Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།

10 occurrences of བྱམས་པ་གླིང་
[Clear Hits]


  
  
  
  
  
  
  
  
  
  
  
 
  
  
 
  
  
  
  
  
 
  
  
  
འཕགས་མ་ཡིད་བཞིན་འཁོར་ལོའི་འདོད་གསོལ་ལས་བཞི་ལྷུན་གྲུབ།
  
 collapse section
  
  
  
  
  
  
  
  
  
  
  
  
  
  
 


10 occurrences of བྱམས་པ་གླིང་
[Clear Hits]

 
previousའཕགས་མ་ཡིད་བཞིན་འཁོར་ལོའི་འདོད་གསོལ་ལས་བཞི་ལྷུན་གྲུབ།next

འཕགས་མ་ཡིད་བཞིན་འཁོར་ལོའི་འདོད་གསོལ་ལས་བཞི་ལྷུན་གྲུབ།


GTD008_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་མ་ཡིད་བཞིན་འཁོར་ལོའི་འདོད་གསོལ་ལས་བཞི་ལྷུན་གྲུབ་ཅེས་བྱ་བ་བཞུགས་སོ། །རྣམ་དག་དང་བའི་ཡིད་ཀྱི་མེ་ལོང་ངོས། །རྒྱལ་ཀུན་ཐུགས་རྗེའི་རི་མོ་ཡོངས་སྨིན་ལས། །དགེ་ལེགས་སྣང་བའི་མཆོག་སྦྱིན་བཅོམ་ལྡན་མ། །ཡིད་


