ཤ་རུ་བཙན་མཆོད།
ཤ་རུ་བཙན་མཆོད་ནི། ཤིང་བྱང་ལ་བཙན་མཁར་དང་བཙན་མི་དམར་རྟ་དམར་བཅས་པ་ཕྱག་གཡས་ན་ནོར་བུ་གཡོན་ན་མདའ་དར་འཛིན་པ་བྲི། བཙན་ཁྱི་ར་ལུག །མདའ་དར་མདུང་དར་ཤ་རུ་དམར་པོ་བྱས་ལ་ཁང་ཐོག་གམ་བྲག་དམར་སོགས་ལ་བཙན་མཁར་བརྩིགས་ལ་དེའི་ནང་དུ་དམར་གཏོར་ལྔ་བཞག་གོ་མགོ་ལ་སྤྱི་ལྟར་བཤམས་པ་དང་གསོལ་ཁ་གང་མོས་བཤམས་མདུན་བསྐྱེད་བྱ་ན་འདི་སྐད་དོ།། ཧོ༔ མདུན་དུ་དཀྱིལ་འཁོར་གྱི་ནང་དུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་བཙན་མཁར་གྱི་ནང་དུ་བཙན་གྱི་རྒྱལ་པོ་ཤུ་བ་ལག་རིང་། སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་ནོར་བུ་འཛིན་པ། གཡོན་མདའ་དར་དང་པདྨ་འཛིན་པ། སྐུ་ལ་ཟ་འོག་གི་བེར་གསོལ་བ། རྟ་མཆོག་དམར་པོ་ཕུད་དཀར་ལ་ཆིབས་པ། སྟག་རལ་གཡས་དང་གཟིག་ཤུབས་གཡོན་དུ་བརྒྱན་པ། འཁོར་ཡང་དེ་འདྲ་བ་འབུམ་གྱིས་བསྐོར་བར་གྱུར། དེའི་ཤར་ཕྱོགས་སུ་བཙན་མི་དཀར་རྟ་དཀར་ལ་ཞོན་པ། སྐུ་ལ་དར་དཀར་གྱི་རལ་ག་གསོལ་བ། ཕྱག་གཡས་ཡིད་བཞིན་གྱི་ནོར་བུ་དང་གཡོན་མདའ་དར་དང་པདྨ་འཛིན་པ། སྟག་རས་གཡས་ལ་གཟིག་ཤུབས་གཡོན་དུ་བརྒྱན་པ། འཁོར་ཡང་དེ་འདྲ་བ་འབུམ་གྱིས་བསྐོར་བའོ། །ལྷོ་ཕྱོགས་སུ་
བཙན་མི་སེར་རྟ་སེར་ལ་ཆིབས་པ། སྐུ་ལ་དར་སེར་པོའི་ན་བཟའ་གསོལ་བ། ཕྱག་གཡས་ཡིད་བཞིན་གྱི་ནོར་བུ་དང་། གཡོན་མདའ་དར་དང་པདྨ་འཛིན་པ། སྟག་རལ་གཡས་ལ་གཟིག་ཤུབས་གཡོན་དུ་བརྒྱན་པ། འཁོར་ཡང་དེ་འདྲ་བ་འབུམ་གྱིས་བསྐོར་བ། ནུབ་ཕྱོགས་སུ་བཙན་མི་དམར་རྟ་དམར་ལ་བཅིབས་པ། སྐུ་ལ་དར་དམར་གྱི་རལ་ག་གསོལ་བ། ཕྱག་གཡས་ཡིད་བཞིན་གྱི་ནོར་བུ་དང་། གཡོན་མདའ་དར་དང་པདྨ་འཛིན་པ། སྟག་རལ་གཡས་ལ་གཟིག་ཤུབས་གཡོན་དུ་བརྒྱན་པ། འཁོར་ཡང་དེ་འདྲ་བ་འབུམ་གྱིས་བསྐོར་བ། བྱང་ཕྱོགས་སུ་བཙན་མི་ལྗང་རྟ་ལྗང་ལ་བཅིབས་པ། སྐུ་ལ་དར་ལྗང་རལ་ག་གསོལ་བ། ཕྱག་གཡས་ཡིད་བཞིན་ནོར་བུ་དང་། གཡོན་མདའ་དར་དང་པདྨ་འཛིན་པ། སྟག་རལ་གཡས་ལ་གཟིག་ཤུབས་གཡོན་དུ་བརྒྱན་པ། འཁོར་ཡང་དེ་འདྲ་བ་འབུམ་གྱིས་བསྐོར་བ། དེའི་ཕྱི་རོལ་དུ་འབྱུང་བ་ལྔའི་བཙན་རིགས་སུམ་བརྒྱ་དྲུག་ཅུསབསྐོར་བ། དེའི་ཕྱི་རོལ་དུ་བཙན་ཕྲན་བྱེ་བ་ས་ཡའི་ཚོགས་ཀྱིས་བསྐོར་བའོ། །ཛཿཧཱུྃ་བཾ་ཧོཿ ཞེས་པས་སྤྱན་འདྲེན་པ་འདི་སྐད་དོ།། ཀྱཻ། དགུང་སྔོན་མཐོན་པོའི་ཡང་སྟེང་
