Nitartha Digital Library
Tibetan
ཀློང་ཆེན་པའི་གསུང་འབུམ། མ༽


   
  collapse section
  collapse section
   
   
   
   
   
   
   
  collapse section
   
   
  collapse section
  collapse section
  collapse section
   
   
   
  collapse section
   
   
   
  collapse section
དོན་བཞི་པ། མ་དག་པ་སེམས་ཅན་གྱི་འཁྲུལ་ཚུལ་བསྟན་པ།
   
   
   
  collapse section
   
   
   
  collapse section
  collapse section
   
   
   
   
   
  collapse section
   
  collapse section
  collapse section
   
   
   
  collapse section
   
   
   
  collapse section
   
   
   
  collapse section
   
   
   
   
  collapse section
   
   
   
  collapse section
   
   
   
   
  collapse section
   
   
   
   
   
   
   
   
  collapse section
   
   
   
  collapse section
   
   
   
   
  collapse section
   
   
   
   
   
   
  collapse section
   
   
   
   
   
   
  collapse section
   
   
   
   
  collapse section
   
   
   
  collapse section
   
   
   
   
   
   
   
   
  collapse section
   
   
   
   
   
   
   


 
previousདོན་བཞི་པ། མ་དག་པ་སེམས་ཅན་གྱི་འཁྲུལ་ཚུལ་བསྟན་པ།next

དོན་བཞི་པ། མ་དག་པ་སེམས་ཅན་གྱི་འཁྲུལ་ཚུལ་བསྟན་པ།

ཁམས་གསུམ་དུ་འཁྲུལ་ཚུལ་མདོར་བསྟན་པ།

དོན་བཞི་པ་མ་དག་པ་སེམས་ཅན་གྱི་འཁྲུལ་ཚུལ་ལ། ཁམས་གསུམ་དུ་འཁྲུལ་ཚུལ་མདོར་བསྟན། བྱེ་བྲག་འདོད་པར་ལུས་གྲུབ་ཚུལ་རྒྱས་པར་བཤད། ཀུན་གཞི་ལ་ལས་སོགས་ཚུལ་གྱི་དོན་བསྡུ་བ་གསུམ་ལས། དང་པོ་ལ་འཁྲུལ་པ་ཕྱི་ལྟར་བཤད་པ། ནང་ལྟར་བཤད་པ། གསང་བ་ལྟར་བཤད་པ་གསུམ་ལས། དང་པོ་ནི་ཀུན་གསལ་ལས། གཞི་ཉིད་རང་ངོ་མ་ཤེས་པས། །གཟུང་འཛིན་སྐྱེས་པའི་དུས་ན་འཁྲུལ། །སྣོད་བཅུད་སྲིད་པ་རིམ་གྱིས་ཆགས། །ཞེས་པ་དང་། ཀློང་གསལ་ལས། ཡེ་ཤེས་ཉིད་ལས་མ་རིག་འཁྲུལ། །ཡེ་ཤེས་ཁ་དོག་འབྱུང་བ་ལྔ། །གདོད་ནས་ཡེ་ཤེས་ཙམ་ཉིད་དུ། །འབྲལ་བ་མེད་དེ་མ་རིག་འཁྲུལ། །ཞེས་པ་དང་། བཀོད་པ་ཆེན་པོ་ལས། ལྷུན་