GTD008_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་འཁོར་ལོས་ཤིས་པ་མཆོག་གིས་སྐྱོངས། །གང་གི་ཐུགས་རྗེའི་ནོར་བུ་ཀེ་ཏ་ཀཿ །གཉུག་མའི་སེམས་ཉིད་ཀུན་གཞིའི་མཚོར་ཞུགས་པས། །མི་འདོད་ཉེར་འཚེའི་སྙིགས་མ་ཀུན་བྱང་སྟེ། །དགེ་མཚན་བྱེ་བའི་རང་འོད་འཆར་བར་མཛོད། །ཚེ་དཔག་མེད་མགོན་ཐུགས་བསྐྱེད་རལ་པའི་བཅུད། །འཕགས་མའི་ཞལ་སྒོ་ལས་འོངས་གངྒཱ་མས། །དུས་མིན་འཆི་བའི་རྐྱེན་གྱི་དྲི་མ་ཀུན། །ལྷག་མེད་བྱང་ཞིང་དག་པའི་འཕྲིན་ལས་མཛོད། །བཤེས་གཉེན་རི་དབང་ལྷུན་པོ་རྟག་བརྟན་ཅིང༌། །རྒྱལ་བསྟན་ཉི་ཟླའི་འོད་སྣང་འགྲིབ་པ་མེད། །འཇིག་རྟེན་བདེ་འབྱོར་འཁྱིལ་བའི་རྒྱ་མཚོར་བཅས། །ཐུགས་རྗེ་ཁོར་ཡུག་རི་བོས་ཡོངས་བཟུང་མཛོད། །སྡུག་བསྔལ་གཡང་ས་བརྒྱུད་མར་བརྡེག་འཆའ་བའི། །བྱེད་པོ་ཀུན་ཏུ་རྨོངས་པ་འཐུག་པོའི་སྨག །དྲུངས་ནས་འབྱིན་པའི་བྱིན་རླབས་ཟླ་ཤེལ་གྱི། །འོད་ཟེར་དཀར་པོའི་སྣང་བས་ཁྱབ་པར་མཛོད། །དཔག་ཡས་ཡོན་ཏན་རིན་ཆེན་འབྱུང་གནས་ལས། །ཐོན་པའི་ཚེ་དཔལ་བསོད་ནམས་ལུང་རྟོགས་ཀྱི། །ཛམྦུ་ནཱ་དའི་རྒྱལ་མཚན་མཐོར་བསྒྲེངས་པའི། །འོད་ཟེར་སེར་པོའི་སྣང་བས་ཁྱབ་པར་མཛོད། །སྲིད་ན་ཆེས་མཐོའི་སྐྱེ་དགུ་ཉི་མའི་འཕྲེང༌། །མངོན་འདོད་དད་པའི་སྐྱ་རེངས་ཀྱིས་དྲངས་ཏེ། །ཉེ་བར་འདུ་བ་རྩོམ་པའི་མཚམས་སྤྲིན་གྱི། །འོད་ཟེར་དམར་པོའི་སྣང་བས་ཁྱབ་པར་མཛོད། །བསྟན་དགྲ་ཕྱེ་མར་འཐག་པའི་མཐུ་སྟོབས་ཀྱི། །གནམ་ལྕགས་ཐོག་མདའ་འབེབས་པའི་སྒྲ་བརྒྱ་པ། །དབྱར་སྐྱེས་བཻ་ཌཱུར་རི་བོ་བརྩེགས་
འདྲ་བའི། །འོད་ཟེར་སྔོན་པོའི་སྣང་བས་ཁྱབ་པར་མཛོད། །མོས་པ་ཁམས་དང་སྐལ་བ་ཐ་དད་པའི། །གདུལ་བྱའི་རེ་བ་རྫོགས་བྱེད་རབ་འབྱམས་ལས། །སྣ་ཚོགས་རྐང་འཐུང་གཡུ་ཡི་ཚལ་འཁྲིགས་པའི། །འོད་ཟེར་ལྗང་གུའི་སྣང་བས་ཁྱབ་པར་མཛོད། །འགལ་རྐྱེན་གང་གིས་མི་ཚུགས་བསྲུང་བའི་མཆོག །ཁོར་ཡུག་ཡོངས་བསྐོར་སྨུག་ནག་ལྕགས་རིའི་ངོས། །ཡེ་ཤེས་མེ་ལྕེའི་མདངས་ཀྱིས་འཁྱུད་པ་ཡི། །འོད་ཟེར་མཆིན་ཁའི་སྣང་བས་ཁྱབ་པར་མཛོད། །མདོར་ན་སྐྱོབ་པ་རིགས་ལྔ་ཡེ་ཤེས་ལྔའི། །བདག་ཉིད་མི་ཤིགས་འོད་ཀྱི་གུར་ཁང་དུ། །ལྷན་སྐྱེས་བཞིན་དུ་འབྲལ་མེད་ཡོངས་བཟུང་སྟེ། །མི་མཐུན་བདུད་བཞིའི་གཡུལ་ལས་རྒྱལ་བར་མཛོད། །འཆི་མེད་ཚེ་ཡི་བདུད་རྩི་རྒྱ་མཚོར་འཁྱིལ། །དཔལ་འབྱོར་མངའ་ཐང་ལྷུན་པོའི་སྤོ་ལྟར་མཐོ། །ལུང་རྟོགས་ཡོན་ཏན་མཁའ་ལྟར་རྒྱ་ཆེ་བའི། །ལེགས་ཚོགས་མ་ལུས་ལྷུན་གྱིས་གྲུབ་པར་མཛོད། །ཇི་སྲིད་བྱང་ཆུབ་ལ་གནས་དེ་སྲིད་དུ། །རྗེ་བཙུན་མ་ཡིས་འབྲལ་མེད་རྗེས་གཟུང་སྟེ། །ཡང་དག་ལམ་གྱི་བགྲོད་པ་ཡོངས་རྫོགས་ནས། །འགྲོ་ཀུན་སྒྲོལ་མཛད་སྒྲོལ་མའི་སྐུ་ཐོབ་ཤོག །ཅེས་འཕགས་མ་ཡིད་བཞིན་འཁོར་ལོའི་འདོད་གསོལ་ལས་བཞི་ལྷུན་གྲུབ་ཅེས་བྱ་བ་འདི་ནི་བསྔགས་འོས་ཡོན་ཏན་དུ་མའི་རྒྱན་ལྡན་ཞབས་དྲུང་དཀོན་མཆོག་རྣམ་རྒྱལ་གྱིས་བསྐུལ་ངོར་ ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །


previousའཕགས་མ་ཡིད་བཞིན་འཁོར་ལོའི་འདོད་གསོལ་ལས་བཞི་ལྷུན་གྲུབ།next