ནས། །ཡུལ་ཡང་ཆེ་བཙན་བཙན་གྱི་ཡུལ། །བཙན་མཁར་དམར་པོ་ལྡེམས་སེ་ལྡེམ། །བཙན་གྱི་ཕོ་ཉ་སི་ལི་ལི། །གཡུ་ཡི་ན་བུན་ཐུ་ལུ་ལུ། །དུང་གི་སེར་བ་ཤ་ར་ར། །སྟེང་ན་བཙན་བྱ་སྲེག་པ་ལྡིང་། །བཙན་གྱི་ཁྱི་ཟུག་ཁེངས་སེ་ཁང་། །བཙན་མཁར་དེ་ཡི་ནང་ཤེད་ན། །རྒྱལ་པོ་ཤུ་བ་ལག་རིང་བཞུགས། །མི་དཀར་དེ་ནི་རྟ་རུ་དཀར། །སྐུ་ལ་ཟ་འོག་བེར་ཆེན་གསོལ། །ཕྱག་གཡས་ཡིད་བཞིན་ནོར་བུ་བསྣམས། །བདག་ལ་དགོས་འདོད་ཆར་བཞིན་ཕོབ། །ཕྱག་གཡོན་མདའ་དར་པདྨ་འཛིན། །ལྷ་འདྲེ་མི་གསུམ་དབང་དུ་སྡུས། །སྟག་རལ་གཡས་ལ་གཟིག་ཤུབས་གཡོན། །རིན་ཆེན་རྒྱན་གྱིས་མཛེས་པར་བརྒྱན། །འཁོར་དུ་བཙན་དམག་བྱེ་བས་བསྐོར། །ལྷ་སྲིན་སྡེ་བརྒྱད་ཕྱག་བརྙན་འགྱེད། །སྤྲུལ་པའི་བ་སྤུ་ཉག་རེ་ལ། །བཙན་དམག་སྤྲུལ་པ་དཔག་མེད་འགྱེད། །ཐོག་དང་སེར་བའི་སྣ་འདྲེན་བྱེད། །སྐུ་སྤྲུལ་བདུད་དམག་བརྒྱད་ཁྲི་འགྱེད། །གསུང་སྤྲུལ་གཤིན་རྗེ་འབུམ་འབུམ་འགྱེད། །ཐུགས་སྤྲུལ་བཙན་དམག་སྟོང་སྟོང་འགྱེད། །ཞལ་ནས་རིན་ཆེན་ཆར་པ་འབེབས། །གཡས་ན་ཉི་མ་རེ་རེ་
རེ། །གཡོན་ན་ཟླ་བ་སྒ་ར་ར། །གཟའ་ཆེན་བརྒྱད་ཀྱི་སྤྲུལ་པ་འགྱེད། །ཁྱེད་ཀྱི་སྐུ་ཡི་མཚན་གསོལ་བ། །འཇིག་རྟེན་ཀུན་ཁྱབ་ཅེས་ཀྱང་བྱ། །འཛམ་གླིང་ཀུན་ལ་ཁྱབ་པར་རྒྱུག །ཞེ་ས་རིམ་གྲོའི་ཚུལ་དུ་མཆོད། །མཆོད་ཅིང་བསྟོད་ལ་ཕྲིན་ལས་མཛོད། །ཅེས་དང་། བསྟོད་པ་ནི། ཀྱཻ། ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན། །ཤར་ཕྱོགས་དྲི་ཟ་བཙན་གྱི་རྗེ། །མི་ཡང་དཀར་པོ་རྟ་ཡང་དཀར། །སྐུ་ལ་དར་དཀར་རལ་ག་གསོལ། །ཕྱག་གཡས་ཡིད་བཞིན་ནོར་བུ་བསྣམས། །བདག་ལ་དགོས་འདོད་ཆར་ལྟར་ཕོབ། །གཡོན་པས་མདའ་དར་པདྨ་འཛིན། །ལྷ་འདྲེ་མི་གསུམ་དབང་དུ་བསྡུས། །སྟག་རལ་གཡས་ལ་གཟིག་ཤུབས་གཡོན། །བཙན་ཕྲན་འབུམ་ནི་ཕོ་ཉར་འགྱེད། །ཁྱོད་ལ་མཆོད་པ་འབུལ་བ་ནི། །ཞེ་ས་རིམ་གྲོའི་ཚུལ་དུ་མཆོད། །མཆོད་ཅིང་བསྟོད་ལ་དངོས་གྲུབ་སྩོལ། །ཀྱཻ། ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན། །ལྷོ་ཕྱོགས་གྲུལ་བུམ་བཙན་གྱི་རྗེ། །མི་ཡང་སེར་ལ་རྟ་ཡང་སེར། །སྐུ་ལ་དར་སེར་རལ་ག་གསོལ། །ཕྱག་གཡས་ཡིད་བཞིན་ནོར་བུ་བསྣམས། །བདག་ལ་དགོས་འདོད་ཆར་ལྟར་ཕོབ། །གཡོན་པས་མདའ་དར་