གྲུབ་སྟོང་པའི་ཡུལ་ལ་ཤར། །དེ་ཚེ་རྐྱེན་གཞིའི་འཁྲུལ་འཁོར་ལས། །འཛིན་པའི་རྒྱ་དང་བཅས་པར་གྱུར། །རླུང་ཆུ་མེ་སའི་དངོས་པོ་ལས། །རྟེན་དང་ཡུལ་གྱི་ཁྱད་པར་བྱུང་། །གཟུགས་མེད་གཟུགས་དང་འདོད་པ་ཡི། །གནས་བཅུ་དག་ནི་ཐོག་མར་བྱུང་། །ཞེས་པས། འོད་གསལ་སྒྱུ་མའི་སྦུབས་ལྷུན་གྲུབ་ཀྱི་སྣང་བ་རང་སྣང་དུ་མ་ཤེས་པས། ངོ་བོའི་ཆ་ཙམ་ལ་ལྷན་ཅིག་སྐྱེས་པའི་མ་རིག་པས་རྒྱུ་བྱས། ཡུལ་འོད་དུ་སྣང་བས་རྐྱེན་བྱས། ཐུགས་རྗེའི་རྩལ་འཛིན་པར་གཡོས་པས་བདག་པོའི་རྐྱེན་བྱས། དེ་གསུམ་ཡུལ་ལ་སྤྱོད་བྱེད་དུ་དུས་མཚུངས་པས་དེ་མ་ཐག་པའི་རྐྱེན་བྱས་ཏེ། གཟུང་འཛིན་དུ་འཁྲུལ་པས་འོད་ཀྱི་སྦུབས་ཤར་ནས་རྣམ་སྨིན་བག་ཆགས་ཀྱི་སྦུབས་སུ་ཚུད་དེ། ངོ་བོའི་ཆ་ལ་ཅི་ཡང་མ་ཡིན་པའི་སྟོང་པའི་ཡུལ་ལ་རང་བཞིན་གྱི་ཆ་ནས་རང་བཞིན་དང་གཟུགས་བརྙན་འོད་ཙམ་དུ་ཤར། ཐུགས་རྗེའི་ཆ་ལས་ཤེས་པ་ཕྲ་མོས་དཔྱོད་བྱེད་ཡུལ་ལ་འཛིན་པས། རང་བཞིན་གྱི་འོད་ལས་ལུས་གྲུབ། གཟུགས་(༦༡)བརྙན་གྱི་ཁ་དོག་ལྔ་ལས་ཕྱི་རོལ་གྱི་ས་ཆུ་མེ་རླུང་ནམ་མཁའི་ཁ་དོག་དང་བཅས་པར་གྲུབ། ངོ་བོའི་ཆ་ཅི་ཡང་མ་ཡིན་པ་ལ་ཐུགས་རྗེའི་དཔྱོད་བྱེད་ཤེས་པ་ཕྲ་མོས་ས་བོན་གྱི་ཚུལ་དུ་བྱས་ཏེ་སྔོན་ལྷུན་གྲུབ་ཀྱི་དུས་སུ་རྣམ་པར་མི་རྟོག་པའི་ངང་དུ་གོམས་པའི་རིག་པ་རིགས་འདྲ་བས་ཡོད་མེད་གང་དུ་ཡང་མ་དམིགས་པའི་ཡུལ་ལ་རྩེ་གཅིག་ཏུ་གནས་པས། ཡོད་མིན་མེད་མིན་གྱི་སྐྱེ་མཆེད་དུ་འཁྲུལ་ལོ། །དེ་ནས་སེམས་ཉིད་སྟོང་པའི་བག་ལ་ཉལ་ལངས་ཏེ། ཅི་ཡང་མེད་དོ་སྙམ་དུ་གནས་པས་ཅི་ཡང་མེད་པའི་སྐྱེ་མཆེད་དུ་འཁྲུལ་ལོ། །དེ་ནས་སེམས་ཙམ་དུ་རིག་ཅིང་གསལ་བ་ལས། གཞན་གང་དུ་ཡང་མ་བརྟགས་པས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུ་འཁྲུལ་ལོ། །དེ་ནས་ནམ་མཁའ་དྭངས་པ་ལྟར་མཐའ་ཡས་པ་ལ་སེམས་གནས་པས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་འཁྲུལ་ལོ། །དེ་ནས་ནམ་མཁའ་སྟོང་པ་ལ་ཁ་དོག་གིས་གསལ་བ་ཙམ་ཡུལ་དུ་ཤར་བ་དེ་ལ་གསལ་ལ་མི་རྟོག་ཅིང་རྟོག་པའི་ས་བོན་བག་ལ་ཉལ་གྱི་ཚུལ་དུ་བརྟེན་པས་འོག་མིན་ལ་སོགས་པ་བསམ་གཏན་གྱི་གཟུགས་ཁམས་བཅུ་བདུན་དུ་རིམ་གྱིས་འཁྲུལ་ལོ། །དེ་ནས་སེམས་རགས་པ་ལས་ལུས་ཀྱང་རགས་པ་འདོད་པའི་ཁམས་གནས་རིགས་ཉི་ཤུར་འཁྲུལ་ལོ། །

