Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

3 occurrences of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


  
 collapse section
  
  
  
  
  
  
  
 collapse section
  
  
  
  
  
  
  
  
  
  
  
  
  
  
ཆུ་འབབ་བཤད་པ།
  
  
  
  
  
  
  
  
  
  
  
  
  
  
  
  
  
 


3 occurrences of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previousཆུ་འབབ་བཤད་པ།next

ཆུ་འབབ་བཤད་པ།


GLG012_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་འབབ་བཤད་པ།གསུམ་པ་ལ། ཚིག་གི་དོན། སྤྱིའི་དོན། མཐའ་དཔྱད་པ་དང་གསུམ། དང་པོ་ནི། ཤེས་བྱ་ཆོས་ཅན། སྔར་གྱི་ཁས་བླངས་ཀྱིས་རྣལ་འབྱོར་པས་བླ་མའི་མན་ངག་ལས། ཀེང་རུས་ཀྱིས་གང་བའི་ས་གཞི་མཐོང་བར་བཤད་པ་དང་མི་འགལ་ཏེ། དེ་ལྟར་མཐོང་བ་གང་ཡིན་པ་དེར་ཡང་ཡུལ་དབང་ཤེས་པ་གསུམ་ཆར་རང་བཞིན་གྱིས་སྐྱེ་བ་མེད་པར་མཐོང་བའི་ཕྱིར་ཏེ། ཏིང་ངེ་འཛིན་དེ་ལོག་པ་སྟེ་མོས་པ་ཡིད་ལ་བྱེད་པར་བསྟན་པའི་ཕྱིར་རོ། །སེམས་ཙམ་པ་ཆོས་ཅན། ཁྱོད་ཀྱི་དབང་བློའི་ཡུལ་རྣམས་གཅིག་གིས་མཐོང་བར་གཞན་གྱིས་མཐོང་བ་ཇི་ལྟ་བ་དེ་ལྟར་མི་སྡུག་པའི་ཡིད་ཅན་གྱི་རྣལ་འབྱོར་པས་ཀེང་རུས་མཐོང་བར་འགྱུར་བ་ན། དེ་བཞིན་དུ་ཡུལ་དེར་བློ་གཏད་པ་ན་ཅིག་ཤོས་རྣལ་འབྱོར་པ་མ་ཡིན་པས་ཀེང་རུས་རྟོགས་པར་འགྱུར་བ་དང་ཏིང་ངེ་འཛིན་དེ་ནི་རྫུན་པ་སྟེ་མོས་པ་ཡིད་བྱེད་དུ་ཡང་མི་འགྱུར་བར་ཐལ། ཀེང་རུས་གསལ་སྣང་གི་ཏིང་ངེ་འཛིན་རང་བཞིན་གྱིས་གྲུབ་པའི་ཕྱིར། ཆུ་འབབ་པའི་ཀླུང་ལ་ཡི་དྭགས་ཀྱིས་རྣག་ཁྲག་མཐོང་བའི་བློ་ཡང་ཆོས་ཅན། ཕྱི་རོལ་མེད་པར་ཤེས་པ་རང་


