Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།

1 occurrence of འ་འུར་
[Clear Hits]


  
  
  
  
 
  
  
  
  
  
 expand section
  
  
  
  
  
  
  
  
  
  
  
བསྟན་པ་དར་རྒྱས་ལ་གསུངས་པ།
  
  
  
  
  
  
  
  
  


1 occurrence of འ་འུར་
[Clear Hits]

 
previousབསྟན་པ་དར་རྒྱས་ལ་གསུངས་པ།next

བསྟན་པ་དར་རྒྱས་ལ་གསུངས་པ།

༧༽ ཀ་ཡི་གསོན་དང་བསྟན་པ་དར་རྒྱས་ལགས། །ཁ་ཞེ་གཅིག་དྲིལ་བསླབ་བྱ་འདི་ལ་ཉོན། །ག་ལེར་སྡོད་ཤོམ་བློ་རྒྱ་མ་བསྐྱེད་ལ། །ང་བཞིན་ཕྱི་མའི་དོན་ལ་འབད་ན་ལགས། །ཅ་ཏིའི་རྩེ་མོའི་བྱིའུ་ཁྲས་དེད་ལྟར། །ཆ་མེད་ཡུལ་དུ་འཁྱམས་པའི་ཚེ་འདིས་ཆེད། །ཇ་ཆང་ཤ་སོགས་བཟའ་བཏུང་ལོངས་སྤྱོད་དང་། །ཉ་ཟླའི་མདངས་འཛིན་འོ་ཞོ་མར་ཐུད་སོགས། །ཏ་ཐཱ་ག་ཏའི་བསྟན་འཛིན་དགེ་འདུན་སྟེར། །ཐ་མལ་སྐྱེས་བུས་དད་པས་ཕུལ་མོད་ཀྱང་། །ད་ལྟའི་ལྟ་སྣང་མཛེས་ཙམ་ཕན་པར་དཀའ། །ན་རག་གནས་སུ་མི་བགྲོད་ཐུགས་བསྐྱེད་གལ། །པ་སཾ་སྟོབས་ཆེན་བསགས་པའི་དགུང་ཞག་དང་། །ཕ་རོལ་གཞན་གྱིས་བསྔགས་རེའི་རྣམ་དཀར་ལས། །བ་ལང་ལྟར་རྨོངས་ཉེ་རུའི་ཁ་ལན་ཆོས། །མ་དག་བསམ་སྤྱོད་དེ་འདྲ་དམན་པའི་ལས། །ཙ་ཏུར་མུ་ཁའི་ཁེངས་དྲེགས་འཕྲོག་བྱེད་པ། །ཚ་གྲང་དམྱལ་བ་ཡི་དྭགས་དུད་འགྲོ་གསུམ། །ཛ་ལའི་རྒྱུན་ལྟར་བར་མེད་སྡུག་བསྔལ་སྤྱོད། །ཝ་ལེར་རང་རིག་རྟོགས་དམས་དེ་ལྟར་མིན། །ཞྭ་བཞིན་མཆོག་གསུམ་སྤྱི་བོས་རྟགས་བཀུར་དང་། །ཟ་ཐང་ལོངས་སྤྱོད་མཆོག་སྦྱིན་ལ་གཏོང་བ། །འ་འོལ་ཙམ་མིན་འགྲོ་ལ་བྱམས་བརྩེ་ལྡན། །ཡ་མཚན་ཐེག་ཆེན་ལམ་དུ་གདོན་མི་ཟ། །རཱ་མེད་གཉིས་འཐུང་ཆོས་བརྒྱད་གསེར་རྒྱན་ཅན། །ལ་ལ་ཕྱོགས་ཞེན་ནགས་ཚ་ལ་དགའ་ཡང་། །ཤ་ཚའི་རིགས་ཀྱི་མྱུ་གུ་གཅེས་སྤྲས་བཞིན། །ས་ལམ་བགྲོད་པའི་ཐབས་ཀྱིས་ཟིན་དཀའ་ན། །ཧ་ཅང་རང་ཕྱོགས་ཕྱར་འདོད་ཡ་རེ་ཆ། །ཨཱ་དོན་རང་སྐྱོན་ལྟོས་དང་དོན་གཉིས་འགྲུབ། །ཨ་ཏིའི་རྣལ་འབྱོར་ཁྱོད་ཀྱིས་འདིད་དོན་རྣམས། །མཁྱེན་པར་མཛོད་དང་ཀུན་ལ་ཕན་ཞེས་སྨྲས། ཞེས་པའང་རིག་འཛིན་ཀུན་བཟང་གཞན་ཕན་གྱིས་སོ། །ཨེ་མ་ཧོ། དཔལ་ཡོན་ཏན་ཀུན་གྱི་འབྱུང་གནས་ཆེ། །ཕ་དུས་གསུམ་ཀུན་མཁྱེན་འཇིགས་མེད་གླིང་། །བདག་གསོལ་འདེབས་བུ་སློབས་བྱིན་གྱིས་རློབས། །མཆོག་ཐུན་མོང་གི་དངོས་གྲུབ་ཆར་ལྟར་ཕེབས། །ཁྱོད་གསོན་དང་ཆུ་སྐྱེས་དྲི་མེད་ལགས། །རྟེན་དལ་འབྱོར་ཐོབ་པ་མང་ལགས་ཀྱང་། །ཆོས་རྣམ་དག་བསྒྲུབ་པ་ཤིན་ཏུ་ཉུང་། །དོན་དེ་ཕྱིར་སྐྱོན་བྲལ་རྩོས་བསྒྲུབ་འཚལ། །ཚེ་མི་དྲག་མཐོང་ཐོས་མང་ལགས་ཀྱང་། །ནམ་འཆི་དུས་མི་འགོད་ལ་ལ་ཙམ། །དོན་དེ་ཕྱིར་འཆི་ཙེ་གདིང་ཐོབ་གལ། །ལས་རྒྱུ་འབྲས་ཆོས་བཤད་མང་ཐོས་ཀྱང་། །དོན་བླང་འདོར་མི་འཛོལ་ལ་ལ་ཙམ། །དོན་དེ་ཕྱིར་དགེ་བསྒྲུབ་སྡིག་སྤང་རིམ། །སྲིད་འཁོར་བའི་ཉེས་སྐྱོན་མང་ཐོས་ཀྱང་། །ལམ་ཐར་པ་དོན་གཉེར་ལ་ལ་ཙམ། །དོན་དེ་ཕྱིར་ཐར་དང་རྣམ་མཁྱེན་སྒྲུབ། །ལམ་ཐེག་ཆེན་ཁུགས་རློམ་མང་ལགས་ཀྱང་། །དོན་གཞན་ཕན་བསྒྲུབ་པ་ཤིན་ཏུ་ཉུང་། །དོན་དེ་ཕྱིར་དམ་སྲུང་སྒོམ་བཟླ་འབུངས། །གཞན་ཕན་ནན་གྱིས་སྒྲུབ། །ཆོས་སྨིན་གྲོལ་ཐོབ་པ་མང་ལགས་ཀྱང་། །གནད་དམ་ཚིགས་བསྲུང་བ་ཤིན་ཏུ་ཉུང་། །དོན་དེ་ཕྱིར་དམ་སྲུང་སྒོམ་བཟླས་འབུངས། །ལུས་དབེན་པར་སྦས་རློམ་མང་ལགས་ཀྱང་། །སེམས་དབེན་པར་གནས་པ་ཤིན་ཏུ་ཉུང་། །དོན་དེ་ཕྱིར་ཡེངས་མེད་ཏིང་འཛིན་གནད། །སྒོམ་བྱེད་ལོའི་གཟུགས་བརྙན་མང་ལགས་ཀྱང་། །སེམས་ལུང་མ་བསྟན་ལས་སད་པ་ཉུང་། །དོན་དེ་ཕྱིར་ལྟ་སྒོམ་གཡོག་དང་ཕྲོལ། །ཉམས་དམིགས་པའི་དྲན་འཛིན་བརྟན་ལགས་ཀྱང་། །གནད་དྲན་མེད་ངོ་བོ་མཐོང་བ་ཉུང་། །ལར་ལྟ་བ་ལ་ཡིན་པ་མེད་པ་གཅེས། །དེ་ཇི་ལྟར་ན་ཡིན་བློའི་འཛིན་པ་བྲལ། །དོན་སྒོམ་པ་ལ་མིན་པ་མེད་པ་ཞེས། །ཆོས་སྣ་ཚོགས་ཀུན་སྒོམ་དུ་ཤར་བ་གཅེས། །ཚུལ་སྤྱོད་པ་ལ་བཅོས་བསླད་མེད་པ་ཞེས། །དོན་རྗེས་ཤེས་ཀྱི་དྲན་པས་ཡོངས་ཁྱབ་གནད། །ཚུལ་དེ་བཞིན་གྱིས་ཐོས་དང་བསམ་པ་དང་། །སྒོམ་པ་ཡི་མཐར་ཏུ་ཕྱིན་པར་མཛོད། །ཚིག་དེ་སྐད་ཅེས་རྡོ་བླས་སྨྲས་པ་དགེ། སྦྲུལ་ཟླ་༩ཚེས་༡༧ལའོ། །


previousབསྟན་པ་དར་རྒྱས་ལ་གསུངས་པ།next