Nitartha Digital Library
Tibetan
རྙིང་མ་རྒྱུད་འབུམ་པོད་གསུམ་པ། ག༽


   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གསང་བ་ཡེ་ཤེས་ཐིག་ལེའི་དབང་། མཁའ་དབྱིངས་བུམ་པ་ལྟར་བསྐུར་བ།
   
   
   
   
   
   
   
   
   


 
previousགསང་བ་ཡེ་ཤེས་ཐིག་ལེའི་དབང་། མཁའ་དབྱིངས་བུམ་པ་ལྟར་བསྐུར་བ། next

གསང་བ་ཡེ་ཤེས་ཐིག་ལེའི་དབང་། མཁའ་དབྱིངས་བུམ་པ་ལྟར་བསྐུར་བ།


DNG003_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། གྷུ་ཡ་ཛྙཱ་ན་ཨ་བྷི་ཀ་ལ་ཀྵ་ཏ་ནཱ་མ། བོད་སྐད་དུ། གསང་བ་ཡེ་ཤེས་ཐིག་ལེའི་དབང་། མཁའ་


DNG003_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་བུམ་པ་ལྟར་བསྐུར་བ་ཞེས་བྱ་བ། བཅོམ་ལྡན་འདས་མངོན་རྫོགས་ཐིག་ལེའི་སྐུ་ལ་ཕྱག་འཚལ་ལོ། །དེ་ནས་འདུས་པའི་འཁོར་རྣམས་ཀྱི་ནང་ནས། གསང་བའི་བདག་པོ་ཉིད་ལངས་ཏེ། འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་དབང་ཆེན་སྐུ། །སེམས་ཀྱིས་བཅིངས་པའི་འཁོར་བ་ལས། །གསང་བ་དབང་གི་བདག་ཉིད་ཀྱིས། །ཐབས་ནི་གང་གིས་གྲོལ་བར་འགྱུར། །འདིར་འདུས་འཁོར་ལ་བཀའ་སྩོལ་ཅིག །དེ་ནས་གསང་དབང་དོན་གསུངས་པ། །ཀྱེ་མ་ཉོན་ཅིག་རྡོ་རྗེ་འཛིན། །གསང་སྔགས་གསང་བའི་དབང་རྟགས་ནི། །ཅི་ལྟར་རྫོགས་པར་བྱེད་པ་སྟེ། །སློབ་མ་དམ་ལྡན་གསང་བ་ཐུབ། །དམ་ཚིག་ལྡན་པའི་སློབ་མ་ལ། །གསང་བའི་དབང་ནི་རྫོགས་བྱེད་ན། །གསང་བ་དབང་གི་རྫས་བསགས་ཏེ། །སློབ་མ་རིགས་ལྡན་གསུམ་མམ་ལྔ། །བདུན་ལས་འདས་ན་གསང་སྔགས་འཆལ། །དེ་ལྟར་གསང་ཐུབ་བུ་རྣམས་ལ། །གསང་བའི་དབང་ཉིད་བྱེད་འདོད་ན། །གཟུངས་མཆོག་ཡིད་དང་འཐད་པ་བཙལ། །དེ་ཡང་མཚན་ཉིད་བརྟག་པ་གཅེས། །དེ་ཡི་མཚན་ཉིད་བརྟག་པ་ནི། །རིགས་ནི་རྣམ་པ་བཞིར་བཤད་དེ། །འབྲས་བུ་སྐུ་བཞི་ངེས་པ་ཐོབ། །རིགས་ནི་རེ་རེ་དག་ལ་ཡང་། །ཁ་དོག་མང་ཞིང་བརྟག་པར་དཀའ། །རིགས་ནི་འདི་ལྟར་ཤེས་པར་བྱ། །པདྨའི་རིགས་དང་དུང་ཅན་ཏེ། །རི་མོ་ཅན་དང་ཧ་སྡི་ཡི། །རིགས་ནི་དེ་ལྟར་བརྟག་པ་གཅེས། །ཁ་དོག་འགྲོས་དང་སྐད་ཀྱིས་བརྟག །ཁ་དོག་བརྟག་པ་འདི་ལྟ་སྟེ། །པདྨའི་རིགས་སུ་གང་འདོད་པ། །ཁ་དོག་འགྲོས་དང་སྐད་ཀྱིས་བརྟག །བྱད་ནི་ཟླུམ་ཞིང་ཁ་དོག་སྨུག །སྐད་ཕྲ་ཡིད་དུ་འོང་སྨྲ་ཞིང་། །གཟུགས་དང་བོངས་ནི་ཐུང་ཞིང་སྦོམ། །ཡིད་དུ་འོང་ཞིང་ཆགས་པ་སྐྱེ། །སྐྲ་ནི་མདོག་སེར་ལི་ལ་འཇམ། །སེན་མོའི་མདོག་ཀྱང་དམར་ལ་དྭངས། །སྨིན་མཚམས་བར་ཡང་མ་ཆད་དང་། །ལོ་ནི་བཅོ་ལྔ་ཉིད་ལོན་པ། །པདྨའི་


DNG003_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་ཡིན་པར་འདོད། །དུང་ཆེན་དག་གི་མཚན་ཉིད་ནི། །བྱད་ཉིད་ཆེ་ཆུང་སྙོམས་པ་སྟེ། །ཁ་དོག་དཀར་ཞིང་སོ་ཡང་དཀར། །ལུས་པོ་རགས་ཤིང་དཔའ་བརྟུལ་ཆེ། །གཟུགས་བཟང་ཡིད་དུ་འོང་བ་སྟེ། །མིག་རྩ་ཡིད་ཙམ་དམར་བ་ལ། །སྐྲ་ཡང་ནག་ཅིང་འཛུམ་ཁ་སྙི། །སོར་མོ་ཕྲ་ཞིང་མཉེན་ལྕུག་ལེགས། །སེང་གེ་ལྟ་བུའི་འགྲོས་དང་ལྡན། །སྐད་ནི་ཚངས་པའི་དབྱངས་དང་མཚུངས། །བཅུ་དྲུག་ལོ་དང་ལྡན་པ་ན། །དུང་ཆེན་ཡིན་པར་རབ་ཏུ་བཤད། །རི་མོ་ཅན་གྱི་མཚན་ཉིད་ནི། །ཁ་ཉིད་ཆུང་ཞིང་ཤ་ཡང་སེར། །བྱད་ཀྱི་དཀྱུས་ཀྱང་རིང་བ་སྟེ། །གཟུགས་ཉིད་ཕྲ་ཞིང་སྨྲ་བ་ཉུང་། །མིག་གི་འབྲས་བུ་དཀར་ནག་འབྱེད། །སྐད་ནི་ང་རོ་ཆུང་བ་སྟེ། །ཤ་སྲབ་མཚོན་སྤུ་གསལ་བ་སྟེ། །ཡིད་དུ་འོང་ཞིང་གླང་ཆེན་འགྲོས། །དཔའ་བརྟུལ་ཆེ་ཞིང་ཞུམ་པ་ལྟར། །བཅུ་བཞི་ལོ་དང་ལྡན་པ་སྟེ། །རི་མོ་ཅན་དུ་ཡང་དག་འདོད། །ཧ་སྡི་མ་ཡི་མཚན་ཉིད་ནི། །བྱད་དཀྱུས་དག་ནི་རིང་བ་སྟེ། །ཤ་ཡི་མདོག་ནི་ཡིད་ཙམ་སྔོ། །སོ་དཀར་མིག་གི་འབྲས་བུ་ནག །གཟུགས་ཆེ་སྐེད་སྐབས་ཕྱེད་པ་སྟེ། །སྣ་རྒྱུད་བཟང་ཞིང་སྨིན་མ་བཟང་། །སྐབས་སྐབས་སྐད་ཀྱང་འཛེར་པར་བྱེད། །སྤྱོད་པ་དལ་ལ་ཚིག་འཇམ་སྨྲ། །བ་གླང་འགྲོས་འདྲ་བརྟུལ་ཤུགས་ལྡན། །སུམ་ཅུ་མན་ཆད་ལོ་རྣམས་སོ། །དེ་ལྟར་མཚན་དང་ལྡན་པ་ནི། །ཧ་སྡིའི་རིགས་སུ་ཡང་དག་འདོད། །གསང་བའི་ཡུམ་དེ་རེ་རེ་ཡི། །འབྲས་བུ་རེ་རེ་ཐོབ་པ་སྟེ། །རི་མོ་ཅན་དང་ཧ་སྡི་མཆོག །ཡང་ན་བུ་མང་ལོངས་སྤྱོད་ལྡན། །ལོ་ཚད་ངེས་པ་མེད་པར་བསྟན། །ཡང་ན་ཡིད་འོང་གཞོན་ནུ་མ། །སྐྱེས་པས་མ་གཅེས་བརྟུལ་ཤུགས་ཅན། །བཅུ་བཞིའི་ལོ་དང་ལྡན་པའོ། །དེ་ལྟར་བསྟེན་པའི་ཡུམ་ལ་ཡང་། །སྦྱོར་བས་འགྲུབ་དང་བརྟེན་པས་འགྲུབ། །བསམ་པས་འགྲུབ་དང་མཐོང་བའོ། །རི་མོ་ཅན་ལ་སྦྱོར་བས་ཏེ། །དུང་ཆེན་བསྟེན་པའི་སྟོབས་ཀྱིས་འགྲུབ། །


DNG003_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་དག་ནི་བསམ་པར་བྱ། །ཧ་སྡི་མཐོང་ཞིང་རེག་པས་སོ། །དབང་ཉིད་རྒྱས་པར་བྱེད་པ་ན། །རིགས་ནི་བཞི་ཀ་ཚང་བར་བྱ། །དེ་མེད་ན་ཡང་སོ་སོར་བཤད། །སྦྱོར་བ་བྱས་ན་དངོས་གྲུབ་རབ། །བསྟེན་པས་དངོས་གྲུབ་འབྲིང་དུའོ། །བསམ་པས་དངོས་གྲུབ་ཐ་མའོ། །མཐོང་བས་གསུམ་ཀའི་གྲོགས་སུ་བསྟན། །དེ་ལྟར་གཟུངས་དང་ལྡན་པར་བྱ། །དེ་ལྟར་ཡུམ་དང་ལྡན་པས་ནི། །དབང་བསྐུར་དོན་ལ་འཇུག་པར་བྱ། །ཤིན་ཏུ་དབེན་པའི་གནས་དག་ཏུ། །དཀྱིལ་འཁོར་འདོམ་གང་གྲུ་བཞི་བརྩིག །ཆག་ཆག་ཐིག་གདབ་ཚོན་འགྱེད་དེ། །མཆོད་རྫས་གོང་དང་འདྲ་བ་ལ། །དཀྱིལ་འཁོར་དག་ནི་བྱ་བ་སྟེ། །ཕོ་བྲང་ཟླུམ་པོ་འོད་ཟེར་ཅན། །པདྨ་འདབ་མ་བརྒྱད་ལྡན་བྱ། །བུམ་པའི་གཟུགས་དང་རི་མོར་བཅས། །མུ་ཁྱུད་ཕྱི་རིམ་རྩིབས་འཁོར་བརྒྱད། །ཕྱོགས་ཀྱི་རྩིབས་མཆན་བར་དག་དུ། །སྒོ་ནི་རིགས་དང་ལྡན་པ་བཀོད། །མུ་ཁྱུད་ཕྱི་རིམ་གྲུ་བཞི་འབར། །དེ་ཡི་ཕྱི་རིམ་ཟླུམ་པོར་བཀོད། །བར་ཁྱམས་དག་ནི་བུམ་བསྣོལ་ཏེ། །དེ་ལྟར་དཀྱིལ་འཁོར་བྲིས་བྱས་ཏེ། །དེ་ལ་རྫས་ནི་དགྲམ་པར་བྱ། །དབུས་ཀྱི་ལྟེ་བའི་དཀྱིལ་དག་ཏུ། །རྣམ་སྣང་མངོན་བྱང་སྐུ་ཉིད་བཞག །དེ་ཡི་སྟེང་དུ་སྣང་མཐའ་ཡས། །སྣང་བ་མཐའ་ཡས་སྤྱི་གཙུག་ཏུ། །བཅོམ་ལྡན་དབང་ཆེན་དེ་ཉིད་དོ། །དེ་ཡི་སྟེང་དུ་རྨ་བྱའི་གདུགས། །སྣ་ཚོགས་དར་གྱིས་བརྒྱན་པ་བཞག །རྫས་དེ་རྣམས་དང་ལྡན་པ་ནི། །དབང་ནི་ཆུ་བོ་བཞི་ཉིད་ཐོབ། །སྐུ་ཡི་རྣམ་པ་དེ་རྣམས་ཀྱང་། །ཤར་ནས་ནུབ་ཏུ་ཁ་ཡང་བསྟན། །གསང་བ་དབང་བྱེད་སློབ་དཔོན་ཡང་། །ནུབ་ནས་ཤར་དུ་ཁ་བལྟས་སོ། །དབུས་ཀྱི་ལྷ་ཚོགས་མདུན་དུ་ཡང་། །བཀྲ་ཤིས་མཛེས་པའི་བུམ་པ་བཞག །ཁ་རྒྱན་སྙིང་པོར་བཅས་པའོ། །དར་དམར་མགུལ་ཆིངས་རབ་ཏུ་བཤད། །ལྷ་དེ་ཉིད་ཀྱི་མདུན་དུ་ཡང་། །མེ་ལོང་གསལ་མཛེས་དགྲམ་པར་བྱ། །ཤར་ཕྱོགས་ཉིད་ཀྱི་ཆ་ལ་ཡང་། །རབས་ཆད་ཐོད་པ་མཚན་ལྡན་དུ། །བྱང་ཆུབ་སེམས་ནི་དམར་པོས་གཏམས། །དཀྱིལ་འཁོར་བྱང་གི་ཆ་ལ་ཡང་། །མེ་