GLG012_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གྱིས་ཡོད་པའི་དཔེར་མི་འགྱུར་བར་ཐལ། རབ་རིབ་དང་ལྡན་པའི་དབང་པོ་ཅན་གྱིས་སྐྲ་ཤད་མཐོང་བ་དང་རྫུན་པར་མཚུངས་པའི་ཕྱིར། གཉིས་པ་ནི། སེམས་ཙམ་པས་བྱང་སེམས་ས་དྲུག་པ་བས་སྲིད་གསུམ་ཕྱི་རོལ་གྱི་དོན་གྱིས་སྟོངས་པའི་སེམས་ཙམ་དུ་རྟོགས་པ་དེ་ཉིད་ཤེར་ཕྱིན་ལྷག་པའི་དོན་ཡིན་ཏེ། ཕྱི་དོན་མེད་ཀྱང་ཀུན་གཞིའི་སྟེང་གི་བག་ཆགས་སྨིན་པ་ལས་དོན་སྣང་གི་རྣམ་ཤེས་རང་བཞིན་གྱིས་སྐྱེ་བས་གཞན་ལས་སྐྱེ་བ་ཡོད་པའི་ཕྱིར། དེ་ལྟ་བུའི་གཞན་དབང་གི་ཤེས་པ་དེ་ཡང་ཁྱད་པར་གསུམ་དང་ལྡན་ཏེ། རྒྱུའི་ཁྱད་པར་ཀུན་གཞིའི་བག་ཆགས་ལས་བྱུང་བ་དང་། ངོ་བོའི་ཁྱད་པར་དོན་དམ་པར་རང་བཞིན་གྱིས་གྲུབ་པ་དང་། ཡུལ་གྱི་ཁྱད་པར་དོན་དམ་པར་སྒྲ་རྟོག་གི་སྤྲོས་པའི་ཡུལ་མ་ཡིན་པའི་ཁྱད་པར་གསུམ་ལྡན་དུ་འདོད་པའི་ཕྱིར་ཞེས་སྨྲ་བའི་ལུགས་འདི་དགག་ཚུལ་ཡོད་དེ། དང་པོར་དཔེས་དགག་པ་ལ། རྨི་ལམ་གྱི་སྐབས་སུ་ཁྱོད་ཀྱི་ལུགས་ལ་རྨི་ལམ་ན་ཕྱི་རོལ་གྱི་ཡུལ་གླང་པོ་ཆེ་མེད་ཀྱང་ཁང་མིག་ཆུང་ངུར་ཉལ་བའི་ཚེ། གླང་པོ་ཆེའི་ཁྱུ་འཁྲིགས་པར་སྣང་བའི་ཤེས་པ་སྐྱེ་བ་བཞིན་ནོ་ཞེས་པ་དཔེ་ཡང་དག་མ་ཡིན་ཏེ། རྨི་ལམ་གྱི་ཡུལ་དབང་རྣམ་ཤེས་གསུམ་ག་རང་བཞིན་གྱིས་མེད་པའི་རྫུན་པ་ཙམ་དུ་མཚུངས་པས་ནུས་པ་ལྷག་པོ་མི་འབྱུང་བའི་ཕྱིར། དཔེ་གཞན་ཡང་། རབ་རིབ་ཅན་གྱིས་སྐྲ་ཤད་མཐོང་བ་བཞིན་ནོ་ཞེས་པ་དཔེ་ཡང་དག་མ་ཡིན་ཏེ། རབ་རིབ་ཅན་གྱི་བློ་ངོར་ནི་ཡུལ་སྐྲ་ཤད་དང་། དེ་འཛིན་གྱི་བློ་གཉིས་ཀ་བདེན་པར་ཡོད་ལ། རབ་རིབ་མེད་པའི་བློ་ངོར་ནི་དེ་གཉིས་ཀ་མེད་པའི་ཕྱིར་དང་། ཆུ་


