སོ་ཐར་གྱི་ཚུལ་ཁྲིམས་ལ་དགའ་བའི་དཔྱོད་ལྡན་ཚོགས་ལ་ཕན་བྱེད་ཉུང་ངུ་རྣམ་གསལ་སྒྲོན།
སོ་ཐར་གྱི་ཚུལ་ཁྲིམས་ལ་དགའ་བའི་དཔྱོད་ལྡན་ཚོགས་ལ་ཕན་བྱེད་ཉུང་ངུ་རྣམ་གསལ་སྒྲོན་མ་བཞུགས་སོ། །
ན་མཿ སརྦྦ་ཛྙཱ་ཡ། གྲངས་མེད་བསྐལ་བའི་དགའ་ཚལ་ཡངས་པར་རྨད་བྱུང་ཚོགས་གཉིས་ས་བོན་འབྲས། །དྲི་མེད་སྨོན་ལམ་དྲོད་གཤེར་གྱིས་སྨིན་མཚན་དཔེའི་ལང་ཚོ་རྒྱས་པའི་ཤིང་། །ཆོས་ཕུང་བྱེ་བའི་ཡལ་འདབ་སྟུག་པོའི་ཕན་དང་བདེ་བའི་གྲིབ་བསིལ་ལ། །འགྲོ་བ་ཀུན་གྱི་ངལ་གསོ་བླ་མེད་ཐམས་ཅད་མཁྱེན་པ་རྒྱལ་གྱུར་ཅིག །ཐམས་ཅད་མཁྱེན་པ་ཟས་གཙང་སྲས་པོ་དེས། །ལེགས་གསུངས་འདུལ་བའི་གཞུང་ལུགས་ནོར་བུའི་དཔྱ། །ལུང་རིག་ཤིང་རྟ་བཟང་པོས་འདྲེན་མཁས་པའི། །རྒྱ་བོད་མཁས་གྲུབ་ལོ་པཎ་ཚོགས་ལ་འདུད། །བློ་གྲོས་རབ་ཡངས་མཁས་བཙུན་བཟང་པོའི་གར། །སྙན་གྲགས་རྒྱུད་མང་གླུ་དང་ལྷན་ཅིག་ཏུ། །ཐུབ་བསྟན་དོ་རར་སྒྱུར་མཛད་ཙོང་ཁ་པ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་གཙུག་ན་མཛེས། །སྲིད་འདིར་ཆེས་དཀོན་ལེགས་བཤད་ལུས་ཕྲའི་བཞིན། །མཁྱེན་དཔྱོད་མཆོག་གི་མེ་ལོང་ངོས་ཤར་བའི། །དམ་པའི་ཆོས་ཀྱི་ཟུར་མིག་དཀྱུས་རིང་གིས། །སྐལ་བཟང་གཞོན་ནུའི་དགའ་སྟོན་འཕེལ་ལ་འདུད། །གང་དེའི་འཆད་རྩོད་རྩོམ་པའི་ཉི་ཟེར་གྱིས། །ཐུབ་བསྟན་འདབ་སྟོང་རྣམ་པར་བཞད་པ་ན། །བསྔགས་བརྗོད་སྙན་པའི་གླུ་དབྱངས་འཁྲོལ་བ་དང་། །ལྷན་ཅིག་
ལག་པའི་ཀུ་མུད་སྙིང་ཁར་ཟུམ། །འཇམ་དབྱངས་བླ་མ་དཀོན་མཆོག་ཆོས་འཕེལ་གྱི། །དྲིན་ལས་བདག་འདྲའི་བློ་གྲོས་ཆེས་ཕྲས་ཀྱང་། །འདུལ་བའི་གཞུང་ལུགས་སྨྲ་བའི་རྣམ་དཔྱོད་ཀྱི། །མི་ཟད་སྤོབས་པའི་མགྲིན་པ་གཟེངས་སུ་མཐོ། །གསུང་རབ་མང་པོར་དཔྱོད་པའི་འོད་དཀར་ཅན། །བློ་གྲོས་རླུང་གིས་འདྲེན་པར་ནུས་མིན་པའི། །དང་པོའི་ལས་ཅན་མི་ཤེས་མུན་པའི་ཚོགས། །སེལ་བྱེད་ཉུང་ངུ་རྣམ་གསལ་སྒྲོན་མེ་སྤར། །དེ་ལ་འདིར་འོ་སྐོལ་གྱི་སྟོན་པ་ཐམས་ཅད་མཁྱེན་པ་ཟས་གཙང་གི་སྲས་པོ་དེ་ཉིད་ཀྱིས་དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། བར་དུ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས། མཐར་རྡོ་རྗེ་གདན་གྱི་སྤོ་ལ་མངོན་པར་རྫོགས་པར་སངས་རྒྱས་ཏེ། འགག་པ་མེད་པ་ཡན་ལག་དྲུག་ཅུའི་གསུང་གིས་ཐོག་མར་ལྔ་སྡེ་བཟང་པོ་ལ་སོགས་པའི་གདུལ་བྱ་རྣམས་ལ། ཆོས་ཀྱི་འཁོར་ལོ་བསྐོར་བའི་སྒོ་ནས་སྨིན་གྲོལ་གྱི་ལམ་ལ་བཀོད་པར་མཛད་པའི་གསུང་རབ་ཐམས་ཅད་བསྡུ་ན་སྡེ་སྣོད་རིན་པོ་ཆེ་རྣམ་པ་གསུམ་དུ་འདུ་བའི་ཡ་གྱལ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་བརྗོད་བྱར་བྱེད་པ་འདུལ་བའི་སྡེ་སྣོད་ནི། མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་གོ་འཕང་དོན་དུ་གཉེར་བ་རྣམས་ཀྱིས་ཐོས་བསམ་སྒོམ་པས་གཏན་
ལ་དབབ་པར་བྱ་བའི་གནས་ཡིན་ཏེ། ཇི་སྐད་དུ། བཤེས་སྤྲིངས་ལས། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས། །ཞེས་དང་འདུལ་བ་རྒྱ་མཚོའི་སྙིང་པོ་ལས། གནས་སྐབས་འབྲས་བུ་ལྷ་མི་དང་། །མཐར་ཐུག་འབྲས་བུ་བྱང་ཆུབ་གསུམ། །ཐོབ་པར་འགྱུར་ཞེས་གསུངས་པའི་ཕྱིར། །དཔྱོད་ལྡན་རྣམས་ཀྱིས་སོ་སོ་ཐར། །མཉན་པའི་ཕྱིར་ན་འབད་པར་བྱ། ཞེས་སོ། །གཞུང་ལུགས་འདིའི་བརྗོད་བྱ་ནི། སྡོམ་པ་མ་ཐོབ་པ་ཐོབ་པར་བྱེད་པ། ཐོབ་པ་མི་ཉམས་པར་བསྲུང་བ། ཉམས་ན་ཕྱིར་བཅོས་པ། །ཐུན་མོང་དུ་མཁོ་བ་ལས་ཀྱི་རྣམ་གཞག་དང་བཞིར་འདུས་པ་ལས། སྐབས་འདིར་བཤད་པར་བྱ་བ་ནི་མི་ཉམས་པར་བསྲུང་བར་བྱེད་ཚུལ་ཡིན། དེ་ལ་གཞན་ལ་བརྟེན་པ། རང་ལ་བརྟེན་པ། མི་མཐུན་ཕྱོགས་ངོ་ཤེས་པ། བསླབ་པ་ཡོངས་སུ་སྦྱོང་བ། བདེ་བར་གནས་པའི་རྐྱེན་བསྟེན་པ་དང་ལྔ་ཡོད་པའི་ནང་ནས། མི་མཐུན་ཕྱོགས་ངོ་ཤེས་པ་དང་། བདེ་བར་གནས་པའི་རྐྱེན་བརྟེན་པ་གཉིས་ཀྱི་དོན་གཉེར་མཁོ་རགས་རིམ་ཙམ་འབྲི་བ་ལ། སྤང་བྱ་མི་མཐུན་ཕྱོགས་ངོས་འཛིན་པ་དང་། བདེ་བར་གནས་པའི་མཐུན་པའི་རྐྱེན་བསྟན་པ་གཉིས། དང་པོ་ལ། ཕམ་པ་སོགས་དངོས་བསྟན་དགེ་སློང་ལ་སྦྱོར་བ་མ་གཏོགས་བསྙེན་པར་མ་རྫོགས་པ་རྣམས་ལ་མ་བཤད་ཀྱང་། འདྲ་མཚུངས་ཀྱི་སྒོ་ནས་སོ་སོར་གྲངས་མང་ཉུང་གི་སྤང་བྱ་ཡོད་པས། ད་ལྟར་གྱི་ཆོ་གས་ཉེས་མེད་ཕུན་ཚོགས་ཀྱི་སྒོ་ནས་བསྙེན་པར་རྫོགས་པ་ལ་སྡོམ་གསུམ་རིམ་གྱིས་ནོད་དགོས་པས། ཁྱིམ་པའི་ཕྱོགས་ཀྱི་སྤང་བྱ་དང་། རབ་ཏུ་བྱུང་བའི་སྤང་བྱ་གཉིས།
དང་པོ་ལ། འདུལ་བ་རྒྱ་མཚོའི་སྙིང་པོར། སྣ་གཅིག་སྣ་འགའ་ཕལ་ཆེར་སྤྱོད། །ཡོངས་རྫོགས་སྤྱོད་དང་ཚངས་སྤྱོད་དང་། །སྐྱབས་འགྲོ་ཙམ་གྱི་དགེ་བསྙེན་དུ། །ཞེས་རྣམ་གྲངས་མང་དུ་གསུངས་ཀྱང་། ཡོངས་རྫོགས་དགེ་བསྙེན་གྱི་སྤང་བྱ་ནི། སྲོག་གཅོད། མ་བྱིན་ལེན། ལོག་གཡེམ། བརྫུན་སྨྲ། ཆང་འཐུང་བ་རྣམས་ཡིན་ནོ། །སྐྱབས་གསུམ་འཛིན་པའི་དགེ་བསྙེན་གྱི་སྐབས་སུ་དགོས་པའི་བསླབ་བྱ། ཕྱི་རོལ་པའི་ལྷ་ལ་སྐྱབས་སུ་མི་འགྲོ་བ། གྲོགས་མུ་སྟེགས་ཅན་དང་མི་འགྲོགས་པ། སེམས་ཅན་ལ་གནོད་འཚེ་སྤོང་བ་རྣམས་ནི། འདིར་མ་ཟད་བར་མ་སོགས་སྐྱབས་འགྲོར་ཁས་བླངས་པ་ཐམས་ཅད་ལ་དགོས་སོ། །གཉིས་པ་རབ་བྱུང་གི་སྤང་བྱ་ལ། བསྙེན་པར་མ་རྫོགས་པ་དང་། རྫོགས་པ་གཉིས། དང་པོ་ལ། བར་མ་དང་། དགེ་ཚུལ་གཉིས་ལས། དང་པོ་ལ། དཀོན་མཆོག་གི་སྐྱབས་འགྲོ་འདོར་བ། མཁན་སློབ་ལ་མ་གུས་པ་བྱེད་པ། ཁྱིམ་པའི་རྟགས་ལེན་པ། རབ་བྱུང་གི་རྟགས་སྤོང་བ་རྣམས་ཡིན་ནོ། །གཉིས་པ་ལ། དངོས་བསྟན་སྤང་བྱ་རགས་གཏོགས་བཅུ་བཤད་པ་དང་། ཤུགས་ལ་སོ་སོར་ཕྲ་ཞིབ་ཀྱི་སྒོ་ནས་དབྱེ་བ་གཉིས། དང་པོ་ནི། རྩ་བའི་ལྟུང་བ་བཞིའི་སྟེང་དུ་ཆང་། གར་སོགས། ཕྲེང་སོགས། མལ་སྟན་ཆེ་མཐོ། དུས་མ་ཡིན་པའི་ཁ་ཟས། གསེར་དངུལ་ལེན་པ་རྣམས་ཡིན་ནོ། །འདིའི་སྟེང་དུ་བར་མའི་བཞི་བསྣན་པས་རྩ་བའི་སྤང་བྱ་བཅུ་བཞིར་བཤད། གཉིས་པ་ནི། སྲོག་གཅོད་ཀྱི་ཕམ་འདྲའི་ཆར་གཏོགས་པ། དུད་འགྲོ་གསོད་པ། སྲོག་ཆགས་གནས་པའི་ཆུ་ལ་འདེབས་པ། དེ་ལ་སྤྱོད་པ། མ་བྱིན་ལེན་
