Nitartha Digital Library
Tibetan
ཞེ་ཆེན་དབོན་སྤྲུལ་གསུང་འབུམ་པོད་དྲུག་པ།

16 occurrences of ཆུ་བཟང་
[Clear Hits]


  
  
  
expand section
  
12  collapse section
  
 
 
  
 
  
 
 
 
  
ཐུན་མོང་ཐུན་མིན་གྱི་ཆོས་འཁོར་གྱིས་སློབ་ཚོགས་སྐྱོང་ཚུལ།
  
  
 
 
  
  
  
  
  
  


16 occurrences of ཆུ་བཟང་
[Clear Hits]

 
previousཐུན་མོང་ཐུན་མིན་གྱི་ཆོས་འཁོར་གྱིས་སློབ་ཚོགས་སྐྱོང་ཚུལ།next

ཐུན་མོང་ཐུན་མིན་གྱི་ཆོས་འཁོར་གྱིས་སློབ་ཚོགས་སྐྱོང་ཚུལ།


GTN006_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་རྒྱུ་མཚན་ཡང་བཅད་རྒྱ་དེ་ཉིད་ཀྱི་ཁོངས་སུ་དབང་ལུང་དང་ཕྱི་ནང་གི་རིག་གནས་རྣམས་རིམ་པར་སྤེལ་བའི་ཚུལ་ནི། ཕག་ལོའི་དགུན་དེར་སྐུ་ན་ཆུང་དུས་ཀྱི་མཚན་ལ་རོང་རྒྱབ་ཁྱུང་པོའི་གདུང་རིགས། རྗེ་ཉིད་ནས་བསྙེན་པར་རྫོགས་པའི་མཚན་མཐུ་སྟོབས་བསྟན་འཛིན་གཡུང་དྲུང་གྲགས་པ་ཞེས་འབོད་པ། སླད་ནས་ཀཾ་ཚང་བཀའ་རྒྱུད་ཀྱི་བསྟན་པ་སྔར་ཉམས་རིགས་སླར་གསོ་བ་དང་། ཉམས་མེད་རྣམས་རིང་དུ་གནས་པར་མཛད་པ་དང་། ཁྱད་པར་ཨོ་རྒྱན་རྡོ་རྗེ་འཆང་གི་རྒྱལ་ཚབ་ཟབ་མོ་གཏེར་གྱི་བཀའ་བབ་མཁས་པའི་དབང་པོ་འཇ༵མ་མ༵གོན་ཀོང༵་བམ་སྟེང་སྤྲུལ༵་སྐུ་ཡོ༵ན་ཏ༵ན་རྒྱ༵་མཚོ༵་ཕེབས། དེ་ལ་ཐོག་མར་དབང་པོ་ཉམས་སད་ཕྱིར། རྩིས་ནག་གི་མ་བུ་དགྲ་གྲོགས་ཀྱི་ལག་རྩིས་སོགས་རིག་གནས་ཕྲ་མོ་ཁ་ཤས་བསླབ་པ་དེ་མ་ཐག་ཚེགས་མེད་དུ་མཁྱེན་པས། ཞི་བ་ལྷས། རྒྱ་ཆེན་ཆོས་ཀྱི་སྣོད་གྱུར་པ། །དམན་


