Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དགེ་འདུན་དཀོན་མཆོག་བྱེ་བྲག་ཏུ་བཤད་པ།
   
   
   
   
   
   
   
   
   
   
   
   
  expand section
   
  expand section
  expand section
  expand section
  expand section
  expand section


 
previousདགེ་འདུན་དཀོན་མཆོག་བྱེ་བྲག་ཏུ་བཤད་པ།next

དགེ་འདུན་དཀོན་མཆོག་བྱེ་བྲག་ཏུ་བཤད་པ།


GLG013_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་འདུན་དཀོན་མཆོག་བྱེ་བྲག་ཏུ་བཤད་པ། གཉིས་པ་དགེ་འདུན་དཀོན་མཆོག་བྱེ་བྲག་ཏུ་བཤད་པ་ལ། སྤྱི་དོན་དང་། ཡན་ལག་གི་དོན་གཉིས། གཉིས་པ་ལ། མཚམས་སྦྱར་བ། རྩ་བ། འགྲེལ་པ་གསུམ། དང་པོ་ནི། ཤེས་བྱ་ཆོས་ཅན། དགེ་འདུན་དཀོན་མཆོག་གི་དབྱེ་བ་ཡོད་དེ། དགེ་འདུན་དཀོན་མཆོག་གི་སྐབས་སུ་མདོ་ལས་གསུངས་པ་རྣམས་ཀྱི་དབྱེ་བ་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་དུ། དབང་པོ་རྟུལ་དང་ཞེས་སོགས་བར་སྐབས་ཀྱི་ཚིགས་སུ་བཅད་པ་གཉིས་གསུངས་པའི་ཕྱིར། གཉིས་པ་ནི། ཐེག་ཆེན་གྱི་མཐོང་ལམ་ཆོས་བཟོད་བར་ཆད་མེད་ལ་གནས་པའི་གང་ཟག་དེ་ཆོས་ཅན། ཁྱོད་ལ་གཉིས་སུ་ཡོད་དེ། ཁྱོད་ལ་དབང་པོ་རྟུལ་པོ་དང་། དབང་པོ་རྣོན་པོ་གཉིས་དག་ཏུ་ཡོད་པའི་ཕྱིར། གཞུང་དེས་ཤུགས་ལ་བསྟན་པའི་རྒྱུན་ཞུགས་