DNG003_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ལོང་ཡུ་བ་ཅན་དུ་ཡང་། །བྱང་ཆུབ་སེམས་ནི་དཀར་པོ་སྟེ། །དཀྱིལ་འཁོར་ལྷོ་ཡི་ཆ་ལ་ཡང་། །བུ་མ་སྐྱེས་པའི་བུད་མེད་ཚིལ། །ཤ་དང་མར་མེ་དག་དང་ནི། །རྫས་ནི་བཞི་ཡང་དེ་ལྟར་དགོད། །དེ་ལྟར་རྫས་ནི་ཚོགས་ནས་ནི། །སྒྲུབ་པོས་ཡུམ་རྣམས་ཆས་སུ་གཞུག །པདྨའི་རིགས་ལ་དར་དམར་གོས། །བྱི་རུའི་རྒྱན་དང་ལྡན་པའོ། །སྤོས་ཆུས་ལེགས་པར་བཀྲུས་ནས་ནི། །དབུ་རྒྱན་དར་གྱི་ཅོད་པན་གདགས། །འགྱིང་བའི་བག་ལྡན་གར་སྟབས་བྱ། །རྡོ་རྗེ་དྲིལ་བུ་ལག་བཟུང་སྟེ། །དཀྱིལ་འཁོར་ནུབ་ཏུ་གཡོན་ཕྱོགས་བཞག །དུང་ཆེན་མ་ནི་རས་དཀར་གོས། །གུར་གུམ་ཆུ་ཡིས་ལུས་བཀྲུས་ཏེ། །དུང་དང་བ་སོའི་རྒྱན་རྣམས་གདགས། །དབུ་རྒྱན་ཅོད་པན་ཀུན་ལའོ། །དཀྱིལ་འཁོར་ཤར་དུ་གཞག་པར་བྱ། །ཧ་སྡི་ལ་ནི་དར་སྔོན་བརྒྱན། །ཨུཏྤལ་སྔོན་པོའི་རྒྱན་དང་ལྡན། །ཙན་དན་ཆུ་ཡིས་ལུས་བཀྲུས་ཏེ། །དབུ་རྒྱན་དར་སྔོན་ཅོད་པན་ཅན། །རྡོ་རྗེ་དྲིལ་བུ་ལག་བཟུང་སྟེ། །འགྱིང་བའི་སྟོབས་ལྡན་བྱང་དུའོ། །རི་མོ་ཅན་ལ་དར་སེར་གོས། །འབྲས་བུ་གསུམ་གྱི་ཆུས་བཀྲུས་ཏེ། །མེ་ཏོག་གསེར་གྱི་རྒྱན་ལྡན་བྱའོ། །དབུ་རྒྱན་དར་སེར་ཅོད་པན་བཅིང་། །རྡོ་རྗེ་དྲིལ་བུ་ལག་བཟུང་སྟེ། །འགྱིང་བག་ལྡན་པ་ལྷོ་རུ་དགོད། །དེ་ནས་ཏིང་འཛིན་རབ་ལྡན་པས། །སྦྱོར་དང་སྒྲོལ་བའི་ལས་བརྩམས་ཏེ། །དབང་བསྐུར་རྒྱས་པར་བྱེད་འདོད་ན། །དབང་གི་དུས་དང་བསྐུར་ཐབས་དང་། །འཇུག་པའི་དུས་དང་བསྐུར་དུས་སོ། །ཕྱི་ནང་དབང་ཉིད་རྫོགས་བྱས་ནས། །གསང་བའི་དབང་ལ་འཇུག་པར་བྱ། །དབང་གི་དུས་ནི་འདི་ལྟར་ཏེ། །འབྲས་བུ་སྨིན་པའི་དུས་ཡིན་ནོ། །འཇུག་པའི་དུས་ནི་ཚེས་ལྔ་སྟེ། །བསྐུར་བའི་དུས་ནི་ནམ་ཕྱེད་དོ། །གཏོར་མ་ནམ་ལངས་དག་ལའོ། །དེ་ལྟར་བྱ་བ་སྔོན་སོང་ནས། །གསང་བའི་དོན་ལ་འཇུག་པར་བྱ། །དེ་ནས་སློབ་བུ་དད་ལྡན་དེས། །རང་གི་ཡུམ་དང་བཅས་པ་ཡང་། །སྤོས་ཆུ་འོ་མས་བཀྲུས་བྱས་ལ། །རྒྱན་དང་ཆ་