གཉིས་པ་འཁྲུལ་པ་ནང་ལྟར་བཤད་པ་ནི། ཀློང་གསལ་ལས། དང་པོར་མ་རིག་དྲུག་ལས་བྱུང་། །ཞེས་པས། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་མཚན་ཉིད་མ་ཤེས་ཤིང་། ངོ་བོ་མ་རིག་པ་དངོས། རང་བཞིན་གྱིས་ཡུལ། ཐུགས་རྗེས་རྐྱེན་བྱས་ནས། ཁམས་གསུམ་གྱི་སེམས་ཅན་གྱིས་སྡིག་པ་སྤུ་ཙམ་ཞིག་མ་བྱས་པར་འཁོར་བར་འཁྱམས་ཏེ། ཐལ་འགྱུར་ལས། འཁྲུལ་པའི་རྒྱུ་ནི་མ་རིག་པ། །མ་རིག་པ་ནི་རྣམ་པ་གསུམ། །ཞེས་པས། བདག་ཉིད་གཅིག་པའི་མ་རིག་པ། ལྷན་ཅིག་སྐྱེས་པའི་མ་རིག་པ། ཀུན་ཏུ་བརྟགས་པའི་མ་རིག་པ་གསུམ་གྱིས་རྒྱུ་བྱས། རྒྱུའི་རྐྱེན། དམིགས་པའི་རྐྱེན་དེར་འཛིན་གྱི་རྐྱེན་གསུམ་གྱིས་ཡེ་ཤེས་ཀྱི་སྣང་བ་ལས་འཁྲུལ་པས། ཡེ་ཤེས་ལ་འཁྲུལ་པ་མེད་ཀྱང་། རྒྱུ་རྐྱེན་གྱིས་འཁྲུལ་པ་དཔེར་ན་ཉི་མ་ལ་མུན་པ་དང་སྒྲིབ་པ་མེད་ཀྱང་བར་དུ་སྤྲིན་གྱིས་བསྒྲིབས་པས་ཉི་མ་མི་གསལ་བ་ལྟར། ཡེ་ཤེས་ནུབ་ནས་འཁོར་བའི་མུན་པར་འཁྱམས་པའོ། །དེ་ཡང་རྒྱུའི་རྐྱེན་ནི་ངོ་བོ་སྟོང་པའི་གསལ་ཆ་ལ་ཡེ་ཤེས་(༦༢)ཀྱི་རང་མདངས་འོད་ཁྱིམ་གྱི་ཚུལ་དུ་གནས་པ་ལས། རིག་པའི་རྐྱེན་ལས། ལས་ཀྱི་རླུང་གི་ཁ་དོག་ཕྱིར་གསལ་དུ་ཤར་བ་དེ་ཡེ་ནས་ལྷུན་གྲུབ་ཀྱི་ཡེ་ཤེས་སུ་མ་ཤེས་པས་གཉིས་སྣང་གི་འཛིན་པ་ཞུགས་པ་དེའོ། །དེ་ཉིད་འཁོར་བའི་ཐོག་མ་ཡིན་ཏེ། ཐལ་འགྱུར་ལས། རྒྱུ་གཅིག་བྱེད་མེད་རྩ་བ་སྟེ། །རང་ངོ་ཡིན་པར་མ་ཤེས་ཏེ། །འདི་ནི་འཁོར་བའི་ཐོག་མའོ། །ཞེས་སོ། །འཁྲུལ་པ་དེ་ཅི་ལས་བྱུང་ན། མུ་ཏིག་ཕྲེང་བ་ལས། སེམས་ལས་དྲན་སེམས་འཆར་བའི་ཕྱིར། །ངོ་བོ་ཉིད་ནི་རྟོག་པས་སྦགས། །ཞེས་པས། འཆར་གཞིའི་རིག་པ་མེ་ལོང་དང་འདྲ་བ། དེ་རང་ངོ་མ་ཤེས་པས་སེམས་སུ་སོང་བ་དང་། སེམས་དང་རྟོག་པ་ངོ་བོ་གཅིག་པས་དེ་ཉིད་སྒྲིབ་པ་ཡིན་པའི་ཕྱིར། རང་བྱུང་ཡེ་ཤེས་ཀྱི་རིག་པ་ལ་སྦགས་ཤིང་བསླད་དོ། །རྒྱུ་དེ་ལ་བདག་རྟོག་ཡུལ་ཅན་དངོས་སུ་གཟུང་བས་དམིགས་པའི་རྐྱེན་ཞེས་བྱའོ། །སེམས་དེ་ལས་ཡིད་དྲུག་འཛིན་པ་རང་གསལ་དུ་ཤར་བས་འབྱུང་བ་ལྔ་བྱུང་། དེ་ཉིད་ཡེ་ཤེས་ལྔར་མ་ཤེས་པས་དེར་འཛིན་དེ་ལ་བརྟེན་ནས་འབྱུང་བ་ལྔ་གཅིག་ཏུ་འདུས། དེ་འདུས་