Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།

2 occurrences of བྱམས་པ་གླིང་
[Clear Hits]


  
  
  
  
  
  
  
 
  
  
  
  
 
  
  
  
  
  
  
  
  
  
  
  
བདེ་མཆོག་ལྷ་བཅུ་གསུམ་མའི་དཀྱིལ་འཁོར་དང་འབྲེལ་བའི་རབ་གནས་ཡན་ལག་བཞི་པའི་ཆོག་ཁྲིགས་གསལ་བར་བཀོད་པ་བདེ་ལེགས་གྲུབ་པའི་རྒྱ་མཚོ།
  


2 occurrences of བྱམས་པ་གླིང་
[Clear Hits]

 
previousབདེ་མཆོག་ལྷ་བཅུ་གསུམ་མའི་དཀྱིལ་འཁོར་དང་འབྲེལ་བའི་རབ་གནས་ཡན་ལག་བཞི་པའི་ཆོག་ཁྲིགས་གསལ་བར་བཀོད་པ་བདེ་ལེགས་གྲུབ་པའི་རྒྱ་མཚོ།next

བདེ་མཆོག་ལྷ་བཅུ་གསུམ་མའི་དཀྱིལ་འཁོར་དང་འབྲེལ་བའི་རབ་གནས་ཡན་ལག་བཞི་པའི་ཆོག་ཁྲིགས་གསལ་བར་བཀོད་པ་བདེ་ལེགས་གྲུབ་པའི་རྒྱ་མཚོ།