DNG003_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་ལྡན་བྱས་ཏེ། །དཀྱིལ་འཁོར་བསྐོར་ཞིང་དབང་བྲོ་བརྡུང་། །ཞུ་སྐྱེམས་དྲང་ཞིང་དབང་བསྐུར་གསོལ། །མཁའ་གསང་གཉིས་སྦྱོར་དབང་བསྐུར་གསོལ། །ཤེས་རབ་ཐབས་ལྡན་སྦྱོར་སྒྲོལ་དབང་། །དཔའ་བོ་ཆེན་པོས་བཀའ་སྩོལ་ཅིག །གསང་བདག་རྡོ་རྗེ་འཛིན་རྒྱལ་སྐུ། །མ་རིག་རྨོངས་པའི་ཡིད་ལྡན་པས། །ཤེས་རབ་མིག་གི་དབང་བསྐུར་གསོལ། །རྨུགས་ཤིང་མྱོས་པས་སྒྲ་མི་ཐོས། །གཉིས་མེད་སྙན་གྱི་དབང་བསྐུར་གསོལ། །རྣམ་རྟོག་བདག་ཏུ་འཛིན་པ་ཡིས། །རྣམ་དག་འོད་གསལ་དྲི་མ་ཚོར། །ཡེ་ཤེས་ཤངས་ཀྱི་དབང་བསྐུར་གསོལ། །འཁོར་འདས་གཉིས་འཛིན་སྤྱོད་པ་ཡིས། །ཆོས་ཉིད་དག་པའི་རོ་མ་མྱོང་། །རང་རིག་བཅུད་ལྡན་དབང་བསྐུར་གསོལ། །ཕྱི་ནང་ཡུལ་ལ་ཆགས་གྱུར་པས། །དབྱིངས་དང་རིག་པའི་ཡུལ་མ་མཐོང་། །འོད་གསལ་ལུས་ཀྱི་དབང་བསྐུར་གསོལ། །དྲན་པས་ཀུན་དུ་མཚོན་བྱེད་པའི། །རང་སྣང་སྙིང་པོའི་དོན་མ་རྟོགས། །བལྟ་བ་རིག་པའི་དབང་བསྐུར་གསོལ། །དེ་ལྟར་སློབ་བུ་དད་ལྡན་དེས། །དེ་སྐད་བརྗོད་ཅིང་གསང་དབང་ཞུ། །དེ་ནས་རྡོ་རྗེ་སློབ་དཔོན་དེས། །གསང་བའི་དབང་ཉིད་བསྐུར་བ་ཡི། །བུ་རྣམས་གྲལ་དུ་འཁོད་ནས་ཀྱང་། །སྦྱོར་བ་བརྡ་ཡིས་བསྐུལ་བར་བྱ། །བསྒྲུབ་པའི་ཡུམ་གཅིག་གཡོན་བཞག་ལ། །བདག་ཉིད་ཆས་དང་རྒྱན་བགོས་ལ། །དང་པོ་རྫས་ཀྱི་དབང་བསྐུར་བྱ། །ཡེ་ཤེས་རྣམ་དག་འོད་གསལ་ཆོས་སྐུའི་དབྱིངས། །སྐྱེ་མེད་རང་གསལ་ཐུགས་རྗེའི་དབྱིངས་ལས་བྱང་ཆུབ་སེམས། །དྲི་མེད་སྐྱོན་བྲལ་རིག་པ་ཞི་བའི་ཡབ། །སྟོང་པ་ཉིད་མཚོན་རྒྱུ་ལ་བྱང་ཆུབ་སེམས། །འཁོར་བར་མི་གནས་ཡེ་ཤེས་རང་སྣང་སྐུ་ལ་སྣ་ཚོགས་འཕྲོས། །དག་པའི་རྒྱུ་མཚན་བདེ་བའི་ཐིག་ལེ་སྟེ། །ཆགས་ལ་ཆགས་མེད་དགའ་བདེའི་དབང་བསྐུར་རོ། །སརྦ་དྷརྨ་རཏྣ་ཙན་ཏྲ་ཨཱ། སྟོང་ཉིད་དམར་དང་ཤེས་རབ་དབང་གི་སྐུ། །ཆོས་ཉིད་མཁའ་མཉམ་སྣང་སྲིད་ཤེས་རབ་ཡུམ། །གསང་སྔགས་ལས་བྱུང་ཐིག་ལེ་འདྲེན་མཛད་མ། །རཀྟའི་


DNG003_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་ཐིག་ལེ་འདྲེན་མཛད་མ། །ཤེས་རབ་དྲིལ་ནས་སྐུ་ཡི་སྣང་བ་འཆར། །བྷ་གའི་དབྱིངས་ནས་སྤྲུལ་པ་དུས་གསུམ་བྱུང་། །ཆགས་མེད་ཆ་མཉམ་བདེ་བ་སྐྱེད་པར་བྱེད། །ཡི་གེ་མུཾ་ལྡན་གསང་བའི་རིགས་སུ་སྣང་། །དབང་གི་རྟགས་སུ་འོད་ཟེར་ལེ་བརྒན་འཕྲོས། །རྟོག་མེད་ཤེས་རབ་དབྱིངས་ལས་དབང་བསྐུར་རོ། །ཨོཾ་མུཾ་སུ་ར་གྷ་ཡ་ཧཱུཾ། སྐྱེ་མེད་རོ་ལྡན་མཱཾ་ས་ཚིལ་ཆེན་བཅས། །རྒྱལ་བ་ཀུན་དང་སྐྱེ་མེད་སྙིང་པོར་མཉམ། །རིག་པའི་སྐུ་དང་སོ་སོ་ཐ་མི་དད། །དབྱིངས་དང་མི་འབྲལ་ཤེས་རབ་པདྨར་ལྡན། །སྒོ་ལྔ་མ་འགགས་ཞི་གནས་ལྷག་མཐོང་སྟེ། །བསྐྱེད་པ་མ་ཡིན་རང་བྱུང་རྫོགས་པ་ཆེ། །སྣ་ཚོགས་འོད་འཕྲོ་ལོངས་སྐུ་ཉིད་ཀྱི་ལུས། །མ་བསྒྲིབས་དྲི་མེད་ཤེས་རབ་ཡེ་ཤེས་སྤྱན། །གསང་བའི་མཛོད་འཛིན་ཐུགས་ནི་ཙིཏྟའི་ངང་། །མི་དམིགས་སྟོང་གསལ་དྲན་སྟོང་གཉིས་ལས་འདས། །གཉིས་འཛིན་ཡུལ་དག་ཆོས་ཉིད་དག་པའི་སྙན། །འཁོར་བའི་སྐྱོན་སྤོང་ཡེ་ཤེས་དྲི་མེད་ཤངས། །ཐེ་ཚོམ་གཉིས་བསལ་པདྨ་དག་པའི་ལྗགས། །སྐྱེ་བ་རྒྱུན་བཅད་ཡེ་ནས་སྐུ་གསུང་ཐུགས། །མ་སྐྱེས་ཐིག་ལེའི་ངང་དུ་དབང་བསྐུར་རོ། །ཨ་ཡཾ་སོ་ཏི་ཏ་ཨ་ཧཱུཾ་ཨཱཿ། སྟོང་པ་ཉིད་དང་ནམ་མཁའི་སྐུར་མཚོན་ཏེ། །སྟོང་ཞིང་བདག་མེད་མཐའ་གཉིས་རྣམ་པར་གསལ། །རྒྱ་མ་ཆད་པའི་ཡེ་ཤེས་བུམ་པའི་སྐུ། །སྟོང་ཉིད་དབྱིབས་ཟླུམ་ཡེ་ཤེས་ཐིག་ལེའི་དང་། །རྒྱུད་གསང་རྨད་བྱུང་སྐུ་ནི་དུ་མར་སྟོན། །མཐའ་དང་དབུས་མེད་ཡངས་པ་སྙིང་པོའི་དོན། །རང་སྣང་ཆོས་ཉིད་ཡེ་ནས་གཟུང་འཛིན་བྲལ། །ཆོས་ཉིད་ལས་ནི་སྐུ་ཉིད་སོ་སོར་གསལ། །ཡང་གསང་དོན་སྟོན་ཁ་རྒྱན་སྙིང་པོར་བཅས། །དག་པ་ཉིད་ཀྱིས་དག་པའི་སྙིང་པོར་སྟོན། །བུམ་པའི་གཟུགས་ལ་སྐུ་བཞི་ཡེ་ཤེས་གསལ། །སྐུ་གསུམ་སྟོང་པའི་མཐའ་གཉིས་རང་སྣང་སྟེ། །ཐབས་མཁས་ཡེ་ཤེས་སྤྲུལ་པ་ཕྱོགས་བཅུར་འགྱེད། །ཚིག་དང་བརྗོད་བྱ་གཉིས་ལས་རབ་ཏུ་འདས། །སངས་རྒྱས་དང་ནི་རིག་པ་སྟོང་