པས་གཅིག་གྲོགས་གཅིག་གིས་བྱས་ནས་ལུས་གྲུབ། དེ་ཉིད་ལས་གཟུང་འཛིན་དུ་གྲུབ་སྟེ། མུ་ཏིག་ཕྲེང་བ་ལས། ཡིད་དྲུག་འཛིན་ཆ་མ་འགགས་ཕྱིར། །ཆོས་སྐུ་ཉིད་ཀྱང་གཟུང་བས་བཅིངས། །ཞེས་པ་དང་། ཀློང་གསལ་ལས། ཡེ་ཤེས་མ་རིག་ཡུལ་ལ་གཟུང་། །དེར་འཛིན་རླུང་སེམས་འདུས་པ་ལས། །འབྱུང་བ་ལྔ་ཡི་སྦུབས་སུ་ཚུད། །དེར་ཚུད་འབྱུང་བའི་སྐྱེ་འཇིག་ལས། །ཉོན་མོངས་ཕུང་པོ་ལྔ་ལྔ་གྲུབ། །ཅེས་སོ། །ལྷུན་གྲུབ་ཀྱི་རང་མདངས་འབྱུང་བ་ལྔ་ལས། ཡེ་ཤེས་ཀྱི་བྱིན་གྱིས་རླབས་ཀྱིས་མི་མཇེད་ཀྱི་འཇིག་རྟེན་ཆགས། ཕྱིའི་འབྱུང་བ་ལྔ་པོ་དེའི་དྭངས་མ་ལས་ནང་བཅུད་ཀྱི་སེམས་ཅན་ཆགས་སོ། །དེ་ལྟར་སེམས་ཀྱི་རང་རྩལ་འབྱུང་བ་ལྔ་དང་དུག་ལྔར་ཤར། དུག་ལྔའི་སྣང་བ་ཕ་མ་སྦྱོར་བ་བྱེད་པ་ལ་འདུས། དེར་སྲེད་ལེན་བྱུང་སྟེ་མ་རིག་པས་མངལ་དུ་འཇུག་པ་ནི། ཀློང་གསལ་ལས། ལྔ་འདུས་མཚན་མ་སྦྱོར་བ་ལས། །ཉོན་མོངས་ལྔ་དང་ཡིད་དྲུག་དང་། །ཡེ་ཤེས་ལྔ་ཡི་བདག་ཉིད་དོ། །ཞེས་སོ། །དེ་ནས་བཙས་ཏེ་གཟུང་འཛིན་འཁྲུལ་པས་སྐྱེ་རྒ་ན་འཆིའི་ཆུ་བོ་བཞི་ལ་རྟག་ཏུ་འཁྱམས་པ་ནི་འཁོར་བའི་ཆོས་སོ། །དེའང་སྣོད་བཅུད་ཀྱི་ཆགས་ལུགས་རྒྱས་པར་བཤད་ན། (༦༣)ཀློང་གསལ་ལས། ཕྱི་ནང་གསང་བ་ལ་སོགས་པ། །དར་གུད་འཕོ་འགྱུར་འབྱུང་བའི་ལས། །ཞེས་པས། ས་ཆུ་མེ་རླུང་ནམ་མཁའ་སྟེ་ཕྱིའི་འབྱུང་བ་ལྔ་དང་། སེམས་ཅན་རྣམས་འབྱུང་བའི་རྒྱུ་ཇི་ལྟར་ཡིན་ན། ཐོག་མ་ནམ་མཁའ་སྟོང་པ་རང་བཞིན་གྱིས་རྣམ་པར་དག་པ་དང་ཡེ་ཤེས་དབྱེར་མེད་དུ་གནས་ཏེ་ཡེ་གདོད་མ་ནས་ཤེས་རབ་ཀྱི་ཆར་གནས་པས་ཡེ་ཤེས་ཞེས་བྱའོ། །དེ་ལྟར་ནམ་མཁའ་སྟོང་པ་རྣམ་པར་དག་པ་དེ་ལ་ཡེ་ཤེས་ཀྱི་རང་གདངས་འོད་ལྔ་གསལ་ལམ་མེ་ལྷུན་གྲུབ་ཏུ་གནས་ཏེ། དེ་ལ་དགེ་སྡིག་འཁོར་འདས་གང་དུ་ཡང་མ་གྲུབ་པས་ཀ་དག་ཅེས་བྱ། ཡེ་ནས་གནས་པས་ལྷུན་གྲུབ་ཅེས་བྱ་སྟེ། དེ་ལྟ་བུའི་དོན་དེ་ལ་འཁོར་འདས་གང་དུ་ཡང་གྲུབ་པ་མེད་དོ། །དེ་ལྟར་ཡེ་ནས་མེད་ན་བསྒྲུབས་པས་འབྲས་བུ་ཡེ་ཤེས་འབྱུང་བ་མི་སྲིད་དོ། །ཆུ་བསྲུབས་ཀྱང་མེ་མི་འབྱུང་བ་བཞིན། དེས་ན་གདོད་མའི་གནས་ལུགས་ལ་ཡེ་ཤེས་སུ་ཡོད་ལ་བར་དུ་འཁྲུལ་ཡང་ཐ་མར་འཁྲུལ་པ་སངས