GLG012_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

འབབ་པའི་ཀླུང་ཡི་དྭགས་ལ་རྣག་ཁྲག་ཏུ་སྣང་བའི་བློ་ཡང་སྔ་མ་དང་མཚུངས་པའི་ཕྱིར། ཆུ་ཀླུང་རྣ་ཁྲག་ཏུ་སྣང་བའི་བློ་དེ། རབ་རིབ་ཅན་གྱི་དབང་པོའི་ཤེས་པ་དང་མི་མཚུངས་པའི་སྐྱོན་མེད་དེ། ཆུ་ཀླུང་དེ་ལ་རྣག་ཁྲག་མེད་བཞིན་དུ་དེར་སྣང་བའི་མིག་ཤེས་དང་། དེ་མཚན་ཉིད་པ་སྣང་བའི་མིག་ཤེས་གཉིས་ལས། སྔ་མ་རབ་རིབ་ཅན་གྱི་མིག་ཤེས་དང་མཚུངས་པའི་ལོག་ཤེས་སུ་བསྟན་ཅིང་། ཕྱི་མ་དེ་ལྟར་མིན་པའི་ཕྱིར། སྣང་ཚུལ་མི་འདྲ་བ་འབྱུང་ཚུལ་ཡོད་དེ། བལྟ་བྱ་དེ་ལ། ལས་ཅན་གྱི་ལྷ་མི་ཡི་དྭགས་གསུམ་ལ་མཐོང་ཚུལ་མི་འདྲ་བ་གསུམ་འབྱུང་བའི་ཕྱིར་ཏེ། ཐེག་བསྡུས་ལས། ཡི་དྭགས་དུད་འགྲོ་མི་རྣམས་དང་། །ལྷ་རྣམས་ཇི་ལྟར་རིགས་རིགས་སུ། །དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །དོན་མ་གྲུབ་པར་འདོད་པ་ཡིན། །ཞེས་གསུངས་པའི་ཕྱིར། མཐོང་ཚུལ་ཡང་ཡོད་དེ། ཡི་དྭགས་ཀྱིས་རྣག་ཁྲག །ཉ་སོགས་ཀྱིས་གནས་ཁང་། མིས་ཆུ། ནམ་མཁའ་མཐའ་ཡས་ལ་སྙོམས་པར་ཞུགས་པའི་ལྷས་ནམ་མཁར་མཐོང་བའི་ཕྱིར་ཏེ། དགེ་བསྙེན་བཙུན་པས་མཛད་པའི་ཐེག་བསྡུས་ཀྱི་བཤད་སྦྱར་ལས ཆུ་ཀླུང་གི་དངོས་པོ་ལ་རང་རང་གི་ལས་ཀྱི་རྣམ་སྨིན་གྱི་དབང་གིས་ཡི་དྭགས་ཀྱིས་རྣག་ལ་སོགས་པས་གང་བར་མཐོང་བ་དང་། དེ་ཉིད་ལ་དུད་འགྲོ་ཉ་ལ་སོགས་པས་གནས་ཀྱི་བློས་གནས་པར་བྱེད་པ་དང་། མི་རྣམས་ཀྱིས་ནི་མངར་བ་དང་དྭངས་པ་དང་བསིལ་བའི་ཆུར་རྟོག་ཅིང་ཁྲུས་བྱེད་དོ། །འཐུང་ངོ་དེར་འཇུག་གོ །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་ཞུགས་པའི་ལྷ་རྣམས་