DNG003_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་གསལ། །ཡེ་ཤེས་དང་ནི་སྐུ་ཡང་མ་བསྒྲིབས་གསལ། །ཆོས་ཉིད་རང་བྱུང་རྟོག་མེད་པས། །མཁའ་ཀློང་དབྱིངས་སུ་དབང་བསྐུར་རོ། །ཨོཾ་ལཾ་དུ་ཡང་ཏྲི་ཏ་ཧཱུཾ། དེ་ལྟར་རྫས་ཀྱི་དབང་རྫོགས་ནས། །ཡང་དག་དབང་ལ་འཇུག་པར་བྱ། །ཡང་དག་དབང་ལ་འཇུག་ཚེ་ན། །གཡོན་གྱི་ཡུམ་ལ་དམིགས་བྱས་ཏེ། །བྱང་ཆུབ་སེམས་ཉིད་འདྲེན་པའི་ཕྱིར། །བྷ་གའི་ནང་དུ་རི་ལུ་གཞུག །ཕྱེད་འདྲེན་ན་ནི་ན་གཅིག་སྟེ། །ལྷག་མ་མེད་པར་རྫོགས་བྱེད་ན། །ཆེ་ཆུང་སྲན་མའི་ཚད་དུ་མཉམ། །དེས་ནི་གཉིས་ཀ་འདྲེན་པར་བྱེད། །ཐིག་ལེ་ཟློག་པར་བྱེད་པ་ན། །ཡི་གེ་འབྲུ་བཞི་དྲན་པར་བྱ། །དམར་པོ་རང་ལ་སྡིམ་བྱེད་ན། །འབྲུ་གཉིས་དགུ་དང་བཅས་པའོ། །དེ་ལྟར་དྲན་ཞིང་གསལ་བྱས་ནས། །རྡོ་རྗེ་ཆུ་འཐུང་ཞེས་བྱར་འགྱུར། །རིལ་བུ་བཅུག་ལ་སྦྱར་བྱས་ཏེ། །དཀྱིལ་འཁོར་ནུབ་ཀྱི་ཕྱོགས་དག་ཏུ། །སྒྲུབ་པོ་ཡབ་ཡུམ་སྦྱོར་བྱེད་པའི། །སྦྱོར་བའི་བརྡ་ཡིས་འདི་སྐད་བསྐུལ། །ཧོ་བདག་ཉིད་ལས་ནི་སྣ་ཚོགས་སྣང་། །རྒྱལ་བ་ཐམས་ཅད་མཉམ་སྦྱོར་བས། །མཁའ་ལས་སེམས་བབས་འོད་དུ་ཞུ། །འོད་འཕྲོས་སྦྱོར་བའི་བརྡས་བསྐུལ་ལོ། །ས་མ་ཡ། མཉམ་པར་སྦྱོར་ཅིག་རྡོ་རྗེ་རྒྱལ། །མུཾ་ཨ། བདེ་གསལ་ལོངས་སྤྱོད་ཆོས་ཀྱི་སྐུ། །གཉིས་མེད་དབྱིངས་སུ་བརྡ་སྦྱོར་འཁྱུད། །མུཾ་ཨཱཿ། བདེ་ལྡན་ཕུན་སུམ་ཚོགས་པའི་ས། །རྡོ་རྗེ་ལ་ནི་ཏི་པ་སྟེ། །པདྨ་ལ་ནི་བཛྲ་ཧཱུཾ། །སྡོམས་ཤིག་སྟོང་ཉིད་མུ་དྲ་སྟེ། །བསྡིམས་ཤིག་བྱང་ཆུབ་དབྱིངས་སུ་བསྡིམ། །ཏྲ་ཏ་མ་ཧཱུཾ་ལམ། དེ་ནས་སློབ་མ་དད་ལྡན་གྱིས། །མེ་ལོང་མ་ཆགས་མ་གས་པར། །བྱང་ཆུབ་སེམས་ནི་ལྕེ་ཡིས་བླངས། །བླངས་ཏེ་སློབ་དཔོན་ཉིད་ལ་འབུལ། །དེ་ནས་སློབ་དཔོན་གསང་བ་ཉིད། །འགྱིང་བག་ཆས་སུ་ཞུགས་ནས་ནི། །བུ་ལ་གནང་བའི་སྐབས་ཕྱེ་སྟེ། །སྟ་གོན་ཆོ་ག་རྫོགས་བྱས་ལ། །དང་པོ་སྤྱི་གཙུག་དབང་བསྐུར་ཏེ། །ཏིང་འཛིན་རིམ་པ་འདི་ལྟ་སྟེ། །བུ་ཡི་སྟེང་དུ་བཞག་པའི་ཚེ། །རྫས་དེ་ཡི་གེ་ཧཱུཾ་དུ་