GTN006_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆོས་ལ་སྦྱར་མི་བྱ། །ཞེས་དང་། ཀློང་ཆེན་ཞབས་ཀྱིས། གཞན་དོན་སྤྱོད་ལ་རིག་པའི་གནས་ལྔ་དང་། །ཞེས་གསུངས་པ་ལྟར། ཕྱི་ནང་གི་གཙུག་ལག་རྣམས་ལ་སློབ་སྦྱོང་རིམ་པར་མཛད་པའི་ཐོག་མར། སྒྲ་གཞུང་ཆེ་བ་ཙནྡྲ་པ་པོད་ཆེན་གསུམ་གྱི་རི་མོ། རྗེས་འབྲེལ་འཆི་མེད་མཛོད་པོད་གཉིས། གཞན་ཀ་ལཱ་པ། དབྱངས་ཅན་མ། པ་ཎི་པ་བཅས་དང་། སྙན་ངག་ཁམས་པའི་འགྲེལ་ཆེན་སྟེང་དང་། སྡོམ་གསུམ་རྣམ་ངེས་བཤད་པ་སོགས་གཞུང་ཆེན་པོད་དུ་མ་ལ་འཆད་ཉན་དང་། ཨ་གྲོ་སྒྲ་རམས་པ་འགྱུར་མེད་རྣམ་རྒྱལ་ཞེས་ཆབ་མདོ་དང་ནང་ཆེན་བྲག་ཡབ་སོགས་ཀྱི་བསླབ་གྲྭའི་ཡོངས་འཛིན་དུ་བཀུར་བའི་མཁས་པའི་དབང་པོ་དེ་ལ། སྒྲ་ཀ་ལཱ་པ་སོགས་ཕྱི་ནང་གི་རིག་གནས་ཡོངས་རྫོགས་བསླབ། ལྕགས་སྟག་ལོ་ནང་དཔལ་སྤྲུལ་རྡོ་རྗེ་འཆང་སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་དེ་ཉིད་ཕེབས། ཟླ་བ་ལྔ་དྲུག་ཅིག་བཞུགས། སྒྲ་དབྱངས་ཅན་མ་དང་། ཕྱི་ནང་གི་གཙུག་ལག་དུ་མ་གསན་བསམ་མཛད་ནས་སྨྲ་བའི་སེངྒེ་ལྟ་བུར་གྱུར། བཞུགས་ཡུན་ཡེ་མི་རིང་ཡང་། ཇི་སྐད་དུ། ལ་ལས་ལོ་བརྒྱར་སྦྱངས་པ་ཡང་། །ལ་ལས་ཡུད་ཙམ་ཞིག་གིས་ཤེས། །ལ་ལས་ཚེགས་ཀྱིས་སྒྲུབ་པ་ཡང་། །ལ་ལས་འབད་པ་ཆུང་ངུས་འགྲུབ། །ཅེས་གསུངས་པའི་ཚུལ་ལྟར་ལས། མཁས་དབང་འདིས་གཞན་ནས་ཐུན་མོང་གི་རིག་གནས་སོགས་སློབ་སྦྱོང་མཛད་པའི་ལོ་རྒྱུས་མེད། གཙང་མདའ་སྤྲུལ་དབོན་རྣམས་ལ་སྒྲ་ཀ་ལཱ་པ་དང་། སྙན་ངག །རྩིས་དཀར་ནག །གསང་སྙིང་རྒྱུད་བཤད། སྡོམ་གསུམ་བཤད་པ་བཅས་མཛད།


GTN006_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་རྒོད་ལོ་ཏྲིའི་དབང་ལུང་མན་ངག་ཡོངས་རྫོགས། འདོད་བུམ་ནས་འཇམ་དཀར། དབྱངས་ཅན་རྗེས་གནང་། བདུད་འདུལ་གྲོ་ལོད་དབང་། ཀློང་གསལ་སེང་སྒྲའི་དབང་། བསམ་ལྷུན་དབང་། ཚེ་དབང་སོགས་དབང་ལུང་མང་དུ་ཕུལ་བར་མཛད། རྫོགས་ཆེན་མཁན་པོ་བསླབ་གསུམ་ནོར་བུའི་མཛོད་འཆང་བླ་མ་དམ་པ་པདྨ་བཀྲ་ཤིས་ལ། སེམས་སྡེ་ཨ་དོན་བཅོ་བརྒྱད་དབང་ཚོགས་མཆོད་བཅོ་བརྒྱད་དང་འབྲེལ་བ། བྱམས་ཆོས་སྡེ་ལྔ་དང་། འདུལ་བ་མདོ་རྩ་བ། ལས་བརྒྱ་རྩ། ཚིག་ལེའུར་བྱས་པ། མེ་ཏོག་ཕྲེང་རྒྱུད། ཇོ་བོའི་བྱང་ཆུབ་ལམ་སྒྲོན། སྙིང་ཐིག་བླ་བརྒྱུད་རྣམ་ཐར་ཚང་མའི་ལུང་ཕུལ། གོར་རྩ་བླ་མ་ཨོ་རྒྱན་དཔལ་འབྱོར་ཞེས། ཉམས་རྟོགས་ཀྱི་ཡོན་ཏན་རྒྱ་ཆེ་ཞིང་ལམ་གྱི་དྲོད་ཚད་བརྙེས་པ་དེ་ལ། དབྱངས་ཅན་སྒྲ་མདོ་དང་། སྙན་ངག་སོགས་ཐུན་མོང་གི་རིག་གནས་འགའ་དང་། གཞན་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་སོགས། གཞི་བྱེས་ཀྱི་བླ་སྤྲུལ་རྣམས་དང་འདུས་པ་དུ་མ་ལ་བཀའ་བརྒྱད་བདེ་གཤེགས་འདུས་པའི་དབང་ཆེན། པོད་ཆེན་བཅུའི་ལུང་ཡོངས་རྫོགས། དབང་ཕྲན་སྐོར་ཚང་མ། ཕུར་པ་ཡང་གསང་བླ་མེད་ཀྱི་དབང་ཞེ་ཆེན་ལྗགས་འགྲིགས་ཀྱི་ལུང་། བདེ་གཤེགས་ཀུན་འདུས་ཀྱི་དབང་དང་ཁྲིད་ལུང་སོགས་ཀྱང་མཛད། བཀའ་བརྒྱད་དབང་ཆེན་སྐབས་གོར་ཙ་བླ་མའི་གཟིགས་སྣང་ལ་སྨན་རག་གི་ཐོད་པའི་ཁར་འཇའ་ཚོན་སྣ་ལྔའི་ཟེར་ཐག་སྦྲེལ་བ་མཐོང་བས། རང་རེའི་བླ་མ་འདི་གཞན་དང་མི་འདྲ་བའི་རྟགས་མཚན་