གྱི་ཆར་གཏོགས། ཁང་པ། ཁང་ཆེན། རིན་པོ་ཆེ་ལ་ཁབ་རལ་བྱེད་པ། མི་ཚངས་སྤྱོད་ཀྱི་ཆར་གཏོགས། མཚན་མི་མཐུན་པ་དང་ལྷན་ཅིག་ཉལ་བ། བརྫུན་སྨྲའི་ཆར་གཏོགས། གཞི་མེད། བག་ཙམ། དགེ་འདུན་དབྱེན། དེ་རྗེས་ཕྱོགས། ཁྱིམ་སུན་འབྱིན་པ། ཤེས་བཞིན་དུ་བརྫུན་སྨྲ་བ། ཞལ་ཏ་བ་ལ་ལོངས་སྤྱོད་ཅུང་ཟད་སྦྱིན་པ་ལ་བཤེས་ངོར་སྐུར་བ་འདེབས་པ། ཞལ་ཏ་བ་ལ་འཕྱ་བ། ཟས་ཅུང་ཟད་ཙམ་ལ་ཆོས་སྟོན་ནོ་ཞེས་སྐུར་བ་འདེབས་པ། ལྷག་མའི་སྐུར་བ་འདེབས་པ། བསླབ་པ་ཁྱད་དུ་གསོད་པ། བཞི་གའི་ཆར་གཏོགས་པ། གསོ་སྦྱོང་། དབྱར་གནས། དགག་དབྱེ། གནས་ཀྱི་སློབ་དཔོན་བསྟེན་པ་རྣམས་ལས་བཟློག་པ་སྟེ། ཉི་ཤུ་རྩ་གཉིས་པོ་འདི་གོང་མའི་སྟེང་དུ་བསྣན་པས་ཆར་གཏོགས་ཀྱི་སྒོ་ནས་སུམ་ཅུ་རྩ་དྲུག །ཡན་ལག་དྲུག་གི་ནང་ཚན་རོལ་མོའི་སྒྲ། རྒྱན་འདོགས་པ། སྤོས་བྱུག་པ། ཁ་དོག་འཆང་བ་བཞི་པོ་ལོགས་སུ་བགྲངས་པས། ནང་ཚན་གྱི་སྒོ་ནས་བཞི་བཅུར་དབྱེའོ། །དེ་དག་ཀྱང་བསྡུ་ན་ཚུལ་ཁྲིམས། བག་ཡོད་བརྟུལ་ཞུགས་ཀྱི་ཡན་ལག་གསུམ་དུ་འདུ་ཞིང་། འདི་དག་གི་འཕྲོས་དོན་རྣམས་ཞིབ་པར་བཤད་ན་བློ་དམན་རྣམས་མགོ་བོ་འཁོར་བར་འགྱུར་བས་འཇིགས་ཏེ་རེ་ཞིག་དེ་ཙམ་མོ། །གཉིས་པ་དགེ་སློང་གི་སྤང་བྱ་ལ། ལྟུང་བ་སྡེ་ལྔ་ལས། དང་པོ་ཕམ་པའི་སྡེ་ཚན་ལ་བཞི་ཡོད་པའི། ༡ མི་ཚངས་སྤྱོད་ཀྱི་ཕམ་པ་ནི། ཕོ་མོ་མ་ནིང་མི་དང་དུད་འགྲོ་སོགས་གང་གིའང་། གསོན་པོའམ་ལུས་ཕྱེད་དུ་ལོགས་པའི་རོ་ལྟ་བུའི་ཁ། བཤང་ལམ་ཟག་བྱེད་གསུམ་པོ་གང་རུང་དུ་ནོར་བུ་བཅུག་ཅིང་རེག་པ་ལས་བྱུང་བའི་བདེ་བ་རྫོགས་པར་ཉམས་སུ་མྱོང་བ་ན་མི་ཚངས་པ་སྤྱད་པའི་ཕམ་པར་འགྱུར་ཏེ། སརྒ་ལྷས། ཁ་ཤུན་སོ་དང་པགས་རིམ་ལས། །ནོར་བུ་འདས་ན་ཕས་ཕམ་སྟེ། ཞེས་སོ། །འདིས་མཚོན་ཏེ། གོང་འོག་ཐམས་ཅད་དུ་གླེང་གཞི། །ཉེས་དམིགས། འབྲས་བུ། བསམ་པ། སྦྱོར་བ། མཐར་
ཐུག་སེལ་བ། ལྟུང་མེད། བསླབ་བྱ་སོགས་ཞིབ་པར་ཡོད་ནའང་། བློ་གྲོས་ཀྱི་རྩལ་དང་ལྡན་པ་རྣམས་ཀྱིས་རྩོད་དུས་ཀྱི་ཀུན་མཁྱེན་གཉིས་པ་བུ་སྟོན་ཆོས་རྗེ་དང་། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱིས་མཛད་པའི་གླེང་འབུམ་ཆེན་མོ་སོགས་སྔོན་གྱི་མཁས་པའི་ཡིག་ཆ་ཆེ་ཆུང་རྣམས་ལ་བལྟས་པས་ཤེས་པར་འགྱུར་ལ། སྐབས་འདིར་བློ་ཁ་དམའ་བ་རྣམས་ལ་ཚིག་ཉུང་བའི་ངོ་བོ་ངོས་འཛིན་པ་ཙམ་བྱས་པ་ཡིན་ནོ། །༢ མ་བྱིན་ལེན་གྱི་ཕམ་པ་ནི། གཞན་གྱི་དངོས་པོ་རིན་ཐང་ཚང་བ་རང་གིས་དངོས་སུ་བརྐུས་པའམ་གཞན་རྐུར་བཅུག་པའོ། །རིན་ཐང་གི་ཚད་ནི་རྒྱ་གར་དུ་འགྲོན་བུ་བཞི་བརྒྱ་ཀརྴ་པ་ཎའི་བཞི་ཆའི་ཚད་ཡིན་ལ་དེ་དང་མཉམ་པའི་དངོས་པོ་བརྐུས་པ་ལ་བཤད་དེ། ཇི་སྐད་དུ། ཀརྴ་པ་ཎའི་བཞི་ཆ་བརྐུས། དེ་བརྐུས་ཚུལ་ཁྲིམས་ཞིག་པར་འགྱུར། །ཞེས་སོ། །བོད་དུ་མུ་གེ་མེད་པའི་ཚེ་ནས་ཁལ་གཅིག་ཙམ་དང་། མུ་གེ་བྱུང་བའི་ཚེ་ནས་ཁལ་ཕྱེད་ཙམ་གྱིས་ཀྱང་ལོངས་པར་མངོན། གཙོ་བོ་ནི་ཡུལ་སོ་སོའི་རིན་ཐང་གི་སྐབས་ཐོབ་རྩི་དགོས་པར་སེམས་སོ། །༣ སྲོག་གཅོད་ཀྱི་ཕམ་པ་ནི། མིའམ་མངལ་དུ་ཡོད་པའི་མེར་མེར་པོ་ལ་སོགས་པ་མཚོན་དུག་རིག་སྔགས་སོགས་ཀྱིས་བསད་པའོ། །གཞན་གསོད་དུ་བཅུག་ཀྱང་རུང་སྟེ། མཛོད་ལས། དམག་ལ་སོགས་པ་དོན་གཅིག་ཕྱིར། །ཐམས་ཅད་བྱེད་པ་པོ་བཞིན་ལྡན། ཞེས་སོ། །༤ བརྫུན་དུ་སྨྲ་བའི་ཕམ་པ་ནི། མིའི་རྟེན་ལ་བསྒྲུབ་པར་སླ་བའི་ཆོས་མ་ཡིན་པ། དེ་དག་གི་གོང་མའམ་བླ་མ་ལྟ་བུར་གྱུར་པའི་ཡོན་ཏན་ཞིག་མ་ཐོབ་བཞིན་དུ་ཐོབ་ཅེས་སྨྲས་པ་སྟེ། དཔེར་ན་ལྷ་མ་མཐོང་བར་ལྷ་མཐོང་ཞེས་པས་མཚོན་ཏེ། རང་ཉིད་སངས་རྒྱས་མ་ཡིན་པར་སངས་རྒྱས་སུ་ཁས་ལེན་པ་མངོན་ཤེས་དང་གྲུབ་རྟགས་སོགས་མེད་བཞིན་དུ་ཡོད་པར་ཁས་འཆེ་བ་སོགས་ཀྱང་འདིའི་གྲངས་སུ་འགྲོ་ཞིང་། དུས་དབང་གིས་འབྱུང་
ཉེ་བར་སྣང་ངོ་། །སྒྲིབ་པ་ལྔ་ནི་མིའི་ཆོས་ཡིན་ལ། དེ་ཟད་པར་བྱས་པ་ནི་དེའི་གོང་མ་སྟེ། ཇི་སྐད་དུ། འདིར་ནི་སྒྲིབ་པ་རྣམ་པ་ལྔ། །མི་རྣམས་ཀྱི་ནི་ཆོས་སུ་ཐོས། །དེ་ཟད་བླ་མའི་ཆོས་སུ་འདོད། ཅེས་སོ། །གཉིས་པ་དགེ་འདུན་ལྷག་མ་ལ་བཅུ་གསུམ་ཡོད་པའི། །༥ ཁུ་བ་འབྱིན་པའི་ལྷག་མ་ནི། གཞན་གྱི་ཁ། བཤང་ལམ། ཟག་བྱེད་གསུམ་གང་རུང་མ་ཡིན་པའི་ལུས་ཀྱི་ཆ་ཤས་སམ། རང་གི་སོར་མོ་ལྟ་བུས་ཁུ་བ་འབྱིན་པའོ། །༦ འཛིན་པའི་རེག་པའི་དགེ་འདུན་ལྷག་མ་ནི། ཆགས་སེམས་ཀྱིས་བུད་མེད་ཀྱི་ཤ་རྗེན་པ་ལ་རེག་པའོ། །༧ འཁྲིག་ཚིག་སྨྲ་བའི་དགེ་འདུན་ལྷག་མ་ནི། ཆགས་སེམས་ཀྱིས་ཀུན་ནས་བསླང་བའི་བུད་མེད་ལ་འཁྲིག་ཚིག་སོགས་བཙོག་གཏམ་སྣ་ཚོགས་སྨྲ་བའོ། །༨ བསྙེན་བཀུར་བསྔགས་པའི་དགེ་འདུན་ལྷག་མ་ནི། ཆགས་སེམས་ཀྱིས་བུད་མེད་ལ་འཁྲིག་པས་བསྙེན་བཀུར་ན་ལེགས་སོ་ཞེས་བསྔགས་པ་བརྗོད་པའོ། །༩ སྨྱན་བྱེད་པའི་དགེ་འདུན་ལྷག་མ་ནི། འཕྲིན་ལན་གསུམ་བསྐྱལ་བའི་སྒོ་ནས་སྔར་མི་མཐུན་པའི་སྐྱེས་པ་དང་བུད་མེད་འཁྲིག་པ་བསྟེན་པ་ལ་མཐུན་པར་སྦྱར་བའོ། །འདི་ནི་རང་གི་དངོས་སུ་མ་བྱས་པར་གཞན་བྱེད་དུ་བཅུག་ཀྱང་རུང་ཏེ། །ཇི་སྐད་དུ། རང་ངམ་གཞན་བྱེད་འཇུག་ཀྱང་རུང་། །བུད་མེད་སྐྱེས་པ་ཕྲད་ན་ནི། །དགེ་འདུན་ལྷག་མའི་རལ་གྲི་ཡིས། །རང་གི་མགོ་ནི་གཅོད་པར་བྱེད། །ཅེས་སོ། །༡༠ ཁང་པའི་དགེ་འདུན་ལྷག་མ་ནི། གཞི་མ་དག་པའི་སར་རང་དོན་དུ་ཚད་ལས་འདས་པའི་ཁང་པ་བརྩིགས་པའོ། །༡༡ ཁང་ཆེན་གྱི་དགེ་འདུན་ལྷག་མ་ནི། གཞི་དང་དངོས་པོ་མ་དག་པས་དགེ་སློང་བཞི་ཡན་ཆད་ཀྱི་དོན་དུ་ཁང་པ་བརྩིགས་པའོ། ཁང་པའི་ཚད་ནི་ལྡང་པ་ན་ལག་མི་འཐོགས་པ། ཉལ་ན་རྐང་ལག་བརྐྱངས་བསྐུམས་མི་འཐོགས་པ། འགྲོ་ན་ཕྱོགས་རེར་གོམ་པ་གསུམ་གསུམ་བགྲོད་ཐུབ་པ་སྡོད་ན་སྐྱིལ་ཀྲུང་བཅའ་བ་ལ་མི་གནོད་པའོ། །༡༢ གཞི་མེད་ཀྱི་ལྷག་མ་ནི། དགེ་