DNG003_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

བསམ། །ཧཱུཾ་ཉིད་དམར་རྩ་དག་ཏུ་བསམ། །དེ་ནས་འོད་ཟེར་རབ་འཕྲོས་པས། །ཡི་གེ་དེ་ཉིད་ལེ་བརྒན་ཏེ། །འོད་ཟེར་ཕྱོགས་བཅུར་འཕྲོས་པར་བསམ། །དེ་ནས་ཚངས་པའི་བུ་གར་ཐིམ། །དུད་ཁང་འབར་བར་བབས་པར་བསམ། །ཧཱུཾ་དེའི་འོད་ཟེར་འཕྲོས་པ་ལས། །ཁྲོ་བོའི་དཀྱིལ་འཁོར་མགོ་ལ་བསམ། །དེ་ནས་ཆོས་ཉིད་རྩར་ཐིམ་པས། །ཧཱུཾ་དེ་འོད་ཀྱི་ཐིག་ལེར་བསམ། །དེ་ནས་ཙིཏྟར་ཐིམ་པར་བསམ། །ཧཱུཾ་དེ་སྣ་ཚོགས་འོད་དུ་བསམ། །དེ་ཉིད་ལས་ནི་ཞི་སྐུར་བསམ། །ཐུགས་ལ་དཀྱིལ་འཁོར་རྫོགས་པར་བསྒོམ། །དེ་ནས་ཡི་གེ་ཧཱུཾ་དེ་ཡང་། །སྒལ་ཚིགས་ཉིད་ཀྱི་རྟ་བརྒྱུད་ནས། །ཕོ་མོ་གང་ཡིན་གསང་གནས་སུ། །ཡི་གེ་དེ་ཉིད་བབས་པར་བསམ། །བརྒྱུད་པའི་དབང་ཉིད་མ་རྫོགས་པར། །ཡེ་ཤེས་དེ་ཉིད་བརྟན་པར་བསམ། །དེ་ལྟར་བབས་ལུགས་རྣམ་བཞི་བསྒོམ། །དེ་ལྟར་ཏིང་འཛིན་གསལ་བྱས་ལ། །བྱང་ཆུབ་སེམས་ཀྱི་སྣོད་དེ་ཡང་། །གྲུབ་མཆོག་དག་དང་ལྡན་པ་ཡིས། །གསང་བའི་གནས་སུ་གཞག་བྱ་སྟེ། །བྱང་ཆུབ་སེམས་ནི་མཱུཾ་དང་ཨཱ། །དེ་ཉིད་འོད་དུ་འཕྲོས་པ་ལས། །བྱང་ཆུབ་སེམས་ནི་འོད་དུ་བསམ། །མཱུཾ་དང་ཨ་ཡིས་ཕུལ་གྱུར་ནས། །གསང་བའི་མཁའ་ལ་ཐིམ་པར་བསམ། །ཧཱུཾ་དང་གཉིས་མེད་འཁྲིལ་པར་བསམ། །གཉིས་མེད་ཡི་གེ་དེ་དག་ནི། །ཡཾ་གིས་སྤངས་དག་རྩར་བསྐྱོད་ནས། །ལྟེ་བའི་རྩ་ལ་ཐིམ་པར་བསམ། །དེ་ཉིད་འོད་དུ་ཞུ་བ་ལས། །གང་དག་སྐྱེ་མེད་འདོད་པ་རྣམས། །ཡི་གེ་དེ་ཡི་བྱིན་བརླབས་ལས། །སྐྱེ་བའི་སྒོ་ཡང་བཅད་པར་བསམ། །གང་དག་བུ་དང་ཚ་འདོད་པས། །དེ་ཡི་འོད་དང་ཟེར་ལྡན་པས། །དབང་པོའི་དྭངས་མ་མིག་ཏུ་བསམ། །དེ་ལ་ཤ་གཟུགས་དོད་པར་བསམ། །དེ་ནས་ཡན་ལག་རྒྱས་པར་བསམ། །སྲིད་པའི་ཤ་གཟུགས་དོད་པའོ། །དེ་ནས་ཙིཏྟར་བརྒྱུད་པར་བསམ། །ཞི་བའི་སྐུ་ལ་ཐིམ་གྱུར་པས། །སྐུ་རྣམས་འོད་དང་ལྡན་གྱུར་པས། །ཡབ་ཡུམ་སྦྱོར་བ་བྱས་པར་བསམ། །མཁའ་ལ་སེམས་དང་འོད་འཕྲོས་པས། །ལྟེ་བའི་སྲས་ལ་དབང་བསྐུར་བསམ། །དེ་ནས་