GLG013_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་མིང་ཅན་གཅིག་དང་། དད་དང་མཐོང་ཐོབ་ཅེས་པས་བསྟན་པའི་བར་པ་གཉིས་ཀྱིས་ཞུགས་པའི་མིང་ཅན་གཉིས་དང་། རིགས་ནས་རིགས་ཞེས་པས་བསྟན་པ་རྒྱུན་ཞུགས་ལྷ་མིའི་རིགས་སྐྱེས་ཀྱི་འབྲས་གནས་ཁྱད་པར་ཅན་གྱི་མིང་ཅན་གཉིས་དང་། ཤུགས་བསྟན་ཕྱིར་འོང་འབྲས་གནས་ཙམ་གྱི་མིང་ཅན་དང་། བར་ཆད་གཅིག་ཅེས་པས་བསྟན་པ་ཕྱིར་འོང་ཁྱད་པར་ཅན་ཚེ་གཅིག་བར་ཆད་གཅིག་པའི་མིང་ཅན་དང་། བར་སྐྱེས་ནས་དང་། བྱེད་དང་བྱེད་མིན་ཞེས་པས་བསྟན་པ་ཕྱིར་མི་འོང་བར་འདའ་བ་དང་། སྐྱེས་འདའ་བ་དང་། མངོན་པར་དུ་འདུ་བྱེད་པ་དང་། མངོན་པར་འདུ་བྱེད་མེད་པར་འདའ་བའི་མིང་ཅན་བཞི་དང་། འོག་མིན་འགྲོ་ཞེས་པས་བསྟན་པ། དེ་དབྱེ་གཞིར་བྱས་ནས། དེ་ལས་ཕྱེ་བའི་འཕར་བ་གསུམ་གྱི་མིང་ཅན་གསུམ་དང་། སྲིད་རྩེའི་མཐར་ཐུག་འགྲོ། །གཟུགས་ཀྱི་ཆགས་བཅོམ་མཐོང་བ་ཡི། །ཆོས་ལ་གཞི་ལུས་མངོན་སུམ་བྱེད། །ཅེས་པས་བསྟན་པ་སྲིད་རྩེའི་མཐར་ཐུག་འགྲོ་བར་བཏགས་པའི་གཟུགས་ཀྱི་ཆགས་བཅོམ་དབྱེ་གཞིར་བྱས་ནས། དེ་ལས་ཕྱེ་བའི་མཐོང་ཆོས་ཞི་དང་། ལུས་མངོན་བྱེད་ཀྱི་མིང་ཅན་གཉིས་དང་། ཤུགས་བསྟན་དགྲ་བཅོམ་ཞུགས་པའི་མིང་ཅན་གཅིག་དང་། བསེ་རུ་རང་རྒྱལ་གྱི་མིང་ཅན་དང་ནི་ཉི་ཤུ་ཡོད་པའི་ཕྱིར། གསུམ་པ་འགྲེལ་པ་ནི། འོག་ཏུ་སྐབས་གཉིས་པ་ནས་འཆད་པར་འགྱུར་བའི་ལམ་ཤེས་པ་ཉིད་ཀྱིས་བསྡུས་པ་ཐེག་ཆེན་གྱི་མཐོང་བའི་ལམ་སྐད་ཅིག་མ་བཅུ་དྲུག་ཏུ་ཕྱེ་བའི་བཟོད་པ་བརྒྱད་གྱི་ངོ་བོ་ཆོས་བཟོད་བར་ཆད་མེད་ལམ་ལ་བརྟེན་ནས་གནས་པའི་སེམས་དཔའ་ཆོས་ཅན། ཁྱོད་ལ་འབྲས་བུ་དང་པོ་ལ་ཞུགས་པའི་མིང་ཅན་རྣམ་པ་གཉིས་ཡོད་དེ། ཁྱོད་ལ་དེའི་མིང་ཅན་དབང་རྟུལ་དད་པ་དང་། དབང་རྣོན་ཆོས་ཀྱི་རྗེས་སུ་འབྲང་བའི་བྱེ་བྲག་གིས་གཉིས་སུ་ཡོད་པའི་