སློང་གཞན་ལ་ཕམ་པའི་མཐོང་ཐོས་དོགས་གསུམ་མེད་བཞིན་དུ་སྒྲོ་བཏགས་ནས་སྐུར་བ་བཏབ་པའོ། །༡༣ བག་ཙམ་གྱི་དགེ་འདུན་ལྷག་མ་ནི། དགེ་སློང་གཞན་ལ་སྐུར་བ་འདེབས་པའི་གཞི་བག་ཙམ་ཡོད་པ་རྒྱུ་མཚན་དུ་བྱས་ནས་ཕམ་པའི་སྐུར་འདེབས་བྱས་པའོ། །༡༤ དབྱེན་བྱེད་པའི་དགེ་འདུན་ལྷག་མ་ནི། དགེ་འདུན་གྱི་དབྱེན་གྱི་གཞི་ལ་ཞུགས་པ་ལ། དགེ་སློང་གཞན་གྱིས་བྱེད་པ་ལ་ལན་གསུམ་བར་དུ་བཟློག་ཀྱང་མི་ཉན་པའོ། །༡༥ དེ་རྗེས་ཕྱོགས་ཀྱི་དགེ་འདུན་ལྷག་མ་ནི། དགེ་འདུན་གྱི་དབྱེན་བྱེད་པ་དེའི་གྲོགས་དགེ་སློང་གཞན་གྱིས་བྱེད་པ་ལ་ལན་གསུམ་གྱི་བར་དུ་བཟློག་ཀྱང་མི་ཉན་པའོ། །༡༦ ཁྱིམ་སུན་འབྱིན་པའི་དགེ་འདུན་ལྷག་མ་ནི། སྤྱོད་པ་ངན་པས་ཁྱིམ་བདག་དགེ་འདུན་པ་ལ་དད་པ་བཟློག་པར་བྱས་པ་ན། དེའི་ཉེས་པས་རང་བསྐྲད་པ་ན་སྐྲོད་པ་པོའི་དགེ་འདུན་ལ་སྐུར་བ་འདེབས་པར། གཞན་གྱིས་བཟློག་ཀྱང་མི་ཉན་པའོ། །༡༧ བཀའ་བློ་མི་བདེ་བའི་དགེ་འདུན་ལྷག་མ་ནི། རང་ཉིད་ལ་ལྟུང་བ་བྱུང་བ་ལ་གཞན་གྱིས་གླེང་བ་ན་དང་དུ་མི་ལེན་པའི་བཀའ་བློ་མི་བདེ་བ་སྟེ་གཞན་གྱིས་བཟློག་ཀྱང་མི་ཉན་པའོ། །སྤང་ལྟུང་སུམ་ཅུ་ལ། ༡༨ འཆང་བའི་སྤང་བ་ནི། ཆོས་གོས་ཀྱི་རྒྱུར་མ་བསྔོས་པའི་ཁྲུ་གང་གི་ཚད་དུ་ལོངས་པ་ཡན་ཆད་ཀྱི་གོས་རང་ཉིད་དབང་བ་བྱིན་གྱིས་མ་བརླབས་པར་ཞག་བཅུ་མ་རྫོགས་ཀྱི་བར་དུ་འཇོག་པའོ། །༡༩ འབྲལ་བའི་སྤང་བ་ནི། ཆོས་གོས་རྣམ་གསུམ་དང་ཉིན་ཞག་ཕྲུགས་གཅིག་གི་བར་དུ་བྲལ་བའོ། །༢༠ ཟླ་འཇོག་གི་སྤང་བ་ནི། ཆོས་གོས་ཀྱི་རྒྱུར་བསྔོས་(༥བ)པ་ཁྲུ་ཚད་དུ་ལོངས་ཤིང་འཁོར་གསུམ་མི་ཁེབས་པའི་གོས་བྱིན་གྱིས་མ་བརླབས་པར་ཟླ་བ་གཅིག་གི་བར་དུ་འཆང་བའོ། །གོས་བྱིན་གྱིས་མ་བརླབས་པར་ཞག་བཅུ་འདས་པའི་བཅུ་གཅིག་གི་སྐྱ་རེངས་ཤར་བའི་དུས་གོས་དེ་ལ་བརྟེན་པའི་ཞག་བཅུ་འཆང་བའི་ལྟུང་བ་འབྱུང་བར་མ་
ཟད་དེའི་རྗེས་སུ་རྙེད་པའི་ཞག་བཅུ་མ་སོང་བ་ཞིག་ལ་ཡང་། ཤན་སྟོབས་ཀྱིས་ཞག་བཅུ་འཆང་བའི་ལྟུང་བ་འབྱུང་བ་དང་། ཐོག་མར་ཟླ་འཇོག་གི་ལྟུང་བ་འབྱུང་བའི་གོས་ཞིག་རྙེད་པའི་རྗེས་སུ་ཆོས་གོས་ཡོངས་རྫོགས་རྙེད་ན་ཞག་བཅུ་གཅིག་གི་སྐྱ་རེངས་ཤར་བའི་ཚེ། སྔ་མས་ཞག་བཅུ་འཆང་བའི་ལྟུང་བ་སྐྱེད་ནུས་པ་སོགས་ཤན་གྱི་སྐོར་རྣམ་གྲངས་མང་བར་ཡོད་ཀྱང་། ཕྲ་ཞིབ་ཀྱི་རིགས་པ་མང་ན། ལས་དང་པོ་བ་རྣམས་སུ་མ་ཟད་མཐོན་པོའི་གོ་སར་སྙེག་པའི་འགྱིང་བག་ཅན་མང་པོ་ལའང་ཁབ་མིག་ཏུ་མཛུབ་མོ་ཚུད་པར་མི་འདུག་པས་རེ་ཞིག་དེ་ཙམ་མོ། །༢༡ ཆོས་གོས་འཁྲུར་འཇུག་གི་སྤང་བ་ནི། རང་གི་ཉེ་དུ་མ་ཡིན་པའི་དགེ་སློང་མ་ལ་གོས་རྙིང་པ་འཁྲུར་བཅུག་པའོ། །༢༢ གོས་ལེན་པའི་སྤང་བ་ནི། རང་ལ་ཆོས་གོས་རྣམ་གསུམ་ཡོད་བཞིན་དུ་འཁོར་གསུམ་ཁེབས་པའི་ཚད་དུ་ལོངས་པའི་གོས་ཉེ་དུ་མ་ཡིན་པའི་དགེ་སློང་མ་ལ་བསླངས་པའོ། །༢༣ སློང་བའི་སྤང་བ་ནི། ཉེ་དུ་མ་ཡིན་པའི་ཁྱིམ་པ་ལ་བཤད་མ་ཐག་པ་ལྟར་བསླངས་པའོ། །༢༤ སློང་བ་རིགས་པ་སློང་བའི་སྤང་བ་ནི། ཆོས་གོས་རྣམ་གསུམ་མེད་པའི་དགེ་སློང་གིས་ཉེ་དུ་མ་ཡིན་པའི་ཁྱིམ་པ་ལ་སྟོད་གཡོགས་སྨད་གཡོགས་ཟུང་གཅིག་ལས་ལྷག་པ་བསླངས་པའོ། །༢༥ སྤགས་པ་སློང་བའི་སྤང་བ་ནི། ཁྱིམ་པ་ཉེ་དུ་མ་ཡིན་པས་བློས་གང་སྤོགས་ཀྱིས་སྦྱིན་པ་ལས་ལྷག་པའི་བཟང་པོ་ཞིག་དགོས་ཞེས་བསླངས་བ་ལྟ་བུའོ། །༢༦ སོ་སོ་ནས་སྤགས་པ་སློང་བའི་སྤང་བ་ནི། ཁྱིམ་གཅིག་ནས་ཐུན་མོང་དུ་ཕུལ་བ་དང་ཕོ་མོ་གཉིས་སོ་སོར་ཕུལ་བའི་ཁྱད་པར་ཙམ་མ་གཏོགས་འདྲའོ། །༢༧ བསྐུར་བའི་སྤང་བ་ནི། གོས་ཉོ་བའི་རིན་གྱི་རིན་པོ་ཆེ་ཞལ་ཏ་བ་ལ་གཏད་ནས་ལན་གསུམ་གྱི་བར་དུ་བསྐུལ་བ་དང་ལན་གསུམ་གྱི་བར་དུ་མཐོང་སར་བསྡད་པ་ལས་ལྷག་པའི་གོས་བླངས་པའོ། །བཅུ་ཚན་གཉིས་པ་ལ། ༢༨ སྲིན་བལ་གྱི་སྟན་གྱི་
སྤང་བ་ནི། སྲིན་བལ་ཁོ་ན་ལས་གྲུབ་པའི་འཁོར་གསུམ་ཁེབས་པའི་མཐའི་ཚད་དུ་ལོངས་པའི་སྟན་བྱེད་པའོ། །༢༩ བལ་ནག་གི་སྟན་གྱི་སྤང་བ་ནི། བལ་ནག་པོ་འབའ་ཞིག་ལས་གྲུབ་པའི་སྟན་ཚད་གོང་དང་འདྲ་བའོ། །༣༠ ཆ་གཉིས་བསྲེས་པའི་སྤང་བ་ནི། སྟན་ལ་ཆ་བཞིར་བགོས་པའི་ཆ་གཉིས་ལས་ལྷག་པ་བལ་ནག་གིས་བྱས་པའོ། །༣༡ ལོ་དྲུག་གི་སྤང་བ་ནི། ལོ་དྲུག་གི་བར་དུ་ལོངས་སྤྱད་རྒྱུའི་རང་ལ་སྟན་ཡོད་བཞིན་དུ་སྟན་གསར་པ་ཆེད་དུ་བྱས་པའོ། །༣༢ མཐོ་གང་གི་སྤང་བ་ནི། གདིང་བ་གསར་པ་གྲུབ་པའི་ཚེ། རྙིང་པ་ནས་བདེ་བར་གཤེགས་པའི་མཐོ་གང་གི་ཚད་ཙམ་ཞིག་མ་གླན་པར་དོར་བའོ། །༣༣ ལམ་དུ་བལ་ཐོགས་པའི་སྤང་བ་ནི། ཆགས་སེམས་ཀྱིས་ཀུན་ནས་བསླང་སྟེ་བལ་ལ་སོགས་པའི་ཁུར་ཆེན་པོ་ཁུར་ནས་ཉི་མ་གཅིག་གི་རྒྱང་གྲགས་ལས་འདས་པ་ཕྱིན་པའོ། །༣༤ བལ་འཁྲུར་འཇུག་པའི་སྤང་བ་ནི། རང་གི་ཉེ་དུ་མ་ཡིན་པའི་དགེ་སློང་མ་ལ་བལ་འཁྲུད་པ་དང་ཁེལ་བ་དང་འཚེད་དུ་འཇུག་པའོ། །༣༥ རིན་པོ་ཆེ་ལ་རེག་པའི་སྤང་བ་ནི། ཆགས་སེམས་ཀྱི་སྒོ་ནས་གསེར་ལ་སོགས་པའི་རིན་པོ་ཆེ་ལ་རེག་པའོ། །༣༦ མངོན་མཚན་ཅན་གྱི་སྤང་བ་ནི། ཆགས་སེམས་ཀྱིས་ཉེ་དུ་མ་ཡིན་པའི་ཁྱིམ་པ་ལ་གསེར་ལ་སོགས་པ་ཁྱེ་སྤོགས་བྱེད་བཅུག་པའོ། །༣༧ ཉོ་ཚོང་བྱེད་པའི་སྤང་བ་ནི། རིན་པོ་ཆེ་མ་ཡིན་པའི་དངོས་པོ་གཞན་ལ་ཁྱེ་སྤོགས་བྱེད་པའོ། །བཅུ་ཚན་གསུམ་པ་ལ། ༣༨ ལྷུང་བཟེད་ཞག་བཅུ་འཆང་སྤང་ནི་གོས་དང་འདྲ། ༣༩ ལྷུང་བཟེད་ལྷག་པོ་འཚོལ་བའི་སྤང་བ་ནི། རང་ལ་ལྷུང་བཟེད་ཡོད་བཞིན་དུ་ཁྱིམ་པ་ཉེ་དུ་མ་ཡིན་པ་ལ་ལྷུང་བཟེད་འབད་པས་བཙལ་བའོ། །༤༠ ཐགས་འཐག་ཏུ་འཇུག་པའི་སྤང་བ་ནི། ཁྱིམ་པ་ཉེ་དུ་མ་ཡིན་པ་ལ་གླ་རྔན་མ་བྱིན་པར་ཐགས་འཐག་ཏུ་བཅུག་པའོ། །༤༡ འཐག་པ་བསྐྱེད་པའི་སྤང་བ་ནི། ཉེ་དུ་མ་ཡིན་པའི་ཁྱིམ་པས་ཐགས་བཏགས་ནས་
རང་ལ་སྟེར་བར་ཁས་བླངས་པ་ན་འཐག་མཁན་ལ་གླ་རྔན་བྱིན་ནས་སྦྱིན་བདག་གི་བློ་དང་མི་འཚམ་པའི་བཟང་རིན་ཆེན་པོ་འཐག་ཏུ་བཅུག་པའོ། །༤༢ བྱིན་འཕྲོག་གི་སྤང་བ་ནི། དགེ་སློང་གཞན་ལ་དངོས་པོ་བྱིན་པ་སླར་ཕྲོགས་པའོ། །༤༣ བརྟད་པ་ལས་བྱུང་བའི་སྤང་བ་ནི། དབྱར་གྱི་རྙེད་པ་དབྱར་མཚམས་ཀྱི་ནང་དུ་ལོངས་སྤྱད་པའོ། །༤༤ དགོན་པ་བའི་འབྲལ་བའི་སྤང་བ་ནི། དགེ་སློང་དགོན་པ་བས་ཆོས་གོས་དང་བྲལ་ནས་ཞག་བདུན་ཕན་ཆད་འདས་པའོ། །༤༥ རས་ཆེན་གྱི་སྤང་བ་ནི། དབྱར་ཁས་ལེན་གྱི་སྔ་རོལ་ཟླ་གཅིག་ཡན་དང་། དགག་དབྱེ་གྲོལ་ནས། ཟླ་ཕྱེད་ཕན་འདས་པར་རས་ཆེན་བཙལ་བ་དང་བཅངས་པའོ། །༤༦ བསྔོས་པ་གཞན་དུ་བསྒྱུར་བའི་སྤང་བ་ནི། དགེ་འདུན་ལ་བསྔོས་པའི་ཡོ་བྱད་རང་ཉིད་ལ་བསྒྱུར་བའོ། །༤༧ གསོག་འཇོག་གི་སྤང་བ་ནི། སྨན་གསུམ་པོ་གང་རུང་དུས་ལས་འདས་པར་བཅངས་པའོ། །ལྟུང་བྱེད་འབའ་ཞིག་པ་བཅུ་ཚན་དགུ་ལས། དང་པོ་ལ། ༤༨ བརྫུན་སྨྲའི་ལྟུང་བྱེད་ནི། ཕམ་ལྷག་སྦོམ་པོ་ཉེས་བྱས་བཞིའི་ནང་ཚན་གྱི་བརྫུན་མ་ཡིན་པ་ཤེས་བཞིན་དུ་བརྫུན་སྨྲ་བའོ། །༤༩ སྐྱོན་བརྗོད་པའི་ལྟུང་བྱེད་ནི། དགེ་སློང་རིགས་རུས་ངན་པ་དང་དབང་པོ་མ་ཚང་བ་ལ་དེའི་སྐྱོན་བརྗོད་པའོ། །༥༠ ཕྲ་མ་ བྱེད་པའི་ལྟུང་བྱེད་ནི། བསམས་བཞིན་དུ་དགེ་སློང་གཞན་ཕན་ཚུན་དུ་ཕྲ་མ་བཅུག་ནས་ཕྱེ་བའོ། །༥༡ སྐྱོན་འདོགས་བྱེད་པའི་ལྟུང་བྱེད་ནི། དགེ་སློང་གཞན་དག་གིས་རྩོད་པ་ཞི་བར་བྱས་པ་སྐྱོན་འདོགས་ཀྱི་སྒོ་ནས་སླར་རྩོད་པ་སློང་བའོ། །༥༢ བུད་མེད་ལ་ཆོས་སྟོན་པའི་ལྟུང་བྱེད་ནི། སྐྱེས་པ་གཞན་མེད་པའི་སར་བུད་མེད་ལ་ཚིག་ལྔ་དྲུག་ལས་མང་བའི་ཆོས་སྟོན་པའོ། །༥༣ བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་འདོན་པའི་ལྟུང་བྱེད་ནི། རྒོད་བག་གི་བསམ་པའི་སྒོ་ནས་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཏུ་ཆོས་ཀྱི་ཚིག་གདངས་སྣ་ཚོགས་ཀྱིས་འདོན་པའོ། །༥༤ གནས་ངན་ལེན་བྱེད་པའི་ལྟུང་བྱེད་ནི། ཕམ་ལྷག་གི་