GTN006_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་དུ་སྟོན་པ་ཞིག་རེད་ཅེས་ཚུལ་དེ་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་སོགས་ལ་ནང་ཉམས་ཀྱི་གསུང་འཕྲོས་མཛད། གཞན་མ་ཏིའི་འཇམ་དཀར། དབྱངས་ཅན་མའི་དབང་། མཚན་བརྗོད་ལུང་། མཁའ་འགྲོ་སྙིང་ཐིག །མཁའ་འགྲོ་ཡང་ཏིག །བི་མ་སྙིང་ཏིག །བླ་མ་ཡང་ཏིག །ཟབ་མོ་ཡང་ཏིག་གི་དབང་ལུང་མཐའ་རྒྱས། སྙིང་ཐིག་བླ་བརྒྱུད་རྣམ་ཐར་ལུང་སོགས་ཕུལ། ཁྲོམ་ཐོག་བླ་མ་བཀའ་བབ་ལ་འཇའ་ཚོན་གཏེར་བྱོན་དཀོན་མཆོག་སྤྱི་འདུས་ཀྱི་དབང་ལུང་ཚང་མ། ཨ་མདོ་སོག་དགེ་སྤྲུལ་སྐུ་ལ་དམ་ཅན་དབང་། གཡུ་ཐོག་སྙིང་ཐིག་དབང་ལུང་ཚང་མ། དེ་མཚམས་ཞིག་ལ་སྤྲུལ་པའི་གཏེར་སྟོན་ཆེན་པོ་གླིང་རྗེ་དྲུང་རིན་པོ་ཆེ་བྱང་དགོན་ཡ་དིང་ནང་ལ་བུམ་སྒྲུབ་ཀྱི་དབུ་བཞུགས་སུ་ཕེབས་པ། ཚུར་ལམ་རི་ཁྲོད་དུ་བྱོན་པ་ལ་གསོལ་སྟོན་དང་། རྒྱ་དངུལ་རྡིལ་ཚད་ཀྱི་གཙོས་པའི་འབུལ་བ་བཅས་བཀུར་སྟི་རྒྱ་གང་ཆེ་ཞུས། ཚུར་ལ་དབང་ལུང་མང་ཞིག་གསན། ཕར་བླ་མ་གསང་འདུས་ཀྱི་དབང་ལུང་ཡོངས་རྫོགས། གར་ཚེའི་དབང་། ཕྱག་རྡོར་གཏུམ་པོའི་དབང་རྣམས་ཕུལ། གཙང་མཐིལ་སེངྒེ་བླ་མ་བསོད་ནམས་དབང་རྒྱལ། བླ་མ་གུ་རུ་རྡོ་རྗེ། བླ་མ་ཨོ་རྒྱན་བསོད་ནམས་སོགས་ལ། སངས་རྒྱས་གླིང་པའི་དགོངས་འདུས་པོད་བཅུ་གསུམ་དབང་ལུང་ཚང་མ་མཛད། གཙང་མདའ་སྤྲུལ་དབོན་རྣམས་ལ་མངའ་རིས་པཎ་ཆེན་གྱི་རིག་འཛིན་ཡོངས་འདུས་དབང་ལུང་ཚང་མ། ལྷ་འབྲང་བླ་མ་གྲུབ་པའི་དབང་ཕྱུག་པདྨ་དབང་རྒྱལ་ལ་ལོཀྟྲིའི་རིག་གཏད་ཕུལ། བླ་མ་དྷརྨ་ཙཀྲ་ལ་དགོངས་འདུས་རྫོགས་ཆེན་ཁྲིད་


GTN006_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་རྡོ་ལ་གསེར་ཞུན་དགེ་དབང་མཛད་པ། རྗེ་རབ་འབྱམས་གཉིས་པའི་སེང་གདོང་སྐོར་ཚང་མ། འཇའ་ཚོན་སྤྱི་འདུས་ཁྲིད་རྟ་ཧོ་གྲུབ་ཆེན་ཀརྨ་རབ་འབྱོར་ཁྲིད་ཡིག་གི་ཁྲིད་ལུང་རྣམས་ཞིབ་པར་མཛད། ཆུ་འབྲུག་ལོ་གསར་ཟླ་བའི་ནང་། ས་སྐྱོང་ཆོས་ཀྱི་རྒྱལ་པོས་རྒྱལ་བསྟན་སྤྱི་དང་། ཁྱད་པར་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེ་མི་ཉམས་ཤིང་ཡུན་དུ་གནས་པའི་ཐུགས་བཞེད་སྟོན་ཟླའི་རྗེས་སུ་འགྲོ་བས། བསྐུལ་མ་གནང་དོན་བཞིན། ཞེ་ཆེན་བླ་བྲང་དུ་ཕེབས་ནས། ཚེས་ཉི་ཤུའི་ཉིན། མཁས་བཙུན་ལྡན་པའི་དགེ་འདུན་གྲངས་ཚང་བ་དང་ལྷན་ཅིག་བཀྲ་ཤིས་པའི་གསོ་སྦྱོང་སྔོན་འགྲོའི། རྒྱལ་ཚབ་རིན་པོ་ཆེའི་ཡང་སྲིད་མི་བསྐྱོད་མཁས་གྲུབ་རྒྱ་མཚོ་སྐྱེས་སྦྱངས་ཀྱི་ཡོན་ཏན་མཆོག་ཏུ་མངའ་བ་དང་། གནས་ལྔ་རིག་པའི་པཎ་ཆེན་ཁྱུང་པོ་བླ་མ་(ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ)། མཁས་བཙུན་བཟང་པོའི་དཔལ་གྱིས་མཐོ་བ་རང་དགོན་གྱི་བླ་མ་པདྨ་སྐལ་བཟང་གསུམ། ཚིགས་གསུམ་བར་མ་ཆད་པ་བསྙེན་རྫོགས་སུ་བསྒྲུབས་པར་མཛད། དེ་མ་ཐག་རྒྱལ་བའི་བཀའ་འགྱུར་གྱི་བཀླག་ལུང་མཛད་པའི་དབུ་ཚུགས། དཀར་ཕྱོགས་ཀྱི་ལྷ་རྣམས་དགའ་བའི་སྐྱེས་སུ་ཁ་བ་མེ་ཏོག་གི་དབྱིབས་ཅན་སྔོན་ཆད་མཐོང་མ་མྱོང་བའི་ཆར་བབ་པས་ཀུན་ཡ་མཚན་དུ་གྱུར། རྒྱལ་བཀའ་རིན་པོ་ཆེ་ས་སྐྱོང་སྡེ་དགེའི་སྤར་མ་པོད་ཆེན་བརྒྱ་ཕྲག་ལྷག་དང་། དུས་འཁོར་འགྲེལ་ཆེན་དྲི་མེད་འོད་བཅས་དང་། བསྟན་འགྱུར་ནང་སྐྱེས་རབས་དཔག་བསམ་ཁྲི་ཤིང་། འདུལ་བ་མདོ་རྩ། ཀརྨ་ཤ་


