣམས་རང་གནས་སུ་གཤེགས། རང་རིག་དང་དབང་དུ་བསྐུར་བྱའི་དྲེགས་པ་རྣམས་གཉིས་མེད་ཀ་དག་སྤྲོས་པ་དང་བྲལ་བའི་རང་མདངས་སྐྱོང་ལ་མཉམ་པར་འཇོག་པ་ཞུ། ཞེས་དགོངས་པ་བསྐྱང་། དེ་ལྟར་ན་བླ་མ་དྲག་པོ་ཐོད་ཕྲེང་རྩལ་གྱི་དཀྱིལ་འཁོར་དུ་རྩ་བ་དང་ཡན་ལག་གི་དབང་བསྐུར་བ་མཐའ་རྟེན་དང་བཅས་པ་ལེགས་པར་སོང་གྲུབ་པས་དེ་དག་གི་དུས་སུ་ཐོབ་ཅིང་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་རྣམས་སྲོག་གི་ཕྱིར་ཡང་མི་གཏང་བར་ནན་ཏན་དུ་བསྲུང་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ལན་གསུམ། དེ་ལྟར་ལེགས་པར་ཐོབ་པའི་གཏང་རག་གི་དོན་དུ་མཎྜལ་ཕུལ་མཛོད། སློབ་མས་ཀྱང་མཎྜལ་ཕུལ། དེ་ལྟར་ཐོབ་པའི་དགེ་བ་སེམས་ཅན་གྱི་དོན་དུ་བསྔོ་བར་ཞུ། བསོད་ནམས་འདི་ཡིས་སོགས། སླར་ཡང་མཆོད་པ་ཁ་གསོ་གཏང་རག་གི་མཆོད་བསྟོད་སོགས་རྗེས་ཀྱི་ཆོ་ག་རྣམས་གཞུང་ལྟར་བྱའོ།། ༈ །།ཡང་གསང་བའི་བསྐྱེད་རྫོགས་ཀྱི་མན་ངག་ཉམས་སུ་ལེན་པར་མི་ནུས་ཀྱང་དམ་ཚིག་གི་སེལ་མེད་ཅིང་མོས་གུས་དང་ལྡན་པའི་སྐྱེ་འགྲོ་ཐུན་མོང་བ་དག་ལ་རྐྱེན་སེལ་གྱི་བྱིན་རླབས་གཏོར་དབང་རྐྱང་པའི་ལུགས་སུ་བསྐུར་བར་འདོད་ན། སྟེགས་བུ་ཁེབས་ལྡན་གྱི་ཁར་མཉྫིའི་སྟེང་དབང་གཏོར་སྐུ་ཙཀ་དང་བཅས་པ་དར་དམར་གྱི་གུར་ཕུབ་པ་དང་། མདུན་དུ་མཆོད་གཏོར་སྲུང་མའི་གཏོར་
མ་སྨན་རཀ་ཆུ་གཉིས་ཉེར་སྤྱོད་དང་བཅས་པ་བཤམས་ལ། སྐྱབས་སེམས་ནས་བཟུང་བཟླས་པའི་བར་ལས་བྱང་གི་དཀྱུས་བཞིན་བདག་མདུན་ཐ་མི་དད་ཀྱི་ཚུལ་དུ་བསྒྲུབ། དེ་ནས་སྲུང་མའི་གཏོར་མ་བསྔོ་བ་ཙམ་སྔོན་དུ་འགྲོ་བས་སློབ་མ་རྣམས་ཕྱག་བྱས་གྲལ་ལ་འཁོད་པ་ལ། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་བྱ་བ་ནས་བཟུང་། དཔའ་བོ་ཆེན་པོས་བདག་ལ་རྩོལ། ལས་གསུམ་གྱི་བར་བྱིན་རླབས་མཚམས་སྦྱོར་ངག་གི་དཔལ་སྐྱེད་བཞིན་ལས། ཁྱད་པར་དབང་བཤད་སྐབས། སྨིན་བྱེད་ཀྱི་བཀའ་དང་བྱིན་རླབས་ཀྱི་རིམ་པ་གཉིས་ཡོད་པ་ལས་འདིར་ཕྱི་མའི་ནང་ཚན་བྱིན་རླབས་གཏོར་མའི་དབང་བསྐུར་བ་སྟེ། རྡོ་རྗེའི་གསུང་ལས། འགལ་རྐྱེན་ཞི་འདོད་གཏོར་མའི་བྱིན་རླབས་ནི༔ རོལ་མོ་དབྱངས་བཅས་སློབ་མའི་སྤྱི་བོར་བཞག༔ ཅེས་གསུངས་པའི་དགོངས་དོན་བཞིན་སྒྲུབ་པར་བྱེད་པ་ལ་ཡང་། སྔོན་འགྲོ་དངོས་གཞི་མཇུག་གི་བྱ་བ་དང་གསུམ་ཞེས་སོགས་དཀྱུས་བཞིན་ནོ། །དེ་ལྟར་གསོལ་བ་བཏབ་ནས་དབང་དངོས་བསྐུར་བ་ནི། དེ་ཡང་སློབ་དཔོན་གྱིས་གཏོར་མ་སྤྱི་བོར་བཞག་ཅིང་དབང་བསྐུར་བའི་ཚེ་ན་གཏོར་སྣོད་དུར་ཁྲོད་རབ་འཇིགས་འབར་བའི་ཞིང་ཁམས་ཆེན་པོར་ཡོངས་སུ་གྲུབ་པའི་ནང་ན་གཏོར་མ་འདི་ཉིད་ཆེ་མཆོག་པདྨ་དྲག་པོའི་དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་ཀྱི་རྣམ་པར་བཞུགས་པའི་སྤྱི་བོའི་ཨོཾ་ལས་སྐུའི་བྱིན་རླབས་དང་ནུས་པ་ཐམས་ཅད་འོད་ཟེར་དཀར་པོའི་རྣམ་པ་ཅན་དུ་གྱུར་ཁྱེད་རང་རྣམས་ཀྱི་དཔྲལ་བར་ཐིམ།
ལུས་ཀྱི་སྒོ་ནས་བསགས་པའི་ནད་གདོན་སྡིག་སྒྲིབ་འགལ་རྐྱེན་མི་མཐུན་པའི་ཕྱོགས་ཐམས་ཅད་སྦྱང་། ལུས་སྐུ་རྡོ་རྗེར་བྱིན་གྱིས་རློབ་པའི་མོས་པ་མཛོད། ཧཱུྃ༔ བདེ་གཤེགས་ཀུན་འདུས་དྲག་པོ་ཐོད་ཕྲེང་རྩལ༔ གློག་ལྟར་མྱུར་བའི་ཐུགས་རྗེས་འདིར་བྱོན་ལ༔ མི་ཤིགས་སྐུ་ཡི་དབང་སྐུར་བྱིན་གྱིས་རློབས༔ འགལ་རྐྱེན་ཀུན་སོལ་མཆོག་ཐུན་དངོས་གྲུབ་སྩོལ༔ རྩ་སྔགས་མཐར་སརྦ་སིདྡྷི་བ་ལིཾ་ཏ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བསྐུར། ཡང་གཏོར་མ་མགྲིན་པར་བཞག་ཅིང་དབང་བསྐུར་བའི་ཚེ་ན་གཏོར་མ་ལྷར་གསལ་བའི་མགྲིན་པའི་ཨཱཿལས་གསུང་གི་བྱིན་རླབས་དང་ནུས་པ་ཐམས་ཅད་འོད་ཟེར་དམར་པོའི་རྣམ་པ་ཅན་དུ་བྱུང་ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ། ངག་གི་སྒོ་ནས་བསགས་པའི་ནད་གདོན་སྡིག་སྒྲིབ་འགལ་རྐྱེན་མི་མཐུན་པའི་ཕྱོགས་ཐམས་ཅད་སྦྱང་། ངག་གསུང་རྡོ་རྗེར་བྱིན་གྱིས་རློབ་པའི་མོས་པ་མཛོད། ཧཱུྃ༔ བདེ་གཤེགས་ཀུན་འདུས་དྲག་པོ་ཐོད་ཕྲེང་རྩལ༔ གློག་ལྟར་མྱུར་བའི་ཐུགས་རྗེས་འདིར་བྱོན་ལ༔ འགག་མེད་གསུང་གི་དབང་སྐུར་བྱིན་གྱིས་རློབས༔ འགལ་རྐྱེན་ཀུན་སོལ་མཆོག་ཐུན་དངོས་གྲུབ་སྩོལ༔ རྩ་སྔགས་དང་སརྦ་སིདྡྷི་བ་ལིཾ་ཏ་ཝཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བསྐུར། ཡང་གཏོར་མ་སྙིང་གར་བཞག་ཅིང་དབང་བསྐུར་བའི་ཚེ་ན་གཏོར་མ་ལྷར་གསལ་བའི་སྙིང་གའི་ཧཱུྃ་ལས་ཐུགས་
ཀྱི་བྱིན་རླབས་དང་ནུས་པ་ཐམས་ཅད་འོད་ཟེར་མཐིང་གའི་རྣམ་པ་ཅན་དུ་བྱུང་ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ། ཡིད་ཀྱི་སྒོ་ནས་བསགས་པའི་ནད་གདོན་སྡིག་སྒྲིབ་འགལ་རྐྱེན་མི་མཐུན་པའི་ཕྱོགས་ཐམས་ཅད་སྦྱང་། ཡིད་ཐུགས་རྡོ་རྗེར་བྱིན་གྱིས་རློབ་པའི་མོས་པ་མཛོད། ཧཱུྃ༔ བདེ་གཤེགས་ཀུན་འདུས་དྲག་པོ་ཐོད་ཕྲེང་རྩལ༔ གློག་ལྟར་མྱུར་བའི་ཐུགས་རྗེས་འདིར་བྱོན་ལ༔ འགྱུར་མེད་ཐུགས་ཀྱི་དབང་སྐུར་བྱིན་གྱིས་རློབས༔ འགལ་རྐྱེན་ཀུན་སོལ་མཆོག་ཐུན་དངོས་གྲུབ་སྩོལ༔ རྩ་སྔགས་དང་སརྦ་སིདྡྷི་བ་ལིཾ་ཏ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་པ་ཙམ་མམ། སྤྲོ་ན། སླར་ཡང་གཏོར་མ་སྤྱི་བོར་བཞག་ཅིང་དབང་བསྐུར་བའི་ཚེ་ན། གཏོར་མ་ལྷར་གསལ་བ་ལ་མོས་གུས་དུང་པ་ཞིག་བྱས་པས་ཁྱེད་རང་གི་སྤྱི་བོར་བྱོན། ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་མི་ཤིགས་པའི་རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབས་པའི་མོས་པ་མཛོད། ཧཱུྃ༔ བདེ་གཤེགས་ཀུན་འདུས་དྲག་པོ་ཐོད་ཕྲེང་རྩལ༔ གློག་ལྟར་མྱུར་བའི་ཐུགས་རྗེས་འདིར་བྱོན་ལ༔ སྐུ་གསུང་ཐུགས་ཀྱི་དབང་སྐུར་བྱིན་གྱིས་རློབས༔ འགལ་རྐྱེན་ཀུན་སོལ་མཆོག་ཐུན་དངོས་གྲུབ་སྩོལ༔ རྩ་སྔགས་མཐར་སརྦ་སིདྡྷི་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སྦྱར། ཡང་སྤྲོས་པ་ཆུང་བར་འདོད་ན། གོང་མའི་གསོལ་གདབ་ཀྱི་རྗེས་སུ། དེ་ལྟར་གསོལ་བ་བཏབ་ནས་དབང་དངོས་བསྐུར་བ་ནི། སློབ་དཔོན་གྱིས་གཏོར་མ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཞག་པའི་ཚེ་ན། གཏོར་མ་འདི་ཉིད་ཆེ་མཆོག་པདྨ་དྲག་
པོའི་སྐུར་བཞུགས་པའི་ཞེས་སོགས་བྱིན་རླབས་མཚམས་སྦྱོར་གྱི་དཀྱུས་ལྟར་བྱས་པས་ཀྱང་ཆོག་ཅིང་། གང་ལྟར་ཡང་། མཐར་གཏོར་མའི་ལྷ་ཚོགས་རྣམས་འོད་དུ་ཞུ་ནས་ཁྱེད་རང་ལ་ཐིམ་པས་ཞེས་པ་ནས་དགེ་བ་བསྔོ་བའི་བར་བྱིན་རླབས་མཚམས་སྦྱོར་བཞིན་དང་རྗེས་ཆོག་ཀྱང་སྔར་བཞིན་ནོ། །གདོད་ནས་རང་ལ་གནས་པའི་དབང་གི་དོན། །སད་བྱེད་མཚན་མ་བརྡར་བཏགས་ཆོ་གའི་ཚུལ། །སྒྲུབ་བྱེད་མཚམས་སྦྱོར་ཉུང་ངུར་བརྗོད་པ་གང་། །དང་པོའི་ལས་ཅན་འདོད་འཇོའི་དཔྱིད་དུ་སྤེལ། །གཏེར་གསར་བླ་མ་དྲག་པོའི་དབང་གི་མཚམས་སྦྱོར་དབང་དོན་འདོད་འཇོ་ཞེས་བྱ་བ་འདི་ཡང་། སྨྱོས་ཀྱི་དགེ་སློང་པདྨ་འགྱུར་མེད་རྒྱ་མཚོ་མི་ཕམ་རྣམ་རྒྱལ་རྡོ་རྗེས་གཏེར་གཞུང་རྩ་བ་དང་། རྗེ་བླ་མས་མཛད་པའི་བྱིན་རླབས་མཚམས་སྦྱོར་གྱི་ཚིག་རྣམས་ཁ་འཕངས་སུ་བྱས། མཁན་ཆེན་བླ་མ་དྷརྨ་ཤྲཱིས་མཛད་པའི་བླ་མ་ཞི་བའི་དབང་གི་མཚམས་སྦྱོར་དྲི་མ་མེད་པའི་འོད་དང་བརྗོད་དོན་མཚུངས་པ་ཕལ་ཆེར་བློ་འཛིན་སླ་བའི་ཕྱིར་དཀྱུས་སུ་བཅུག །གཞན་བྱེ་བྲག་པ་རྣམས་རང་བློས་སྐབས་སུ་བབས་པར་བརྗོད་པ་འདི་ནི་རང་ལོ་ཉེར་བརྒྱད་པའི་ཐོག་ཏུ་སོན་པ་ཆུ་མོ་སྦྲུལ་གྱི་ལོ་ཆོ་འཕྲུལ་ཟླ་བའི་དམར་ཕྱོགས་ཀྱི་གྲལ་ཚེས་དགེ་བ་ལ་ཤར་མར་སྤེལ་བའོ།། །།