བདེ་མཆོག་ལྷ་བཅུ་གསུམ་མའི་དཀྱིལ་འཁོར་དང་འབྲེལ་བའི་རབ་གནས་ཡན་ལག་བཞི་པའི་ཆོག་ཁྲིགས་གསལ་བར་བཀོད་པ་བདེ་ལེགས་གྲུབ་པའི་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ། །ཀུན་ལ་ཉག་ཅིག་ཁྱབ་ཅིང་བཞུགས་པའི་སྐུ། །འགྱུར་མེད་ཡེ་ཀློང་རང་བཞིན་དེར་བཞེངས་ནས། །འཕོ་བཅས་འཕོ་མེད་ཆེན་པོར་རབ་གནས་པའི། །རྡོ་རྗེ་ཅན་གྱི་དཔལ་དེས་སྐྱོངས་གྱུར་ཅིག །འདིར་བདེ་མཆོག་བཅུ་གསུམ་མ་དང་འབྲེལ་བའི་རབ་གནས་ཡན་ལག་བཞི་པའི་ཆོ་ག་ཁྲིགས་ཆགས་སུ་གསལ་བར་འགོད་པ་ལ། སྟ་གོན་དང་དངོས་གཞིའི་རིམ་པ་གཉིས་ལས་སྟ་གོན་ནི། སྟེགས་བུའི་ཁར། བུམ་པ་དགུའམ། རྣམ་རྒྱལ་དང་། ལས་བུམ་གཉིས། རྣམ་རྒྱལ་གྱི་སྟེང་རྣམ་རྒྱལ་ཆེན་པོ་ཐོད་པའམ་དུང་ཆོས་བཀོད། མདུན་དུ་མཆོད་པ་དང་། སློབ་དཔོན་གྱི་མདུན་དུའང་བདག་མཆོད་བཤམས། འོག་ཏུ་དགོས་པའི་སྦྱང་རྫས་སོགས་ཡོ་བྱད་རྣམས་འདུ་བྱ། དེ་ནས་བསྟོད་ཚོགས་ཅི་རིགས་ནས། རྡོ་རྗེ་འཆང་ཆེན་རྣལ་འབྱོར་མ་སོགས་བརྒྱུད་འདེབས། ཕྱོགས་བཅུར་བཞུགས་པ་ནས། མྱ་ངན་འདས་ལ་བཀོད་པར་སྐྱབས་སེམས་སོ་སོར་ལན་གསུམ། རང་གི་སྤྱི་བོར་ནས། རང་ལ་ཐིམ་པར་གྱུར་བར་གྱི་རྡོར་སེམས་སྒོམ་བཟླས་སོང་ནས། རང་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པ་ཞལ་བཞི་ཕྱག་བཅུ་གཉིས་པ་ཡུམ་དང་བཅས་པ་གསལ་བར་གྱུར། ཨོཾ་སུཾ་བྷ་ནི་ནས། བསྐོར་བར་གྱུར། སྙིང་གའི་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གྱིས་སོགས་ནས་བཟླས་པའི་བར་བདག་བསྐྱེད་སྒྲུབ་ཐབས་བཞིན་སོང་ནས། བུམ་བསྐྱེད། ཨོཾ་ཤཱུ་ནྱ་ཏྎ སྟོང་པའི་ངང་ལས་པདྨ་དང་ཉི་མའི་གདན་ལ་བུམ་པ་བཟང་པོ་ནང་དུ་པད་ཉི་ལ། བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པ་ཞེས་པ་ནས། དབུ་རྒྱན་པར་གྱུར་བར་མངོན་རྟོགས་སྐབས་ནུབ་དང་ལས་བུམ་དུ་དུམ་སྐྱེས་མ་དམར་མོ་ཞེས་འདོན་པའང་བསྒྱུར། སྙིང་གའི་ས་བོན་ལས་བྱུང་བའི་མཆོད་པའི་ལྷ་མོ་རྣམས་ཀྱིས། ལྷ་ཡི་མེ་ཏོག་ཤིན་ཏུ་འབར། ཞེས་པ་ནས། བུམ་ཆུ་དང་གཉིས་མེད་དུ་གྱུར་བར། རྣམ་རྒྱལ་ཆེན་པོའི་ཆུ་བུམ་ནང་དུ་ཅུང་ཟད་བླུག་གོ །དེ་ནས་སུཾ་བྷ་ནི་ཉེར་གཅིག་གིས་ཐུན་ལ་སྔགས། རང་ཉིད་བདེ་མཆོག་ཁམས་གསུམ་རྣམ་རྒྱལ་ཞལ་བཞི་པར་གསལ་བའི་མིག་གཡས་པར་མ་ལས་ཉི་མ་སོགས་ནས། འབར་བར་གྱུར། ཨོཾ་ཨ་ཀཱ་རོ་སོགས། ཧཱུྃ། ང་ནི་དཔལ་ལྡན་སྙིང་རྗེའི་སྟོབས། །ནས། གཞན་དུ་མིན། སའི་ཕྱོགས་འདིར་རྡོ་རྗེ་འཛིན་པ་བདག་གིས་དཔལ་ཧེ་རུ་ཀའི་དཀྱིལ་འཁོར་ལ་བརྟེན་ནས་རབ་ཏུ་གནས་པའི་སྟ་གོན་བྱ་ཡི། གང་སུ་ཡང་རུང་བ་ཞེས་ནས། འགྱུར་ཏ་རེ། རྟེན་རྣམས་ལ་ཐུན་བྲབ། རྡོ་རྗེ་གསོར་ཞིང་དྲིལ་བུ་འཁྲོལ། སུཾ་བྷ་ནིའི་སྔགས་ཀྱིས་བསྐྲད། ཞལ་བཞི་ནས་ཁྭ་གདོང་མ་སོགས་ནས། བསྐོར་བར་གྱུར་བར་སྲུང་འཁོར་བསྒོམ། རྟེན་གྱི་མདུན་དུ་སྦྱང་རྫས། ཡུངས་ཀར། ཆུ། ཁམ་ཕོར་དཀར་པོ། དུརྦའི་སྙིང་པོ་དང་བཅས་པའི་བ་ལྕིའི་ཆང་བུ་ཟན་ཆང་། སེང་རས་དང་དྲུག་པོ་སྣོད་བཞི་བཞི་བཤམས། འཁྱིལ་སྔགས། ཨོཾ་ཨཱ་བིགྷནནྟཀྲིཏཧཱུྃདང་། ཧཱུྃ་བདུན་བདུན་ནས་ཡུངས་ཀར་ལ་ཕུས་འདེབས། ཡུངས་ཀར་གཡས་དང་གཡོན་པའི་ཁུ་ཚུར་གྱིས་བཟུང་ནས་ཐོག་མར་གཡས་པས་རྟེན་གྱི་ཕྱོགས་སུ་གཡོན་བསྐོར་གཅིག གཡོན་པས་ཀྱང་གཡོན་བསྐོར་གཅིག་བྱ་བཞིན། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྭ་ས་ཏྭ་ཀྵྼ་སརྦ་པཱ་པཾ་ད་ཧ་ན་སྭཱ་ཧཱ། ཚར་གཉིས་བརྗོད། རེ་རེ་བཞིན་མེ་ནང་དུ་དོར། དེ་བཞིན་དུ་གཡས་སུ་བསྐོར་ཏེ་སྔགས་ལན་གཉིས་བརྗོད་མེ་ནང་དུ་དོར། དེ་ནས་ཆུ་བཞི་ཡང་སྔར་བཞིན་བསྐོར་ནས་མེ་ནང་དུ་བླུག ཁམ་ཕོར་བཞི་ཡང་སྔར་བཞིན་བསྐོར་ནས་གསོག་སྣོད་གཅིག་ཏུ་བཞག དུརྦའི་སྙིང་པོར་བཅས་པའི་བ་ལྕིའི་ཆང་བུ་བཞི་དང་། ཟན་ཆང་བཞི་དང་། སེང་རས་བཞི་པོ་ཡང་སྔར་བཞིན་སྔགས་དང་བཅས་པས་བསྐོར་ཏེ་གསོག་སྣོད་དུ་བླུག ཁམ་ཕོར་མན་ཆད་ལག་གཅིག་གིས་བསྐོར། དེ་དག་མེར་མི་བསྲེག རོལ་མོ་དང་བཅས་སུཾ་བྷ་ནི་བརྗོད་ཅིང་ཕྱིར་དོར། ཉེ་རེག་ནི་ལས་རྡོར་གྱིས་རྟེན་གྱི་མདུན་ཕྱོགས་སུ་ཙོག་པུར་འདུག ཁྱོར་བ་གཡོན་པར་ཆུ་གཙང་བླུག གཡས་པའི་གུང་སྲིན་གྱིས་བླངས་ཏེ་སྐུ་རྟེན་རྣམས་ཀྱི་ཞལ་དུ་བྱབ་པའི་སྟངས་ཀ་དང་། སྙན་གཉིས། སྤྱན་གཉིས། ཤངས་དང་སྤྱི་བོ་སོགས་སུ་རེག་པའི་སྟངས་ཀ་བྱས། པོ་ཏི་དང་མཆོད་རྟེན་སོགས་ལ་ཉེ་རེག་འདི་བྱ་མི་དགོས་ཞིང་། སྐུ་གཟུགས་ལ་ཡང་མཐའ་གཅིག་ཏུ་མི་དགོས་སོ། །ཨོཾ་ཤྲཱི་བཛྭ་ཧེ་རུ་རུ་ཀ་སོགས་གཙོ་སྔགས་བརྗོད་བཞིན་སྐུ་གཟུགས་དངོས་སམ་མེ་ལོང་གི་ནང་དུ་ཤར་བའི་ཐུགས་ཀར་དྲི་བཟང་གི་ཆུས་བྱུག ཡང་སྔགས་དེ་ཟློ་བཞིན་མེ་ཏོག་གི་འཕྲེང་བའི་མེ་ཏོག་རྐྱང་པས་དབུ་ལ་རེག ཡང་སྔགས་དེ་རྗོད་བཞིན་རྟེན་གྱི་མདུན་དུ་དུང་ཆོས་དྲི་བཟང་གི་ཆུས་གང་བ་ནས་ཏིང་ཕོར་དུ་བླུག་ཏེ་མཆོད་ཡོན་ཕུལ། ཨོཾ་ཨཱ་བིགྷནནྟ་ཀྲི་ཏ་ཧཱུྃ། ལན་བདུན་བཟླས་ཞིང་མར་མེ་རྟེན་གྱི་ཕྱོགས་སུ་གཡས་སུ་བསྐོར། ཧཱུྃ་བདུན་གྱིས་སྤོས་དཀར་མར་དང་སྦྱར་བ་སྤོས་ཕོར་དུ་བསྲེགས་ཏེ་བདུག་པར་བྱའོ། །དེ་ནས་ཁྲུས་ནི། དཀྱིལ་འཁོར་གྱི་བྱང་ཕྱོགས་སུ་ཁྲུས་ཀྱི་དཀྱིལ་འཁོར་གཞལ་མེད་ཁང་པ་ཡིད་དུ་འོང་བ་ཤེལ་གྱི་ས་གཞི་རིན་པོ་ཆེའི་ཀ་བས་བརྒྱན་པ། མུ་ཏིག་དང་རིན་པོ་ཆེ་སྣ་ཚོགས་པས་སྤྲས་པ། དངོས་སུ་བྲིས་པའམ་མོས་པ་གང་རུང་གི་ལྟེ་བར་མཉྫྱི་ལྟ་བུར་ཁྲུས་གཞོང་དང་། མཐའ་སྐོར་དུ་འདག་ཆལ། འདག་ཆལ་ནི་རྣམ་པ་ལྔ་ཏེ། བདུད་རྩི་ལྔ་དང་། བ་བྱུང་ལྔ་དང་། དྲི་བཟང་དང་། སྐྱུ་རུ་རའི་ཕྱེ་མ་དང་། ཡུང་བའི་ཕྱེ་མ་རྣམས་ཏེ། བདུད་རྩི་ལྔ། ཞོ། འོ་མ། མར། སྦྲང་རྩི། ཀ་ར་དཀར་པོ་རྣམས་ཡིན་ལ། བ་བྱུང་ལྔ་ནི། བ་དམར་ཟལ་གྱི་འོ་མ། ཞོ། །མར། ལྕི་བ། ཆུ་རྣམས་སོ། །དེ་ཐམས་ཅད་འཛོམ་ན་རབ། མ་འཛོམ་ན་ཇི་ཙམ་རྙེད་པ་དེ་ཙམ་གྱིས་ཆོག་གོ་གསུང་། དྲི་བཟང་གི་ཏིལ་མར། སྲན་ཕྱེ་དཀར་པོ། དུརྦ་འམ་ཀུ་ཤའི་པིར། ཕལ་ཁྲུས་ཀྱི་ཆུ་གཙང་བླུག་པའི་བུམ་པ། སྐུ་དབྱིའི་དར་ལ་དྲི་བཟང་གི་རི་མོ་པད་འདབ་བཞི་སྔགས་བཅས་བཀོད་པ་དང་། མེ་ལོང་གོས་བཟང་། མཆོག་ཁྲུས་སམ་གཙང་ཁྲུས་ཀྱི་ཆེད་དུ། བུམ་པ་ཐམས་ཅད་དམ་རྣམ་རྒྱལ་དང་ལས་བུམ་གྱི་ཆུ་བསྡུས་པའི་བུམ་པ་ཁྲུས་ཆས་རྣམས་བཤམས་ཏེ། ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་བསྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་རེ་བྲེས་པ་དེར། མེ་ལོང་སྐུ་གཟུགས་འཆར་བ་ལ་འདག་ཆལ་གྱིས་བྱུག་ཅིང་། རྒྱལ་བའི་སྐུ་ལ་ཉེས་པ་མི་མངའ་ཡང་། །སེམས་ཅན་སྒོ་གསུམ་དྲི་མ་སྦྱང་སླད་དུ། །ཆུ་གཙང་འདག་ཆལ་སྨན་སྤོས་ཁྲུས་བགྱིས་པས། །སེམས་ཅན་སྒོ་གསུམ་དྲི་མ་དག་གྱུར་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤྭ་དྷ་ན་ཡེ་སྭཱ་ཧཱ། ཝཀྐ་བི་ཤྭ་དྷ་ན་ཡེ་སྭཱ་ཧཱ། ཙིཏྟ་བི་ཤྭ་དྷ་ན་ཡེ་སྭཱ་ཧཱ། ཨོཾ་མ་ལ་སཾ་ཤྭ་དྷ་ན་ཡེ་སྭཱ་ཧཱ། དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུ། །ཡིད་འོང་ལེགས་པར་བཀང་བའི་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་དྲི་བཟང་ལྡན་པའི་ཏིལ་མར་གྱིས་བྱུག སྲན་ཕྱེ་བཏབ་ཆུ་གཙང་གིས་བཀྲུས། ཡང་འདག་ཆལ་པིར་གྱིས་བྱུག་ཞིང་། རྒྱལ་བའི་སྐུ་དང་ནས། ཤྲཱི་ཡེ་ཧཱུྃ། བར་གོང་བཞིན་ལན་གསུམ་བྱས། དེས་ཕལ་ཁྲུས་སྒྲུབ། དེ་ནས་མཆོག་ཁྲུས་སམ་གཙང་ཁྲུས་ནི། རང་གི་སྙིང་ག་ནས་འཕྲོས་པའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་དང་ལྷ་མོ་རྣམས་སྤྱན་དྲངས། དེ་རྣམས་ཀྱི་བུམ་པའི་ཆུས་ཁྲུས་མཛད། བཀྲ་ཤིས་ཀྱི་གླུ་དང་སྣ་ཚོགས་པའི་རོལ་མོའི་སྒྲ་ལ་སོགས་པས་མཆོད་པར་གྱུར། རྣམ་རྒྱལ་ལ་སོགས་པའི་ཆུ་བསྡུས་པའི་བུམ་པས་བཀྲུ་ཤིང་། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །གསང་བ་གསུམ་གྱི་གནས་ལས་བྱུང་། །དབང་བསྐུར་བ་ནི་རྡོ་རྗེ་ཆེ། །མི་ལྡོག་པ་ཡིས་ཁྲུས་གསོལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩྨ་ཧཱུྃ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀུན་གྱིས་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡི། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། གཟུགས་ཀྱི་ཕུང་པོ་རྣམ་དག་ཅིང་། །ཉོན་མོངས་གཏི་མུག་སྦྱོང་བྱེད་པ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི། །དཔལ་ལྡན་སྐུ་ཡི་ཁྲུས་གསོལ་ལོ། །ཚོར་བའི་ཕུང་པོ་རྣམ་དག་ཅིང་། །ཉོན་མོངས་ང་རྒྱལ་སྦྱོང་བྱེད་པ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི། །དཔལ་ལྡན་ཡོན་ཏན་ཁྲུས་གསོལ་ལོ། །འདུ་ཤེས་ཕུང་པོ་རྣམ་དག་ཅིང་། །ཉོན་མོངས་འདོད་ཆགས་སྦྱོང་བྱེད་པ། །སོ་སོར་རྟོག་པའི་ཡེ་ཤེས་ཀྱི། །དཔལ་ལྡན་གསུང་གི་ཁྲུས་གསོལ་ལོ། །འདུ་བྱེད་ཕུང་པོ་རྣམ་དག་ཅིང་། །ཉོན་མོངས་ཕྲག་དོག་སྦྱོང་བྱེད་པ། །བྱ་བ་ནན་ཏན་ཡེ་ཤེས་ཀྱི། །དཔལ་ལྡན་འཕྲིན་ལས་ཁྲུས་གསོལ་ལོ། །རྣམ་ཤེས་ཕུང་པོ་རྣམ་དག་ཅིང་། །ཉོན་མོངས་ཞེ་སྡང་སྦྱོང་བྱེད་པ། །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི། །དཔལ་ལྡན་ཐུགས་ཀྱི་ཁྲུས་གསོལ་ལོ། །ཇི་ལྟར་དམ་པ་ཏོག་དཀར་དགའ་ལྡན་ནས། །ལྷ་མཛེས་ལྷུམས་ནས་བལྟམས་ཚེ་ཁྲུས་གསོལ་ལྟར། །སྐུ་གདུང་རིང་བསྲེལ་དྲི་མ་མེད་པར་བཅས། །སྤྲུལ་སྐུ་ཡིད་འོང་རྣམས་ལ་ཁྲུས་གསོལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་སུ་པྲ་ཏི་ཤུདྷེ་སྭཱ་ཧཱ། དེ་ནས་གོས་གཙང་མས། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་སྒོས་པས་སྐུ་ཕྱིའོ། །ཨོཾ་ཧཱུྃ་ཏྲཱྃ་སྲཱིཿཨ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤྭ་དྷ་ན་ཡེ་སྭཱ་ཧཱ། ཞེས་བརྗོད་ཕྱི། སྔར་ཁྲུས་དཀྱིལ་དུ་གདན་དྲངས་པ་ཡིན་ན། སྔ་མའི་བཞུགས་སར་སྤོས། མིན་ན་དེར་རང་དུ། སྲབ་འཇམ་ཡང་བ་ལྷ་ཡི་གོས། །མི་ཤིགས་རྡོ་རྗེའི་སྐུ་བརྙེས་ལ། །མི་ཕྱེད་དད་པས་བདག་འབུལ་གྱི། །བདག་ཀྱང་རྡོ་རྗེ་སྐུ་ཐོབ་ཤོག །ཨོཾ་བཛྭ་ཝཧླ་ཡེ་ཨཱ་ཧཱུྃ། ཞེས་ན་བཟའ་བཟང་པོ་ཕུལ་ཏེ་བཞག དེ་ནས་རྟེན་བསྐྱེད་ནི། རྟེན་རྣམས་བསངས་སྦྱངས། སྟོང་པའི་ངང་ལས་ཡཾ་རཾ་བཾ་ལཾ་སུཾ་པཾ་ཧཱུཾ་པཾ་བརྩེགས་པ་རིམ་པ་བཞིན་ཞུ་བ་ལས། རླུང་གི་དཀྱིལ་འཁོར་ནག་པོ་ཟླ་གམ། མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ། ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ། སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་བརྩེགས་པའི་སྟེང་དུ་རི་རབ་དང་། སྣ་ཚོགས་པདྨ་ལྷུན་པོའི་ཁ་ཁྱབ་པའི་དཀྱིལ་དུ་སྣ་ཚོགས་རྡོ་རྗེ་རྭ་བཅུ་གཉིས་པ། དེའི་ལྟེ་བར་པདྨའི་སྡོང་པོ་གྱེན་དུ་འཕགས་པ་འདབ་མ་བརྒྱད་པའི་ཕྱོགས་བཞི་དམར། མེ་རླུང་སེར། བདེན་བྲལ་ལྗང་། དབང་ལྡན་སྔོ། གེ་སར་དམར་སེར། ལྟེ་བ་མཐིང་ག གྲི་གུག་གི་འཕྲེང་བས་མུ་ཁྱུད་བྱས་པ། རང་གི་སྙིང་ག་ནས་ཧཱུྃ་ཡིག་འཐོན་དེའི་ལྟེ་བར་འཁོད། དེ་ཡོངས་སུ་གྱུར་པ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བ་ཞེས་པ་ནས་ཡན་ལག་ཐམས་ཅད་ལ་ཕཊ྄་ཕཊ྄། ཕེཾ་ཕེཾ་ཕེཾ་ནས་ཀཱོ་ཧཾ་བར། རང་གི་སྙིང་ག་ནས་སྤྲོས་པའི་འོད་ཟེར་གྱིས་རབ་ཏུ་གནས་པར་བྱ་བ་སྒོམ་པ་དང་འདྲ་བའི་ཡེ་ཤེས་སེམས་དཔའ་དང་། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་ལྷ་རྣམས་མདུན་གྱི་ནམ་མཁར་སྤྱན་དྲངས། ཨོཾ་སུཾ་བྷ་ནི་སོགས་ཕྱི་འབྲང་གི་བགེགས་བསྐྲད། ནམ་མཁར་གནས་པ་ལ། ཨོཾ་ཨཱ་བཛྭ་པུཥྤེ་ཧཱུྃ་ཧཱུྃ་ཕཊ྄་སོགས་ཉེར་མཆོད་ལྔས་མཆོད། ས་མ་ཡ་ཧྶཾ། ས་མ་ཡ་ཧོཿ ལན་གསུམ་བརྗོད་པས། དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། མགོན་པོ་འདིར་ནི་བྱོན་པ་ལེགས། ནས་ཀ་མེ་ཤྭ་རི་ཁ་ག་ཧཱུྃ་ཧཱུྃ་ཕཊ྄་བར་མདུན་བསྐྱེད་གཞུང་བཞིན་བྱས། དེ་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་ལག་པ་གཡོན་པས་དྲིལ་བུ་གསིལ། གཡས་པས་སྤོས་ཕུལ། ལྕེ་ཧཱུྃ་ལས་རྡོ་རྗེར་གྱུར་པར་བསམ་ནས། །དག་པའི་རྡོ་རྗེ་བཅོམ་ལྡན་འདས། །རིག་པའི་རྒྱལ་པོར་ཕྱག་འཚལ་བསྟོད། །རྡོ་རྗེ་འཆང་ཆེན་བདག་གིས་ནི། །ཇི་ལྟར་ནུས་པའི་ངེས་སྤྱོད་ཀྱིས། །རིག་པའི་རྒྱལ་པོ་འཁོར་ལོ་སྡོམ། །སང་ནི་རབ་གནས་བགྱི་བར་འཚལ། །སློབ་མ་རྣམས་ལ་བརྩེ་ཕྱིར་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །བཅོམ་ལྡན་འདས་ལ་གུས་བདག་ལ། །རྗེས་སུ་གནང་བ་མཛད་པར་རིགས། །སངས་རྒྱས་རྣམས་ནི་དགོངས་སུ་གསོལ། །བྱང་ཆུབ་སེམས་དཔའ་དགྲ་བཅོམ་དང་། །གང་ཡང་གསང་སྔགས་ལྷ་རྣམས་དང་། །འཇིག་རྟེན་སྐྱོང་བའི་ལྷ་ཚོགས་ནི། །རྫོགས་སངས་རྒྱས་ཀྱི་བསྟན་པ་ལ། །དགའ་དང་རྡོ་རྗེའི་སྤྱན་མངའ་བ། །བདག་དང་སློབ་མར་བཅས་པ་ལ། །ཐུགས་བརྩེས་ཉེ་བར་བཟུང་ནས་སུ། །ཐུགས་རྗེ་ལྡན་རྣམས་རབ་གནས་མཛོད། །ཅེས་སྙན་གསན་ཕབ། ཨོཾ་བཛྭ་པུ་ནི་རཱ་ག་མ་ན་ཡ་མུཿཞེས་ཡེ་ཤེས་པ་དེ་ནས་གཤེགས་ཏེ་སྟེང་གི་ནམ་མཁར་བྱོན་པར་གྱུར། དམ་ཚིག་པ་རྟེན་དེ་ལ། ཧཱུྃ་བྷཱུཾ་ཤྲཱིཾ་ཞེས་གོས་ཀྱིས་གཏུམས་ལ་བཞག་གོ །རྟེན་སྟ་གོན་ནོ། །དངོས་གཞི་ལ། དཀྱིལ་འཁོར་བཅའ་གཤོམས་སོགས་བཀོད་པ་ཡིད་དུ་འོང་བར་བྱས་ནས། མདུན་བསྐྱེད། བུམ་བསྐྱེད། བདག་འཇུག་ལེན་པ། བདག་བསྐྱེད་བཟླས་པའི་བར། སྒྲུབ་མཆོད་ཀྱི་ཆོ་ག་ཇི་ལྟ་བ་བཞིན་བཟླས་པ་གྲུབ་མཚམས། དཀྱིལ་འཁོར་གྱི་ལྷ་ཚོགས་བདག་ལས་གཉིས་སུ་བྱེ་ནས་མདུན་གྱི་དཀྱིལ་འཁོར་ལ་སྔར་བཞིན་དུ་བཞུགས་པར་གྱུར། སུཾ་བྷ་ནི་ལན་བདུན་ནམ་ཉེར་གཅིག་གིས་ཐུན་ལ་འདེབས། ཨ་ཀཱ་རོས་བགེགས་ལ་གཏོར་མ་བསྔོས། ཧཱུྃ། ང་ནི་དཔལ་ལྡནྎ ས་ཡི་ཕྱོགས་འདིར་རྡོ་རྗེ་འཛིན་པ་བདག་གིས་རྟེན་འདི་ཉིད་རབ་ཏུ་གནས་པར་བྱ་ཡིས་ཞེས་བསྒྱུར་ནས་བགེགས་སྐྲོད་སྲུང་འཁོར་བྱས། སྦྱོང་རྫས། ཡུངས་ཀར། ཆུ་ཁམ་ཕོར་དུརྦའི་སྙིང་པོ་དང་བཅས་པའི་བ་ལྕིའི་ཆངས་བུ། ཟན་ཆང་སེང་རས་སོགས་རྟེན་ལ་གཡོན་དང་གཡས་སུ་སྔགས་དང་བཅས་བསྐོར་བ་ནས། རོལ་མོ་དང་བཅས་ཕྱིར་སྐྱེལ་བ་ཚུན་སྟ་གོན་སྐབས་བཞིན་བྱ། དེ་རྗེས་སྡིག་བསྲེག་ལ། རྟེན་གྱི་མདུན་དུ་མེ་ལོང་ལ་ཏིལ་གྱིས་སྡིག་གཟུགས་བཀོད་པ་བཤམས་ལ། རྐང་མཐིལ་གཉིས་སུ་ཡཾ་ལས་རླུང་གི་དཀྱིལ་འཁོར། ལྟེ་བར་གཏུམ་མོ་ཡེ་ཤེས་ཀྱི་མེ། སྙིང་གར་སྡིག་པའི་ས་བོན་པཾ་ནག་པོ་ལ། ལུས་ངག་ཡིད་ཀྱི་སྡིག་སྒྲིབ་ཐམས་ཅད་འདུས་སྟེ་ཡོད་པ། རླུང་གཡོས་ལྟེ་བའི་གཏུམ་མོ་ཡེ་ཤེས་ཀྱི་མེ་འབར་བས་སྙིང་གའི་པཾ་དེ་ཉིད་སྡིག་པ་རྭ་ཅན་གྱི་རྣམ་པར་སྣ་སྒོ་ནས་འཐོན་མདུན་གྱི་ཏིལ་ལ་ཐིམ་པར་གྱུར། མདུན་དུ་མེ་དང་ཆུ། ཨོཾ་ཁཎྜྻ་རོ་ཧེ་ཧཱུྃ་ཕཊ྄་ཀྱིས་བསངས། མེ་ནང་དུ་ཁྲོ་བོ་ཟ་བྱེད་རྡོ་རྗེ་མཁའ་འགྲོ་རྡོ་རྗེ་དང་དྲིལ་བུ་འཛིན་པ་ཞལ་ཤིན་ཏུ་གདངས་པར་གྱུར། ཞེས་གསལ་གདབ། ཨོཾ་ཌཱ་ཀ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་པཱ་པཾ་ད་ཧ་ན་བྷསྨིཾ་ཀུ་རུ་སྭཱ་ཧཱ། ཞེས་བསྐོར་ཞིང་ཏིལ་མེ་དང་ཆུ་གཉིས་སུ་དོར་རོ། །གལ་ཏེ་བསྡུས་པར་དགའ་ན་བགེགས་སྦྱང་སྡིག་སྦྱང་ཙམ་མམ་བྱུར་བསལ་བ་ཁོ་ན་བྱས་པས་རུང་ངོ་། །དེ་ནས་བཙོག་ཁྲུས་དང་གཙང་ཁྲུས་སྐུ་འཕྱི་བའི་བར་སྟ་གོན་སྐབས་བཞིན་ཏེ། རྒྱལ་བའི་སྐུ་ནས། ཀཱ་ཡ་བི་ཤྭ་དྷ་ན་ཡེ་སྭཱ་ཧཱ། བར་རོ། རྟེན་བསྐྱེད་ནི། རྟེན་རྣམས་ཨོཾ་ཁཎྜྻ་རོ་ཧེ་དང་། ཨོཾ་སྭ་བྷཱ་ཝས་བསངས་སྦྱངས། སྟོང་པའི་ངང་ལས་ཡཾ་རཾ་ཝཾ་ལཾ་ནས་བཛྭ་ས་མཱ་ཛཿ ཡན་མདུན་བསྐྱེད་བཞིན། ཡེ་ཤེས་ཕྱིར་འབྲང་གི་བགེགས་རྣམས་ཕྱིར་དེངས་ཤིག ཨོཾ་སུཾ་བྷ་ནི་བརྗོད། སྟ་གོན་གྱི་དུས་ནམ་མཁར་བཏེག་པའི་ཡེ་ཤེས་ཀྱི་འཁོར་ལོ་དང་གཉིས་མེད་དུ་གྱུར་པར་བསམ། མགོན་པོ་འདིར་ནི་བྱོན་པ་ལེགས་ནས། ཀཱ་མེ་ཤྭ་རི་ཁ་གེ་ཧཱུྃ་ཧཱུྃ་ཕཊ྄་བར་ཡང་མདུན་བསྐྱེད་བཞིན་བྱས་ལག་གཡོན་དྲིལ་བུ་གསིལ་གཡས་པས་སྤོས་ཕུལ་ཏེ། ལྕེ་ཧཱུྃ་ལས་རྡོ་རྗེར་གྱུར། དག་པའི་རྡོ་རྗེ་བཅོམ་ལྡན་འདས། །རིག་པའི་རྒྱལ་པོར་ཕྱག་འཚལ་བསྟོད། །མགོན་པོ་ཐུགས་རྗེ་ཆེ་བདག་ཉིད། །རྡོ་རྗེ་འཆང་ཆེན་རྣལ་འབྱོར་བདག །ཇི་ལྟར་ནུས་པའི་ངེས་སྤྱོད་ཀྱིས། །རིག་པའི་རྒྱལ་པོ་ཧེ་རུ་ཀས། །འགྲོ་ལ་ཕན་ཕྱིར་རབ་གནས་བགྱི། །ཐམས་ཅད་འདིར་ནི་རབ་བཞུགས་ནས། །ཐུགས་རྗེས་ཉེ་བར་བཟུང་ནས་སུ། །ཐུགས་རྗེ་ཅན་རྣམས་རབ་གནས་མཛོད། །ལན་གསུམ། ཛཿཡེ་ཤེས་པ་རྣམས་དམ་ཚིག་གི་འཁོར་ལོའི་སྟེང་དུ་བཀུག ཧཱུྃ་དེ་དག་ལ་གཞུག བཾ་གཉིས་མེད་དུ་བཅིངས། ཧོ་རོ་གཅིག་ཏུ་གྱུར། དེ་ནས་ལྷ་དབང་བསྡུས་པ། ཨོཾ་ཨཱ་ཁཾ་ཝཱི་ར་ཧཱུྃ་གིས་ཡོན་བདག་གི་རང་དང་སྐུ་གཟུགས་ཀྱི་མེ་ཏོག་འཕྲེང་བ་བླངས་ཏེ་གཞུང་བཞིན་དུ་མཚོན་བྱེད་ཀྱི་དཀྱིལ་འཁོར་དུ་ཞུགས་པར་བསམ། འདིས་གསང་བའི་དལ་དུ་གཞུག་སྟེ། སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱིས་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་ཡེ་ཤེས་ཆེན་པོ་བསྐུལ་བས་དེ་དག་འོད་ཟེར་གྱི་རྣམ་པས་རྟེན་བསྐྱེད་པ་ལ་ཐིམ་པར་གྱུར། ཨོཾ་ཨ་བེ་ཤ་ཧྶཾ་བྷ་ཡ་ར་ར་རཱ་རཱ་ཙ་ལ་ཡ་ཧཱུྃ་ཨ་ཧ་ཛྷྱཻཿཞེས་རོལ་མོ་དང་བཅས། དེ་ནས་མེ་ཏོག་པཱུ་ཙ་ཧོས་དོར། གང་ལ་ཕོག་པའི་ལྷས། པྲ་ཏི་གྲྀ་་ཏྭཾ་ཨི་མཾ་ས་ཧྶཾ་མ་ཧཱ་བ་ལ་དབུར་བཅིངས། རང་གི་སྙིང་ག་ནས་འཕྲོས་པའི་འོད་ཀྱིས། གདན་གསུམ་ཚང་བའི་དབང་གི་ལྷ་ཚོགས་སྤྱན་དྲངས། ཨོཾ་ཨཱཿབཛྭ་པུཥྤེ་ཧཱུྃ། ནས། ནཻ་ཝི་དྱཾ་ཧཱུྃ་བར་གྱིས་ཉེར་མཆོད་ལྔ་ཕུལ། ཐལ་སྦྱར་རྡོ་རྗེ་ཅན་གྱིས་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང་། །ཡོན་ཏན་འབྱུང་གནས་ཇི་ལྟར་སྩལ། །དེ་ལྟར་འདི་ལ་སྩལ་དུ་གསོལ། །ལན་གསུམ་གསོལ་བ་བཏབ། དེ་བཞིན་གཤེགས་པ་རྣམས་རང་ཉིད་ཀྱི་ཤེས་རབ་དང་སྙོམས་པར་ཞུགས་པས་སྙིང་གའི་འོད་ཀྱིས་རྟེན་ལྷར་བསྐྱེད་པ་རྣམས་ཞལ་ནས་ཞུགས་ཆགས་པ་ཆེན་པོས་ཞུ་བ། རྡོ་རྗེའི་ལམ་ནས་ལྷ་མོའི་པདྨར་གནས་པ་ལ་སླར་སངས་རྒྱས་རྣམས་རྣམ་སྣང་གི་སྒོ་ནས་ཞུགས་ཞུ་བའི་ཁུ་བས་རྡོ་རྗེའི་ལམ་ནས་པདྨར་གནས་པ་དེ་ལ་དབང་བསྐུར། དེ་ནས་པདྨ་ལས་དཀྱིལ་འཁོར་གྱི་ལྷའི་རྣམ་པ་སྔ་མ་ལྟ་བུར་གྱུར་པ་སྤྱི་བོར་འཐོན་ཏེ་དཀྱིལ་འཁོར་ལ་འཁོད་པར་གྱུར་པ་ལ། ནམ་མཁའ་གང་བའི་དེ་བཞིན་གཤེགས་པ་རིག་མ་དང་བཅས་པ་རྣམས་ཀྱིས་བདུད་རྩིས་གང་བའི་རིན་པོ་ཆེའི་བུམ་པ་དཀར་པོ་ཕྱག་གིས་བཟུང་། གདུགས་དང་རྒྱལ་མཚན་དང་བ་དན་དང་གར་དང་གླུ་དང་རོལ་མོའི་སྒྲ་དང་མེ་ཏོག་དང་གུར་གུམ་ལ་སོགས་པའི་ཆར་འབེབས་བཞིན་པས་དབང་བསྐུར། གཟུགས་རྡོ་རྗེ་མ་ལ་སོགས་པ་རྣམས་ཀྱིས། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག །སེམས་ཅན་མ་ལུས་སྐྱེད་བྱེད་བདེ་བ་ཆེན་པོ་སྟེ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་གནས་པའི་བཀྲ་ཤིས་ཤོག །ཅེས་པའི་གླུ་ལེན། ཇི་ལྟར་བལྟམས་པ་སོགས་ནས་ཤྲཱི་ཡེ་ཧཱུྃ། ཨོཾ་བཛྭ་ཨུ་ད་ཀ་ཨ་བྷི་ཥིཉྩྨ་ཧཱུྃ་ཧཱུྃ། དེ་བཞིན་གཤེགས་པ་ལྔས་བྱིན་གྱིས་བརླབ་པའི་དབུ་རྒྱན་བསྐོན། ཨོཾ་རཏྣ་ཨཾ། ཨོཾ་ཧཱུྃ་ཏྲཱྃ་སྲཱིཿཨཱཿ སྔགས་ཀྱིས་དར་དཔྱངས་བཅིངས། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་། །དེ་རིང་ཁྱེད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་ནས་རབ་སྒྲུབ་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་ལོང་། །སྣང་མཐའི་རྡོ་རྗེ་གཏད། །ཨོཾ་བཛྭ་ཨ་དྷི་པ་ཏིཧྶཾ་ཨ་བྷི་ཥིཉྩྨ་མི་ཏིཥྛ་བཛྭ་ས་མ་ཡ་ཧྶཾ་ཞེས་པས་དོན་གྲུབ་ཀྱི་དྲིལ་བུའི། ཨོཾ་བཛྭ་ས་ཏྭ་ཧྶཾ་ཨ་བྷི་ཥིཉྩྨ་མི་བཛྭ་ནཱ་མ་ཨ་བྷི་ཥེ་ཀ་ལྷ་གང་ཡིན་དེར་མིང་བཏགས། རྟེན་རྡོ་རྗེ་འཆང་རིགས་ཐམས་ཅད་ཀྱི་བདག་པོ་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་འཁྱུད་པར་གྱུར་པ་ལ། ནམ་མཁའ་གང་བའི་དེ་བཞིན་གཤེགས་པ་རིག་མ་དང་བཅས་པ་རྣམས་ཀྱིས། བདུད་རྩིས་གང་བའི་བུམ་པ་དཀར་པོ་ཕྱག་གིས་བཟུང་། གདུགས་དང་རྒྱལ་མཚན་དང་བ་དན་དང་གར་དང་གླུ་དང་རོལ་མོའི་སྒྲ་དང་གུར་གུམ་ལ་སོགས་པའི་ཆར་འབེབས་བཞིན་པས་དབང་བསྐུར། གཟུགས་རྡོ་རྗེ་ལ་སོགས་པ་རྣམས་ཀྱིས། བཀྲ་ཤིས་གང་ཞིག་ཀུན་གྱི་བདག་ཉིདྎ སེམས་ཅནྎ དེ་ནི་དེང་ཁྱོདྎ ཇི་ལྟར་བལྟམས་པྎ ཨ་བྷི་ཥིཉྩྨ་ཧཱུྃ། ཆུ་རྒྱུན་སྤྱི་བོར་འཁྱིལ་བ་ལས་རིགས་ཀྱི་བདག་པོ་རྡོ་རྗེ་སེམས་དཔས་དབུ་བརྒྱན། དབང་ལྷ་རྣམས་དེ་ལ་ཡེ་ཤེས་སེམས་དཔའི་ཚུལ་དུ་ཞུགས་པར་གྱུར། ཨོཾ་སུ་པྲ་ཏིཥྛ་བཛྭེ་སྭཱ་ཧཱ། བྱིན་གྱིས་བརླབ་བུམ་དབང་ངོ་། །དེ་ནས་འཁོར་ལོའི་དབང་ཕྱུག་ཡབ་ཡུམ་སྙོམས་པར་ཞུགས། སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་རྣམས་སྤྱན་དྲངས། རྣམ་སྣང་གི་སྒོ་ནས་ཞུགས་པ་བདེ་བ་ཆེན་པོ་ཉམས་སུ་མྱོང་བས་བྱང་ཆུབ་ཀྱི་སེམས་སུ་སྤྲོས་པ་ལྷའི་ཞལ་དུ་སྦྱིན་པ། ཨ་ཧོ་མ་ཧཱ་སུ་ཁ་ཞེས་དགྱེས་པར་གྱུར། འཁོར་ལོའི་དབང་ཕྱུག་དེས་ལྷ་མོ་གཏད། དེ་དང་སྙོམས་པར་ཞུགས་པས་ལྷན་ཅིག་སྐྱེས་པའི་དགའ་བ་མངོན་དུ་མཛད། དེས་བག་ཆགས་སྦྱངས་བས་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་རྡོ་རྗེ་འཆང་དུ་རྫོགས་པར་གྱུར། དབང་གོང་མའོ། །འདི་བས་རྒྱས་པར་སྤྲོ་ན་དབང་ཆོག་ཇི་ལྟ་བ་བཞིན་ལ་བགེགས་སྐྲོད་མི་དགོས། རང་ཉིད་ཅེས་པ་ལྟ་བུའི་ཚིག་ཡོད་སར་རྟེན་རྣམས་ཅེས་བསྒྱུར་རོ། །དེ་ནས་མངའ་འབུམ་ནི། གསེར་གྱི་ཐུར་མས་དངུལ་གྱི་ཀོང་བུར་བླུག་པའི་མར་སྦྲང་བྱུགས་ནས། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་བསལ་བ་ལྟར། །དེ་བཞིན་རྒྱལ་བ་རྣམས་ཀྱི་སྤྱན། །སེམས་ཅན་དོན་དུ་དབྱེ་བར་བྱ། །ཨོཾ་ཙཀྵུ་ཙཀྵུ་ས་མནྟ་ཙཀྵུ་བི་ཤྭ་དྷ་ནི་སྭཱ་ཧཱ། བདག་ཅག་རྣམས་ལ་ཐུགས་རྗེ་གཟིགས་པ་ལྷུར་ལེན་པའི་སྤྱན་དུ་གྱུར། མེ་ལོང་བསྟན། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོགས་པ་མེད། །བཟུང་དུ་མེད་ཅི་བརྗོད་དུ་མེད། །རྒྱུ་དང་ལས་ལ་ཀུན་ཏུ་འབྱུང་། །ངོ་བོ་མེད་ཅིང་གནས་མེད་པ། །དེ་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅན་དོན་ནི་བླ་མེད་བྱོས། །འོན་ཀྱང་རྣལ་འབྱོར་མ་རིགས་སྐྱེ། །དེ་ནས་སྙན་དབྱེ་བར་བྱ་སྟེ། གསེར་གྱི་རྣ་དྲུ་ཐོགས་ལ། སྒྲ་རྣམས་ཐོས་པས་འཕོངས་གྱུར་ལ། །རྒྱལ་བས་ཆོས་ཀྱི་རྔ་བརྡུང་ལྟར། །དེ་བཞིན་སེམས་ཅན་དོན་གྱི་ཕྱིར། །རྒྱལ་བའི་སྙན་ནི་དབྱེ་བར་བགྱི། །ཨོཾ་དེ་བྱཱ་ཀརྞ་ཡེ་སྭཱ་ཧཱ། ཤངས་དབྱེ་བའི་གསེར་གྱི་རྨང་ཚེར་ཐོགས་ཏེ། ཟག་བཅས་ཕུང་པོའི་དྲི་སྤངས་པ། །རྣམ་པར་དག་པའི་དྲི་བརྙེས་ལྟར། །འགྲོ་བ་སེམས་ཅན་དོན་གྱི་ཕྱིར། །རྒྱལ་བའི་ཤངས་ནི་དབྱེ་བར་བགྱི། །ཨོཾ་དེ་བྱཱ་ན་ས་ཡེ་སྭཱ་ཧཱ། དེ་ནས་ཞལ་དབྱེ་བའི་ཕྱིར་ཐུར་མ་ཐོགས་སྟེ། ཆོས་ཀྱི་ཆོས་རོ་དགའ་བ་ནི། འགྲོ་བ་ཐམས་ཅད་ཚིམ་མཛད་ལྟར། །རོ་མཆོག་བརྒྱ་ལྡན་ཞལ་ཟས་འདི། །འབུལ་ཕྱིར་ཞལ་ནི་དབྱེ་བར་བགྱི། །ཨོཾ་དེ་བྱཱ་མུ་ཁ་ཡེ་སྭཱ་ཧཱ། སོ་ཤིང་འབུལ་བ། རིན་ཆེན་མཆོག་གྲུབ་ཀཱ་ར་ཝཱི་ར་ཡི། །བཀུར་སྟི་རིམ་གྲོས་ཚེམས་ཀྱི་དྲི་བསལ་ལྟར། །བདེ་གཤེགས་གསུང་གི་དངོས་གྲུབ་ཐོབ་གྱུར་ནས། །འགྲོ་ཀུན་སྐད་དུ་ཆོས་ཀྱི་དོན་སྟོན་ཤོག །ཨོཾ་དེ་བྱཱ་དནྟ་ཡེ་སྭཱ་ཧཱ། དེ་རྣམས་ནི་རབ་བྱུང་དང་ལོངས་སྐུའི་ཆ་བྱད་སོགས་སྐུ་སྤྱི་ལའོ། །བྱེ་བྲག་ལོངས་སྐུ་ཡིན་ན་སྐྲ་ཤད། དབུ་སྐྲ་ལྕང་ལོ་མཐོན་མཐིང་གཡས་འཁྱིལ་ལ། །རིན་ཆེན་འབར་བས་བརྒྱན་པ་རབ་ཏུ་མཛེས། །ལྷ་མི་ཀུན་གྱི་བལྟ་བས་མི་ངོམས་པའི། །བསོད་ནམས་ཐོབ་ཕྱིར་རྒྱལ་བའི་དབུ་སྐྲ་ཤད། །ཨོཾ་ཀེ་ཤ་བི་ཤྭ་དྷ་ན་ཡེ་སྭཱ་ཧཱ། རྒྱན། བདེ་གཤེགས་སྐུ་ལ་མཚན་དང་དཔེ་བྱད་ལྡན། །བྱང་ཆུབ་མཆོག་གི་རྒྱན་གྱིས་མཛེས་ལགས་ཀྱང་། །རིན་ཆེན་དོ་ཤལ་སེ་མོ་དོ་ལ་སོགས། །རྒྱན་གྱི་དམ་པ་མཆོག་རྣམས་མཆོད་པར་འབུལ། །ཨོཾ་རཏྣ་ཨ་ལངྐ་ར་ཧཱུྃ། ན་བཟའ། ཇི་ལྟར་སྨན་པའི་རྒྱལ་པོ་འཚོ་བྱེད་ཀྱིས། །རྒྱལ་བའི་སྐུ་ལ་ན་བཟའ་གསོལ་བ་ལྟར། །འགྲོ་བ་སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །ངོ་ཚ་ཁྲེལ་ཡོད་གོས་མཆོག་འབུལ་བར་བགྱི། །ཨོཾ་དེ་བྱཱ་བ་ས་ན་ཡ་སྭཱ་ཧཱ། ཡང་རབ་བྱུང་ཡིན་ན། ཇི་ལྟར་རང་བྱུང་མཆོད་རྟེན་དྲུང་། །སྟོན་པས་ཁྱིམ་པའི་རྟགས་སྤངས་བཞིན། །འགྲོ་བ་སེམས་ཅན་དོན་གྱི་ཕྱིར། །དེ་བཞིན་རྒྱལ་བའི་དབུ་སྐྲ་བཞར། །ཨོཾ་སརྦ་ཤྭ་དྷ་ནི་དུཿཁཙྪེ་ད་ཧཱུྃ། ན་བཟའ་ཆོས་གོས་གསུམ། དྲི་མེད་མཚན་ལ་སྒྲིབ་བསལ་མི་མངའ་ཡང་། །དད་པས་ངུར་སྨྲིག་རྒྱལ་མཚན་ཕུལ་བ་ཡིས། །ནམ་མཁའི་མཐའ་དང་མཉམ་པའི་འགྲོ་བ་རྣམས། །སངས་རྒྱས་བརཏལ་ཞུགས་མཆོག་ལ་སྤྱོད་པར་ཤོག །མཁོ་བའི་ཡོ་བྱད་གཞན། འགྲོ་བ་སེམས་ཅན་དག་ལ་ཕན་པའི་ཕྱིར། །རིག་པའི་གནས་ལྔ་དག་ལ་བསླབ་བྱ་ཞེས། །ཇི་ལྟར་ཐུགས་དམ་རྒྱ་ཆེར་བཞེས་པ་བཞིན། །མཁོ་བའི་ཡོ་བྱད་རྣམས་ནི་འབུལ་བར་བགྱི། །ཨོཾ་སུ་ཁ་པ་རི་ཀ་རི་ཡེ་སྭཱ་ཧཱ། ཨོཾ་ཁཾ་སུ་ཁ་པ་རི་ཀ་རི་ཡེ་སྭཱ་ཧཱ། གཉིས་ཀ་ལ་ཐུགས་ཀར་རྡོ་རྗེ་བཟུང་། མཚན་དང་དཔེ་བྱད་ལ་སོགས་བསྐྱེད་པའི་ཕྱིར། །དུང་དང་དཔལ་བེའུ་གཡུང་དྲུང་འཁྱིལ་བ་དང་། །བཀྲ་ཤིས་རྫས་བརྒྱད་དག་གིས་རྣམ་བརྒྱན་པ། །རྒྱལ་བའི་ཐུགས་ལ་རྣམ་པར་བརྒྱན་པར་ཤོག །ཨོཾ་སྭསྟི་ཤ་མ་ཧཱ་པུ་རུ་ཥ་ཤ་ན་ཤྲཱི་ཨ་ནུ་ཏ་ར་བི་ཛ་ན་ཡེ་སྭཱ་ཧཱ། དེ་སྐུ་གཟུགས་ཀྱིའོ། །གསུང་རབ་པོ་ཏི་ལ། རིན་ཆེན་དུ་མ་ལས་གྲུབ་སེང་གེའི་ཁྲི། །ཡིད་འཕྲོག་སྣ་ཚོགས་གོས་ཀྱིས་བཀབ་པ་འདི། །སྤྲོས་བྲལ་གསུང་རབ་མཆོག་ལ་ཕུལ་བ་ཡིས། །འགྲོ་ཀུན་རྡོ་རྗེ་གདན་ལ་བཞུགས་པར་ཤོག །ཨོཾ་བཛྭ་ས་ན་ཨཱ་ཧཱུྃ། གོས། སྣ་ཚོགས་དབང་པོའི་གཞུ་བཞིན་རབ་བཀྲ་བ། །གང་ལ་རེག་ན་བདེ་བའི་རྒྱུར་འགྱུར་བའི། །གོས་བཟང་རིན་ཆེན་བདག་བློ་སྦྱང་ཕྱིར་འབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །ཨོཾ་བཛྭ་ཝཧླ་ཡེ་སྭཱ་ཧཱ། གླེགས་ཤིང་། ཟུང་འཇུག་དམ་ཆོས་འཛིན་པ་ཀུན་བྲལ་ལ། །ཐབས་དང་ཤེས་རབ་རྗེས་སུ་འབྲེལ་གྱུར་པའི། །ཉི་ཟླ་ལྟ་བུའི་རྟེན་འབྲེལ་དགབ་བྱ་བ། །ཕུལ་བས་སྐྱེ་བོས་ཟུང་འཇུག་ཐོབ་པར་ཤོག །ཨོཾ་བཛྭཱ་པྲཛྙྱཱ་ཨུ་པཱ་ཡ་དྭཱ་ཡ་ཨཱཿཧཱུཾ། གླེགས་ཐག སྤྲོས་པ་དུ་མ་རབ་ཏུ་རྒྱས་གྱུར་ཀྱང་། །ཡེ་ཤེས་ཆེན་པོ་རོ་གཅིག་གྱུར་པ་ལྟར། །གླེགས་བམ་གཅིག་གྱུར་ཡོ་བྱད་མཆོག་ཕུལ་བས། །འགྲོ་བས་ཡེ་ཤེས་ཆེན་པོ་ཐོབ་པར་ཤོག །ཨོཾ་བཛྭ་པུསྟ་ཀ་བནྡྷ་ཨཱ་ཧཱུྃ། ཡང་མཆོད་རྟེན་ཡིན་ན། སྲོག་ཤིང་། ཨོཾ་བཛྭ་ཨཱ་ཡུ་ཥེ་སྭཱ་ཧཱ། སེམས་ཅན་ཐམས་ཅད་ཤེས་པ་བཅུ་དང་ལྡན་པར་གྱུར་ཅིག བདེ་བར་གཤེགས་པའི་བསྟན་པ་དམ་པའི་ཆོས་མི་ནུབ་ཅིང་ཡུན་རིང་དུ་གནས་པར་གྱུར་ཅིག སེམས་ཅན་ཐམས་ཅད་ལྷག་པའི་བསམ་པ་རྣམ་པར་དག་པ་ཀུན་ཏུ་བཟང་པོའི་སྨོན་ལམ་ལ་འཇུག་པར་གྱུར་ཅིག འཁོར་ལོ། ཨོཾ་པྲ་ཝཏྟ་ནཱ་ཡ་སྭཱ་ཧཱ། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མ་འདྲེས་པའི་དྲན་པ་ཉེ་བར་བཞག་པ་གསུམ་ཐོབ་པར་གྱུར་ཅིག རྣམ་པར་ཐར་པ་བརྒྱད་ཐོབ་པར་གྱུར་ཅིག ཡེ་ཤེས་ལྔ་དང་ལྡན་པར་གྱུར་ཅིག ཅོད་པཎ། ཨོཾ་པ་ཊཾ་ཀཱ་ལཾ་བཱ་ཡ་སྭཱ་ཧཱ། སེམས་ཅན་ཐམས་ཅད་དུས་ཐམས་ཅད་དུ་དར་གྱི་ཅོད་པན་དང་ལྷབ་ལྷུབ་ལ་སོགས་པས་མཆོད་པ་དང་བསྙེན་བཀུར་གྱི་རྣམ་པ་མང་པོས་དེ་བཞིན་གཤེགས་པ་འཁོར་དང་བཅས་པ་ཐམས་ཅད་དང་། དེ་དག་གི་མཆོད་རྟེན་དང་། སྐུ་གཟུགས་དང་གསུང་རབ་ལ་སོགས་པ་དེ་དག་ལ་མཆོད་པ་བྱེད་པར་གྱུར་ཅིག འཕན། ཨོཾ་པ་ཏཾ་ཀེ་སྭཱ་ཧཱ། སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་གྲགས་པ་དང་སྙན་པ་བསམ་གྱིས་མི་ཁྱབ་པར་གྱུར་ཅིག ཆུ་སྲིན་གྱི་རྒྱལ་མཚན། ཨོཾ་ཀུམྦྷི་ར་དྷྭ་ཛ་ཡ་སྭཱ་ཧཱ། སེམས་ཅན་ཐམས་ཅད་འཁོར་བ་མི་གཏོང་ཞིང་མི་འཛིན་པས་བདུད་བཞི་ལས་རྒྱལ་བའི་ཆོས་མི་ནུབ་པའི་རྒྱལ་མཚན་དུ་གྱུར་ཅིག ཨོཾ་བྷྲ་མ་ཎ་ཡེ་སྭཱ་ཧཱ། སེམས་ཅན་ཐམས་ཅད་བླ་ན་མེད་པའི་སྐྱབས་དང་ལྡན་ཞིང་ཆོས་ཀྱི་རྒྱལ་པོར་གྱུར་ཅིག འཕྲེང་བ་ཕུལ། ཨོཾ་རཏྣ་མ་ལ་ཡེ་ཏྲཾ། ན་མཧླཻ་ཡ་དྷི་ཀ་ཨ་ནུ་ག་ཏ་པྲ་ཏིཥྛི་ཏེ་པུཥྤེ་ཀེ་ཏོ་བེ་ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་བཛྭ་པུཥྤེ་ཨཱཿཧཱུཾ་སྭཱ་ཧཱ། སེམས་ཅན་ཐམས་ཅད་མཚན་དང་དཔེ་བྱད་དང་ལྡན་ཏེ་སྐུ་བལྟ་བས་ཆོག་མི་ཤེས་པ་ཐོབ་པར་གྱུར་ཅིག ཨོཾ་བཛྭ་པུ་ན་དྷ་ནི་ཛ་ཡེ་སྭཱ་ཧཱ། སེམས་ཅན་ཐམས་ཅད་ཀྱི་གདན་གྱི་ཁྱད་པར་སྟོབས་བཅུ་དང་ལྡན་པ་གླང་པོ་ཆེའི་གདན་དང་། མི་འཇིགས་པ་བཞི་དང་ལྡན་པ་སེང་གེའི་གདན་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་ལྡན་པ་རྟའི་གདན་དང་། དབང་བཅུ་དང་ལྡན་པ་རྨ་བྱའི་གདན་དང་། ཐམས་ཅད་དུ་ཐོགས་པ་མེད་པའི་སྟོབས་ཀྱི་ཤུགས་དང་ལྡན་པ་ནམ་མཁའ་ལྡིང་གི་གདན་དང་། འགྲོ་བའི་དགོས་འདོད་ཡིད་བཞིན་དུ་སྐོང་བ་རིན་པོ་ཆེའི་གདན་དང་། ཆགས་པའི་སྐྱོན་ཐམས་ཅད་སྤངས་པ་པདྨའི་གདན་དང་། རང་བཞིན་གྱི་འོད་གསལ་བ་ཉི་ཟླའི་གདན་ཐོབ་པར་གྱུར་ཅིག དེ་དག་མཆོད་རྟེན་གྱིའོ། །སྐུ་གསུང་ཐུགས་རྟེན་གང་ལ་ཡང་ཐུན་མོང་གི་མངའ་འབུལ་མཎྜྻལ། རི་རབ་གླིང་བཞི་གླིང་ཕྲན་ཉི་ཟླ་ལྕགས་རིར་བཅས། །རིན་ཆེན་སྣ་བདུན་གཏེར་གྱི་བུམ་པས་ལེགས་བཀང་སྟེ། །བདག་ལུས་ལོངས་སྤྱོད་སྣང་སྲིད་བཅས་པ་ཡོངས་འབུལ་ན། །ཐུགས་རྗེ་ཆེན་པོས་དགོངས་ཏེ་བཞེས་ནས་བསྐྱབ་ཏུ་གསོལ། །གུ་རུ་ཨི་དཾ་མཎྜྻལ་ཀཾ་ནིརྻ་ཏ་ཡཱ་མི། གདུགས་སོགས། ཐེག་མཆོག་བླ་བྲེ་གདུགས་དང་བ་དན་དང་། །བདུད་བཅོམ་རྒྱལ་མཚན་ལྷབ་ལྷུབ་དར་འཕན་དང་། །གར་དང་རོལ་མོའི་མཆོད་པ་སྒྲ་དབྱངས་ཀྱིས། །རྒྱལ་བའི་དཀྱིལ་འཁོར་མ་ལུས་མཛེས་པར་བགྱི། །རིན་ཆེན་བདུན། ཇི་ལྟར་མི་དབང་འཁོར་ལོ་བསྒྱུར་བ་ནི། །རིན་ཆེན་སྣ་བདུན་ཚོགས་དང་ལྡན་པ་ལྟར། །རྒྱལ་བ་རྣམས་དང་བྱང་ཆུབ་སེམས་དཔའ་ལ། བཀྲ་ཤིས་རྫས་བརྒྱད་དག་གིས་མཆོད་པར་བགྱིས། །བཀྲ་ཤིས་རྫས་བརྒྱད། ལྷ་ཡི་དབང་པོ་ལྷ་མིན་གཡུལ་རྒྱལ་ནས། །བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་མཆོད་པ་ལྟར། །རྒྱལ་བ་རྣམས་དང་བྱང་ཆུབ་སེམས་དཔའ་ལ། །བཀྲ་ཤིས་རྫས་བརྒྱད་དག་གིས་མཆོད་པར་བགྱིས། །འདོད་ཡོན་ལྔ། གཟུགས་སྒྲ་དྲི་རོ་རེག་ལྡན་པའི། །མཆོག་ཏུ་གྱུར་པའི་ལོངས་སྤྱོད་རྣམས། །བདག་གིས་དད་པས་འབུལ་བར་བགྱི། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཨོཾ་བཛྭ་དེ་ཝི་ཨན་ས་མ་དྷི་སྭཱ་ཧཱ། བིལ་བ་སོགས། འཇིག་རྟེན་ཁྱིམ་བདག་རྣམས་ནི་དཔལ་བསྟེན་ནས། །བིལ་བ་སྟར་ཀ་བུམ་པ་བཟང་པོ་རས། །མདུན་དུ་བདར་ནས་བཀྲ་ཤིས་བྱེད་པ་ལྟར། །རྒྱལ་བ་སྲས་དང་བཅས་ལ་འབུལ་བར་བགྱི། །མཆོད་བསྟོད་ཀྱི་མངའ་འབུལ། །ཨོཾ་ཨཱཿཧཱུྃ་པྲོཀཀྵ་ཎཾ་པྲ་ཏཱི་ཙྪ་ཧཱུྃ་སྭཱ་ཧཱ། དེ་བཞིན། ཨརྒྷཾ། པཱ་དྱཾ། ཨཉྩྨ་མ་ཎཾ་སྔོན་དུ་འགྲོ་བས། ཕྱི་མཆོད། དཀྱིལ་འཁོར་ཀུན་ཏུ་རྒྱལ་བ་མཉེས་བྱེད་སོགས་དང་། ནང་མཆོད། རྒྱལ་བ་ཀུན་གྱི་འདོད་འབྱུང་སོགས། གསང་མཆོད། ལྕགས་ཀྱུ་ལྔ་དང་བདུད་རྩི་ལྔ་ལ་སོགས། །དེ་ཁོ་ན་ཉིད། ལས་ཀྱི་ཕྱག་རྒྱའི་རབ་སྦྱོར་སོགས་དང་། བསྟོད་པ་བཅོམ་ལྡན་མགོན་པོ་ནས། །དེ་སྙེད་རྣམས་ལ་ཕྱག་འཚལ་བསྟོད། བར་ཏེ། མཆོད་བཞི་བསྟོད་པ་རྒྱས་བསྡུས་སྐབས་བསྟུན་བྱ། སྐབས་འདིར་རྒྱས་པའི་སྦྱིན་སྲེག་བྱ་བར་གསུངས་པས། རྒྱས་བསྡུས་གང་རུང་ལག་ལེན་དག་པར་བྱ་ཞིང་། འོན་ཀྱང་སྤྱིར་བསྡུས་པའི་སྐབས་དང་གལ་ཏེ་མ་གྲུབ་ཀྱང་འགལ་བ་ཆེར་མེད་པར་སེམས། སྦྱིན་སྲེག་འཇུག དེའི་མེ་མ་ཤི་བའི་ཐོག་ཏུ་ལྕགས་སྒྱེད་བཙུགས་སྟེང་སྣོད་གཙང་མ་ཕྱི་རྩི་དཀར་གྱིས་བྱུགས་པའི་ནང་དུ་འོ་མ་ལ་མར་སྦྲང་བུར་ཀ་ར་དང་། འབྲས་ཅུང་ཟད་བཏབ་པ་ཁ་བཀབ་པའི་སྣོད་ལ་མེ་ཏོག་གི་འཕྲེང་བ་བཏགས། དེའི་སྣེ་ནས་སློབ་དཔོན་གྱིས་བཟུང་སྟེ། རང་གི་བདག་པོའི་སྔགས་ཞེས་པ་གཡང་སྐྱོང་གི་སྔགས། ཨོཾ་ཤྲཱི་ཧེ་རུ་ཀ་ཡ་པདྨ་ཏེ་བིདྱ་རཱ་ཛ་ཡ་ཧཱུྃ་ཕཊ྄། བརྒྱ་རྩ་བརྒྱད་ཀྱིས་བསྐོལ། རྟེན་གྱི་གཟུགས་བརྙན་མེ་ལོང་ལ་ཤར་དུ་བཅུག་པའི་ཞལ་དུ་བླུགས་གཟར་རམ་སྒྲོན་སྐྱོགས་ལྟ་བུས། ཨོཾ་དེ་བྱཱ་ཨནྣེ་ས་མཱ་དྷི་དྷྱ་ན་པྲི་ཎ་ནེ་སྭཱ་ཧཱ། ལན་ཉེར་གཅིག་ཙམ་གྱིས་ཕུལ་བས་ལྷ་རྣམས་ཀྱིས་གསོལ་བར་བསམ། དེ་ནས། ཨོཾ་ཧཱུྃ་ཏྲཱྃ་སྲཱིཿཨཱཿཞེས་པས་དམ་ཚིག་བསྒྲག ལྷག་མ་ཚོགས་པ་དང་ཡོན་བདག་ལ་བཀྱེ། ཚོགས་ཀྱི་ཡོ་བྱད་རྣམས་ལ། ཨོཾ་ཁཎྜྻ་རོ་ཧི་སོགས་བསངས་སྦྱངས་ནས། ཚོགས་མཆོད་དང་། འདས་གཏོར་འཇིག་རྟེན་པའི་ནང་གཏོར་མཇུག དགྲ་རྣམས་ཐམས་ཅད་ཕམ་པར་མཛོད་བར་སོང་རྗེས། རྟེན་བསྒྱུར་ནི། མདུན་གྱི་རྟེན་དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་ལྷ་ཚོགས་སུ་གསལ་བ་འོད་དུ་ཞུ་བ་ལས་རྟེན་རང་རང་གི་རྣམ་པར་གྱུར་ཞེས་བརྗོད་ཅིང་། རབ་ཏུ་གནས་བྱའི་ལྷ་སོ་སོའི་སྐྱེད་ཆོག་བྱས་པ་ཡིན་ན་གོང་སྨོས་མ་ཐག་པ་འདི་ཟེར་མི་དགོས། དེ་ནས་ལག་པ་ཐལ་མོ་སྦྱར་ཏེ། བླ་མ་རྗེ་བཙུན་པ་དང་དཀོན་མཆོག་རིན་པོ་ཆེ་ཐམས་ཅད་དང་། ཡི་དམ་མཁའ་འགྲོ་ཆོས་སྐྱོང་བའི་སྲུང་མ་ཐམས་ཅད་ཀྱི་བཀའ་བདེན་པ་དང་། བདེན་པའི་བྱིན་རླབས་ཀྱིས། བདག་རྡོ་རྗེ་འཛིན་པ་དཔོན་སློབ་རྣམས་ཀྱིས་རབ་ཏུ་གནས་པར་བྱས་པའི་རྟེན་འདི་རྣམས་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་ཕྱག་གི་གནས་མཆོད་པའི་རྟེན་དུ་གྱུར་ནས་སྤྲུལ་པ་སྐུའི་མཛད་པ་མངོན་སུམ་དུ་མཛད་པར་གྱུར་ཅིག གསུམ་ཀ་སྐུ་གསུང་ཐུགས་འགྲོ་བའི་དོན་ལ་འཁོར་བ་ཇི་སྲིད་དུ་གནས་པར་སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱིས་བརླབ་པར་གྱུར། དེ་ནས་སློབ་དཔོན་དང་ཡོན་བདག་གཉིས་ཀས་རྟེན་གྱི་གདན་ཁྲི་ནས་བཟུང་མེ་ཏོག་གི་འཕྲེང་བ་ཕུལ། ཇི་སྲིད་མེ་དང་ཆུ་དང་ནི། །རླུང་གིས་བསྐལ་པས་འཇིག་པར་དུ། །སྦྱིན་བདག་བསོད་ནམས་སྤེལ་བ་དང་། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །ཇི་ལྟར་རྫོགས་པའི་སངས་རྒྱས་རྣམས། །དགའ་ལྡན་གནས་སུ་རབ་ཞུགས་ནས། །ལྷ་མོ་སྒྱུ་འཕྲུལ་ལྷུམས་བཞུགས་ལྟར། །དེ་ལྟར་འདིར་ནི་བཞུགས་སུ་གསོལ། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །བྱང་ཆུབ་སེམས་ནི་ཡོངས་འཕེལ་ཕྱིར། །མེ་ཏོག་ལ་སོགས་འདི་བཞེས་ཏེ། །མགོན་པོ་འདིར་ནི་རྟག་བཞུགས་མཛོད། །འཁྱིལ་བའི་སྔགས་བཟླ་ཞིང་སྐུ་གཟུགས་ལ་སོགས་པའི་འོག་བར་སྟེང་གི་ཆར་རྡོ་རྗེ་གསོར། ལན་གསུམ་བསྐོར། དེ་རྗེས་བསྟོད་པ་ནི། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་དབྱིངས་ཁྱོད་ཕྱག་འཚལ་ལོ། །རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དཔའ་བ་ཆེ། །རང་བཞིན་འོད་གསལ་མཆོག་གི་མཆོག །སྟོན་མཛད་རྡོ་རྗེ་ཁྱོད་ཕྱག་འཚལ། །རིན་ཆེན་རྒྱལ་པོ་ཤིན་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མ་མེད། །རང་བཞིན་དག་པ་གོས་པ་མེད། །རྡོ་རྗེ་སྐུ་ཁྱོད་ཕྱག་འཚལ་ལོ། །རྡོ་རྗེ་བདུད་རྩི་རྒྱལ་པོ་ཆེ། །མི་རྟོག་ནམ་མཁའི་རྡོ་རྗེ་འཛིན། །ས་དང་ཕ་རོལ་ཕྱིན་པ་བརྙེས། །རྡོ་རྗེའི་གསུང་ཁྱོད་ཕྱག་འཚལ་ལོ། །དོན་ཡོད་རྡོ་རྗེ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་ཡོངས་རྫོགས་ཅན། །དག་པའི་ངོ་བོ་ཉིད་ལས་བྱུང་། །རྡོ་རྗེ་སེམས་དཔའ་ཁྱོད་ཕྱག་འཚལ། །ཡེ་དྷརྨ་ལེགས་པར་སྔགས་པའི་འབྲུ་འཐོར་ཞིང་། ཤིས་བརྗོད་རྨད་དུ་བྱུང་བ་འདི་བྱ་སྟེ། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་རྒྱས་པ་འདབ་འདྲའི་སྤྱན་མངའ་བ། །དེས་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་དང་པོའོ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །དེ་ཡི་ཉེ་བར་བསྟན་བའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱི་དམ་པ་སྐྱེ་དགུ་རྣམས་ལ་ཞི་བྱེད་པ། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གཉིས་པའོ། །བཀྲ་ཤིས་དམ་པྎ དགེ་འདུན་དམ་པ་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཕྱུག །མི་དང་ལྷ་དང་ལྷ་མ་ཡིན་གྱིས་མཆོད་པའི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གསུམ་པའོ། །བཀྲ་ཤིས་དམ་པྎ སེམས་ཅན་ཀུན་ལ་ཕན་ཕྱིར་བྱང་ཆུབ་མངའ་བ་པོ། །དོན་རྣམས་ཐམས་ཅད་གྲུབ་པར་བརཏལ་བ་ཡོངས་ལྡན་པ། །ཚོགས་ཀྱི་ལེགས་སྐྱེས་ཐུབ་པའི་བཀྲ་ཤིས་གང་བྱུང་བ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །འགྲོ་ལ་ཕན་ཕྱིར་དེ་བཞིན་གཤེགས་པ་དགའ་ལྡན་ལྷའི། །གཞལ་མེད་ཁང་གི་སྙིང་པོ་ནས་ནི་འདིར་གཤེགས་ཏེ། །དབང་བཅས་ལྷས་བསྐོར་བ་ཡི་བཀྲ་ཤིས་གང་བྱུང་བ། །བཀྲ་ཤིས་དེསྎ ལོ་མ་མེ་ཏོག་འོད་འབར་ཉམས་དགའ་ལུམྦིའི་ཚལ། །ལྷ་མང་དག་གིས་བསྟེན་པར་མགོན་པོ་བལྟམས་པ་ན། །སྲིད་པ་མཐར་ཕྱིན་པ་ཡི་བཀྲ་ཤིས་གང་བྱུང་བ། །བཀྲ་ཤིས་དེསྎ གྲོང་ཁྱེར་སེར་སྐྱའི་གནས་ནས་རྒྱལ་པོའི་ཕོ་བྲང་དུ། །ལྷུམས་ནས་བལྟམས་པ་སྟོན་པ་བདེ་གཤེགས་ཟས་གཙང་སྲས། །མྱུར་བསྐྲུན་བདུད་རྩི་ཆུས་གཏོར་བ་ཡི་བཀྲ་ཤིས་གང་། །བཀྲ་ཤིས་དེསྎ གྲོང་ཁྱེར་དམ་པ་སེར་སྐྱའི་གནས་ཞེས་བྱ་བར་ནི། །རྨད་དུ་གྲགས་པ་ཆེན་པོར་ལྷ་ཡིས་མངོན་བསྟོད་པ། །བསམ་ཡས་བདེ་སྒྲུབ་བསོད་ནམས་ཕུང་པོའི་བཀྲ་ཤིས་གང་། །བཀྲ་ཤིས་དེསྎ དགྱེས་ཤིང་ནམ་ཕྱེད་གྲོང་ཁྱེར་ནས་ནི་མངོན་བྱུང་སྟེ། །དཀའ་ཐུབ་ཚལ་དུ་མངོན་པར་གཤེགས་ཤིང་ཚངས་ལ་སོགས། །ལྷ་ཡི་ཚོགས་ཀྱིས་ཡོངས་སུ་བསྐོར་བའི་བཀྲ་ཤིས་གང་། །བཀྲ་ཤིས་དེསྎ རབ་ཏུ་འོད་འབར་གསེར་དང་འདྲ་བའི་སྐུ་མངའ་ཞིང་། །བཻཌཱུརྻ་ལྟར་སྔོ་བའི་རྩ་བཏིང་སྟེང་བཞུགས་ཏེ། །སྐྱིལ་མོ་ཀྲུང་བཅས་མི་གཡོ་མཆོག་གི་བཀྲ་ཤིས་གང་། བཀྲ་ཤིས་དེསྎ ཆུ་བོའི་འགྲམ་ན་ཙི་རྐའི་འཕྲེང་བས་ཡོངས་བསྐོར་བ། །ཤིན་ཏུ་རྨད་དུ་བྱུང་བའི་སྲིད་པ་སེལ་མཛད་པ། །ཀླུ་ཡི་རྒྱལ་པོས་ཕྱག་བྱས་པ་ཡི་བཀྲ་ཤིས་གང་། །བཀྲ་ཤིས་དེསྎ ཤིང་རྒྱལ་དྲུང་གཤེགས་བྱམས་པའི་སྟོབས་ཀྱིས་བདུད་ཀྱི་ཕྱོགས། །མང་པོ་བཏུལ་ཚེ་ས་སྟེང་དང་ནི་ནམ་མཁའ་ལ། །བཅོམ་ལྡན་བཀྲ་ཤིས་རྣམ་པ་སྣ་ཚོགས་གང་བྱུང་བ། །བཀྲ་ཤིསྎ སྡུག་བསྔལ་མཐའ་དག་གཞིག་ཕྱིར་རྡོ་རྗེ་གདན་བཞུགས་ཏེ། །ནམ་གྱི་ཐོ་རངས་བདུད་བཞི་པོ་དག་རྣམ་བཏུལ་བ། །སྟོན་པ་བདེ་བར་གཤེགས་པའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིསྎ གྲོང་ཁྱེར་ཝཱ་རཱ་ཎ་སཱིར་དྲང་སྲོང་མཆོག་བཞུགས་ནས། །ཆོས་ཀྱི་འཁོར་ལོ་མཆོག་བསྟན་པ་ཡི་བཀྲ་ཤིས་གང་། །ལྷ་ཡུལ་དང་འདིར་ཤིན་ཏུ་རྨད་དུ་བྱུང་གྱུར་བ། །བཀྲ་ཤིསྎ བཀྲ་ཤིས་གང་ཞིག་ཕན་བྱེད་དམ་པ་དག་བྱེད་པ། །བསོད་ནམས་དག་བྱེད་འཕགས་པའི་སྐྱེ་བོས་མངོན་བསྟོད་པ། །བཅོམ་ལྡན་ཤཱཀྱ་ཐུབ་པ་སེང་གེའི་གང་གསུང་པ། །བཀྲ་ཤིསྎ མུ་སྟེགས་བྱེད་པ་ཀུན་གྱི་ང་རྒྱལ་གཞོམ་པ་དང་། །འགྲོ་ལ་བདེ་བ་བསྐྱེད་ཕྱིར་ཆོ་འཕྲུལ་དམ་པ་དག །ཉེ་བར་སྟོན་པ་རྒྱལ་པོའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིསྎ འགྲོ་ལ་ཕན་ཕྱིར་མཐོ་རིས་གནས་ནས་འདིར་གཤེགས་ཏེ། །ཚངས་པ་ལ་སོགས་ལྷ་ཚོགས་ལག་ན་རྔ་ཡབ་གདུགས། །སྣ་ཚོགས་ཐོགས་པས་ཡོངས་སུ་བསྐོར་བས་བཀྲ་ཤིས་གང་། །བཀྲ་ཤིསྎ དེ་བཞིན་གཤེགས་པ་ཞི་བའི་མཆོག་ཏུ་ཉེར་གཤེགས་པ། །མནྡྷར་ཡི་མེ་ཏོག་མང་པོས་མངོན་མཆོད་པ། །ལྷ་མཆོག་རྣམས་ཀྱིས་མངོན་བསྟོད་པ་ཡི་བཀྲ་ཤིས་གང་། །བཀྲ་ཤིསྎ ལྷ་དབང་ཀླུ་དང་མི་ཡི་དབང་པོས་ཕྱག་བྱས་པ། །མཁའ་ལྡིང་གནོད་སྦྱིན་དྲི་ཟའི་དབང་པོས་མཆོད་གྱུར་པ། །དེ་བཞིན་གཤེགས་པ་སྟོབས་བཅུ་ལྡན་པའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ནིྎ ཞི་བྱེད་ཤོག །ཅེས་པའམ། ཡང་ན་སྔགས་ལུགས་དང་འབྲེལ་བའི་བླ་མ་ཡི་དམ་གྱི་ཤིས་བརྗོད་སོགས་གང་རུང་སྐབས་དང་འབྲེལ་བ་བརྗོད་པར་བྱའོ། །རོལ་མོ་རྒྱས་པར་བྱ། ཆོས་སྐྱོང་བསྒོ་བ་སྲུང་མའི་གཏོར་བསྔོ་རྒྱས་བསྡུས་གང་རིགས་བྱས་པའི་མཇུག སྙིང་གའི་ཧཱུྃ་ཡིག་གི་འོད་ཟེར་གྱིས་བྱེ་བྲག་གི་སའི་བདག་པོ་འཁོར་བཅས་ཨཱ་ཀརྵ་ཡ་ཛཿཞེས་པས་བཀུག་ལ། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་སོགས་གསུམ་གྱིས་བསྔོས་ནས། འགྲོ་བ་སེམས་ཅན་དོན་སླད་དུ། །བདེ་གཤེགས་རྣམས་ནི་བཞུགས་གྱུར་གྱི། །བདག་དང་གཞན་གྱི་དོན་གྱི་ཕྱིར། །སྤྲུལ་པའི་གཟུགས་བརྙན་བསྲུང་བར་མཛོད། །ཡང་། རང་གི་སྙིང་གའི་ཧཱུྃ་ཡིག་གི་འོད་ཟེར་གྱིས་ལྕང་ལོ་ཅན་ནས་གསང་བའི་བདག་པོ་འཁོར་དང་བཅས་པ་སྐད་ཅིག་གིས་བཛྭ་ས་མཱ་ཛཿཨོཾབཛྭ་ཨརྒྷཾ་ནས་ཤཔྟ་པྲ་ཏཱིཙྪ་སྭཱ་ཧཱ། བདེ་བར་གཤེགས་པའི་སྤྲུལ་པའི་སྐུ་བསྲུང་བར་ཞལ་གྱིས་བཞེས་པས་ཇི་སྲིད་བཅོམ་ལྡན་འདས་བཞུགས་ཀྱི་བར་དུ་བསྲུང་བར་མཛད་དུ་གསོལ། །དེ་ནས་ཡོན་བདག་ལ་བསྒོ་ཏེ་སློབ་དཔོན་གྱི་མདུན་དུ་བཀྲ་ཤིས་པའི་རྫས་ཀྱི་ཙཀླི་སོགས་བཤམས། ཡོན་བདག་རྟེན་ལ་ཕྱག་འཚལ་དུ་བཅུག གདན་བཟང་པོ་ལ་བཞག་ནས། སློབ་དཔོན་གྱིས། རབ་གནས་ཀྱི་གཞུང་ལས། ཁྱོད་ཀྱི་ང་ལ་གང་གསོལ་བའི། །སྐུ་གཟུགས་དག་ནི་ཁྱད་པར་དུ། །ཇི་ལྟར་གསུངས་པ་ཇི་བཞིན་དུ། །དེ་དག་དོན་ནི་ངས་བྱས་ཏེ། །དེ་རྣམས་དོན་ནི་གྲུབ་ཟིན་གྱི། །ཅི་བདེ་བར་ནི་མཆོད་པར་བགྱིས། །ཞེས་ཡོན་བདག་ལ་བསྒོ་བར་གསུངས་པ་ལྟར། །རྟེན་འདི་ཉིད་ལ་རབ་ཏུ་གནས་པ་ལེགས་པར་བྱས་པ་ཡིན་པས། དེང་ཕྱིན་ཆད་རྒྱན་དུ་མཆོད་པའི་བྱེ་བྲག་ཅི་འབྱོར་པས་མཆོད་པ་དང་། ཁྱད་པར་ཞག་བདུན་གྱི་བར་དུ་མཆོད་པ་རྒྱ་ཆེར་མཛོད་ཅིག དེ་ནས་མཐའ་རྟེན་བཀྲ་ཤིས་པའི་དོན་དུ་བཀྲ་ཤིས་ཀྱི་རྫས་གཏོད་པ་ཕྱག་ལེན་དུ་མཆིས་པས་དེ་ལ་ཐོག་མར། ཡོན་གྱི་བདག་པོ་ཉིད་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པར་གསལ་གདབ་དགོས་པས་དམིགས་པ་འདི་བཞིན་དུ་མཛོད། ལས་བུམ་གྱིས་ཆུས་བསངས། ཨོཾ་ཁཎྜྻ་རོ་ཧེྎ སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། ཡོན་གྱི་བདག་པོ་ཉིད་བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པ་ནས། གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ། གཙོ་བོའི་སྙིང་གར་ཨོཾ་ཧ་ནས་ཕཊ྄་ཕཊ྄་སྙིང་གའི་འོད་ཟེར་གྱི་ལྕགས་ཀྱུས་སྒོམ་པ་ཇི་ལྟ་བའི་ཡེ་ཤེས་པ་མདུན་གྱི་ནམ་མཁར་ཕེཾ། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། ཅེས་བརྗོད། དེ་ནས་རྫས་རྣམས་ལ་ལས་བུམ་གྱི་ཆུ་འཐོར་བསངས་སྦྱངས། སྟོང་པའི་ངང་ལས། ཨོཾ་ལས་བྱུང་བའི་བཀྲ་ཤིས་པའི་རྫས་རྣམས་མི་མཐུན་པའི་ཕྱོགས་ཐམས་ཅད་སེལ་ཞིང་བདེ་ལེགས་ཕུན་སུམ་ཚོགས་པ་བྱེད་པའི་ནུས་མཐུ་ཅན་གྱི་གྲུབ་པའི་རྫས་སུ་གྱུར། རྫས་བརྒྱད་རེ་རེ་བཞིན་ལག་ཏུ་ཐོགས་ཏེ། སྔོན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ། གཟུགས་ཀྱི་ལྷ་མོ་འོད་འཆང་མས་མེ་ལོང་ཕྱག་ཏུ་ཕུལ་བ་བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་རླབས་པ་ལྟར། དེང་འདིར་ཡང་རྟེན་འདི་ཉིད་བཀྲ་ཤིས་ཤིང་བྱིན་ཆེ་བས་འཁོར་བ་ཇི་སྲིད་དུ་འགྲོ་བའི་དོན་ཁྱད་པར་ཅན་འགྲུབ་པ་དང་། ཡོན་མཆོད་འཁོར་དང་བཅས་པ་ཐམས་ཅད་ཀྱང་མི་མཐུན་པའི་ཕྱོགས་མཐའ་དག་ཞི་ཞིང་སྲིད་ཞིའི་དཔལ་འབྱོར་ལ་མངའ་མཛད་པའི་སླད་དུ། མེ་ལོང་གི་རྫས་ཕུལ་བ་ལ་བརྟེན་ནས། ཞེས་པའི་མཚམས་སུ་འདུས་པ་དམངས་མས་མཐུན་འགྱུར་གྱི་ཚུལ་དུ་བླངས་ཏེ་དཔོན་སློབ་ལྷན་ཅིག་པས། བཀྲ་ཤིས་པར་གྱུར་ཅིག་ཅེས་མེ་ཏོག་འཐོར་ཞིང་། མེ་ལོང་ཡེ་ཤེས་རྒྱ་མཚོ་ནས། བགེགས་རྣམས་ཞི་བར་ཤོག་བར། རྫས་ཀྱི་ཙཀླི་དང་པོར་རྟེན་ལ་འབུལ་ཚུལ་དང་། རྗེས་སུ་ཡོན་བདག་གི་མདུན་ལྕོག་རྩེའི་ཁར་འབྲུ་དཀར་གྱིས་གང་བའི་སྣོད་དུ་གཡས་བསྐོར་གྱིས་སྒྲིགས་ཏེ་བཞག དེ་བཞིན་གཟུགས་ཀྱི་ལྷ་མོའི་ཚབ་ཏུ། གཉིས་འཐུང་དབང་པོ་ས་སྲུང་གི་གིའུ་ཝཾ་ཕྱག་ཏུ་ཕུལ་བ་ཞེས་དང་། ཁྱིམ་བདག་བཟང་སྐྱོང་གིས་ཞོ། བྲམ་ཟེ་ཀུན་དྷ་ལིས་རྩ་དུརྦ། ནགས་ཚལ་གྱི་ལྷ་མོས་ཤིང་ཐོག་བིལ་བ། ལྷའི་དབང་པོ་བརྒྱ་བྱིན་གྱིས་དུང་དཀར་གཡས་འཁྱིལ། སའི་ལྷ་མོ་བརྟན་མས་ལི་ཁྲི། གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་ཡུངས་ཀར་ཕུལ་བ་སོགས་བསྒྱུར་བ་མ་གཏོགས་ཀུན་འགྲེའོ། །རྒྱལ་སྲིད་སྣ་བདུན་ཡོད་ཅིང་སྤྲོ་ན། ཛམྦུའི་གསེར་ལས་སོགས་ལ་འཁོར་ལོ་རིན་ཆེན་དམ་པས་ཤིས་གྱུར་ཅིག ཅེས་བསྒྱུར་ཏེ་གཏོད། དེ་ནས་ཚོགས་ལ་ལོངས་སྤྱོད། ལྷག་གཏོར་བཏང་བ་སོགས་རྗེས་ཆོག་རྣམས་བདེ་མཆོག་དཀྱིལ་ཆོག་གཞུང་བཞིན་བྱའོ། །དེ་ལྟར་རབ་གནས་ཀྱི་ཆོ་ག་ཡན་ལག་བཞི་པ་བདེ་མཆོག་བཅུ་གསུམ་མ་དང་སྦྱར་བའི་ཆོག་ཁྲིགས་གསལ་བ་འདི་བཞིན་རིགས་ཀྱི་གཅུང་མི་ཕམ་བསྟན་འཛིན་འཕྲིན་ལས་ཀྱི་ཡང་ཡང་དགོས་ཞེས་སྨྲ་བའི་ངོར། རང་གཞན་མང་པོར་ཕན་པའི་སླད་དུ། ༧བཀའ་བརྒྱུད་བསྟན་པའི་རྒྱལ་མཚན་འགྱུར་མེད་ཡོངས་གྲུབ་དམ་ཆོས་ཉི་མས་ལྷས་བསྟན་གསང་སྔགས་ཆོས་ཀྱི་གླིང་དུ་སྦྱར་བ་བདེ་ལེགས་སུ་གྱུར་ཅིག། །།


previousབདེ་མཆོག་ལྷ་བཅུ་གསུམ་མའི་དཀྱིལ་འཁོར་དང་འབྲེལ་བའི་རབ་གནས་ཡན་ལག་བཞི་པའི་ཆོག་ཁྲིགས་གསལ་བར་བཀོད་པ་བདེ་ལེགས་གྲུབ་པའི་རྒྱ་མཚོ།next