རིགས་བྱུང་བ་ལ་སྤོ་མགུ་ལྟ་བུ་སྤྱོད་པ་ན། རང་ཉིད་དེའི་ལྟུང་བ་གླེང་བར་མ་བསྐོས་བཞིན་དུ་བསྙེན་པར་མ་རྫོགས་པ་ལ་སྨྲ་བར་བྱེད་པའོ། །༥༥ མི་ཆོས་བླ་མ་བདེན་པར་སྨྲ་བའི་ལྟུང་བྱེད་ནི། རང་ཉིད་ཀྱིས་མི་ཆོས་བླ་མའི་ཡོན་ཏན་ཐོབ་པ་དེ་དགོས་པ་ཁྱད་པར་ཅན་མེད་བཞིན་དུ་ཡུལ་བསྙེན་པར་མ་རྫོགས་པ་ལ་སྨྲ་བའོ། །༥༦ སྐུར་བ་འདེབས་པའི་ལྟུང་བྱེད་ནི། དགེ་འདུན་སྤྱིའི་བྱ་བ་བྱེད་པའི་དགེ་སློང་ལ་སྤྱི་རྫས་ཀྱི་སྟེང་ནས་འོས་པ་བྱིན་པ་ལ་དགེ་འདུན་ལ་སྐུར་བ་འདེབས་པའོ། །༥༧ ཁྱད་གསོད་ཀྱི་ལྟུང་བྱེད་ནི། བསླབ་པའི་གཞི་ཕྲ་མོ་འདི་རྣམས་ཀྱི་ཅི་བྱ་ཞེས་ཁྱད་གསོད་ཀྱི་ཚིག་སྨྲ་བའོ། །བཅུ་ཚན་གཉིས་པ་ལ། ༥༨ ས་བོན་དང་། སྐྱེ་བ་འཇིག་པའི་ལྟུང་བྱེད་ནི། ལྗོན་ཤིང་གཅོད་པ་དང་། མེ་སོགས་ཀྱིས་རུང་བ་མ་བྱས་པའི་ས་བོན་གྱི་རིགས་ཉམས་པར་བྱས་པའོ། །༥༩ འཕྱ་བའི་ལྟུང་བྱེད་ནི། དགེ་འདུན་གྱི་གནས་མལ་སྟོབས་པའི་བྱ་བ་བྱེད་པའི་དགེ་སློང་ལ་དངོས་སུ་འཕྱ་བའམ་གཞན་ལ་སྨོད་པའི་ཟོལ་གྱིས་འཕྱ་བའོ། །༦༠ བསྒོ་བ་རྣ་ལ་གཟོན་པའི་ལྟུང་བྱེད་ནི། དགེ་འདུན་གྱི་ཕྱིར་བཅོས་ལ་དགོད་པའི་ཆེད་དུ་ལྟུང་བ་གླེང་བ་ན་ཁས་མི་ལེན་པར་ཐབས་སྣ་ཚོགས་ཀྱིས་བསྒྱུར་བའོ། །༦༡ གནས་མལ་ལས་གྱུར་པའི་ལྟུང་བྱེད་ནི། རང་ཉིད་ཀྱིས་ལོངས་སྤྱད་པའི་ཁྲི་ལ་སོགས་པའི་དགེ་འདུན་གྱི་གནས་མལ་ཉི་མ་རླུང་ཆར་པ་སོགས་ཀྱིས་ཆུད་ཟོས་སུ་འཇུག་པའོ། །༦༢ གདིང་བ་ལས་གྱུར་པའི་ལྟུང་བྱེད་ནི་གཙུག་ལག་ཁང་དུ་རང་གི་གདིང་བའི་འོག་ཏུ་བཏིང་བའི་རྩྭ་དང་ལོ་མ་ལ་སོགས་པ་རྗེས་སུ་མ་བསྡུས་པའོ། །༦༣ སྐྲོད་པའི་ལྟུང་བྱེད་ནི། གནོད་སེམས་ཀྱིས་དགེ་སློང་གཞན་གནས་ཁང་ནས་ཕྱི་རོལ་དུ་འདོན་པའོ། །༦༤ ཕྱིས་གནོན་བྱེད་པའི་ལྟུང་བྱེད་ནི། རང་གི་ལུས་ཀྱིས་དགེ་སློང་གཞན་བརྫིས་ཤིང་གནོན་པའོ། །༦༥ རྩ་བ་འབྱུང་བ་ལ་འདུག་པའི་ལྟུང་བྱེད་ནི། དགེ་སློང་གཞན་ལ་གནོད་སེམས་
ཀྱིས་དེའི་སྟེང་གི་ཁྲི་རྐང་རང་གི་ལུས་ཀྱིས་མནན་ཏེ་ཕ་རོལ་པོ་ལ་གནོད་པར་འགྱུར་བའི་ཐབས་བྱེད་པའོ། །༦༦ སྲོག་ཆགས་དང་བཅས་པའི་ཆུ་ལ་ལོངས་སྤྱོད་པའི་ལྟུང་བྱེད་ནི། ཆུ་ལ་སྲོག་ཆགས་ཡོད་པ་ཤེས་ནས་ལོངས་སྤྱོད་པའོ། །༦༧ རིམ་པ་ལྷག་པར་རྩིག་པའི་ལྟུང་བྱེད་ནི། ཆར་ཆུ་བྱུང་བའི་དུས་སུ་གནོད་པ་སྲུང་བའི་གཡོགས་མ་བྱས་པར། ཉི་མ་གཅིག་ལ་རྩིག་པ་རིམ་པ་གསུམ་ལས་ལྷག་པ་བརྩིགས་པའོ། །བཅུ་ཚན་གསུམ་པ་ལ། ༦༨ དགེ་སློང་མ་ལ་ཆོས་སྟོན་པའི་ལྟུང་བྱེད་ནི། དགེ་སློང་མའི་སྟོན་པར་མ་བསྐོས་བཞིན་དུ་ཆོས་སྟོན་པའོ། །༦༩ ཉི་མ་ནུབ་ཀྱི་བར་དུ་ཆོས་སྟོན་པའི་ལྟུང་བྱེད་ནི། དགེ་སློང་མའི་སྟོན་པ་ཡིན་ཡང་འཇིགས་པ་ཡོད་པའི་སར་ཉི་མ་ནུབ་ནས་ཆོས་སྟོན་པའོ། །༧༠ ཟས་ཅུང་ཟད་ཙམ་གྱི་ཕྱིར་དུ་ཆོས་སྟོན་ནོ་ཟེར་བའི་ལྟུང་བྱེད་ནི། ཕྲག་དོག་གི་སྒོ་ནས་དགེ་སློང་མའི་སྟོན་པར་བསྐོས་པའི་དགེ་སློང་ལ་བཟའ་བཏུང་ལྟ་བུ་གཞི་གཅིག་ལ་བརྟེན་ནས་སྐུར་པ་འདེབས་པའོ། །༧༡ གོས་བྱིན་པའི་ལྟུང་བྱེད་ནི། ཉེ་དུ་མ་ཡིན་པའི་དགེ་སློང་མར་གོས་བྱིན་པའོ། །༧༢ གོས་བྱེད་པའི་ལྟུང་བྱེད་ནི། ཉེ་དུ་མ་ཡིན་པའི་དགེ་སློང་མའི་གོས་འཚེམ་པའོ། །༧༣ ལམ་དུ་འགྲོ་བའི་ལྟུང་བྱེད་ནི། དགེ་སློང་མ་དང་ལྷན་ཅིག་རྒྱང་གྲགས་ལས་འདའ་བར་བྱེད་པའོ། །༧༤ དགེ་སློང་མ་དང་ལྷན་ཅིག་གྲུར་འཇུག་པའི་ལྟུང་བྱེད་ནི། དགེ་སློང་མ་དང་ལྷན་ཅིག་གྲུར་ཞུགས་ཏེ་ཆུའི་རྒྱུན་ཕྱོགས་སམ་ལྡོག་ཕྱོགས་གང་རུང་ལ་རྒྱང་གྲགས་ཀྱི་བར་ཕྱིན་པའོ། །༧༥ དབེན་པ་སྐྱབས་ཡོད་དུ་འདུག་པའི་ལྟུང་བྱེད་ནི། ཉེ་དུ་མ་ཡིན་པའི་བུད་མེད་དང་ལྷན་ཅིག་དབེན་པ་སྐྱབས་ཡོད་དུ་སྡོད་པའོ། །༧༦ འགྲེང་བའི་ལྟུང་བྱེད་ནི། འགྲེང་བ་དང་སྡོད་པ་ཙམ་མ་གཏོགས་སྔར་ལྟར་རོ། །༧༧ ཟས་སྦྱོར་དུ་འཇུག་པའི་ལྟུང་བྱེད་ནི། ཉེ་དུ་མ་ཡིན་པའི་དགེ་སློང་མ་བརྒྱུད་ནས་ཁྱིམ་བདག་ལ་རང་གི་བཟའ་བཏུང་སྦྱོར་དུ་བཅུག་པའོ། །བཅུ་ཚན་བཞི་པ་ལ། ༧༨
ཡང་ཡང་ཟ་བའི་ལྟུང་བྱེད་ནི། ཉེ་དུ་མ་ཡིན་པའི་ཁྱིམ་པ་ལ་དུས་རུང་གི་ཁ་ཟས་ཀྱི་བསོད་སྙོམས་ཉིན་གཅིག་ལ་གཉིས་གསུམ་བསླངས་པའོ། །༧༩ ཟས་ཟ་བའི་ལྟུང་བྱེད་ནི། མུ་སྟེགས་ཀྱི་རབ་བྱུང་ཡོད་པའི་ཁྱིམ་དུ་ཞག་གཅིག་ལས་ལྷག་པ་གནས་ཏེ་ཟ་བའོ། །༨༠ ལྷག་པ་ལེན་པའི་ལྟུང་བྱེད་ནི། ཉེ་དུ་མ་ཡིན་པའི་ཁྱིམ་པ་ལ་དུས་གཅིག་ལ་ལྷུང་བཟེད་གསུམ་ལས་ལྷག་པ་ལེན་པའོ། །༨༡ སྤངས་པ་ཟ་བའི་ལྷུང་བྱེད་ནི། བྱིན་ལེན་བྱས་པའི་ཟས་བསམ་སྦྱོར་གྱིས་སྤངས་པ་སླར་ལྷག་པོར་མ་བྱས་པར་ཟ་བའོ། །༨༢ སྤངས་པ་སྟོབས་པའི་ལྟུང་བྱེད་ནི། དགེ་སློང་གཞན་གྱིས་སྤངས་པའི་ཟས་ལྷག་པོར་མ་བྱས་བཞིན་དུ་བྱས་སོ་ཞེས་བསྟབས་པའོ། །༨༣ འདུས་ཤིང་ཟ་བའི་ལྟུང་བྱེད་ནི། མཚམས་ནང་དུ་བསམ་པ་མི་མཐུན་པས་ཀུན་ནས་བསླང་སྟེ་ལོགས་སུ་འདུས་ཏེ་ཟ་བའོ། །༨༤ དུས་མ་ཡིན་པར་ཟ་བའི་ལྟུང་བྱེད་ནི། གླིང་འདིའི་ཉི་མ་ཕྱེད་ཡོལ་ནས་སང་གི་སྐྱ་རེངས་མ་ཤར་གྱི་བར་དུ་དུས་རུང་གི་སྨན་ཟ་བའོ། །༨༥ གསོག་འཇོག་བྱེད་པའི་ལྟུང་བྱེད་ནི། སྨན་གསུམ་པོ་གང་རུང་ལོངས་སྤྱད་པའི་ལྷག་མ་གསོག་འཇོག་བྱས་ནས་ལོངས་སྤྱོད་པའོ། །༨༦ བྱིན་ལེན་མ་བྱས་པ་ཟ་བའི་ལྟུང་བྱེད་ནི། སྨན་བཞི་པོ་གང་རུང་བྱིན་ལེན་མ་བྱས་པར་ཟ་བའོ། །༨༧ ཟས་བསོད་པ་སློང་བའི་ལྟུང་བྱེད་ནི། ཉེ་དུ་མ་ཡིན་པའི་ཁྱིམ་པ་ལས་བསླངས་པའི་ཟས་བཟང་པོ་ཟོས་པའི་ཉིན་གཅིག་ལ་སླར་ཁྱིམ་བདག་གཞན་ལ་ཟས་བཟང་པོ་སློང་བར་བྱེད་པའོ། །བཅུ་ཚན་ལྔ་པ་ལ། ༨༨ སྲོག་ཆགས་དང་བཅས་པའི་ཆུ་ལ་ལོངས་སྤྱོད་པའི་ལྟུང་བྱེད་ནི། རང་དོན་དུ་སྲོག་ཆགས་གནས་པའི་ཆུ་ལ་ཁྲུས་སོགས་བྱེད་པ་དང་རྩྭ་ལ་ལོངས་སྤྱོད་པའོ། །༨༩ ཉལ་པོ་བྱེད་པའི་ཁྱིམ་དུ་གནས་པའི་ལྟུང་བྱེད་ནི། ཕོ་མོ་ཉལ་པོ་བྱེད་སར་འདུག་སྟེ་དེ་ལ་བར་དུ་གཅོད་པར་བྱེད་པའོ། །༩༠ ཉལ་པོ་བྱེད་པའི་ཁྱིམ་དུ་འགྲེང་བའི་ལྟུང་བྱེད་ནི།