GTN006_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ཏམ། མེ་ཏོག་ཕྲེང་རྒྱུད། མངོན་རྟོགས་རྒྱན། དབུ་མ་རིག་ཚོགས་དྲུག །བྱམས་ཆོས་སྡེ་ལྔ། མངོན་མཛོད། གསང་འདུས་འགྲེལ་བ་སྒྲོན་གསལ། ཞི་བ་ལྷའི་སྤྱོད་འཇུག །བསླབ་བཏུས། ཇོ་བོའི་ཆོས་ཆུང་བརྒྱ་རྩ། ཟླ་གྲགས་གསང་འདུས་འགྲེལ་བ་བཅས་ཀྱི་ལྗགས་ལུང་མཛད། དེ་ནས་སླར་རི་ཁྲོད་དུ་ཕེབས་ནས། རྙིང་རྒྱུད་པོད་ཉེར་དྲུག་དཀར་ཆག་དང་བཅས་པ། ཆོས་དབང་གཏེར་བྱོན་ཕུར་པ་སྤུ་གྲིའི་དབང་ལུང་། རྒྱལ་བ་ཀློང་ཆེན་ཞབས་ཀྱི་མཛོད་ཆེན་བདུན། ངལ་གསོ་སྐོར་གསུམ། དོན་ཁྲིད། བཀའ་ཐོར་བུའི་སྐོར་ཡོངས་རྫོགས། གསང་སྙིང་རྩ་བ། འགྲེལ་བ་ཕྱོགས་བཅུའི་མུན་སེལ། སྤྱི་དོན་གཉིས། དཀར་ཆག །གསང་སྙིང་འགྲེལ་བ་གཡུང་ཊཱིཀ །རོང་ཊཱིཀ །སྒྲོལ་ཊཱིཀ །སྨན་ལུང་པའི་སྤྱི་དོན་ཊཱིཀྐ། ཆོས་གྲགས་ཟིན་བྲིས། ཇོ་ནང་རི་ཆོས་ངེས་དོན་རྒྱ་མཚོ། ཟབ་མོ་ནང་དོན་རྩ་འགྲེལ། རྣམ་ཤེས་ཡེ་ཤེས་འབྱེད་པ། སྙིང་པོ་བསྟན་པ། འཇིགས་མེད་གླིང་པའི་དགོངས་གཏེར་དང་བཀའ་འབུམ་ཚང་མ། སྡོམ་གསུམ་རྩ་འགྲེལ། ཀོང་པོ་བདེ་ཆེན་རྒྱ་མཚོའི་རྩ་གསུམ་ཟབ་མོ་ཀུན་འདུས་ཀྱི་དབང་ལུང་། འདོད་འཇོ་བུམ་བཟང་དབང་ལུང། མདོ་མགོན་གཙང་ཤོད་པའི་ཡིག་ཆ་ལྟར་ཙི་དམར་དང་ཐང་ལྷའི་སྲོག་གཏད། གོ་འཇོ་གཏེར་སྟོན་འོད་ཆོག་དབང་ལུང་། པདྨ་བཀའ་ཐང། ཐང་ཡིག་སྡེ་ལྔ། མ་ཎི་བཀའ་འབུམ། རྗེ་རབ་འབྱམས་གཉིས་པའི་བཀའ་འབུམ་ཡོངས་རྫོགས། སྨིན་གླིང་གཏེར་ཆོས་དབང་ལུང་ཡོངས་རྫོགས། གཏེར་ཆེན་བཀའ་འབུམ་གྱི་ལུང་ཚང་མ། བཀའ་བརྒྱད་རྣམ་གསུམ་གྱི་དབང་ལུང་ཡོངས་རྫོགས། སངས་