GLG013_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། གཉིས་པ་རྒྱུན་ཞུགས་འབྲས་གནས་ཙམ་པོ་བའི་མིང་ཅན་ནི། རྗེས་འབྲང་གཉིས་བཤད་ཟིན་པ་དེའི་འོག་ཏུ་ཤེས་པ་བརྒྱད་ཀྱི་བདག་ཉིད་ཐེག་ཆེན་གྱི་མཐོང་ལམ་རྣམ་གྲོལ་ལམ་ལ་གནས་པའི་གང་ཟག་དེ་ཆོས་ཅན། ཁྱོད་ཉོན་སྒྲིབ་སྤངས་པའི་མྱང་འདས་ཐོབ་པར་བྱེད་པའི་ལམ་གྱི་རྒྱུན་དུ་ཞུགས་པ་ཡིན་ཏེ། ཁྱོད་མཐོང་བས་སྤང་བར་བྱ་བ་ཀུན་སྦྱོར་གསུམ་ཟད་པར་སྤངས་པའི་སེམས་དཔའ་ཡིན་པའི་ཕྱིར། གསུམ་པ་རིགས་སྐྱེ་ནི། བཤད་མ་ཐག་པ་དེའི་འོག་ཏུ་བྱང་སེམས་དེ་ཉིད་ཆོས་ཅན། སྔ་མ་ལས་གཞན་པ་རྣམ་པ་གཉིས་ཡོད་པའི་ཕྱིར། ཁྱོད་ལ་འདོད་པའི་ལྷ་དང་མིའི་རིགས་ནས་རིགས་སུ་སྐྱེ་བ་ཉིད་ཀྱིས་གཉིས་ཡོད་པའི་ཕྱིར། བཞི་པ་ནི། རིགས་སྐྱེ་གཉིས་བཤད་ཟིན་པ་དེའི་འོག་ཏུ་སྒོམ་སྤང་ཉོན་མོངས་དྲུག་པ་སྤངས་པའི་རྣམ་གྲོལ་ལམ་ཐོབ་ཕྱིར་དུ་བརྩོན་པའི་བྱང་ཆུབ་སེམས་དཔའ་སྒོམ་ལམ་པ་དབང་པོ་རྟུལ་པོ་དང་རྣོན་པོ་དད་པ་དང་མཐོང་བས་ཐོབ་པ་དག་ཆོས་ཅན། ཁྱོད་འདིར་བསྟན་དགེ་འདུན་ཉི་ཤུའི་གྲངས་འཛིན་པའི་གཅིག་ཁོ་ན་ཡིན་ཏེ། ཁྱོད་འདིར་བསྟན་དགེ་འདུན་ཉི་ཤུའི་གྲངས་འདྲེན་པའི་ཚེ་འབྲས་བུ་གཉིས་པ་ལ་ཞུགས་པ་ཞེས་པའི་མིང་ཅན་གཅིག་ཏུ་འདྲེན་པའི་ཕྱིར། ལྔ་པ་ནི། དད་ཐོབ་གཉིས་བཤད་པ་དེའི་འོག་ཏུ། དེ་སྤངས་པའི་རྣམ་གྲོལ་ལམ་ལ་གནས་པའི་བྱང་སེམས་དེ་ཉིད་ཆོས་ཅན། ཁྱོད་ལ་འདོད་པར་ལན་ཅིག་ཕྱིར་འོང་བ་ཞེས་བྱ་བ་ཡིན་ཏེ། ཁྱོད་འདོད་ཉོན་དྲུག་པ་སྤངས་པའི་རྣམ་གྲོལ་ལམ་ལ་གནས་པའི་དམན་ལམ་སྔོན་མ་སོང་གི་བྱང་སེམས་ཡིན་པའི་ཕྱིར། དྲུག་པ་ནི། རྒྱུན་ཞུགས་ཙམ་པོ་བ་བཤད་ཟིན་པ་དེའི་འོག་ཏུ་ཕྱིར་འོང་གི་མིང་ཅན་དེ་ཉིད་ཆོས་ཅན། ཁྱོད་སྔ་མ་ལས་གཞན་བར་ཆད་གཅིག་པའི་མིང་ཅན་ཡིན་ཏེ། ཉོན་སྒྲིབ་སྤངས་པའི་རྣམ་གྲོལ་ལམ་ཐོབ་པ་ལ་སྒོམ་སྤང་ལྷག་མ་གཅིག་ལུས་པའི་དམན་ལམ་སྔོན་མ་སོང་གི་བྱང་སེམས་