འདུག་པ་དང་འགྲེང་བའི་ཁྱད་པར་མ་གཏོགས་སྔར་ལྟར་རོ། །༩༡ གཅེར་བུ་ལ་ཟས་སྦྱིན་པའི་ལྟུང་བྱེད་ནི། དགོས་པ་ཁྱད་པར་ཅན་མེད་པར་ཕྱི་རོལ་པ་ལ་གཏོགས་པའི་བུད་མེད་ལ་གོས་ཟས་སྟེར་བའོ། །༩༢ དམག་ལ་ལྟ་བའི་ལྟུང་བྱེད་ནི། མཚམས་ཀྱི་ཉེ་འཁོར་ལས་འདས་ཏེ་དམག་ལ་ལྟ་ཞིང་སྨོད་པའོ། །༩༣ དམག་གི་ནང་དུ་གནས་པའི་ལྟུང་བྱེད་ནི། དགོས་པ་ཁྱད་པར་ཅན་མེད་པར་དམག་གི་ནང་དུ་ཞག་གཅིག་ལས་འདས་པར་གནས་པའོ། །༩༤ བཤམས་པ་དཀྲུགས་པའི་ལྟུང་བྱེད་ནི། དགོས་པ་ཁྱད་པར་ཅན་མ་ཡིན་པར་དམག་དང་གོ་མཚོན་དཀྲུགས་པའོ། །༩༥ བརྡེག་པའི་ལྟུང་བྱེད་ནི། དགེ་སློང་ལ་རང་གིས་བརྡེག་གམ་གཞན་བརྡེག་ཏུ་འཇུག་པའོ། །༩༦ བརྡེག་པར་གཟས་པའི་ལྟུང་བྱེད་ནི་གོང་དང་འདྲ། ༩༧ གནས་ངན་ལེན་འཆབ་བའི་ལྟུང་བྱེད་ནི། དགོས་པ་ཁྱད་པར་ཅན་མ་ཡིན་པར་དགེ་སློང་གཞན་ལ་ལྟུང་བ་བྱུང་བ་ཤེས་བཞིན་དུ་འཆབ་པའོ། །བཅུ་ཚན་དྲུག་པ་ལ། ༩༨ ཟན་གཅོད་དུ་འཇུག་པའི་ལྟུང་བྱེད་ནི། གནོད་སེམས་ཀྱི་སྒོ་ནས་གྲོགས་དགེ་སློང་ལ་དུས་རུང་གི་ཟས་བཀག་པའོ། །༩༩ མེ་ལ་རེག་པའི་ལྟུང་བྱེད་ནི། རྒོད་བག་གི་དབང་གིས་མེ་ལ་རེག་ཅིང་རྩེ་བའོ། །༡༠༠ འདུན་པ་ཕྱིར་སྒྱུར་བའི་ལྟུང་བྱེད་ནི། དགེ་འདུན་ལས་ལ་མི་མཐུན་པ་མེད་པར་བྱ་བའི་ཕྱིར་དུ་འདུན་པ་ཕུལ་བར་སླར་འདུན་པ་ཕྱིར་བཟློག་ཏུ་བཅུག་པའོ། །༡༠༡ ནུབ་ལྷག་པོར་ཉལ་བའི་ལྟུང་བྱེད་ནི། བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཏུ་མཚམས་ནང་གཅིག་ཏུ་ནུབ་གཉིས་ལས་ལྷག་པར་ཉལ་བའོ། །༡༠༢ སྡིག་ལྟ་མི་གཏོང་བའི་ལྟུང་བྱེད་ནི། སྟོན་པའི་གསུང་ལ་ཡིད་མི་ཆེས་པའི་སྡིག་ལྟ་སྐྱེས་པ་རྐྱེན་གྱིས་བཟློག་པའི་མཐའ་ལ་མ་གཏོང་བའོ། །༡༠༣ སྤངས་པ་རྗེས་སུ་ཕྱོགས་པའི་ལྟུང་བྱེད་ནི། དགེ་འདུན་གྱི་གནས་ནས་ཕྱུང་བའི་དགེ་སློང་དང་ལྷན་ཅིག་སྤྱོད་ལམ་མཐུན་པའོ། །༡༠༤ དགེ་ཚུལ་བསྙིལ་བ་སྡུད་པའི་ལྟུང་བྱེད་ནི། དགེ་ཚུལ་
སློང་མ་གཏོགས་སྔར་ལྟར་རོ། །༡༠༥ གོས་ཁ་མ་བསྒྱུར་བ་གྱོན་པའི་ལྟུང་བྱེད་ནི། རུང་བའི་ཚོན་གསུམ་གྱིས་ཁ་མ་བསྒྱུར་བའི་ཁྲུ་གང་དུ་ལོངས་པའི་གོས། གཞན་གྱི་གཡོགས་མེད་པར་གྱོན་པའོ། །༡༠༦ རིན་པོ་ཆེ་ལ་རེག་པའི་ལྟུང་བྱེད་ནི། རྒོད་བག་གི་བསམ་པས་ནོར་བུ་དང་རྔ་བོ་ཆེ་རོལ་ཆ་མཚོན་ཆ་རྣམས་ལ་རེག་པའོ། །༡༠༧ ཁྲུས་བྱེད་པའི་ལྟུང་བྱེད་ནི། ནད་པ་དང་ཚ་བའི་དུས་ཟླ་བ་གསུམ་མ་གཏོགས་ཟླ་བ་ཕྱེད་ཀྱི་སྔ་རོལ་དུ་ཁྲུས་བྱེད་པའོ། །བཅུ་ཚན་བདུན་པ་ལ། ༡༠༨ དུད་འགྲོ་གསོད་པའི་ལྟུང་བྱེད་ནི། བསམས་བཞིན་དུ་དུད་འགྲོ་ཆེ་ཕྲ་གསོད་པའོ། །༡༠༩ འགྱོད་པ་སྐྱེད་པའི་ལྟུང་བྱེད་ནི། བསྙེན་རྫོགས་ཀྱི་ཡོན་ཏན་སོགས་ལ་སྨོད་པའི་སྒོ་ནས་དགེ་སློང་གཞན་ཡིད་མི་བདེ་བར་འཇུག་པའོ། །༡༡༠ བུད་མེད་དང་ལྷན་ཅིག་ཏུ་ཉལ་བའི་ལྟུང་བྱེད་ནི། སྐྱི་གཡའ་བར་འདོད་པའི་བསམ་པས་དགེ་སློང་ལ་གཡའ་སྒྲོག་པའོ། །༡༡༡ ཆུ་ལ་རྩེ་བའི་ལྟུང་བྱེད་ནི། རྒོད་བག་གི་བསམ་པས་ཆུ་ལ་རྩེ་བར་བྱེད་པའོ། །༡༡༢ བུད་མེད་དང་ལྷན་ཅིག་ཏུ་ཉལ་བའི་ལྟུང་བྱེད་ནི། མཚམས་ནང་གཅིག་ཏུ་བུད་མེད་དང་ནུབ་གཅིག་ལྷན་དུ་གནས་པའོ། །༡༡༣ དངངས་པར་བྱེད་པའི་ལྟུང་བྱེད་ནི། དགེ་སློང་ལ་མཐོ་འཚམ་པའི་བསམ་པས་འཇིགས་པ་སྣ་ཚོགས་སྟོན་པའོ། །༡༡༤ སྦེད་པའི་ལྟུང་བྱེད་ནི། མཐོ་འཚམ་པའི་བསམ་པས་དགེ་སློང་གི་གོས་ལྷུང་བཟེད་སོགས་ཡོ་བྱད་སྦེད་པའོ། །༡༡༥ མ་བྱིན་པས་ཉེ་བར་འཚོ་བའི་ལྟུང་བྱེད་ནི། རང་དང་རྫས་མི་གཅིག་པའི་དགེ་སློང་གི་གོས་མ་བྱིན་པར་ལོངས་སྤྱོད་པའོ། །༡༡༦ སྐུར་བ་འདེབས་པའི་ལྟུང་བྱེད་ནི། མཐོང་ཐོས་དོགས་གསུམ་མེད་བཞིན་དུ་དགེ་སློང་ལ་བསམས་བཞིན་དུ་ལྷག་མའི་སྐུར་བ་འདེབས་པའོ། །༡༡༧ བུད་མེད་དང་ལྷན་ཅིག་ཏུ་ལམ་དུ་འགྲོ་བའི་ལྟུང་བྱེད་ནི། བུད་མེད་དང་ལྷན་ཅིག་ཏུ་རྒྱང་གྲགས་ལས་འདས་པར་ལམ་དུ་འགྲོ་བའོ། །བཅུ་ཚན་བརྒྱད་པ་ལ། ༡༡༨ རྐུན་པོ་
དང་ལྷན་ཅིག་ཏུ་ལམ་དུ་འགྲོ་བའི་ལྟུང་བྱེད་ནི། གཞན་གྱི་དངོས་པོ་བརྐུས་པའི་གང་ཟག་དང་ལྷན་ཅིག་ཏུ་རྒྱང་གྲགས་ལས་འདས་པར་འགྲོ་བའོ། །༡༡༩ ཉི་ཤུ་མ་ལོན་པར་བསྙེན་པར་རྫོགས་པའི་ལྟུང་བྱེད་ནི། བསྒྲུབ་བྱ་མངལ་བཤོལ་དང་བཅས་པའི་ལོ་ཉི་ཤུ་མ་ལོན་པར་ཤེས་བཞིན་དུ་བསྙེན་པར་རྫོགས་པའོ། །༡༢༠ རྐོ་བའི་ལྟུང་བྱེད་ནི། དགོས་པ་ཁྱད་པར་ཅན་མེད་པར་སྲ་ཞིང་འཐས་པ་ནས་ས་སྦར་བ་གང་ལོངས་པ་ཡན་ཆད་དུ་བསྐོས་པའོ། །༡༢༡ མགྲོན་དུ་གཉེར་བ་ལས་རིང་དུ་འདུག་པའི་ལྟུང་བྱེད་ནི། (༡༠ན)སྦྱིན་བདག་གིས་ཞག་གི་གྲངས་ཀྱི་བསྙེན་བཀུར་བྱེད་པ་ན། དུས་ལས་འདས་པའི་བསྙེན་བཀུར་ལོངས་སྤྱོད་པ་དང་། ཞག་གྲངས་མེད་ན་ཟླ་བ་བཞི་ལས་ལྷག་པར་ལོངས་སྤྱོད་པའོ། །༡༢༢ བསླབ་པ་ཉེ་བར་འཇོག་པ་སྤོང་བའི་ལྟུང་བྱེད་ནི། བསླབ་བྱ་ལ་བསླབ་པའི་ཐབས་གཞན་གྱིས་བརྗོོད་པ་ལ་ཁྱད་གསོད་བྱེད་པའོ། །༡༢༣ ཉན་རྣ་བྱེད་པའི་ལྟུང་བྱེད་ནི། ཕན་ཚུན་མི་མཐུན་པའི་བསམ་པས་གཞན་དག་གླེང་མོ་བྱེད་པ་ལ་ལྐོག་ཏུ་ཉན་པའོ། །༡༢༤ མི་སྨྲ་བར་འགྲོ་བའི་ལྟུང་བྱེད་ནི། ལས་གྲལ་དུ་འཁོད་ནས། འདུན་པ་མ་ཕུལ་བར་གཞན་དུ་འགྲོ་བའོ། །༡༢༥ མ་གུས་པའི་ལྟུང་བྱེད་ནི། དགེ་འདུན་གྱིས་བཅས་པའི་ཆོས་ལྡན་གྱི་བྱ་བ་ལ་མ་གུས་པའི་ཚུལ་གྱིས་འདའ་བའོ། །༡༢༦ ཆང་འཐུང་བའི་ལྟུང་བྱེད་ནི། མྱོས་འགྱུར་གྱི་རིགས་འཐུང་བ་སྟེ། མྱོས་འགྱུར་ལ་བརྟེན་པའི་བག་མེད་པས། གཞན་མ་དད་པར་བྱེད་ནུས་ན་ལྟུང་བ་འདི་འབྱུང་ངོ་། །༡༢༧ ཕྱི་དྲོ་གྲོང་དུ་འཇུག་པའི་ལྟུང་བྱེད་ནི། ཉེ་དུ་མ་ཡིན་པའི་ཁྱིམ་དུ་གུང་ཡོལ་ནས་སང་གི་སྐྱ་རེངས་མ་ཤར་གྱི་བར་དུ་གནས་པའོ། །༡༢༨ གྲོང་དུ་རྒྱུ་བའི་ལྟུང་བྱེད་ནི། རང་གྲོང་གཞན་དུ་རྒྱུ་བ་ལ་བརྟེན་ནས། དགེ་འདུན་སྤྱིའི་གདུགས་ཚོད་དུས་ལས་ཡོལ་བའོ། །༡༢༩ རྒྱལ་པོའི་ཕོ་བྲང་དུ་ནུབ་མོ་འགྲོ་བའི་ལྟུང་བྱེད་ནི། མཚན་མོ་རྒྱལ་པོའི་བཙུན་མོ་དང་བཅས་པའི་ཕོ་བྲང་དུ་འདུག་