་ནས་སངས་རྒྱས་པའི་ཚེ་ཆོས་ཀྱི་སྐུའི་ངང་ནས་གཟུགས་སྐུ་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་དབྱེར་མེད་དུ་བཞུགས་ནས། སེམས་ཅན་གྱི་དོན་མཛད་པའི་གནད་ཀྱང་དེ་ཡིན་ནོ། །དེ་ལྟར་སྟོང་པའི་ངང་ལས་ཡེ་ཤེས་ཀྱི་རྩལ་ཤར་བས་འོད་ལྔ་བྱུང་། དེ་ལ་མ་འགགས་པའི་རིག་པ་ཡོད་པས་འོད་ལྔ་ལ་འཛིན་པ་བྱུང་། འཛིན་པ་དེ་ལ་རླུང་ཞེས་བྱ་སྟེ། ནང་གསལ་གྱི་ཐུགས་རྗེའི་རྩལ་ཕྱིར་འཕྲོས་པ་ཡིན་ནོ། །དེ་ཡང་སྣང་བའི་ཡུལ་འོད་ལྔ་ལ་ཐུགས་རྗེའི་རྩལ་འཛིན་པས་ཐ་དད་དུ་གཟུང་བས་འབྱུང་བ་རགས་པར་ཇི་ལྟར་གྲུབ་ན། སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་རང་གདངས་འོད་དམར་པོ་དེ་ལ་དངོས་འཛིན་དུ་འཁྲུལ་པས་མེ་དམར་པོ་བྱུང་། དེ་ལ་རླུང་རིག་པའི་རྩལ་གྱིས་དྲོད་བྱུང་། ཡང་མཉམ་པ་ཉིད་ཀྱི་རང་གདངས་འོད་སེར་པོར་གསལ་བ་དེ་ལ་འཛིན་པ་སྐྱེས་པས་ས་སེར་པོ་བྱུང་། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་གདངས་འོད་དཀར་པོར་ཤར་བ་ལ་འཛིན་པ་སྐྱེས་པས་ཆུ་དཀར་པོ་བྱུང་། བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རང་གདངས་འོད་ལྗང་གུ་ཤར་བ་ལ་འཛིན་པ་སྐྱེས་པས་རླུང་ལྗང་གུ་བྱུང་། འབྱུང་བ་ནམ་མཁའ་ནི་ཡེ་གདོད་མ་ནས་ཡེ་ཤེས་དང་མཉམ་དུ་གནས་ཏེ་འཕོ་འགྱུར་མེད་དོ། །ཡེ་ཤེས་ཀྱི་རང་གདངས་འོད་རྣམས་ལ་འཛིན་པ་སྐྱེས་པས་ས་ཆུ་མེ་རླུང་(༦༤)བཞི་བྱུང་། དེ་དག་ལ་རིག་རྩལ་རླུང་གིས་ཁྱབ་པས་ལས་ཀུན་བྱེད་དོ། །དེ་ལྟར་ཡེ་ཤེས་ལྔ་ལ་འཛིན་པ་སྐྱེས་པས་འབྱུང་བ་དངོས་སུ་གྲུབ་བོ། །དེ་ཡང་ཐོག་མར་མ་རིག་པའི་རྩལ་གྱིས་བསྐྱེད་པས་འབྱུང་བ་ལྔ་ལ་སོ་སོའི་རྩལ་བྱུང་ནས། དེ་རྣམས་གཅིག་ཏུ་འཛོམ་པས་སྣོད་བཅུད་ཀྱི་འཇིག་རྟེན་ཆགས་ཏེ། ཡེ་ནས་སྟོང་པའི་ནམ་མཁའ་ལ་འཛིན་པ་སྐྱེས་པས་རླུང་གི་དཀྱིལ་འཁོར་ཆགས། དེ་ནས་འབྱུང་བ་སོ་སོ་ལ་འཛིན་པ་སྐྱེས་པས་དེའི་སྟེང་དུ་ཆུ་དང་ས་ཆགས་ཏེ་ལྕགས་རི་མུ་ཁྱུད་གླིང་བཞི་རི་རབ་དང་བཅས་པའི་གྲོང་ཁྱེར་གྲུབ་བོ། །མེ་ནི་རླུང་གི་རྩལ་ཏེ་འབྱུང་བ་གསུམ་ཀ་ལ་ཁྱབ་པར་ཡོད་དོ། །དེ་དག་གིས་ཕྱི་སྣོད་གྲུབ་ཚུལ་ལོ། །