GLG012_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ནི་ནམ་མཁར་མཐོང་སྟེ། གཟུགས་ཀྱི་འདུ་ཤེས་རྣམ་པར་བཤིག་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། དེ་ལྟར་མཐོང་ན་གོ་ས་གཅིག་ལ་རྣག་ཁྲག་དང་རྣག་ཁྲག་མ་ཡིན་པ་མི་འགལ་བར་འགྱུར་བའམ། ཡང་ན་ཚད་མ་གཅིག་གིས་གྲུབ་པའི་ཡུལ་ལ་ཚད་མ་ཅིག་ཤོས་ཀྱིས་དེ་ལས་ལོག་སྟེ་གྲུབ་པས་ཚད་མ་ལ་ཡིད་བརྟན་མི་རུང་བའི་སྐྱོན་ནི་མེད་དེ། དཔེར་ན་མེས་བསྲེགས་པའི་ལྕགས་གོང་དམར་འབར་བ་ལ་རིག་སྔགས་བཟླས་པའི་ཆུས་བཀྲུས་པའི་ལག་པ་དང་མ་བཀྲུས་པའི་ལག་པ་གཉིས་ལ་འཚིག་མི་འཚིག་གི་ཁྱད་པར་འབྱུང་བ་བཞིན་ཡིན་པའི་ཕྱིར་ཏེ། རྣམ་བཤད་ལས། འོ་ན་ཇི་ལྟར་ཞེ་ན། ཐོག་མར་དཔེ་བཤད་པར་བྱ་སྟེ། ལྕགས་གོང་མེས་བསྲེགས་པའི་དམར་འབར་བ་ལ་རེག་ཀྱང་མི་འཚིག་པའི་རིག་སྔགས་དང་ལྡན་པ་ཞིག་གིས་ལྕགས་གོང་དེ་ལག་ཏུ་བླངས་པ་ན་ལུས་ཤེས་ཀྱིས་ལྕགས་དེའི་རེག་བྱ་འཛིན་ཀྱང་། དེ་ལ་རེག་བྱ་ཤིན་ཏུ་ཚ་ཞིང་། སྲེག་པའི་རྣམ་པ་ཅན་དུ་མི་སྐྱེ་བ་ནི། རིག་སྔགས་བཟླས་པའི་ཆུས་ལག་པ་བཀྲུས་པ་སོགས་ཀྱི་རྐྱེན་གྱིས་ཡིན་ནོ། །དེ་འདྲ་བའི་རིག་སྔགས་ཟློས་པ་དང་བྲལ་བ་ལ་ནི། ལྕགས་གོང་གི་རེག་བྱ་དེ་ཤིན་ཏུ་ཚ་ཞིང་སྲེག་པའི་རྣམ་པ་ཅན་དུ་སྐྱེའོ། །དེ་ལྟར་ན་མི་སྲེག་པ་དང་སྲེག་པའི་རེག་བྱ་གཉིས་ཀ་ལྕགས་གོང་གཅིག་པུ་དེའི་རེག་བྱར་ནི་བྱ་དགོས་ལ། ལུས་ཤེས་ཚད་མ་གཉིས་གཅིག་གིས་གྲུབ་པའི་རེག་བྱ་ཅིག་ཤོས་ཀྱིས་གྲུབ་པ་ནི་མིན་པས་གཉིས་ཀ་ཚད་མར་ཁས་བླངས་ཀྱང་། ཚད་མ་གཅིག་གིས་གྲུབ་པ་ཅིག་ཤོས་