GLG013_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པའི་ཕྱིར། བདུན་པ་ནི། ཚེ་གཅིག་བར་ཆད་གཅིག་པའི་མིང་ཅན་གྱི་བྱང་སེམས་བཤད་ཟིན་པ་དེའི་འོག་ཏུ་འདོད་པའི་སྒོམ་སྤང་དགུ་པ་སྤངས་པའི་རྣམ་གྲོལ་ལམ་ཐོབ་ཕྱིར་དུ་བརྩོན་པའི་སེམས་དཔའ་སྒོམ་ལམ་པ་སྔ་མ་བཞིན་དུ་དད་པ་དང་མཐོང་བས་ཐོབ་པ་ནི་ཆོས་ཅན། ཁྱོད་ཉི་ཤུའི་གྲངས་འཛིན་གཅིག་ཏུ་བགྲང་སྟེ། འབྲས་བུ་གསུམ་པ་ལ་ཞུགས་པ་ཞེས་པའི་མིང་ཅན་གཅིག་གི་སེམས་དཔའ་ཡིན་པའི་ཕྱིར། བརྒྱད་པ་ནི། ཕྱིར་འོང་ཞུགས་པའི་མིང་ཅན་གྱི་བྱང་སེམས་བཤད་ཟིན་པ་དེའི་འོག་ཏུ་ཕྱིར་མི་འོང་བ་ཞེས་རྣམ་པར་བཞག་པ་ཆོས་ཅན། ཁྱོད་ལ་བཞི་ཡོད་དེ། ཁྱོད་ལ་གཟུགས་ཀྱི་བར་སྲིད་ཀྱི་རྟེན་ལ་ཉོན་སྒྲིབ་ཅི་རིགས་སྤངས་པའི་རྣམ་གྲོལ་ལམ་ཐོབ་པ་བར་མ་དོར་འདའ་བ་དང་། གཟུགས་སུ་སྐྱེས་ནས་འདའ་བ་དང་། འབད་རྩོལ་གྱི་མངོན་པར་འདུ་བྱེད་པ་དང་བཅས་པ་དང་། མངོན་པར་འདུ་བྱེད་པ་མེད་པར་ཉོན་སྒྲིབ་ཅི་རིགས་སྤངས་པའི་རྣམ་གྲོལ་ལམ་ཐོབ་པ་ལ་ཡོངས་སུ་མྱ་ངན་ལས་འདའ་བ་ཞེས་བྱ་བ་བཞིར་ཡོད་པའི་ཕྱིར། དགུ་པ་ནི། འདའ་བ་གསུམ་གྱི་མིང་ཅན་བཤད་ཟིན་པ་དེའི་འོག་ཏུ་བྱང་ཆུབ་སེམས་དཔའ་འཕགས་པ་དེ་ཉིད་འོག་མིན་གྱི་རྟེན་ལ་ཉོན་སྒྲིབ་ཅི་རིགས་སྤངས་པའི་རྣམ་གྲོལ་ལམ་མངོན་དུ་བྱེད་པ་འོག་མིན་གྱི་མཐར་ཐུག་པར་འགྲོ་བ་སྟེ་དེ་ཆོས་ཅན། ཁྱོད་ལ་ཕྱིར་མི་འོང་གི་མིང་ཅན་སྐོར་ལ་བཅུ་ཡོད་པའི་ནང་ནས་འདའ་བ་བཞིའི་མིང་ཅན་བཞི། ཕྱིར་མི་འོང་ཞུགས་པའི་མིང་ཅན་གཅིག་དང་བཅས་པ་སྔར་བཤད་པའི་གྲངས་འཛིན་པའི་ལྔ་པོ་དེ་ལས་གཞན་རྣམ་པ་གསུམ་ཡོད་དེ། དང་པོར་ཚངས་རིས་སུ་སྐྱེ་བ་བླངས་ནས་གཞན་དོར་ཏེ། དེ་ནས་འོག་མིན་དུ་སྐྱེ་བ་བླངས་ཏེ་སྔར་གྱི་ལམ་