པའོ། །༡༣༠ ཁྱད་དུ་གསོད་པའི་ལྟུང་བྱེད་ནི། གསོ་སྦྱོང་གི་དུས་སུ་བསླབ་བྱ་ཤེས་བཞིན་དུ་ཁྱད་དུ་གསོད་པའོ། །༡༣༡ ཁབ་རལ་བྱེད་པའི་ལྟུང་བྱེད་ནི། ཁྱིམ་པ་ཉེ་དུ་མ་ཡིན་པ་ལ་རྭ་དང་རུས་པ་སོགས་ཀྱི་ཁབ་རལ་འཆོས་སུ་བཅུག་ནས་ལེན་པའོ། །༡༣༢ ཁྲི་རྐང་འཆོས་པའི་ལྟུང་བྱེད་ནི། ཁྲི་རྐང་ཁྲུ་གང་ལས་མཐོ་བ་འཆོས་པའོ། །༡༣༣ ཤིང་བལ་གྱིས་གོས་པར་བྱེད་པའི་ལྟུང་བྱེད་ནི། དགེ་འདུན་གྱི་ཁྲི་ལ་བསམས་བཞིན་དུ་ཤིང་བལ་གཡོགས་པའོ། །༡༣༤ གདིང་བ་ཆད་ལྷག་བྱེད་པའི་ལྟུང་བྱེད་ནི། གདིང་བ་སྲིད་དང་ཞེང་གི་ཚད་ལས་ལྷག་པ་འཆང་བའོ། །༡༣༥ གཡོན་པ་དགག་བྱ་ཚད་ལས་ལྷག་པའི་ལྟུང་བྱེད་དང་། ༡༣༦ དབྱར་གྱི་གོས་རས་ཆེན་ཚད་ལས་ལྷག་པའི་ལྟུང་བྱེད་དང་། ༡༣༧ ཆོས་གོས་ཚད་ལས་ལྷག་པར་བྱེད་པའི་ལྟུང་བྱེད་གསུམ་ནི་སྔར་ལྟར་རོ། །བཞི་པ་སོར་བཤགས་ལ་བཞི་ལས། ༡༣༨ དགེ་སློང་མར་ཟས་ལེན་པའི་སོར་བཤགས་ནི། དགེ་སློང་མས་རང་ཉིད་འཚོ་བའི་ཆེད་དུ་བསོད་སྙོམས་བསླངས་པ་སློང་པའོ། །༡༣༩ གྲལ་རིམས་སུ་མ་ཕེབས་པར་འགྲིམ་དུ་འཇུག་པ་མ་བཟློག་པའི་སོར་བཤགས་ནི། སྦྱིན་བདག་གི་གནས་སུ་དགེ་སློང་མ་ལ་རང་ལ་དམིགས་བསལ་གྱིས་ཟས་འདྲེན་པར་བསྐོས་པའོ། །༡༤༠ བསླབ་པ་བྲལ་ཏེ་ཁྱིམ་དུ་འཇུག་པའི་སོར་བཤགས་ནི། ཁྱིམ་གྱི་བསླབ་པའི་སྡོམ་པ་བྱིན་པའི་གང་ཟག་ལས་བསོད་སྙོམས་ལེན་པའོ། །༡༤༡ ནགས་མ་བརྟགས་པ་ལས་གྱུར་པའི་སོར་བཤགས་ནི། འཇིགས་པ་ཡོད་པའི་སར། ཆོམ་རྐུན་ཡོད་མེད་མ་བརྟགས་པར་ཟས་ཟ་བའོ། །ཉེས་བྱས་ལ་བརྒྱ་དང་བཅུ་གཉིས་ཡོད་པའི་སྡེ་ཚན་བརྒྱད་ལས། གོས་ཀྱི་སྡེ་ཚན་ལ། ཤམ་ཐབས་ཀྱི་བདུན་ནི། ༡༤༢ མཐའ་གཉིས་ཟླུམ་པོར་མ་གྱོན་པ། ༡༤༣ པུས་མོ་ལས་ཡར་བརྫེས་པ། ༡༤༤ ལོང་བུ་ལས་མར་འཇོལ་བ། ༡༤༥ མདུན་ཕྱོགས་
སུ་མར་སྣ་ལུག་པ། ༡༤༦ ཡ་མཐའི་མགོ་བོ་ཐུར་དུ་ལྟེབ་པ། ༡༤༧ ཡ་མཐའ་ལ་མཐོ་དམན་དུ་བྱས་པ། ༡༤༨ མ་མཐའི་ཁ་མ་མཉམ་པར་ལུག་པ། ༡༤༩ སྐ་རགས་ཀྱི་བར་བར་ན་ཤམ་ཐབས་དོན་པའོ། །སྟོད་གཡོགས་ཀྱི་གསུམ་ནི། (༡༡ན) ༡༥༠ མ་མཐའ་ཟླུམ་པོར་མ་གྱོན་པ། ༡༥༡ པུས་མོ་ལས་ཡར་བརྫེས་པ། ༡༥༢ ལོང་བུ་ལས་མར་འཇོལ་བའོ། །ཁྱིམ་དུ་འགྲོ་བའི་སྡེ་ཚན་ལ། ཤིན་ཏུ་བསྡམས་པ་ལྔ་ནི། ༡༥༣ དྲན་ཤེས་མ་བསྟེན་པ། ༡༥༤ གོས་ལེགས་པར་མ་གྱོན་པ། ༡༥༥ ཅ་ཅོའི་གཏམ་མང་དུ་སྨྲ་བ། ༡༥༦ མིག་ཕྱོགས་ཀུན་ཏུ་ལྟ་བ། ༡༥༧ གཉའ་ཤིང་གང་ལས་རིང་བར་ལྟ་བའོ། །མགོ་བོ་གཡོགས་པ་སོགས་ལྔ་ནི། ༡༥༨ མགོ་ལ་གོས་གཡོགས་པ། ༡༥༩ ཤམ་ཐབས་འདོམས་སྣང་བར་བརྫེས་པ། ༡༦༠ གཟན་ཕྲག་པ་གཡས་གཡོན་ལ་བཀལ་བ། ༡༦༡ ལག་པ་གཉིས་མདུན་ནས་གཉའ་བར་བསྣོལ་བ། ༡༦༢ རྒྱབ་ནས་ལྟག་པར་བསྣོལ་བའོ། །མཆོང་བ་སོགས་ནི། ༡༦༣ འགྲོ་ན་མཆོངས་ནས་འགྲོ་བ། ༡༦༤ ཙོག་བུས་འགྲོ་བ། ༡༦༥ རྐང་པའི་བྲང་གིས་འགྲོ་བ། ༡༦༦ གྲུ་མོ་བརྒྱང་ནས་འགྲོ་བ། ༡༦༧ སྡོད་པའི་ཚེ་རྐང་པ་སྐྱོང་བའོ། །ལུས་སོགས་ནི། ༡༦༨ ལུས་ཡང་ཡང་སྒྱུར་བ། ༡༦༩ ལག་པ་སྐྱོང་བ། ༡༧༠ མགོ་བོ་སྒྲིལ་བ། ༡༧༡ གཞན་དང་ཕྲག་པ་སྤྲོད་པ་དང་། ༡༧༢ ལག་པ་སྦྲེལ་བའོ། །འདུག་པའི་སྡེ་ཚན་ནི། ༡༧༣ མ་བསྒོས་པར་གཞན་གྱི་སྟན་ལ་འདུག་པ། ༡༧༤ མ་བརྟགས་པར་འདུག་པ། ༡༧༥ ཁྲི་ལ་ལུས་ཀྱི་ལྗིད་འགེལ་བ། ༡༧༦ རྐང་པ་གཉིས་པ་སྣོལ་ནས་བརྐྱང་བ། ༡༧༧ བརླ་གཉིས་བསྣོལ་བ། ༡༧༨ ལོང་བུ་བསྣོལ་བ། ༡༧༩ རྐང་པ་ཁྲིའི་འོག་ཏུ་བཀུག་པ། ༡༨༠ རྐང་པའི་མགོ་བོ་གཉིས་ཕྱིར་གདེངས་པ། ༡༨༡ འདོམས་སྣང་བར་བྱེད་པའོ། །ཟས་ཀྱི་སྡེ་ཚན་ནི། ༡༨༢ ཟས་ལེགས་པར་མ་བླངས་པ། ༡༨༣ ལྷུང་བཟེད་ལས་ཟས་མཐོ་བར་ལེན་
པ། ༡༨༤ འབྲས་ཆན་དང་ཚོད་མ་མཉམ་པར་ལེན་པ། ༡༨༥ མཐར་ཆགས་སུ་མི་ལེན་པ། ༡༨༦ ལྷུང་བཟེད་ལ་མ་བལྟས་པར་ལེན་པ། ༡༨༧ ཟས་མ་བྱུང་བར་ལྷུང་བཟེད་ཁ་གདངས་པ། ༡༨༨ ཟས་ལྷག་པོ་འདོད་ནས་གཅིག་གིས་གཅིག་སྦས་པ། ༡༨༩ བཟའ་བ་དང་བཅའ་བའི་སྟེང་དུ་ལྷུང་བཟེད་བཞག་པའོ། །ཟས་ཟ་བའི་སྡེ་ཚན་ལ། ལེགས་པར་བྱ་བ་ནི། ༡༩༠ ལེགས་པ་མ་ཟོས་པ། ༡༩༡ ཁམ་ཧ་ཅང་ཆེས་པ། ༡༩༢ ཧ་ཅང་ཆུང་བ། ༡༩༣ རན་པ་མ་ཡིན་པ། ༡༩༤ ཟས་མཐུན་པར་ཁ་གདངས་པ། ༡༩༥ ཟས་ཀྱི་ཁ་བཀང་ནས་གཏམ་སྨྲ་བའོ། །ཙུག་ཙུག་སོགས་ནི། ༡༩༦ མངར་བ་ལ་ཙུག་ཙུག །༡༩༧ སྐྱུར་བ་ལ་ཅག་ཅག །༡༩༨ གྲང་བ་ལ་ཧུ་ཧུ། ༡༩༩ ཚ་བ་ལ་ཕུ་ཕུ། ༢༠༠ ལྕེ་ཕྱིར་ཕྱུང་སྟེ་ཟ་བའོ། །ཐ་དད་བྱེད་པ་སོགས་ནི། ༢༠༡ འབྲུ་རེ་རེ་ནས་བཟའ་བ། ༢༠༢ ཟས་ལ་སྨོད་པ། ༢༠༣ མཁུར་བ་ཕན་ཚུན་སྤོ་བ། ༢༠༤ རྐན་སྒྲ་གཏོག་པ། ༢༠༥ ཁམ་འཕྲོ་གཅོད་ཅིང་ཟ་བའོ། །༢༠༦ ལག་པ་བསྡམ་པ་སོགས་ནི། ལག་པས་ཟས་ཆགས་ལ་ལྡག་པ། ༢༠༧ ལྕེ་དང་མཛུབ་མོས་ལྷུང་བཟེད་ལ་འབྱོག་པ། ༢༠༨ ཟས་གོས་པའི་ལག་པ་སྤྲུག་པ། ༢༠༩ ལྷུང་བཟེད་སྐྱོམ་པ། ༢༡༠ ཟས་ལ་མཆོད་རྟེན་གྱི་གཟུགས་འཆོས་པའོ། །ལྷུང་བཟེད་ཀྱི་སྡེ་ཚན་ལ། འཕྱ་བ་སོགས་ནི། ༢༡༡ གཞན་གྱི་ལྷུང་བཟེད་ལ་སྨོད་པ། ༢༡༢ ཟས་འགོས་པའི་ལག་པས་ཆུ་སྣོད་འཛིན་པ། ༢༡༣ སྦགས་པའི་ཆུ་དགེ་སློང་ལ་འཐོར་བ། ༢༡༤ མ་དྲིས་པར་ཁྱིམ་དུ་ཁྲུད་ཆུ་འབོ་བའོ། །༢༡༥ ལྷུང་བཟེད་སོགས་ནི། ༢༡༦ ལྷག་མ་ལྷུང་བཟེད་དུ་བླུགས་ནས་འདོར་བ། ༢༡༧ ལྷུང་བཟེད་ས་ལ་འཇོག་པ། ༢༡༨ གཡངས་ས། ༢༡༩ གད་ཁ། ༢༢༠ དཀན་གཟར་པོ་སོགས་སུ་འཇོག་པ། ༢༢༡ དེ་༢༢༢ གསུམ་དུ་༢༢༣ བཀྲུ་བ། ༢༢༤ འགྲེང་སྟེ་ལྷུང་བཟེད་བཀྲུ་བ། ༢༢༥ འབབ་ཆུ་དྲག་པོའི་རྒྱུན་ལས་ལྡོག་སྟེ་བཅུ་པའོ། །ཆོས་བཤད་