GLG012_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་འགོག་པ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། རླན་ཞིང་གཤེར་བ་ཕོར་པ་གང་གི་ཆ་ཤས་གཅིག་གིས་ཉེར་ལེན་དང་། ལྷའི་ལས་ཀྱིས་བདག་རྐྱེན་བྱས་པ་ལ་བརྟེན་ནས་ཆུ་ཕོར་པ་གང་གི་ཆ་ཤས་གཅིག་བདུད་རྩིར་སྐྱེ་ཞིང་དེ་ལ་ལྷའི་མིག་ཤེས་ཚད་མ་ཡིན་ལ། མི་དང་ཡི་དྭགས་ལ་ཡང་དེས་མཚོན་པའི་ཕྱིར་ཏེ། རྣམ་བཤད་ལས། དེ་བཞིན་དུ་གཞི་གང་དུ་ཆུ་ཀླུང་འབབ་པའི་གཞི་དེར་ཆུ་ཀླུང་དེའི་ཆ་ཤས་གཅིག་ཡི་དྭགས་རྣམས་ལ་སྔོན་ལས་ཀྱི་དབང་གིས་རྣག་ཁྲག་ཏུ་སྐྱེས་པ་དང་། ཆུ་ཀླུང་གི་ཆ་ཤས་གཞན་གཅིག་མི་ལ་སྔོན་ལས་ཀྱི་དབང་གིས་རྣག་ཁྲག་ཏུ་མི་སྣང་བའི་བཏུང་བ་དང་ཁྲུས་ཀྱི་ཆུར་སྐྱེ་བ་ན་དེ་གཉིས་ཀ་ཆུ་ཀླུང་གཅིག་གི་ཆ་ཤས་རེ་ཡིན་པས་ཡི་དྭགས་ཀྱི་མིག་ཤེས་ཚད་མས་གྲུབ་པའི་དོན་དང་། མིའི་མིག་ཤེས་ཚད་མས་གྲུབ་པའི་དོན་གཉིས་ཀྱང་དངོས་པོ་སོ་སོ་བ་ཡིན་པས། དེ་གཉིས་གཅིག་གིས་གྲུབ་པའི་དོན་དེ་ཉིད་ཅིག་ཤོས་ཀྱིས་དེའི་བཟློག་ཕྱོགས་སུ་གྲུབ་པ་ག་ལ་ཡིན། ཞེས་གསུངས་པའི་ཕྱིར། འོ་ན་སྣང་ཚུལ་དེ་ཁོ་ནར་ངེས་སམ་སྙམ་ན་མ་ངེས་ཏེ། ཐུན་མོང་དུ་བལྟས་པའི་ཚེ་དེ་ལྟར་ཡིན་ཀྱང་། སྣོད་དེ་ཡི་དྭགས་ཀྱིས་ལག་ཏུ་བླངས་པ་ན་ཆ་ཤས་ཐམས་ཅད་རྣག་ཁྲག་ཏུ་འགྱུར་འགྲོ་ཞིང་། དེས་གཞན་ལ་ཡང་མཚོན་པའི་ཕྱིར། རྒྱུ་མཚན་ཡོད་དེ། ཡི་དྭགས་རྣམས་ལ་ལས་དབང་གིས་སོས་ཀའི་དུས་སུ་ཟླ་བའི་རེག་བྱ་ཡང་ཤིན་ཏུ་ཚ་ཞིང་། དགུན་གྱི་དུས་སུ་ཉི་མའི་རེག་བྱ་ཡང་ཤིན་ཏུ་བསིལ་བར་འབྱུང་བའི་ཕྱིར་ཏེ། བཤེས་སྤྲིང་ལས། ཡི་དྭགས་རྣམས་ལ་སོས་ཀའི་དུས་སུ་ནི། །ཟླ་བའང་ཚ་ལ་དགུན་ནི་ཉི་མའང་གྲང་། །