གཉིས་པ་བཅུད་ཀྱི་སེམས་ཅན་གྲུབ་ཚུལ་ནི། རང་ཤར་ལས། འདོད་དང་གཟུགས་དང་གཟུགས་མེད་ཀྱི། །ཁམས་གསུམ་པོ་ནི་དེ་ལ་བརྟེན། །ཡོད་མིན་མེད་མིན་ཅི་ཡང་མེད། །རྣམ་ཤེས་ཅུང་ཟད་མེད་པ་ཡིས། །གཟུགས་མེད་རྣམས་ནི་དེ་ལས་སྐྱེས། །གནས་གཙང་ལ་སོགས་གཟུགས་ཅན་ནི། །གོང་ནས་འོག་ཏུ་ཐིགས་པའི་ཚུལ། །འོག་མིན་ལ་སོགས་འདོད་པའོ། །ལྷ་དང་ལྷ་མིན་མི་རྣམས་ནི། །མངོན་མཐོ་དེ་ནས་གནས་གསུམ་སྟེ། །བྱོལ་སོང་ཡི་དྭགས་དམྱལ་བ་དང་། །སེམས་ཅན་དེ་དག་སྐྱེ་བ་བཞི། །དེ་ལྟར་འཇིག་རྟེན་གསུམ་པོ་ཉིད། །ཕུང་པོ་ལྔ་དང་དབང་པོ་ལྔ། །ཡན་ལག་ལྔ་དང་དོན་སྙིང་ལྔ། །ཡུལ་ལྔ་དང་ནི་ཉོན་མོངས་ལྔ། །སེམས་ལྔ་ཡིད་ལྔ་རྟོག་པ་ལྔ། །གཟུང་འཛིན་འཁོར་བ་ཉིད་དུ་གྲུབ། །ཅེས་པས། སྣོད་ལས་བཅུད་གྲུབ་ཚུལ་ནི། དེ་ཡང་རླུང་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བ་ལ་ཡེ་ཤེས་ཀྱི་རྩལ་དྲོད་བག་ཙམ་ཞིག་བྱུང་སྟེ། དེ་ཆུའི་དཀྱིལ་འཁོར་ལ་ཕོག་པས་ཆུ་ལ་རླངས་པ་མཐོངས་ཁུང་གི་དུ་བ་ཙམ་ཞིག་བྱུང་ངོ་། །རླངས་པ་དེ་སའི་དཀྱིལ་འཁོར་ལ་ཕོག་པས་ཆན་ལ་ཕབ་བཏབ་པའི་དྲོད་ཙམ་གྱིས་ཐམས་ཅད་ལ་ཁྱབ་པས་འབྱུང་བ་བཞིའི་དྭངས་མ་འདུས། དྭངས་མ་དང་ཡེ་ཤེས་ཀྱི་རང་འོད་འདྲེས་པས་འོད་ཕུབ་ཆུང་ཙམ་གཉིས་བྱུང་སྟེ། ནམ་མཁའ་ལ་འཁྱིལ་བའི་གོང་མ་ལས་སྣང་ལ་རང་བཞིན་མེད་པའི་འོད་གསལ་གྱི་ལྷ་བྱུང་། དེ་ལས་འོད་ཟེར་གྱི་ཚུལ་དུ་གཟུགས་མེད་སྐྱེ་མཆེད་མུ་བཞི་བྱུང་། དེ་ལས་རིག་རྩལ་དེ་གཡོས་པའི་འཛིན་ཆགས་ལས་རིམ་གྱིས་གཟུགས་(༦༥)ཁམས་གནས་རིགས་བཅུ་བདུན་བྱུང་། དེ་ལས་འདོད་ལྷ་རིགས་དྲུག་བྱུང་། དེ་དང་འོད་གསལ་གྱི་ལྷ་དང་། ཁྱད་པར་རྒྱལ་ཆེན་བཞི་ལས་གླིང་བཞིའི་མིར་བྱུང་། དེ་དག་དངོས་སུ་དུག་གསུམ་རགས་པས་དམྱལ་བ་ཡི་དྭགས་དུད་འགྲོ་བྱུང་། ང་རྒྱལ་དང་