པའི་སྡེ་ཚན་ལ། འགྲེངས་སོགས་ནི། ༢༢༦ ལངས་པ་དང་། ༢༢༧ ཉལ་བ་དང་། ༢༢༨ མཐོ་སར་བསྡད་པ་དང་། ༢༢༩ སྔོན་དུ་འགྲོ་བ་དང་། ༢༣༠ ལམ་གྱི་འགྲམ་ནས་ཆོས་བཤད་པའོ། །མགོ་བོ་གཡོགས་པ་སོགས་ནི། ༢༣༡ མགོ་ལ་རས་ལྟ་བུ་གཡོགས་པ་དང་། ༢༣༢ གོས་བརྫེས་པ། ༢༣༣ ཕྲག་གོང་དུ་རྫེས་པ། ༢༣༤ ལག་པ་གཉའ་གོང་དུ་བསྣོལ་བ། ༢༣༥ ལྟག་པར་བསྣོལ་བ་རྣམས་ཀྱིས་ཆོས་ཉན་པའོ། །དོ་ཀེར་སོགས་ནི། ༢༣༦ སྐྲའི་ཐོར་ཅོག་བྱས་པ། ༢༣༧ དར་གྱི་ཅོད་པན་བཅིངས་པ། ༢༣༨ ཞྭ་གྱོན་པ། ༢༣༩ ཐོད་བཅིངས་པ། ༢༤༠ མེ་ཏོག་གི་འཕྲེང་བ་བྱས་པ་རྣམས་ལ་ཆོས་བཤད་པའོ། །གླང་ཆེན་སོགས་ནི། ༢༤༡ གླང་པོ། ༢༤༢ རྟ་༢༤༣ དེ་མ་ཡིན་པའི་བཞོན་པ་དང་གསུམ། ༢༤༤ འདོ་ལེས་བཏེག་པ། ༢༤༥ མཆིལ་ལྷམ་གྱོན་པས་ཆོས་ཉན་པའོ། །འཁར་བ་སོགས་ནི། ༢༤༦ ལག་ན་འཁར་བ་དང་། ༢༤༧ དགྲ་སྟ་དང་དེ་མ་ཡིན་པའི་༢༤༨ མཚོན་ཆ་དང་། ༢༤༩ གོ་ཆ་ཐོགས་པས་ཆོས་ཉན་པའོ། །སྒྲུབ་པའི་སྡེ་ཚན་ནི། ༢༥༠ འགྲེང་ནས་བཤང་གཅི་འདོར་བ། ༢༥༡ ཆུ་ལ་བཤང་གཅི་དང་ལུད་པ་འདོར་བ། ༢༥༢ རྩྭ་སྔོན་གྱི་སྟེང་དུ་བཤང་གཅི་འདོར་བ། ༢༥༣ ཤིང་ལ་འདོམ་གང་ཡན་ཆད་ལ་འཛེག་པའོ། །གཉིས་པ་བདེ་བར་གནས་པའི་རྐྱེན་བསྟེན་པ་ལ། གོས་མཐའ་གཉིས་སུ་མ་ལྷུང་བ། སྨན་མཐའ་གཉིས་སུ་མ་ལྷུང་བ། གནས་མལ་མཐའ་གཉིས་སུ་མ་ལྷུང་བ་དང་གསུམ། དང་པོ་ལ། འཚོ་བའི་ཡོ་བྱད་ནི། སྣམ་སྦྱར། བླ་གོས། མཐང་གོས། ཤམ་ཐབས། ཤམ་ཐབས་ཀྱི་གཟན། རྔུལ་གཟན། རྔུལ་གཟན་གྱི་གཟན། གདོང་ཕྱིས། རྣག་གཟན། གཡན་པ་དགབ་པ། ལྷུང་བཟེད། གདིང་བ། དབྱར་གྱི་གོས་རས་ཆེན། མཁོ་བའི་ཡོ་བྱད་ནི། གདན་དང་གཏུར་བུ་ལྟ་བུ། ལྷག་པོའི་ཡོ་བྱད་ནི། སྣམ་སྦྱར་ལྷག་པོ་ལ་སོགས་པ། འཚོ་བའི་ཡོ་བྱད་ཕྲན་ཚེགས་ནི། ཞྭ་ལྷམ་སྐ་
རགས་སོགས། མཁོ་བའི་ཡོ་བྱད་དང་ལྷག་པོའི་ཡོ་བྱད་ཕྲན་ཚེགས་ནི། དེ་དག་གི་རྒྱུར་བསྔོས་ཞིང་ཁྲུར་མ་ལོངས་པའོ། །དེ་ཡང་འཚོ་བའི་ཡོ་བྱད་ནི་ཁ་སྒྱུར་དགོས་ཤིང་། སྒྱུར་བྱེད་ཀྱི་ཚོན་ཡང་སྔོན་པོ་བཙག་དང་ངུར་སྨྲིག་ཚོན་གསུམ་པོ་གང་རུང་གིས་བསྒྱུར། ཆེ་ཆུང་གི་ཚད་སྣམ་སྦྱར་གྱི་དཔངས་སུ་ཁྲུ་གསུམ་དང་། སྲིད་དུ་ཁྲུ་ལྔ་ལ་ཆེ་ཚད་བྱས་པ། མཐང་གོས་ལ་དཔངས་སུ་ཁྲུ་དོ་དང་སྲིད་དུ་ཁྲུ་ལྔ་ལ་ཆེ་ཚད་བྱས་པ། རལ་ཁ་དཔུང་ཆད་ནི། དེའི་ཚད་ལ་མི་གཏོགས་སོ། །ཤམ་ཐབས་དང་དེའི་གཟན་གཉིས་ནི། ཚད་མཐང་ཤམ་དང་མཚུངས། རྔུལ་གཟན་དང་། དེའི་གཟན་གཉིས་ནི་བླ་གོས་དང་མཚུངས། རྣག་གཟན་གྱི་ཚད་སྲིད་དུ་ཁྲུ་དྲུག ཞེང་དུ་གསུམ། གཡན་པ་དགབ་པ་ནི། སྲིད་དུ་ཁྲུ་དྲུག་དང་ཞེང་དུ་ཁྲུ་གསུམ། སྐྲ་བཟེད་ནི་ཞེང་དུ་ཁྲུ་ཕྱེད་དང་གཉིས་དང་སྲིད་དུ་ཁྲུ་གསུམ། གདིང་བ་ནི། སྲིད་དུ་ཁྲུ་གསུམ་དང་། ཞེང་དུ་ཁྲུ་དོ་དང་སོར་དྲུག །དབྱར་གྱི་གོས་རས་ཆེན་ནི། སྲིད་དུ་ཁྲུ་དགུ་དང་། ཞེང་དུ་ཁྲུ་གསུམ་དང་སོར་བཅོ་བརྒྱད་ཡིན་ནོ། །མཁོ་བའི་ཡོ་བྱད་ནི། ཁ་དོག་དང་དབྱིབས་ངེས་པ་མེད་དོ། །གཉིས་པ། སྨན་མཐའ་གཉིས་སུ་མ་ལྷུང་བ་ལ། དུས་རུང་གི་སྨན་ནི། འབྲས་ཆན། ཟན། ཤ། ཕྱེ། འཁུར་བ་ལྔ་ལ་བཟའ་བ་ལྔ། རྩ་བ། སྡོང་བུ། མེ་ཏོག །འབྲས་བུ། ཡལ་འདབ་ལྔ་ལ་བཅའ་བ་ལྔ་སྟེ། བཅུ་པོ་འདི་སྐྱ་རེངས་ཤར་ནས་དགུང་མ་ཡོལ་གྱི་བར་ཁོ་ནར་ཟ་བའོ། །ཐུན་ཚོད་ཀྱི་སྨན་ནི། ཚགས་ཀྱིས་གཙགས་པའི་རྩམ་དྭངས་ཤིན་ཏུ་སླ་བ། བུ་རམ་གྱི་ཁུ་བ་ཤིན་ཏུ་སླ་བ། སྐྱུ་རུ་རའི་ཁུ་བ་ཤིན་ཏུ་སླ་བ། ཇ་ལ་སོགས་པ་བཏུང་བར་འོས་པ་རྣམས་སོ། །ཉིན་མཚན་གྱི་བར་གྱི་ཐུན་མཚམས་མ་གཏོགས་པར་ལོངས་སྤྱད་རུང་བའོ། །ཞག་བདུན་པའི་སྨན་ནི། ཞུན་མར། འབྲུ་མར། སྦྲང་རྩི། བུ་རམ་རྣམས་སྐོལ་ཞིང་གཙགས་པ་སྟེ། ཞག་བདུན་
གྱི་མཐའ་མ་འདས་ཀྱི་བར་དུ་ལོངས་སྤྱད་རུང་བའོ། །འཚོ་བཅང་གི་སྨན་ནི། གསོ་བ་རིག་པའི་གཞུང་ལས་འབྱུང་བའི་སྨན་ཏེ། ཇི་སྲིད་འཚོའི་བར་དུ་བཅང་རུང་བའོ། །གསུམ་པ་གནས་མལ་མཐའ་གཉིས་སུ་མ་ལྷུང་བ་ནི། སྤྱོད་ལམ་བཞི་ཤོང་གི་ཁང་པ་འམ། ཤིང་དྲུང་དང་བྲག་གི་སྐྱིབས་ལྟ་བུ། ཆར་ཆུ་དང་རླུང་ཉི་མ་སོགས་ཀྱི་འཇིགས་པ་སྐྱོབ་ནུས་པ་ལ་བརྟེན་པའོ། །དེ་ཡང་སྐྱེས་བུས་རྩོལ་བ་མ་བྱས་པའི་གནས་ནི་གྲུབ་པའི་གནས་དང་། ཐོག་མ་ནས་གྲུབ་པ་ལ་སྐྱེས་བུས་རྩོལ་བས་ཀྱང་ཅུང་ཟད་བྱས་པ་ནི་བགྱིས་པའི་གནས་དང་། གང་ཟག་ཁོ་ནའི་རྩོལ་བས་བྱས་པ་ནི། ལེགས་པའི་གནས་ཡིན་ནོ། །རྩྭ་དང་། ཁྲི་དང་། བལ་གྱི་མལ་སྟན་ལོངས་སྤྱད་འོས་པ་རྣམས་ལ། སྲོག་ཆགས་ཡོད་མེད་ལེགས་པར་བརྟགས་ནས་ལོངས་སྤྱོད་པ་དང་། ཁྲི་དམའ་ཡང་ཉིས་བརྩེགས་སུ་བྱས་ན་ཉེས་བྱས་འབྱུང་བས་སྤང་ངོ་། །སྣོད་སྤྱད་ཀྱི་རྟགས་ལྷུང་བཟེད། བྱི་བྱད་ཀྱི་ཡོ་བྱད་སྤུ་གྲི། གྲི་གུ །ཁབ་སོགས་འདུ་བྱ་བའོ། །ཀོ་ལྤགས་ནི་ནད་པ་ལྟ་བུ་ལ་དམིགས་བསལ་མ་གཏོགས་ལོངས་སྤྱད་དུ་མི་རུང་ངོ་། །དེ་ཡང་ཀརྴ་པ་ཎི་འབུམ་ཕྲག་གཅིག་རེ་བའི་གོས་དང་། ཟས་རོ་བརྒྱ་དང་ལྡན་པ་དང་། ཁང་པ་བརྩེགས་པ་ལྔ་བརྒྱ་པ་ལ་སོགས་པ་ལྟ་བུ་རང་ཉིད་ཀྱིས་ཚེགས་ཀྱིས་སྒྲུབ་མི་དགོས་པར་འབད་མེད་དུ་རྙེད་ན་ཞེན་མེད་ཀྱི་སྒོ་ནས་ལོངས་སྤྱད་དུ་རུང་ནའང་རང་ཉིད་ཀྱིས་ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་གྱི་གེགས་སུ་འགྲོ་བའི་ཤ་ཐང་ཐང་གི་སྒོ་ནས་འབད་རྩོལ་གྱིས་སྒྲུབ་པ་དགག་པའི་ཆེད་དུ། མཐའ་གཉིས་སུ་མ་ལྷུང་བ་བསྟན་ཏོ། །གཞན་གྱི་དད་པའི་རྫས་དེ་དག་ཀྱང་སློབ་པ་དང་མི་སློབ་པ་དང་། འཕགས་པ་མིན་ཡང་ཚུལ་ཁྲིམས་དང་ལྡན་པ་ཞིག་གིས་ལོངས་སྤྱད་དགོས་ཤིང་། ཚུལ་འཆལ་གྱིས་སྤྱད་ན། ལྕགས་ཀྱི་ཐོ་ལུམ་ཟ་བ་ཁྲོ་ཆུ་ཁོལ་མ་འཐུང་བ་སོགས་ཀྱི་ཉེས་དམིགས་མཐའ་ཡས་
པ་གསུངས་ཤིང་། རང་གི་འཚོ་བའི་ཆེད་ལས། རྒྱགས་ཕྱིར་སོགས་མ་ཡིན་ཏེ། ཇི་སྐད་དུ་བཤེས་སྤྲིང་ལས། རྒྱགས་ཕྱིར་མ་ལགས་སྙེམས་པའི་ཕྱིར་མ་ལགས། །འཚག་ཕྱིར་མ་ལགས་ལུས་གནས་འབའ་ཞིག་ཕྱིར། ཞེས་གསུངས་པ་ལྟར་རོ། །ཐོག་མར་སྔ་ཆབ་བླངས། ཟས་ལ་འཇུག་པའི་ཚེ་མཆིལ་ལྷམ་ཕུད། དཀོན་མཆོག་རྗེས་དྲན་གྱི་མདོ་བཏོན། ཕུད་ཀྱིས་དཀོན་མཆོག་མཆོད་ཅིང་ཆང་བུ་འཕྲོག་མ་ལ་བྱིན། ལོངས་སྤྱད་པའི་ལྷག་མ་རྣམས་ཀྱང་འབྱུང་པོ་རྣམས་ལ་སྟེར་ཞིང་། ཆབ་ཀྱིས་ཁ་བཤལ་བ་སོགས་བག་དང་ལྡན་པར་བྱའོ། །དེ་ཡང་རང་རང་གིས་ཁས་བླངས་པའི་ཚུལ་ཁྲིམས་ལས་འདས་ན། ཉེས་དམིགས་ཤིན་ཏུ་ཆེ་སྟེ། ལུང་རྣམ་འབྱེད་ལས། གང་ཞིག་སྟོན་པ་ཐུགས་རྗེའི་བསྟན་པ་ལ། །ཡང་བར་སེམས་ཤིང་ཅུང་ཟད་འདའ་བྱེད་པ། །དེ་ནི་དེ་ལས་སྡུག་བསྔལ་གཞན་དབང་འཐོབ། །སྨྱིག་ཚལ་བྲེགས་པས་ཨ་མྲའི་ཚལ་ཉམས་བཞིན། །འདི་ན་ལ་ལ་རྒྱལ་པོའི་ཚིག་ཆེན་ཡང་། །འདས་ན་ལན་འགའ་ཆད་པ་ཐོབ་པར་འགྱུར། །ཐུབ་པའི་བཀའ་ལུང་ཚུལ་མིན་འདའ་བྱེད་པ། །དུད་འགྲོར་སྐྱེ་འགྱུར་ཨེ་ལའི་འདབ་ཀླུ་བཞིན། །ཞེས་གསུངས་སོ། །ཕམ་པ་བཞི་ནས་བཟུང་ཡན་ལག་ཕྲ་མོའི་བར་རང་ཉིད་ཀྱིས་བསྲུང་མི་ནུས་པའི་བག་མེད་ཀྱི་སྤྱོད་པས་ཁྱིམ་པ་སུན་འབྱིན་པའི་གནས་ལྷུར་ལེན་ལས་བསླབ་པ་ཕུལ་བ་ཕན་ཡོན་ཆེ་སྟེ། ལུང་ལས། དགེ་སློང་ལྔ་བརྒྱས་སྡོམ་པ་ཕུལ། །སངས་རྒྱས་བྱམས་པའི་བསྟན་པ་ལ། །འདུས་པ་དང་པོར་ངས་ལུང་བསྟན། ཞེས་སོ། །བསྲུང་ནུས་ན་སྙིགས་མ་ལྔ་བདོ་བའི་དུས་འདིར་ཕན་ཡོན་ལྷག་པར་ཆེ་སྟེ། །ཟླ་བ་སྒྲོན་མེས་ཞུས་པའི་མདོ་ལས། གང་གིས་དམ་ཆོས་རབ་ཏུ་འཇིག་པ་དང་། །བདེ་གཤེགས་བསྟན་པ་འགགས་པར་གྱུར་བའི་ཚེ། །ཉིན་མཚན་དུ་ནི་བསླབ་པ་གཅིག་སྤྱོད་པ། །བསོད་ནམས་དེ་ནི་དེ་བས་