པདྨ་འཛིན། །ལྷ་འདྲེ་མི་གསུམ་དབང་དུ་བསྡུས། །སྟག་རལ་གཡས་ལ་གཟིག་ཤུབས་གཡོན། །བཙན་ཕྲན་འབུམ་ནི་ཕོ་ཉར་འགྱེད། །ཁྱོད་ལ་མཆོད་པ་འབུལ་བ་ནི། །ཞེ་ས་རིམ་གྲོའི་ཚུལ་དུ་མཆོད། །མཆོད་ཅིང་བསྟོད་དོ་བར་ཆད་སོལ། །ཀྱཻ། ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན། །ནུབ་ཕྱོགས་རླུང་ལྷ་བཙན་ཀྱི་རྗེ། །མི་ཡང་དམར་ལ་རྟ་ཡང་དམར། །སྐུ་ལ་དར་དམར་རིལ་ག་གསོལ། །ཕྱག་གཡས་ཡིད་བཞིན་ནོར་བུ་བསྣམས། །བདག་ལ་དགོས་འདོད་ཆར་ལྟར་ཕོབ། །གཡོན་པས་མདའ་དར་པདྨ་འཛིན། །ལྷ་འདྲེ་མི་གསུམ་དབང་དུ་བསྡུས། །སྟག་རལ་གཡས་ལ་གཟིག་ཤུབས་གཡོན། །བཙན་ཕྲན་འབུམ་ནི་ཕོ་ཉར་འགྱེད། །ཁྱོད་ལ་མཆོད་པ་འབུལ་བ་ནི། །ཞེ་ས་རིམ་གྲོའི་ཚུལ་དུ་མཆོད། །མཆོད་ཅིང་བསྟོད་དོ་རྐྱེན་ངན་ཟློག །ཀྱཻ། ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན། །བྱང་ཕྱོགས་གནོད་སྦྱིན་བཙན་གྱི་རྗེ། །མི་ཡང་ལྗང་ལ་རྟ་ཡང་ལྡང་། །སྐུ་ལ་དར་ལྗང་རལ་ག་གསོལ། །ཕྱག་གཡས་ཡིད་བཞིན་ནོར་བུ་བསྣམས། །བདག་ལ་དགོས་འདོད་ཆར་ལྟར་ཕོབ། །གཡོན་པས་མདའ་དར་པདྨ་འཛིན། །
ལྷ་འདྲེ་མི་གསུམ་དབང་དུ་བསྡུས། །སྟག་རལ་གཡས་ལ་གཟིག་ཤུབས་གཡོན། །བཙན་ཕྲན་འབུམ་ནི་ཕོ་ཉར་འགྱེད། །ཁྱོད་ལ་མཆོད་པ་འབུལ་བ་ནི། །ཞེ་ས་རིམ་གྲོའི་ཚུལ་དུ་མཆོད། །མཆོད་ཅིང་བསྟོད་དོ་ནད་གདོན་ཞི། །ཀྱཻ། གནམ་བཙན་དང་ནི་ས་བཙན་དང་། །ཆུ་བཙན་དང་ནི་བྲག་བཙན་དང་། །འབྱུང་བ་ལྔ་ལས་བྱུང་བའི་བཙན། །བཙན་དུ་མ་གྱུར་གང་ཡང་མེད། །དྲག་པོ་བཙན་གྱི་སྡེ་ཚོགས་ལ། །བ་ལི་ཞལ་ཟས་འདི་བཞེས་ལ། །བསང་དང་མཆོད་པ་འདི་ཕུལ་ལོ། །ཞི་རྒྱས་དབང་དྲག་ཕྲིན་ལས་མྱུར་འགྲུབ་ཤོག །རྣལ་འབྱོར་བདག་ཅག་འཁོར་བཅས་དང་། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །སྟོང་གསུམ་ནོར་གྱི་དངོས་གྲུབ་སྩོལ། །འཛམ་གླིང་གཏེར་གྱི་དངོས་གྲུབ་སྩོལ། །སྙན་གྲགས་དབང་གི་དངོས་གྲུབ་སྩོལ། །ཕྱོགས་བཞི་མཚམས་བརྒྱད་གར་འགྲོ་ཡང་། །བར་ཆད་བདུད་དཔུང་ཞི་བར་མཛོད། །དོན་རྣམས་མ་ལུས་འགྲུབ་པར་མཛོད། །ཅེས་བཙན་མཆོད་ཡིད་བཞིན་ནོར་བུ་རྫོགས་སོ། །སྔགས་འཆང་རཱ་གས་བགྱིས་པའོ། །བཀྲ་ཤིས་པར་གྱུར་ཅིག །