GLG012_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་པའི་ཕྱིར་དང་། དེས་བལྟས་པའི་ཚེ་ལྗོན་ཤིང་ལ་འབྲས་བུ་མེད་པར་མཐོང་བ་ན། རྗེས་ཤེས་ཀྱི་སྐབས་སུ་རྟོག་པས་ལྗོན་ཤིང་ལ་འབྲས་བུ་མེད་པར་ཞེན་པའི་བློ་སྐྱེ་བ་ཡང་སྡིག་ལས་ཀྱི་མཐུ་ལས་འབྱུང་སྟེ། ལྷ་མི་སོགས་ལ་དེ་ལྟར་མི་འབྱུང་བའི་ཕྱིར་ཏེ། དེ་ཉིད་ལས། ལྗོན་ཤིང་འབྲས་བུ་མེད་འགྱུར་དེ་དག་གིས། །བལྟས་པ་ཙམ་གྱིས་ཀླུང་ཡང་སྐམ་པར་འགྱུར། །ཞེས་གསུངས་པའི་ཕྱིར། ལས་ལས་གྲུབ་པའི་རྒྱུ་མཚན་ཡོད་དེ། དཔེར་ན་དམྱལ་བའི་མཚོན་ཆ་དང་ལྕགས་བསྲེགས་ཀྱི་ས་གཞི་ལྟ་བུ། དབང་ཕྱུག་སོགས་ཀྱིས་བློའི་གཡོ་བ་མངོན་(སྔོན་)དུ་བཏང་བ་ལས་བྱུང་བ་མ་ཡིན་པར། རྣམ་སྨིན་མྱོང་དགོས་ཀྱི་སེམས་ཅན་རྣམས་ཀྱི་སྐྱེ་བ་སྔ་མའི་སྡིག་པའི་སེམས་ལས་བྱུང་བར་ཐུབ་པས་གསུངས་པའི་ཕྱིར་ཏེ། སྤྱོད་འཇུག་ལས། སེམས་ཅན་དམྱལ་བའི་མཚོན་ཆ་རྣམས། །སུ་ཞིག་གིས་ནི་ཆེད་དུ་བྱས། །ལྕགས་བསྲེགས་ས་གཞི་སུ་ཡིས་བྱས། །མེ་ཚོགས་དེ་དག་ཅི་ལས་བྱུང་། །དེ་འདྲ་དེ་དག་ཐམས་ཅད་ཀྱང་། །སྡིག་སེམས་ཡིན་པར་ཐུབ་པས་གསུངས། །ཞེས་གསུངས་པའི་ཕྱིར། གསུམ་པ་ནི། ཁ་ཅིག །དེ་གསུམ་གྱིས་ཆུ་ཕོར་པ་གང་ལ་བལྟས་པའི་ཚེ། དེའི་སྟེང་དུ་བདུད་རྩི་དང་རྣག་ཁྲག་དངོས་གནས་པ་མེད་ཟེར་ན། མི་འཐད་པར་ཐལ། དེའི་ཚེ་དེ་རྣག་ཁྲག་ཏུ་སྣང་བའི་ཡི་དྭགས་ཀྱི་མིག་ཤེས་ཚད་མ་ཡིན་པའི་ཕྱིར། ཁ་ཅིག །གཟུགས་ཅན་གཅིག་གིས་རང་གི་གོ་སར་གཟུགས་ཅན་གཞན་འབྱུང་བའི་གོ་མི་འགེགས་པར་ཐལ། དེ་ལྟར་བལྟས་པའི་ཚེ་ཆུའི་སྟེང་ན་བདུད་རྩི་སོགས་གསུམ་ག་ཡོད་པའི་ཕྱིར་ན་མ་ཁྱབ། དེའི་


