ཆོས་སྐྱོང་ཟབ་མོ་སྐོར་དགུ་ལས་ཡེ་ཤེས་མགོན་པོ་ཕྱག་དྲུག་པ་ཕྱི་སྒྲུབ་གཏོར་མའི་བྱིན་རླབས་དངོས་གྲུབ་ཐིག་ལེ། བློ་གྲོས་མཐའ་ཡས།
ཆོས་སྐྱོང་ཟབ་མོ་སྐོར་དགུ་ལས། ཡེ་ཤེས་མགོན་པོ་ཕྱག་དྲུག་པ་ཕྱི་སྒྲུབ་གཏོར་མའི་བྱིན་རླབས་དངོས་གྲུབ་ཐིག་ལེ་ཞེས་བྱ་བ་བཞུགས་སོ། །
བླ་མ་མགོན་པོ་དབྱེར་མེད་པ། །མྱུར་མཛད་སྤྱན་རས་གཟིགས་ལ་འདུད། །སྨིན་བྱེད་སྙིང་པོའི་བཅུད་འདུས་ཤིང་། །བར་ཆད་སེལ་ལའང་འདི་ཉིད་བསྔགས། །ཡེ་ཤེས་མགོན་པོ་ཕྱག་དྲུག་པའི་ཕྱི་སྒྲུབ་ལ་བརྟེན་ཏེ་གཏོར་མའི་བྱིན་རླབས་སྤྲོ་ན། མཎྜལ་ལ་མེ་ཏོག་ནག་པོའི་ཚོམ་བུ་གཙོ་འཁོར་ལྔ་བཀོད་པའི་སྟེང་དུ་ཁྲིའུའི་ཁར་ལྕགས་སམ་ཐོད་པའི་སྣོད་དུ་དཔལ་གཏོར་དམར་པོ་བརྗིད་ལྡན་འཁོར་བཞི་དང་མཐེབ་ཀྱུ་མང་པོས་བསྐོར་བ་ལ་སྐུ་ཙཀ་དང་དར་གདུགས་ཀྱིས་བརྒྱན་པ་བཀོད། མདུན་དུ་ཁྲག་ཆང་གིས་སྦྲུས་པའི་མཆོད་གཏོར་གཙོ་འཁོར་ལྔ་མཐེབ་ཀྱུས་བསྐོར་བའི་གཡས་གཡོན་སྨན་རཀ་དང་། ཕྱི་མཆོད་ཕྲེང་ཚར་དུ་བཀོད། བདག་བསྐྱེད་རྟ་མགྲིན་གང་ལ་བརྟེན་ཀྱང་རུང་མོད། སྐབས་འདིར་ཁྱེར་བདེ་བ་སོགས་ཀྱིས་ཟབ་བདུན་ལུང་ལུགས་རྟ་མགྲིན་སྙིང་པོ་དོན་འདུས་བཟླས་པའི་བར་གཏང་། དེ་ནས་འདི་ཉིད་ཀྱི་ཕྲིན་ལས་མཆོད་བརླབ་ནས་བརྩམ་བཟླས་པའི་བར་བཏང་ལ་སྙིང་པོ་ཅི་འགྲུབ་བཟླ། མཆོད་གཏོར་ཟས་སྣས་གསོ། སྨན་རཀ་ཕུད་སྐྱེམས་ཀྱང་བཤམ། བྱིན་བརླབས་ལ་གསོལ་ཁ་གཏང་། སྤྲོ་ན་རྟ་མགྲིན་ཚོགས་བྱ། བསྒྲལ་བསྟབ་འཕྲོས་འདིའི་སྐོང་བཤགས་གཏང་། ལས་བུམ་རྟ་སྔགས་ཀྱིས་བྱིན་བརླབ། གཏོར་དབང་ལེན་པའམ་མ་ནུས་ན་ཏིང་ངེ་འཛིན་གྱི་དབང་ལེན་བྱས་ལ་གནང་བ་ཞུ། དེ་ནས་སློབ་མ་ལ་ཁྲུས་བྱ། བགེགས་བསྐྲད་སྲུང་འཁོར་སེམས་བསྐྱེད་གསལ་གདབ་འཕྲོས། དེ་ལ་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་ཁྱད་པར་ཐེག་པ་ཆེན་པོའི་ཆོས་དང་གང་ཟག་སྐྱོང་བར་མཛད་པ་ཐམས་ཅད་ཀྱི་གཙོ་བོ་ཡེ་ཤེས་ཀྱི་མ་མགོན་ལྕམ་དྲལ་ཀུན་ལས་ཀྱང་། འཕགས་མཆོག་སྤྱན་རས་གཟིགས་དབང་ཕྱུག་ཉིད་ཐུགས་རྗེ་ཆེན་པོ་ནག་པོའི་སྐུར་