GTN006_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

གླིང་བླ་མ་དགོངས་འདུས་ཀྱི་དབང་རྣམས་དང་། པོད་བཅུ་གསུམ་གྱི་ལུང་ཡོངས་རྫོགས། གསང་སྙིང་རྒྱུད་བཤད་རྒྱུད་ཆོག་སོགས་ཞིབ་པར་མཛད། རྒྱལ་ཚབ་རྡོ་རྗེ་འཆང་གིས་ཁོང་ལ་སྒོ་དུ་མ་ནས་བཀའ་དྲིན་གྱིས་བསྐྱངས་པ་ཡིན་པས། དེའི་ཡང་སྲིད་ལ་ཆོས་ཀྱི་སྐྱེས་ཆེན་འབུལ་རྒྱུ་བྱུང་བ་ནི་བདག་གིས་རྙེད་པའི་མཆོག་ལེགས་པར་རྙེད་པ་ཡིན་གསུངས། དེ་ཙམ་དུ་མ་ཟད་དབང་ལུང་དེའི་རིགས་ཀྱི་སྐབས་སུ་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེའི་གཙོས། བསྟན་པ་ལ་ཕན་ངེས་པའི་དམ་པའི་སྐྱེས་བུ་དུ་མ་ཞིག་བཞུགས་པས་སྔ་འགྱུར་གྱི་བསྟན་པ་ལ་མཛད་པ་རླབས་པོ་ཆེའི་བཀའ་དྲིན་བླ་ན་མེད་པ་མཛད་པ་ཡིན། དེ་རྗེས་རྒྱལ་ཚབ་ཡང་སྲིད་ལ། སྐར་རྩིས་བྱེད་གྲུབ་ཀྱི་ལྔ་བསྡུས། ཞག་གསུམ། གཟའ་ལྔ། དུས་སྦྱོར། དུས་གཟེར། ལྟ་གྲུབ་ཀྱི་སྐོར་དང་། བསྐྱེད་རྫོགས་ཀྱི་རྣམ་བཞག་བཅས་སྐུ་ཡོན་མང་ཞིག་ཕུལ། དེ་སྐབས་རྣམས་སུ་དབང་ལུང་ཚུར་གསན་བཞེས་གནང་བ་ལ། ས་བྱི་ཟླ་བ་གསུམ་པའི་ནང་རྫོགས་ཆེན་མཁན་པོ་མཁས་དང་གྲུབ་པའི་ཡོན་ཏན་དུ་མས་འབྱོར་ཞིང་། ལྷག་པར་བྱང་ཆུབ་སེམས་ཀྱིས་ཐུགས་རྒྱུད་ཡོངས་སུ་གང་བ་པདྨ་བཀྲ་ཤིས་མདུན་ནས། པཎྜི་ཏ་དོན་ཡོད་རྡོ་རྗེས་མཛད་པའི་ཁྲིད་ཡིག་ཟབ་དོན་ཐུགས་ཀྱི་ཉིང་ཁུ་དང་། ངོ་སྤྲོད་ཆོས་ཀྱི་སྒོ་འབྱེད་སོགས་མང་ཞིག་དང་། དྲན་དབང་བླ་མ་འཇིགས་མེད་བློ་གསལ་མདུན་ནས་མདོས་སྐོར་སྣ་ཚོགས་པ། བླ་མ་དྷརྨ་ཙཀྲའི་མདུན་ནས་དགོངས་འདུས་པོད་ཆེན་བཅུ་གསུམ་གྱི་དབང་ལུང་སྔོན་
དུ་ལན་གཉིས་གསན་ཟིན་ནའང་། འདིའི་བརྒྱུད་པ་ལ་རབ་འབྱམས་རིག་འཛིན་དཔལ་འབྱོར་རྒྱ་མཚོ་བཞུགས་པས་ཡོངས་རྫོགས་ཚར་གཅིག་གསན་ཏེ། ལར་དགོངས་འདུས་འདི་ཀཿདཔལ་གྱི་བླ་མ་རྣམས་ཀྱིས་ཚར་གསུམ་རེ་མ་གསན་ཐབས་མེད་ལྟ་བུ་མཛད་པའི་ཕྱག་སྲོལ་བཞིན་གནང་། གཞན་རིག་འཛིན་ཡོངས་འདུས་དབང་ལུང་ཚང་མ། བྱང་ཆུབ་བྱ་ཁྱུང་བའི་དཀྱིལ་ཆོག་དང་། དགེ་སྤྲུལ་གྱིས་མཛད་པའི་རྡོར་ཟམ་གྱི་དབང་ལུང་། ཀོང་གཏེར་རྩ་གསུམ་པོད་ཚང་མའི་དབང་ལུང་སོགས་མང་ཞིག་གསན་བཞེས་མཛད། གཙང་མདའ་མཆོག་སྤྲུལ་དབོན་གཉིས་བཅས་དམ་པའི་རྣམ་ཐར་ངང་གིས་གསལ་བའི་སྐྱེས་མཆོག་ཡིན་བཞིན། ལུགས་གཉིས་ཀྱི་སྒོ་ནས་མངའ་གསོལ་གཟེངས་བསྟོད་དང་། མཁས་དང་གྲུབ་པའི་བླ་དག་མཆོག་ཏུ་དཔྱངས་ཏེ་བསྟན་འགྲོའི་ཕན་བདེ་སྤེལ་བའི་སྨོན་ལམ། བརྟན་བཞུགས་དང་།


previousཐུན་མོང་ཐུན་མིན་གྱི་ཆོས་འཁོར་གྱིས་སློབ་ཚོགས་སྐྱོང་ཚུལ།next