GLG012_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དུ་བདུད་རྩི་ཕོར་པ་གང་། ཆུ་ཕོར་པ་གང་། རྣག་ཁྲག་ཕོར་པ་གང་ཡོད་པར་ཐལ། ཆ་ཤས་རེ་རེ་ནས་ཁས་ལེན་དགོས་པའི་ཕྱིར་ན་མ་ཁྱབ། གཞན་ཡང་། ཁྱོད་ཀྱི་དམ་བཅའ་དེ་མི་འཐད་པར་ཐལ། དུས་འཁོར་དང་མངོན་པའི་གདུལ་བྱ་གཉིས་ཀྱིས་ཐུན་མོང་དུ་བལྟས་པའི་ཚེ། ཆ་ཅན་རི་རབ་གཅིག་གི་གོ་ས་ན་རི་རབ་དབྱིབས་མི་གཅིག་པ་གཉིས་ཅིག་ཅར་དུ་ཡོད་པའི་ཕྱིར། དེར་ཐལ། སྔ་མའི་སྣང་ངོར་ཟླུམ་པོ་དང་། ཕྱི་མའི་སྣང་ངོར་གྲུ་བཞིར་ཡོད་པའི་ཕྱིར། གཞན་ཡང་། མི་འཐད་པར་ཐལ། ཆུ་ཕོར་གང་གི་ནང་དུ་ཁྲག་ཆང་འོ་མ་གསུམ་ཅིག་ཅར་དུ་བསྲེས་པ་ན། རླན་ཞིང་གཤེར་བ་ཕོར་པ་གང་གི་སྟེང་དུ་དེ་རྣམས་ཅིག་ཅར་དུ་ཡོད་པའི་ཕྱིར། གཞན་ཡང་། མི་འཐད་པར་ཐལ། ཆ་ཅན་བུམ་པ་གཅིག་གི་སྟེང་ན་མཆུ་དང་ལྟོ་བ་དང་མགྲིན་པ་སོགས་རྫས་ཐ་དད་པ་དུ་མ་ཡོད་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། སངས་རྒྱས་ཀྱི་སྐུ་ལ་ཀུན་དགའ་བོ་དང་ལྷས་སྦྱིན་གཉིས་ཀྱིས་ཅིག་ཅར་དུ་བལྟས་པའི་ཚེ་མཛེས་མི་མཛེས་ཀྱི་ཆ་གཉིས་ཡོད་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་ན། སངས་རྒྱས་ཀྱི་སྐུ་གཟུགས་ཀྱིས་ཉེར་ལེན་བྱས་པ་ལས་བྱུང་བའི་མི་མཛེས་པ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེའི་སྐུ་ལ་མི་མཛེས་པར་གྱུར་པ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེའི་སྐུ་ལ་མི་མཛེས་པར་སྣང་བ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་མཐོང་ན་མི་མཐུན་པ་མེད་པའི་སྐུ་ཡིན་པའི་ཕྱིར། ཁ་ཅིག་ཡི་དྭགས་ཀྱི་ལུས་ཤེས་དང་དགུན་དུས་ཀྱི་ཉི་མ་ཕྲད་པ་ལས་གྲང་རེག་འབྱུང་བར་ཐལ། དམ་བཅའ་འཐད་
པའི་ཕྱིར། འདོད་ན། དེ་དང་མེ་སྟོབས་ཆེན་པོའི་སྟེང་དུ་གྲང་རེག་འབྱུང་བར་ཐལ། འདོད་པའི་ཕྱིར། འདོད་ན། མེ་སྟོབས་ཆེན་པོ་ལས་གྲང་རེག་འབྱུང་བར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འོ་ན་ཆུ་བོ་གཾགཱ་མེད་པར་ཐལ། ལས་སྟོབས་ཆེན་བསགས་པའི་ཡི་དྭགས་ཀྱི་སྣང་ངོར་མེད་པའི་ཕྱིར། ཁྱབ་པ་འགྲིག །གཞན་ཡང་། མེ་ལྕེ་ལས་མུན་པ་འབྱུང་བར་ཐལ། མེ་ལས་གྲང་རེག་འབྱུང་བའི་ཕྱིར། འདོད་ན། མེ་ལྕེ་ལས་ཀྱང་མུན་པ་སྟུག་པོ་འབྱུང་འགྱུར་ཞིང་། །ཞེས་བཤད་པ་མི་འཐད་པར་ཐལ་ལོ། ཁ་ཅིག །ཆུ་མིག་ཤེས་ཀྱི་གཟུང་བྱ་མ་ཡིན་པར་ཐལ། དེ་རེག་བྱའི་སྐྱེ་མཆེད་ཡིན་པའི་ཕྱིར་ཟེར་ན། མ་གྲུབ་སྟེ། གཟུགས་ཀྱི་སྐྱེ་མཆེད་ཡིན་པའི་ཕྱིར། དེར་ཐལ། རྣམ་བཤད་ལས། ཡི་དྭགས་ལ་ཆུ་ཀླུང་རྣག་ཁྲག་ཏུ་སྣང་བ་ནི་དེའི་མིག་ཤེས་ལ་སྣང་བ་ཡིན་པས་གཟུགས་ཀྱི་སྐྱེ་མཆེད་དུ་གཞག་དགོས་སོ། །ཞེས་གསུངས་པའི་ཕྱིར། གཉིས་པ་ནི། མདོར་ན་ཇི་ལྟར་ཤེས་བྱ་རང་བཞིན་གྱིས་མེད་པ་ཇི་ལྟ་བ་དེ་བཞིན་དུ་བློ་ཡང་རང་བཞིན་གྱིས་མེད་ཅེས་དོན་འདི་ཤེས་པར་གྱིས་ཏེ་བྱ་རིགས་ཏེ། ཤེས་བྱ་མེད་པར་ཤེས་པ་ཡོད་པ་མི་འཐད་པའི་ཕྱིར།


previousཆུ་འབབ་བཤད་པ།next