བཞེངས་ཏེ། སྙིགས་དུས་ཀྱི་ཆོས་བྱེད་རྣམས་བར་དོའི་འཇིགས་པ་ལས་སྐྱོབ་ཅིང་བདེ་བ་ཅན་དུ་ལམ་སྣ་འདྲེན་པ། མཆོག་བསྒྲུབས་པས་ཐུན་མོང་ཞོར་ལ་འབྱུང་བ། ཐུན་མོང་བསྒྲུབས་པས་མཆོག་ཞོར་ལ་འབྱུང་བ། དྲན་པ་ཙམ་གྱིས་བར་ཆད་སེལ་བ། གསོལ་བ་བཏབ་པ་ཙམ་གྱིས་བྱིན་རླབས་འཇུག་པ། ཡུན་རིང་སྒྲུབ་མི་དགོས་པར་ཞལ་སྟོན་པ་སོགས་ཐུགས་བསྐྱེད་དུ་མས་ཁྱད་པར་དུ་འཕགས་པ་ཡེ་ཤེས་མགོན་པོ་ཕྱག་དྲུག་པ་ལ། འཕགས་ཡུལ་དུ་གྲུབ་བརྒྱའི་སྤྱི་མེས་ས་ར་ཧ་དང་ཤ་བ་རི་པ་སོགས་ཀྱི་བཀའ་སྲོལ་བཞུགས་པ་བོད་དུའང་བྱོན་ལ་དར་རྒྱས་ཆེ་ཞིང་། འདིར་ནི་འོད་དཔག་མེད་དངོས་སངས་རྒྱས་པདྨ་རྒྱལ་པོའི་བཀའ་སྲོལ་ལོ་ཆེན་བཻ་རོ་ཙ་ན་ལ་གསང་བའི་བཀའ་སྲུང་ཐུན་མོང་མ་ཡིན་པར་གནང་ཞིང་། དེ་ཉིད་ཀྱིས་མ་འོངས་སྐྱེ་བའི་སྐལ་པར་མདོ་ཁམས་ཡེ་རྒྱལ་ནམ་མཁའ་མཛོད་དུ་འཕགས་པ་ཀླུ་སྒྲུབ་ཕྱག་བཟོ་སྐུ་རྟེན་མེ་འབར་མ་དང་ལྷན་ཅིག་སྦས་པ། སྤྲུལ་པའི་གཏེར་ཆེན་ཨོ་རྒྱན་མཆོག་གྱུར་གླིང་པ་ལ་ཆེད་དུ་གསོལ་བ་བཏབ་པ་ལྟར་སྤྱན་དྲངས་པའི་ཟབ་གསང་འདི་ལ་སྨིན་གྲོལ་ལས་རབ་འབྱམས་ཁ་ཚང་དོན་འདྲིལ་དུ་བཞུགས་པ་ལས། འདིར་ཕྱི་སྒྲུབ་མཐིང་ཁ་ལ་བསྟེན་ནས་སྨིན་བྱེད་སྙིང་པོ་གཏོར་དབང་བར་ཆད་ཀུན་སེལ་བསྒྲུབ་པ་ལ་སོགས་མཚམས་སྦྱར་ནས་མཎྜལ་འབུལ་གཞུག །སྙིམ་པ་མེ་ཏོག་དང་བཅས་
པའི་ཐལ་མོ་སྦྱར་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་སངས་རྒྱས་ཀུན་གྱི་གཙོ༔ ཧེ་རུ་ཀ་དཔལ་དགོངས་སུ་གསོལ༔ བདག་ཅག་བར་ཆད་སེལ་བ་དང་༔ ཕྲིན་ལས་དངོས་གྲུབ་འབྱུང་བའི་ཕྱིར༔ ཡེ་ཤེས་མགོན་པོ་སྒྲུབ་ལགས་ན༔ རྗེས་སུ་གནང་བ་བསྩལ་དུ་གསོལ༔ ལན་གསུམ། རྒྱུད་དག་པར་བྱ་བའི་སླད་དུ། བླ་མ་མགོན་པོ་དབྱེར་མེད་རྩ་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པའི་སྤྱན་སྔར་རྒྱུན་བཤགས་ཡན་ལག་བརྒྱད་པའི་སྒོ་ནས་གསག་སྦྱོང་སྤེལ་གསུམ་ཚུལ་བཞིན་བྱ་བའི་འདུན་པས་ཚིག་གི་དོན་རྣམས་གསལ་ཐོབས་ལ་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་ལན་གསུམ། དེ་ནས་བྱིན་རླབས་ཀྱི་གཞི་དགོད་པ་ཡེ་ཤེས་པ་དབབ་པ་ཡིན་པས་སྒོ་གསུམ་གྱི་གནད་གཅུན་ལ་དམིགས་པ་འདི་ལྟར་དུ་སྒོམས་ཤིག །ལས་སྔགས་ཀྱིས་བསང་། ཤཱུནྱ་ཏཱས་སྦྱང་། སྟོང་པ་ཉིད་ཀྱི་ངང་ལས། རབ་འཇིགས་དུར་ཁྲོད་འབར་བའི་ས་གཞིའི་དབུས་སུ་ཁྱེད་རང་རྣམས་འཁོད་པའི་གོ་སར་གྲུ་གསུམ་མཐིང་ནག་གི་ཀློང་དུ་འཁོར་ལོ་རྡོ་རྗེའི་བྲག་ཆེན་པདྨ་ཉི་མ་བགེགས་ཀྱི་རྒྱལ་པོ་ཚོགས་བདག་རྣམས་བརྩེགས་པའི་གདན་ལ། ཁྱེད་རང་རྣམས་སྐད་ཅིག་གིས་ཡེ་ཤེས་མགོན་པོ་ཕྱག་དྲུག་པ་སྐུ་མདོག་མཐིང་ནག་དབུ་གསུམ་གཡས་དཀར་གཡོན་དམར་བ། སྤྱན་དགུ་རབ་ཏུ་བགྲད་ཅིང་ཁྲོ་གཉེར་བསྡུས་པ། ཞལ་གདངས་མཆེ་བ་བཞི་གཙིགས་ཤིང་ལྗགས་འདྲིལ་བ་ལས་ཀྵིཾ་གྱི་སྒྲ་ཆེན་སྒྲོག་པ། སྨ་ར་
སྨིན་མ་དབུ་སྐྲ་དམར་སེར་གྱེན་དུ་འབར་བ། ཕྱག་དྲུག་གི་དང་པོ་གཉིས་གྲི་གུག་དང་ཐོད་ཁྲག་ཐུགས་ཀར་བསྣམས་པ། བར་མ་གཉིས་མདུང་དང་རྩེ་གསུམ་ཕྱར་བ། ཐ་མ་གཉིས་ཐོད་པའི་རྔེའུ་ཆུང་དང་ཞགས་པ་བསྣམས་པ། རྡོ་རྗེའི་གཤོག་པ་ནམ་མཁར་གདེངས་ཤིང་དུར་ཁྲོད་འབར་བའི་ཆས་ཀྱིས་བརྒྱན་པ། ཞབས་བཞི་འདོར་ཐབས་སུ་བགྲད་པས་བགེགས་ཀྱི་རྒྱལ་པོ་མནན་པ། སྤྱི་བོར་ཁྱུང་ཆེན་ལྡིང་ཞིང་དཔུང་པ་གཉིས་ནས་སྟག །སྟ་ཟུར་ནས་གཟིག །ཞབས་གཉིས་ནས་དོམ་ནག་འཕྲོ་བ། ཡུམ་རེ་མ་ཏཱི་མཐིང་ནག་གྲི་ཐོད་ཐོགས་པས་འཁྱུད་ཅིང་བསྐལ་པའི་མེ་ཕུང་འབར་བའི་ཀློང་ན་བཞུགས་པའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་དང་། སློབ་དཔོན་གྱི་ཐུགས་ཀ་ནས་ཀྱང་འོད་ཟེར་འབར་བ་ཆེན་པོའི་སྣང་བས་འོག་མིན་ཆོས་དབྱིངས་ཨེའི་ཕོ་བྲང་། མེ་རི་འབར་བའི་དུར་ཁྲོད་ཆེན་པོ་ལ་སོགས་པ་ནས་ཡེ་ཤེས་མགོན་པོ་འཁོར་དང་བཅས་པ་ཆར་སྤྲིན་དྲག་ཏུ་འཁྲུགས་པ་ལྟར་བྱོན་ནས་ཁྱེད་རང་རྣམས་ལ་ཐིམ་པར་སྒོམས་ཤིག །གུ་གུལ་ཚིལ་ཆེན་སོགས་བདུག །རོལ་མོའི་སྒྲ་སྦྱར་ལས་བྱང་ལྟར་སྤྱན་འདྲེན་བརྗོད། སྙིང་པོའི་མཐར། ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་བཏགས་ལ་བྱིན་དབབ། རྡོ་རྗེ་རྒྱ་གྲམ་སྤྱི་བོར་བཞག །ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྒོ་གསུམ་ལ་བརྟན་པར་བྱས་པར་མོས། ཏིཥྛ་བཛྲ། གཏོར་ཆེན་ཐོགས་ལ། གཏོར་སྣོད་དུར་ཁྲོད་རོལ་པའི་ཕོ་
བྲང་ཨེ་ཀློང་འབར་བའི་ནང་དུ་གཏོར་མ་ཉིད་ཡེ་ཤེས་མགོན་པོ་སྤྱན་རས་གཟིགས་དབང་ཕྱག་དྲུག་པ་ཡབ་ཡུམ། བཀའ་སྡོད་བཞི་དང་ལས་བྱེད་དྲེགས་པའི་འཁོར་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་ཏེ་བཞུགས་པའི། མགོན་པོའི་དཔྲལ་བའི་ཨོཾ་དཀར་པོ་ལས་འོད་ཟེར་དཀར་པོ་ཟླ་བ་ཞུན་མ་ལྟ་བུ་འཕྲོས། ཁྱེད་རང་རྣམས་ཀྱི་དཔྲལ་བར་ཐིམ་པས། ལུས་ཀྱི་སྡིག་སྒྲིབ་ནད་གདོན་བར་དུ་གཅོད་པ་ཐམས་ཅད་སྦྱངས། སྐུའི་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་པར་མོས་ཤིག །ཧཱུྃ༔ ཆོས་དབྱིངས་འབར་བའི་དུར་ཁྲོད་ནས༔ ཡེ་ཤེས་མགོན་པོ་སྐུ་བཞེངས་འཚལ༔ མི་མངོན་དབྱིངས་ནས་འདིར་གཤེགས་ལ༔ བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ ཧཱུྃ༔ གཟི་བརྗིད་འབར་བ་སྐུ་ཡི་དབྱིངས༔ མི་འགྱུར་ཨོཾ་གྱི་འཕྲོ་འདུ་ཡིས༔ ལུས་ཀྱི་བར་ཆད་ཐམས་ཅད་སོལ༔ རྡོ་རྗེ་སྐུ་ཡིས་བྱིན་གྱིས་རློབས༔ ཡེ་ཤེས་མགོན་པོའི་སྐུ་གྲུབ་ནས༔ སྐུ་ཡི་ཕྲིན་ལས་འགྲུབ་པར་མཛོད༔ སྙིང་པོའི་མཐར། ཀཱ་ཡ་སིདྡྷི་ཨ་བྷི་ཥིཉྩ་ཨོཾ༔ ཞེས་བརྗོད་ལ་གཏོར་མ་སྤྱི་བོར་བཞག །དེང་ཕྱིན་ཆད་ཡེ་ཤེས་མགོན་པོའི་སྐུ་བསྒོམ་པ་ལ་དབང་བ་ཡིན་པས། སྣང་སྟོང་ཆུ་ཟླ་ལྟ་བུའི་བསྐྱེད་རིམ་བསྒོམ་པ་དང་མ་བྲལ་བས་འཁྲུལ་པའི་སྣང་བ་ཐམས་ཅད་ལྷ་སྐུ་ཕྱག་རྒྱའི་གཟེར་གྱིས་ཐེབས་པར་མཛོད་ཅིག །ཡང་གཏོར་མ་ཡེ་ཤེས་མགོན་པོར་གསལ་བའི་མགྲིན་པའི་ཨཱཿདམར་
པོ་ལས་འོད་ཟེར་དམར་པོ་འཆར་ཁའི་ཟེར་ཐག་ལྟ་བུ་འཕྲོས། ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ་པས། ངག་གི་སྡིག་སྒྲིབ་ནད་གདོན་བར་དུ་གཅོད་པ་ཐམས་ཅད་སྦྱངས། གསུང་གི་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་པར་མོས་ཤིག །ཧཱུྃ༔ ཆོས་དབྱིངས་འབར་བའི་སོགས་ཤློ་ཀ་གཅིག་གོང་བཞིན་ལ། ཧཱུྃ༔ གྲགས་པ་ཆེན་པོ་གསུང་གི་དབྱིངས། བདེ་ཆེན་ཨཱཿཡི་འཕྲོ་འདུ་ཡིས༔ ངག་གི་བར་ཆད་ཐམས་ཅད་སོལ༔ རྡོ་རྗེ་གསུང་གི་བྱིན་གྱིས་རློབས༔ ཡེ་ཤེས་མགོན་པོའི་གསུང་གྲུབ་ནས༔ གསུང་གི་ཕྲིན་ལས་འགྲུབ་པར་མཛོད༔ སྔགས་མཐར། ཝཱ་ཀ་སིདྡྷི་ཨ་བྷི་ཥིཉྩ་ཨཱ༔ གཏོར་མ་མགྲིན་པར་བཞག །དེང་ཕྱིན་ཆད་ཡེ་ཤེས་མགོན་པོའི་གསུང་གསང་སྔགས་བཟླ་བ་ལ་དབང་བ་ཡིན་པས། གྲགས་སྟོང་སྐྱེ་མེད་རྡོ་རྗེའི་བཟླས་པ་དང་མ་བྲལ་བས་སྒྲ་སྐད་ཀུན་ལ་སྙིང་པོ་སྔགས་དང་ཏིང་འཛིན་འཕྲོ་འདུའི་གཟེར་གྱིས་ཐེབས་པར་གྱིས་ཤིག །ཡང་གཏོར་མ་ཡེ་ཤེས་མགོན་པོར་གསལ་བའི་ཐུགས་ཀའི་ཧཱུྃ་སྔོན་པོ་ལས་འོད་ཟེར་སྔོན་པོ་བཻ་ཌཱུརྻའི་མདངས་ལྟ་བུ་འཕྲོས། ཁྱེད་རང་རྣམས་ཀྱི་སྙིང་ཁར་ཐིམ་པས། ཡིད་ཀྱི་སྡིག་སྒྲིབ་ནད་གདོན་བར་དུ་གཅོད་པ་ཐམས་ཅད་སྦྱངས། ཐུགས་ཀྱི་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་པར་མོས་ཤིག །ཧཱུྃ༔ ཆོས་དབྱིངས་འབར་བའི་སོགས་གོང་ལྟར་བརྗོད། ཧཱུྃ༔ ཀ་དག་འོད་གསལ་ཐུགས་ཀྱི་དབྱིངས༔