ཁྱད་པར་འཕགས། །ཞེས་གསུངས་སོ། །ཞིབ་ཏུ་བྱས་ན། མ་བྱིན་ལེན་ལྟ་བུ་ལ་མཚོན་ན། གཞིའི་སེལ་བ་ནི། དུར་ཁྲོད་ཀྱི་རོའི་རྫས་ལྟ་བུ་བརྐུས་ན་སྦོམ་པོའི་ཉེས་བྱས་འབྱུང་། བསམ་པའི་སེལ་བ་ལ། ལྷས་བྱིན་གྱི་ནོར་ལ་མཆོད་སྦྱིན་གྱི་ནོར་དུ་འདུ་ཤེས་ནས་བརྐུས་ན་སྦོམ་པོ་འབྱུང་། མི་མ་ཡིན་པའི་རྫས་བརྐུས་ན་སྦོམ་པོ་འབྱུང་། གང་ཟག་གཞན་གྱི་ཆེད་དུ་རྐུ་བ་དང་། བཞད་གད་ཙམ་གྱི་ཆེད་དུ་རྐུ་བ་ལ་སྦོམ་པོ་འབྱུང་། སྦྱོར་བའི་སེལ་བ་ནི། དངུལ་ཐོབ་ན་རང་གི་བྱེད། གསེར་ཐོབ་ན་གྲོགས་ཀྱི་བྱེད་ཅེས་ཁྲིམས་སུ་བཅས་ནས་རང་གིས་གསེར་བརྐུས་ན་སྦོམ་པོ་འབྱུང་། མཐར་ཐུག་གི་སེལ་བ་ནི། ཐོབ་བློ་མེད་པའམ། གནས་ནས་སྤགས་དགོས་པ་རྣམས་ལ་མ་སྤགས་ན་སྦོམ་པོར་བཤད་དོ། །དེས་མཚོན་གཉེན་བྱེད་པའི་ལྷག་མ་ལྟ་བུ་ལ། ལྷག་མ་སྔར་བཤད་པ་དེ་འབྱུང་བ་ཙམ་དུ་མ་ཟད། བུད་མེད་འདི་ཁྱིམ་ལ་འགྲོ་རན་ནོ་ཞེས་སྨྲས་པ་ཙམ་ལ་ཡང་ཉེས་བྱས་འབྱུང་བར་བཤད། དངངས་པར་བྱེད་པའི་ལྟུང་བྱེད་ལ། དགེ་སློང་དངངས་པར་བྱས་པ་ལ་ལྟུང་བྱེད་འབྱུང་བར་མ་ཟད། ཁྱིམ་པ་དང་དུད་འགྲོ་དངངས་པར་བྱས་ན་ཉེས་བྱས་འབྱུང་བ་སོགས་སྔར་བཤད་པའི་ཕྲ་རགས་ཀྱི་བསླབ་བྱ་རྣམས་ལ་ཞིབ་ཆ་ཤིན་ཏུ་མང་བས་མཐའ་དག་བྲིས་ན་གླེགས་བམ་ཆེན་པོར་འགྲོ་བའི་ཕྱིར་རེ་ཞིག་དེ་ཙམ་མོ། །ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ལས་ཉེ་བར་བརྩམས་པའི་བསླབ་བྱའི་གནས་ལ་ནན་ཏན་དུ་བྱ་བ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་བྱུང་བའི་བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་སེམས་སྒོམ་པ། རྡོ་རྗེ་ཐེག་པའི་ཟབ་མོའི་གནས་ལ་འཁྲུལ་པ་མེད་པར་སྤྱོད་པ་སོགས་ལ་རྒྱལ་བའི་བཀའ་ཚད་མར་བྱས། བརྒྱུད་ལྡན་གྱི་བླ་མའི་གསུང་རྒྱུན་ལ་བརྟེན་ནས་རང་གཞན་གྱི་མངོན་པར་མཐོ་བ་དང་། ངེས་པར་ལེགས་པ་ཐོབ་པའི་ཐབས་ཡིད་ལ་བརྣགས་པའི་དཔྱོད་ལྡན་གྱི་སྐྱེས་བུ་ནི་ཆེས་ཆེར་དཀོན་པས།
ཐམས་ཅད་མཁྱེན་པ་བུ་སྟོན་ཞབས་ཀྱིས། གཉིས་མེད་གསུང་བའི་ཉིན་བྱེད་ནུབ་གྱུར་ཅིང་། །བསྟན་འཛིན་སྐྱེ་བོའི་ཐུན་མཚམས་འོད་དང་བྲལ། །ནག་པོའི་ཕྱོགས་གྱུར་སྡིག་སྤྱོད་འབྱུང་པོའི་བྱ། །ལྟས་ངན་སྣ་ཚོགས་བཟུང་སྟེ་རང་དགར་སྤྱོད། །ཞེས་གསུངས་པ་ཐུགས་ཤིན་ཏུ་བདེན་པར་སྣང་ཞིང་། གསུང་རབ་ནས་འདི་ལྟར་བཤད་ཀྱང་། ཡུལ་དུས་གནས་སྐབས་དང་བསྟུན་པའི་འདི་ལྟར་བྱེད་དགོས་ཞེས། རང་བཟོར་སྤྱོད་པ་ཆེས་མང་བའི་དུས་འདིར་གཞུང་ལུགས་སོ་སོའི་རང་སྐད་དང་བསྟུན་པའི་འཐད་མི་འཐད་ཀྱི་དཔྱད་པ་དང་ཞིབ་ཆ་མང་དུ་བྱས་ན་མཆོག་དམན་མང་པོའི་མཚང་ལ་ཕོག་པར་འགྱུར་ཞིང་། དེ་དག་གི་སྤྱོད་ཚུལ་ལ་བདེན་པར་སྨྲ་བའི་ངོ་བསྲུངས་ན་ལག་ལེན་འཆོལ་བར་འགྱུར་བས། དུས་གོ་བློ་གསལ་དགའ་བའི་མཛེས་རྒྱན་ལས། ཀྱེ་མ་གངས་ཅན་ཁྲོད་འདི་ན། །མཁན་སློབ་ཁྱིམ་པས་བྱེད་པ་དང་། །སྡོམ་པ་གཏོར་མས་ལེན་པ་དང་། །དུས་གོ་ཧོར་ཟླས་བྱེད་པ་མང་། །མདོ་དང་ཀརྨ་ཤ་ཏཾ་དུ། །ལོ་ཟླ་ཚེས་གྲངས་བཤད་པ་མེད། །ཟླ་བ་བདུན་པའམ་བརྒྱད་པ་ནས། །ལོ་འགོ་འཛིན་པའང་མདོ་དང་འགལ། །མང་དུ་སྨྲས་ན་དགྲ་སོགས་སྡང་། །མ་སྨྲས་ལག་ལེན་འཆོལ་བར་སྤྱོད། །ཅེས་པ་ལྟར་རོ། །དེ་ལྟར་གཞི་གཅིག་གི་སྟེང་ནས་འཐད་པ་དང་མི་འཐད་པ་གཉིས་ཀ་འཐད་ལྡན་དུ་སྒྲུབ་མི་ནུས་པས། བདག་གིས་ཆོས་མིན་སྨྲ་རུ་ཆོས་དང་འགལ། །ཆོས་བཞིན་སྨྲས་ན་བོད་རྣམས་དགྲ་རུ་སྡང་། །ཅི་ཡང་མ་སྨྲས་ཀུན་གྱིས་བླུན་ཞེས་བརྙས། །ཀྱེ་མ་ད་ནི་བདག་གིས་ཇི་ལྟར་བྱ། །ཞེས་གསུངས་པ་བཞིན་ནོ། །བཤད་མ་ཐག་པ་རྣམས་ཀྱི་དོན་ལྟར་ན། ཕལ་ཆེ་བ་དག་བློ་ཅུང་ཟད་འཁྱོག་ལ་འཕྱང་མོད། མེ་ཏོག་ཙམ་པ་ཀ་ན་རྒས་གྱུར་ཀྱང་། །མེ་ཏོག་ཕལ་པ་རྣམས་ཀྱི་དོ་ཟླ་མིན། །ང་ཡི་ཉན་ཐོས་ཚུལ་ཁྲིམས་འཆལ་གྱུར་ཀྱང་། །མུ་སྟེགས་ཕལ་པ་རྣམས་ཀྱི་དོ་ཟླ་མིན། །ཞེས་པའི་
ལུང་ལྟར་ན། བློ་འཚུབ་དང་སྦུབས་འཐུམས་ཞི་ནས་ཐུགས་བློ་རང་མལ་དུ་བདེ་བར་འགྱུར་རོ། །སྨྲས་པ། སོ་ཐར་གཞུང་བརྒྱའི་ལྷོ་ཕྱོགས་ནགས་ཀླུང་ནས། །ཉོན་མོངས་གདུངས་ལ་ཚུལ་ཁྲིམས་མངར་བའི་དྲི། །འདྲེན་བྱེད་སྔོན་མེད་ལེགས་བཤད་བསེར་བུ་ནི། །བྱེད་པོ་འཇམ་དབྱངས་དགའ་བའི་བཤེས་གཉེན་ཡིན། །ཆོས་འདུལ་ཁྲིམས་ཀྱི་ཆུ་གཏེར་ཆེན་པོ་དག །བདག་འདྲའི་བློ་གྲོས་ཨ་མྲའི་ཚིག་གུ་ཡིས། །འཇལ་བའི་དཀའ་ཐུབ་ལེན་པ་ངལ་ལོ་ཞེས། །ཡོན་ཏན་འོད་དེ་མགྲིན་པར་བྱོན་ནས་བརྩམས། །སྲིད་འབྱོར་ཁྱིམ་གྱི་འདུ་འཛིའི་སྨིག་རྒྱུ་ལ། །གཏན་བདེའི་སྐོམ་དུ་ཞེན་པའི་འགྲོ་བ་ཀུན། །ཐེག་གསུམ་བྱང་ཆུབ་རྙོག་བྲལ་དྭངས་པའི་ཆུ། །བཏུངས་ནས་ཕན་བདེའི་ས་ལ་གར་བྱེད་ཤོག །ཅེས་ད་ལྟར་གྱི་ཆོ་གའི་སྒོ་ནས་སྡོམ་གསུམ་མནོས་པའི་གང་ཟག་ལས་དང་པོ་བ་རྣམས་ལ་ཉེ་བར་མཁོ་བའི་སྤང་བླང་གི་རིམ་པ་རགས་པ་ཙམ་ངོས་བཟུང་བའི་རིམ་པ་ཉུང་ངུ་རྣམ་གསལ་སྒྲོན་མེ་ཞེས་བྱ་བ་འདི་ནི། མཐའ་འཁོབ་ཀྱི་ཡུལ་གྲུར་སྐྱེས་ཀྱང་དམ་པའི་ཆོས་འདུལ་བ་ལ་མོས་པའི་བག་ཆགས་སད་པ་དགེ་སློང་ངག་དབང་བློ་བཟང་གིས་ནན་གྱིས་བསྐུལ་བ་ལ་བརྟེན་ནས། རྒྱལ་བའི་གསུང་རབ་ཀྱི་དྲང་ངེས་ཀྱི་གནད་འཆད་པ་ལ་སྨྲ་བའི་དབང་ཕྱུག་འཇམ་དབྱངས་བླ་མ་དཀོན་མཆོག་ཆོས་འཕེལ་གྱི་བཀའ་དྲིན་ལས་ཆོས་ཚུལ་འདི་ལ་ཅུང་ཟད་སྦྱངས་པའི་ཟ་ཧོར་གྱི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེས་རྣམ་པར་རྒྱལ་བའི་ལོ་དུས་ཚིགས་ལ་བཞིར་ཕྱེ་བའི་དབྱར་ཟླ་ར་བའི་གྲལ་ཚེས་ལ་བྱང་ཕྱོགས་ཏལ་ཁའི་གཟིམས་ཁང་དུ་སྦྱར་བའི་ཡི་གེ་པ་ནི་འཇམ་དཔལ་ལོ།། །།