GLG013_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

དེ་མངོན་དུ་བྱེད་པ་འཕར་བ་དང་། ཡང་ཚངས་རིས་ནས་གནས་གཙང་འོག་མ་གསུམ་པོ་གང་རུང་དུ་སྐྱེ་བ་བླངས་ནས། དེ་ནས་འོག་མིན་དུ་སྔར་གྱི་ལམ་མངོན་སུམ་དུ་བྱེད་པ་ཕྱེད་དུ་འཕར་བ་དང་། ཚངས་རིས་ནས་འོག་མིན་གྱི་བར་རིམ་གྱིས་བརྒྱུད་ནས་དེའི་རྟེན་ལ་སྔར་གྱི་ལམ་ཐོབ་པ་གནས་ཐམས་ཅད་དུ་འཆི་བ་ཉིད་ཀྱི་གོང་དུ་འཕོ་བ་གསུམ་ཡོད་པའི་ཕྱིར། བཅུ་པ་ནི། འཕར་བ་གསུམ་གྱི་མིང་ཅན་བཤད་པ་དེའི་འོག་ཏུ། བྱང་སེམས་དེ་ཉིད་གཟུགས་མེད་ཁམས་སུ་སྐྱེ་བ་དོན་དུ་མི་གཉེར་བས་སྲིད་པའི་རྩེ་མོའི་མཐར་ཐུག་པར་འགྲོ་བ་ཞེས་མིང་གིས་བཏགས་པ་དེ་ཆོས་ཅན། ཁྱོད་གཟུགས་ཀྱི་འདོད་ཆགས་དང་བྲལ་བའི་ཁྱད་པར་གཅིག་ལ་བཏགས་པ་ཡིན་ཏེ། ཁྱོད་གཟུགས་ཀྱི་ཉོན་མོངས་ཅི་རིགས་སྤངས་པའི་དམན་ལམ་སྔོན་མ་སོང་གི་བྱང་སེམས་ཡིན་པའི་ཕྱིར། བཅུ་གཅིག་པ་ནི། སྲིད་རྩེའི་ཉོན་མོངས་དང་ལྡན་པའི་བྱང་སེམས་ས་དྲུག་པ་བ་ཆོས་ཅན། ཁྱོད་ལ་དབྱེ་ན། ཕྱིར་མི་འོང་གི་སྐོར་ལ་བཅུ་ཡོད་པའི་དགེ་འདུན་ཉི་ཤུའི་གྲངས་འཛིན་ལ་གཏོགས་པ་ལ་འདའ་བ་བཞིའི་མིང་ཅན་བཞི། ཕྱིར་འོང་ཞུགས་པའི་མིང་ཅན་གཅིག །འཕར་བ་གསུམ་གྱི་མིང་ཅན་གསུམ་དང་བཅས་པ་སྔར་བཤད་ཟིན་པའི་བརྒྱད་པོ་དེ་ལས་གཞན་པ་གཉིས་ཡོད་དེ། མཐོང་བའི་ཆོས་ལ་ཞི་བ་སྟེ་ལས་ཉོན་གྱི་དབང་གིས་ཉིང་མཚམས་སྦྱོར་བའི་སྐྱེ་བ་ཟད་པ་ཐོབ་པ་དང་། རྣམ་ཐར་བརྒྱད། ཏིང་ངེ་འཛིན་གྱི་ལུས་ཀྱིས་མངོན་སུམ་དུ་བྱེད་པ་གཉིས་ཡོད་པའི་ཕྱིར། བཅུ་གཉིས་པ་ནི། མཐོང་ཆོས་ཞི་དང་། ལུས་མངོན་བྱེད་ཀྱི་མིང་ཅན་བཤད་ཟིན་པ་དེའི་འོག་ཏུ་ཉོན་སྒྲིབ་ཟད་པར་སྤངས་པའི་རྣམ་གྲོལ་ལམ་ཐོབ་ཕྱིར་དུ་བརྩོན་པའི་ས་བཅུ་པ་བ་དེ་ཆོས་ཅན། ཁྱོད་དགེ་འདུན་ཉི་ཤུའི་གྲངས་འཛིན་གཅིག་
ཡིན་ཏེ། ཁྱོད་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་ལ་ཞུགས་པའི་མིང་ཅན་གྱི་བྱང་སེམས་ཡིན་པའི་ཕྱིར། བཅུ་གསུམ་པ་ནི། དགྲ་བཅོམ་བཞུགས་པའི་མིང་ཅན་བཤད་ཟིན་པ་དེའི་འོག་ཏུ། རང་སངས་རྒྱས་ཀྱི་མིང་ཅན་གྱི་བྱང་ཆུབ་སེམས་དཔའ་ཆོས་ཅན། ཁྱོད་འདིར་བསྟན་མཚོན་བྱ་དོན་གྱི་དགེ་འདུན་གྱི་གྲངས་འཛིན་ཉི་ཤུ་པ་ཡིན་ཏེ། ཁྱོད་སློབ་དཔོན་གཞན་གྱི་གདམས་ངག་ལ་མི་ལྟོས་པར་རྟེན་དེ་ལ་རྫོགས་པའི་བྱང་ཆུབ་མངོན་དུ་བྱེད་ནུས་ཀྱི་དམན་ལམ་སྔོན་མ་སོང་གི་བྱང་སེམས་ཡིན་པའི་ཕྱིར། སྨྲས་པ། འཕགས་ཡུལ་མཁས་པའི་གཞུང་གི་མན་ཤེལ་གསར་པའི་རྩིག་ངོས་ལ། །རྣམ་མང་ཚིག་དོན་ལངྐའི་བདག་པོའི་གཟུགས་བརྙན་ཤར་པ་ན། །མ་འདྲེས་བརྟགས་པའི་ཆོས་ཀུན་རྣམ་པར་འབྱེད་པའི་ཤེས་རབ་ཀྱི། །ཧ་ན་མནྠ་གཉིས་པ་འཛིན་མའི་ཁྱོན་འདིར་ཟློས་གར་བསྒྱུར། །ཞེས་བྱ་བ་ནི་སྐབས་ཀྱི་ཚིགས་སུ་བཅད་པའོ། །


previousདགེ་འདུན་དཀོན་མཆོག་བྱེ་བྲག་ཏུ་བཤད་པ།next