རིག་རྩལ་ཧཱུྃ་གི་འཕྲོ་འདུ་ཡིས༔ ཡིད་ཀྱི་བར་ཆད་ཐམས་ཅད་སོལ༔ རྡོ་རྗེ་ཐུགས་ཀྱི་བྱིན་གྱིས་རློབས༔ ཡེ་ཤེས་མགོན་པོའི་ཐུགས་གྲུབ་ནས༔ ཐུགས་ཀྱི་ཕྲིན་ལས་འགྲུབ་པར་མཛོད༔ སྔགས་མཐར། ཙིཏྟ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ གཏོར་མ་སྙིང་ཁར་བཞག་ལ། དེང་ཕྱིན་ཆད་ཡེ་ཤེས་མགོན་པོའི་ཐུགས་ཏིང་ངེ་འཛིན་བསྒོམ་པ་ལ་དབང་བ་ཡིན་པས། རིག་སྟོང་ཀ་དག་འོད་གསལ་གྱི་དགོངས་པ་དང་མ་བྲལ་བས་འཁྲུལ་པའི་རྟོག་ཚོགས་ཐམས་ཅད་དགོངས་པ་མི་གཡོ་བའི་གཟེར་གྱིས་ཐེབས་པར་མཛོད་ཅིག །གཏོར་མ་འདི་ཉིད་དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་ཡབ་ཡུམ་བཀའ་སྡོད་དྲེགས་པའི་འཁོར་དང་བཅས་པ་བྱིན་རླབས་ཀྱི་གཟི་བརྗིད་རབ་ཏུ་འབར་བཞིན་བཞུགས་པ་ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་ཏེ་ཐུགས་དམ་བསྐུལ་པས། སྐུའི་གནས་ཐམས་ཅད་ནས་སྐུ་དང་སྔགས་ཕྲེང་ཕྱག་མཚན་འོད་ཟེར་བདུད་རྩིའི་རྒྱུན་ཆར་བབས་པ་ལྟར་བྱོན། ཁྱེད་རང་རྣམས་ལ་ཐིམ་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཡོངས་སུ་རྫོགས་པའི་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་བྱུང་སྙམ་པའི་འདུན་པ་རྩེ་གཅིག་ཏུ་མཛོད་ཅིག །ཧཱུྃ༔ གཏོར་སྣོད་རྣམ་དག་ཆོས་ཀྱི་དབྱིངས་ཉིད་ལ༔ ཡེ་ཤེས་མགོན་པོའི་ཞིང་ཁམས་ཐམས་ཅད་རྫོགས༔ གཏོར་མའི་ངོ་བོ་དྲག་པོའི་གཞལ་ཡས་ཁང་༔ དཔལ་འབར་ནག་པོའི་ཕོ་བྲང་ལྷུན་གྱིས་གྲུབ༔ གཏོར་
མའི་ངེས་ཚིག་རང་རིག་བྱང་ཆུབ་སེམས༔ མ་ཧཱ་ཀཱ་ལའི་སྐུ་གསུང་ཐུགས་སུ་རྫོགས༔ གཏོར་མའི་རྒྱུ་ནི་འདོད་ཡོན་རྣམ་པ་ལྔ༔ ཡེ་ཤེས་ལྔ་ཡི་མཆོད་སྤྲིན་རྣམ་པར་འཕྲོ༔ འབུལ་ནི་ཡེ་ཤེས་མགོན་པོའི་ཚོགས་ལ་འབུལ༔ བཞེས་ནས་སྐུ་གསུང་ཐུགས་ཀྱི་དབང་མཆོག་སྩོལ༔ སྒྲུབ་དང་མཆོད་པ་ཚོགས་དང་སྐུལ་བའི་ཚེ༔ ཐུགས་དམ་མ་གཡེལ་གཏོར་མའི་དེ་ཁོ་ན༔ ལྷ་རྟོག་གཉིས་སུ་མེད་པ་མྱུར་འགྲུབ་ཤོག༔ སྙིང་པོའི་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བརྗོད་ལ་གནས་གསུམ་དུ་བཞག །སྤྲོ་ན། བརྒྱུད་པའི་མཚན་བརྗོད་ལ་བཀའ་བསྒོ་སྤྱི་ལྟར་བྱ། མེ་ཏོག་འཐོར་ལ་ཤིས་པ་བརྗོད། དེས་དཔལ་ལྡན་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་སྒྲུབ་ཐབས་ཟབ་མོ་སྐོར་དགུ་ལས་བྱུང་བའི་གཏོར་མའི་བྱིན་རླབས་ཕྱི་སྒྲུབ་མཐིང་ཁ་ལ་བསྟེན་ནས་ལེགས་པར་ཐོབ་པ་ཡིན་ཞིང་། འདི་ཉིད་ཀྱི་གཞུང་ལས། ཐུན་མོང་སུ་ལ་བྱིན་གྱུར་ཀྱང་༔ ཞི་རྒྱས་དབང་དྲག་ཅི་འདོད་པའི༔ ཕྲིན་ལས་འགྲུབ་ཅིང་འབྲེལ་ཚད་ཀུན༔ བདེ་ཆེན་ཞིང་དུ་འདྲེན་པར་འགྱུར༔ ཅེས་དང་། སློབ་མས་གཏོར་མ་ལ་བརྟེན་ཏེ༔ སྒྲུབ་པ་ཞག་བདུན་བགྱིས་པས་ཀྱང་༔ བར་ཆད་སེལ་ཞིང་བསམ་པ་འགྲུབ༔ ཅེས་རྡོ་རྗེའི་གསུང་མི་བསླུ་བ་ལགས་པས་དམ་ཚིག་སྤྱི་དང་བྱེ་བྲག་རྣམས་ཚུལ་བཞིན་དུ་བསྲུང་ཞིང་ཡེ་ཤེས་མགོན་པོ་འདི་ཉིད་ལྷག་པའི་ཆོས་སྐྱོང་དུ་བསྟེན་སྙམ་པས་འདིའི་རྗེས་
ཟློས། གཙོ་བོས་ཇི་ལྟར་སོགས། གཏང་རག་མཎྜལ་ཕྱིན་ཆད་སྤྱི་ལྟར། སློབ་དཔོན་གྱིས་སླར་ཡང་གཏོར་མ་སྨན་རཀ་བཤམས་ལ་གསོལ་ཁ་གཏང་། མཆོད་བསྟོད་ནོངས་བཤགས། ཡེ་ཤེས་པ་སྐུ་རྟེན་སོགས་ལ་བརྟན་བཞུགས། དམ་ཚིག་པ་རང་ལ་བསྡུ། རྟ་མགྲིན་གྱི་ཚོགས་ཡོད་ན་ཚོགས་རོལ་ཕྱིན་ཆད་དང་། མེད་ན་རྗེས་ཆོག་མཆོད་བསྟོད་ནས་ཤིས་བརྗོད་ཀྱི་བར་བྱས་པས་ལེགས་པར་འགྲུབ་བོ། །བར་ཆད་བདུད་བཞིའི་གཡུལ་ངོ་ཟློག །གང་བསམ་འབད་མེད་ལྷུན་གྱིས་གྲུབ། །འབྲེལ་བཅས་ཚེ་འོད་མཐའ་ཡས་དྲུང་། །ཡེ་ཤེས་མགོན་པོས་འདྲེན་བྱེད་ཤོག །ཅེས་པའང་ལྷ་མཆོག་འདི་ཉིད་ཀྱི་བཀའ་བབས་རྗེས་གནང་ལེགས་པར་ཐོབ་པ། པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་བགྱིས་པ་དགེ་ལེགས་འཕེལ།། །།