DNG003_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

ཡཾ་གིས་བསྐྱོད་ནས་ནི། །ཆོས་ཉིད་སྟོང་པའི་རྩ་བཞིར་ཧཱུཾ། །ཐིག་ལེའི་སྐུ་ལས་འོད་འཕྲོས་པས། །དྭངས་མ་སྙིགས་སུ་ཕྱེ་གྱུར་ནས། །དྭངས་མ་ལྔ་ཡི་འོད་འཕྲོས་ནས། །ཡཾ་གྱིས་དུང་ཁང་ནང་དུ་བསྐྱོད། །དེ་ལས་འོད་ཟེར་ལྔ་བྱུང་བས། །ཁྲོ་བོའི་སྐུ་རྣམས་འོད་ལྡན་བསམ། །ཧཱུཾ་དང་ཨ་གཉིས་རྣམ་དག་པས། །ཁྲོ་བོ་ཡབ་ཡུམ་སྦྱོར་བར་བསམ། །དེ་ཉིད་ཐིག་ལེའི་སེམས་སྦྱར་བས། །བྱང་ཆུབ་སེམས་ནི་འོད་དུ་ཞུ། །དེ་ནས་ཧཱུཾ་གིས་མར་བདས་ནས། །སྲོག་པ་རྩ་ཡི་རྟ་བརྒྱུད་ནས། །ལྟེ་བའི་སྲས་ལ་དབང་བསྐུར་བསམ། །ཐིག་ལེ་དེ་ལ་བསྡིམས་ནས་ནི། །ཧཱུཾ་དེ་སླར་ལ་ལོག་པར་བསམ། །ཧཱུཾ་ལས་སྒྲ་དང་འོད་བྱུང་བས། །བུ་ཡི་ཚངས་པའི་བུ་ག་རུ། །ཧཱུཾ་ཉིད་འོད་དང་བཅས་པར་བསམ། །ཨ་ཉིད་མི་གནས་བྱུང་སྟེ་གནས། །མཱུཾ་གཉིས་རྣ་བ་གཡས་གཡོན་ནོ། །དེ་ལྟར་ཡིག་འབྲུ་རབ་གསལ་ཏེ། །སྤྱི་གཙུག་ཧཱུཾ་ཉིད་དེར་སྐུར་བསམ། །དེ་ལས་འོད་འཕྲོས་དབང་ཆེན་སྐུ། །ཡབ་ཡུམ་བཅས་པ་རབ་གསལ་བསྒོམ། །དབང་ཆེན་ཡབ་ཡུམ་སྦྱོར་བར་བསམ། །བྱང་ཆུབ་སེམས་ཉིད་བབ་པ་ལས། །བུ་ཡི་ལུས་ཉིད་ཐིམ་གྱུར་པས། །ལུས་ཉིད་འོད་དུ་ཞུ་བར་བསམ། །དེ་ལས་སྟོང་ཉིད་དེར་སྐུར་བསམ། །ཆོས་སྐུའི་སྲས་སུ་ཡང་དག་བསམ། །མིག་གི་ཨ་ཉིད་ལོངས་སྤྱོད་སྐུ། །བཅོམ་ལྡན་སྣང་བ་མཐའ་ཡས་བསམ། །ཡབ་ཡུམ་གྲངས་མེད་འཕྲོས་བསམས་ཏེ། །ཛཿཧཱུཾ་བཾ་ཧོཿའི་བརྡས་བསྐུལ་ནས། །ལས་ཀྱི་ཕྱག་རྒྱར་བསྡིམ་བྱས་ཏེ། །ཡབ་ཡུམ་གཉིས་མེད་བདེ་བ་ལས། །མཁའ་ལ་བྱང་ཆུབ་སེམས་བབས་པས། །ལུས་དང་དབང་པོ་ཚིམས་བྱས་ཏེ། །ལུས་རྣམས་འོད་དུ་ཞུ་གྱུར་ཏེ། །ལོངས་སྤྱོད་སྐུ་དང་དབྱེར་མེད་བསམ། །ལོངས་སྐུའི་སྲས་སུ་གྱུར་པའོ། །དེ་ནས་མཱུཾ་ལ་དམིགས་བྱས་ཏེ། །མཱུཾ་ཉིད་འོད་དུ་ཞུ་བ་ལས། །སྤྲུལ་སྐུ་རྡོ་རྗེ་འཛིན་དུ་བསམ། །དེ་ཉིད་འོད་དུ་ཞུ་བ་ལས། །རྣམ་སྣང་མངོན་བྱང་ཡབ་ཡུམ་བསམ། །ཛཿཧཱུཾ་བཾ་ཧོཿའི་བརྡས་བསྐུལ་བས། །ལས་ཀྱི་ཕྱག་རྒྱ་བསྡོམས་གྱུར་ནས། །ཡབ་ཡུམ་གཉིས་མེད་


DNG003_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བར་བསམ། །མཁའ་ལས་སེམས་ཕབ་འོད་འཕྲོས་པས། །བུ་ཡི་ལུས་ལ་ཐིམ་གྱུར་ནས། །ལུས་ནི་འོད་དུ་ཞུ་ནས་ནི། །དབང་རྫོགས་མངོན་ཤེས་དྲུག་ལྡན་པའི། །སྤྲུལ་སྐུ་ཉིད་ཀྱི་སྐུ་ཐོབ་སྟེ། །སྤྲུལ་སྐུ་རྡོ་རྗེའི་སྲས་དབང་ཐོབ། །རྫོགས་སངས་རྒྱས་དང་ཆོས་སྐུ་ཐོབ། །དེ་ལྟར་དབང་ཉིད་རབ་རྫོགས་ནས། །རྒྱུ་ནི་རྣམ་པ་བཞི་ཡིན་ནོ། །དེ་ནས་སྐུ་གསུམ་རྫོགས་པའི་དབང་། །རང་བྱུང་དབང་ཉིད་རབ་ཏུ་རྫོགས། །སྐུ་གསུམ་དབྱེར་མེད་ཐོབ་པའོ། །དབང་བསྐུར་དཀྱིལ་འཁོར་རྫོགས་བྱེད་ན། །དང་པོ་སྦྱོར་བ་བྱེད་ཚེ་ནས། །བདག་དང་བསྒྲུབ་པའི་ཡུམ་ཉིད་ཀྱི། །སྤྱི་གཙུག་བདེ་བའི་གནས་སུ་ཡང་། །ཡི་གེ་འདི་ལྟར་བསྒོམ་པར་བྱ། །ཡུམ་ལ་མུཾ་ཉིད་དམར་པོ་སྟེ། །ཡབ་ལ་ཨ་དཀར་འོད་འཕྲོའོ། །དེ་གཉིས་འོད་འབར་འཕྲོ་འདུ་ལས། །ཚངས་པའི་བུ་གར་ཐིམ་པར་བསམ། །དེ་ཉིད་འོད་དུ་བསྡུས་པ་ལས། །ས་མ་ཡ་ཞེས་སྒྲ་བྱུང་ནས། །དམ་ཚིག་ཕྱག་རྒྱས་འཁྱུད་ནས་ནི། །ཡབ་ཡུམ་གཉིས་མེད་སྦྱར་བར་བསམ། །མཁའ་ལས་བྱང་ཆུབ་སེམས་བབས་པས། །རྩ་བཞིའི་ནང་དུ་ཐིག་ལེ་སྟོང་། །དེ་ལས་གཟི་ལྡན་འོད་འཕྲོས་པས། །ཐིག་ལེ་དྭངས་སྙིགས་ཕྱེད་ནས་ནི། །དྭངས་མ་འོད་ཟེར་རྣམ་ལྔ་སྟེ། །སྙིགས་མ་དཀར་པོའི་ཐིག་ལེའོ། །དྭངས་མ་ཙིཏྟའི་ནང་དུ་བབས། །དེ་ལས་འོད་ཟེར་རབ་འཕྲོས་པས། །དྭངས་མ་སིད་ཏའི་སྒྲས་བྱུང་བས། །ཞི་བ་ཡབ་ཡུམ་བརྡས་བསྐུལ་བས། །ཆོས་ཀྱི་ཕྱག་རྒྱས་འཁྱུད་ནས་ནི། །ཡབ་ཡུམ་གཉིས་མེད་སྦྱོར་བར་བསམ། །བྱང་ཆུབ་སེམས་ཉིད་བབས་པ་ལས། །འོད་ཟེར་སྣ་ཚོགས་འཕྲོས་པ་ཡིས། །ཆ་ཤས་འོད་ཟེར་ཐམས་ཅད་ཀྱང་། །སྒལ་ཚིགས་ཐིག་ལེ་དག་ལ་ཐིམ། །ལས་ཀྱི་རླུང་གིས་དེད་ནས་ནི། །སྒལ་ཚིགས་ཉིད་ཀྱི་རྟ་བརྒྱུད་ནས། །གསང་བའི་མཁའ་ལ་བབས་གྱུར་ནས། །བདག་ཉིད་སྦྱོར་བའི་བརྡས་བསྐུལ་ཏེ། །


DNG003_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱི་ཕྱག་རྒྱས་འཁྱུད་བྱས་ཏེ། །ཡུམ་གྱི་བསྐྱོད་བཞིས་བདེ་བ་བསྐྱེད། །ཡབ་ཡུམ་གཉིས་མེད་ལྷུན་སྦྱར་ཏེ། །བདེ་གསང་ཆོས་ཉིད་དབང་བསྐུར་རོ། །སྙིང་པོའི་སྐུ་ཡང་དེས་ཐོབ་པོ། །དང་པོའི་སྐབས་སུ་ཤེས་པར་བྱ། །དེ་ལྟར་དབང་བསྐུར་རྫོགས་ནས་ནི། །སྦྱོར་བའི་དབང་བསྐུར་འདི་ལྟར་བརྗོད། །རིགས་ངེས་བསྟན་པའི་ཚིག་འདི་བརྗོད། །འདི་ནི་རིགས་ངེས་རྒྱལ་བའི་སྲས། །ཨེ་མ་ཧོ། དེ་རིང་ཕན་ཆད་རྒྱལ་བའི་སྐུ། །འདི་ནི་སངས་རྒྱས་ངེས་པའི་ལམ། །སྐུ་གསུམ་འབྲས་བུ་རང་སྣང་སྟེ། །ཕྱིན་ཅི་མ་ལོག་དབང་ཐོབ་ནས། །སངས་རྒྱས་ཀུན་དང་དབྱེར་མེད་མཉམ། །རྫོགས་སངས་རྒྱས་པའི་སྐུ་ཐོབ་པས། །ཕྱིར་མི་ལྡོག་པའི་ས་ཡང་ཐོབ། །གདོད་ནས་མ་ཆགས་སྙིང་པོའི་དོན། །སྔ་མ་ཁྱོད་ཀྱིས་མ་ཐོབ་སྟེ། །དུས་འདི་ཉིད་དུ་ཐོབ་པས་ན། །དེ་རིང་ཕན་ཆད་རྫོགས་སངས་རྒྱས། །ཡང་དག་ངེས་པའི་ས་ཐོབ་པས། །སངས་རྒྱས་ཀུན་དང་མཉམ་པར་སྦྱོར། །ཐིག་ལེ་ཉག་གཅིག་དབང་ཐོབ་པོ། །ལྔ་གསུམ་དགུ་ལ་རྫོགས་པའོ། །རྡོ་རྗེ་འཆང་གི་གྲལ་ཐོབ་པས། །དེ་ལ་ལྷུན་གྱིས་གནས་པར་སྤྱོད། །བདག་གིས་སྲས་སུ་བྱས་ནས་ནི། །སངས་རྒྱས་ཉིད་དང་མཉམ་པ་ཡི། །རབ་ཏུ་དགྱེས་པའི་དབང་ཐོབ་པོ། །ཨ་མ་སྭ་མོང་སྟན་བ་ཤནྜ་ཧཱུཾ། ཨ་ལྡན་བྱང་ཆུབ་སེམས་ཀྱི་རང་བཞིན་དཀར་ལ་དྭངས། །མཱུཾ་ལྡན་བྱང་སེམས་དམར་དང་འོད་ཟེར་འཕྲོས། །གཉིས་མེད་སྐུ་ཡང་རབ་ཏུ་གསང་བའི་ཐིག་ལེ་སྟེ། །སྐུ་གསུམ་ཡོན་ཏན་བྱང་ཆུབ་སེམས་མཉམ་པས། །བྱང་ཆུབ་སྙིང་པོ་སྒྱུ་མ་ལྷུན་གྲུབ་སྐུ། །ཐ་དད་མི་འབྱེད་ཆོས་སྐུ་སྟོང་བདག་མེད། །དཀར་དང་དམར་དང་ཤེས་རབ་ཐབས་མཁས་སྐུ། །ཆོས་ཉིད་སྟོང་པ་མཁའ་ཁྱབ་ཀུན་ལ་རོལ། །ཆགས་མེད་ཆགས་པའི་ཚུལ་བསྟན་བྱང་ཆུབ་ཉིད་ཀྱི་སྐུ། །མཚན་མ་སྤྲོས་བྲལ་གསང་བའི་ཡུམ་གྱི་དབང་། །ཐབས་མཁས་ཐུགས་རྗེ་ཆེན་པོ་ཡིན་པས་ན། །དེང་ནས་བཟུང་སྟེ་རྒྱལ་བའི་སྲས་སུའོ། །ཨོཾ་བོ་དྷི་ཙིཏྟ་ཨི་བ་ཀེ་ཡ་ཨཱ། ཨེ་
མ་ངོ་མཚར་བལྟ་བའི་དཀྱིལ་འཁོར་ཆེ། །དཀྱིལ་འཁོར་ཉིད་ལ་དཀྱིལ་འཁོར་ཉིད་བསྟན་པས། །སྔོན་ཆད་མ་འཚལ་དེང་ནས་བདག་གིས་ཤེས། །རང་གི་རང་བཞིན་ཡིན་པར་ད་ཤེས་པས། །གཞན་ནས་མ་བཙལ་ཕྱི་ནང་དབང་ཐོབ་པས། །གསང་བའི་དབང་དང་ཡོངས་རྫོགས་དུས་འདིར་ཐོབ། །དཔའ་བོས་གནང་བས་བཀའ་དྲིན་རབ་ཏུ་ཆེའོ། །ཧ་ཧ་ཧེ་ཧེ་རིག་ངེས་སོ། །ཨ་ཨ་ཨི་ཨི་ངོ་མཚར་རོ། །དབང་རྫོགས་ཡོན་ཡང་འབུལ་བར་བྱའོ། །སློབ་དཔོན་ཉིད་ཀྱིས་དལ་བསྡུའོ། །ཞེས་རྫོགས་པ་རང་བྱུང་ཆེན་པོའི་རྒྱུད་ལས། གསང་བ་མཁའ་དབྱིངས་བུམ་པའི་དབང་བསྐུར་བའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ། །རྫོགས་སོའོ།། །།


previousགསང་བ་ཡེ་ཤེས་ཐིག་ལེའི་དབང་། མཁའ་དབྱིངས་བུམ་པ་ལྟར་བསྐུར་བ། next