བསོད་ནམས་ཆ་མཐུན་འདྲེས་པའི་ལས་ཀྱིས་ལྷ་མིན་བྱུང་། དེ་ལྟར་འབྱུང་བའི་དྭངས་མ་དང་། རིག་པ་གཞི་ནས་འཕགས་པ་འདྲེས་ཏེ་ལུས་གྲུབ་པས་བཅུད་ཀྱི་སེམས་ཅན་ཞེས་བྱའོ། །འོད་གཉིས་པ་ལས་ནི་དུས་རིང་ཞིག་ན་ཉི་མ་ཟླ་བ་བྱུང་སྟེ། དེའང་ནམ་མཁའི་བཅུད་ལས་བྱུང་བས་ནམ་མཁའ་ལ་འདུག །ཡེ་ཤེས་ཀྱི་རྩལ་ལས་བྱུང་བས་ཀུན་ལ་གསལ་ནུས། རླུང་གི་དྭངས་མ་ལས་བྱུང་བས་འགྲོ་འོང་བྱེད། མེའི་དྭངས་མ་ལས་བྱུང་བས་དྲོད་ཡོད། དེ་ཡང་ཉི་མ་ལ་མེའི་དྭངས་མ་གཙོ་ཆེ་བས་ཚ། ཟླ་བ་ཆུའི་དྭངས་མ་གཙོ་ཆེ་བས་བསིལ། དེ་གཉིས་ཀྱི་རྩལ་ལས་གཟའ་སྐར་དུ་མ་འོད་ཀྱི་ཚུལ་དུ་སྣང་བའོ། །དེ་ནས་འབྱུང་བ་རྣམས་གཅིག་གྲོགས་གཅིག་གིས་བྱས་ཏེ་བསྐྱེད་པས་སོ་ཀ་ནས་དབྱར་ཟླ་བ་གསུམ་རྩི་ཤིང་མེ་ཏོག་རྒྱས་ཤིང་ཉི་མ་རིང་ལ་ཚ། འབྱུང་བ་རྣམས་བག་ཙམ་སྟོབས་ཆུང་བས་གཅིག་དགྲ་གཅིག་གིས་བྱས་ཏེ། རྒུད་པའི་དུས་ཀྱི་སྟོན་སྨད་ནས་དགུན་ཟླ་བ་གསུམ་ཉི་མ་ཐུང་ལ་དྲོད་ཆུང་། འབྱུང་བའི་དྭངས་མ་སྐྱེད་བྱེད་དུ་མཉམ་དུས་དགུན་སྨད་ནས་དཔྱིད་ཟླ་བ་གསུམ་དང་། དྭངས་མ་འཕེལ་ཞིང་རྒྱས་པར་མཉམ་པའི་དུས་དབྱར་སྨད་ནས་སྟོན་ཟླ་བ་གསུམ་ན་ཉི་མ་མཉམ་པའོ། །འབྱུང་བ་རྣམས་ཀྱི་དྭངས་མ་དུས་གཅིག་ལ་བྱེར་བས་ཉི་ཟླ་ཤི་བ་ཡིན་ནོ། །ཡང་རླུང་གིས་བསྡུས་པས་སྔ་མ་བཞིན་ནོ། །ཟླ་བ་དང་སྐར་མའི་འཕོ་འགྱུར་ལས། དར་གུད་ཀྱང་འབྱུང་བའི་དར་གུད་ཀྱི་རྗེས་སུ་བྱེད་དོ། །ཡང་རླུང་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བ་ནས་དྲོད་བྱུང་ཆུ་ལ་ཕོག །ཆུའི་རླངས་པ་བྱུང་བ་སའི་དཀྱིལ་འཁོར་ལ་ཕོག་སྟེ་ཁྱབ། རླུང་གི་རྩལ་དྲོད་རང་ཤུགས་སུ་བྱུང་བ་ཤིང་གཉིས་དྲག་ཏུ་བསྲུབས་པས་མེ་འབྱུང་བ་ལྟར་ས་ལ་དྲོད་ཀྱིས་ཁྱབ་པས་རླངས་པ་ནམ་མཁའ་ལ་སོང་བའི་ན་བུན་སྤྲིན་དུ་འཁྲིགས་པ་ལས་ཆར་བབས་པ་ནི། ཁོག་མའི་ཆུ་ཁོལ་བའི་ཁ་ཆོད་ཀྱི་རླངས་པ་ལས་ཟིལ་བ་ཕྲ་མོ་འབྱུང་བ་བཞིན་ས་ལ་བབས་པས། འབྱུང་བ་གཅིག་གྲོགས་གཅིག་གིས་བྱས་པས་འབྱུང་བ་རྒྱས་པའི་དྭངས་མ་ལས་རྩི་ཤིང་ནགས་ཚལ་ནས་མྱུ་གུ་ལོ་མ་མེ་ཏོག་(༦༦)འབྲས་བུའི་བར་རིམ་གྱིས་བྱུང་ནས། སྟོན་འབྱུང་བ་རྩལ་མཉམ་དུས་འབྲས་བུ་སྨིན་ཡང་འབྱུང་བ་རྣམས་ཀྱི་བྱེད་ལས་མཐོ་དམན་ཙམ་ལས་ལོགས་པ་མེད་དོ། །དེ་བཞིན་དུ་རང་གིས་ཟས་ཟོས་པ་མེས་བཞུས། རླུང་གིས་དྭངས་སྙིགས་ཕྱེ། ཆུས་བསྡུས། སས་སྲ་བར་བྱས་ཏེ། ལུས་སྟོབས་བསྐྱེད་ནས་ཤ་ཁྲག་གི་དྭངས་མ་ལས་རྐང་། རྐང་མར་གྱི་དྭངས་མ་ལས་ཐིག་ལེར་འཕེལ་ཏེ། སྐྱེས་ནས་ལོ་བཅུ་དྲུག་གི་དུས་སུ་རྒྱས་ཏེ། དེ་ནས་ལོ་སུམ་ཅུའི་བར་དུ་རྩལ་མཉམ་པས་དྭངས་མ་རང་སོ་ལ་གནས། དེ་ནས་འབྱུང་བ་གཅིག་དགྲ་གཅིག་གིས་བྱས་ཏེ་མར་བསྡུས་པས་དྭངས་མ་རྣམས་རིམ་གྱིས་བསྐམས་ཏེ་དབང་པོ་ཉམས་པས་རྒས་ཤིང་གུད་ནས་འབྱུང་བ་རྣམས་འཁྲུགས་ཏེ། བྱེར་བས་ཚེའི་དུས་བྱེད་པ་ནའང་འབྱུང་བའི་དར་གུད་ལས་གཞན་མེད་དོ། །དེ་ལྟར་ཕྱི་ནང་གི་འབྱུང་བ་ལྔ་ནི་ཡེ་ཤེས་ཀྱི་སྐུ་བདག་ཏུ་གཟུང་བས་གཉིས་སྣང་ལྟར་གྲུབ་ཀྱང་། ཡེ་ནས་གཉིས་མེད་ཡེ་ཤེས་ཆེན་པོ་རིགས་ལྔའི་སངས་རྒྱས་ཀྱི་ཞིང་དུ་གནས་ཏེ། སེང་གེ་རྩལ་རྫོགས་ལས། ཡུལ་ལྔ་ལས་ནི་འོད་ལྔའི་སྐུ། །སྲིད་པ་གསུམ་ཉིད་སངས་རྒྱས་ཞིང་། །ཞེས་གསུངས་སོ། །

གསུམ་པ་འཁྲུལ་པ་གསང་བ་ལྟར་བཤད་པ་ནི། བཀོད་པ་ཆེན་པོ་ལས། ལྷུན་གྲུབ་སྟོང་པའི་ཡུལ་ལ་ཤར། །དེ་ཚེ་རྐྱེན་བཞིའི་འཁྲུལ་འཁོར་ལས། །འཛིན་པའི་རྒྱ་དང་བཅས་པར་འགྱུར། །ཞེས་པ་དང་། སྒྲོན་མ་སྣང་བྱེད་ལས། སྔོན་བྱུང་ཐོག་མ་ཀ་དག་གཞི། །ངོ་བོ་རང་བཞིན་ཐུགས་རྗེ་ནི། །ཡེ་ཤེས་གསུམ་གྱི་བདག་ཉིད་དོ། །དེ་ལས་མ་ངེས་ལྷུན་གྲུབ་གཞི། །མ་རིག་གསུམ་དང་རྐྱེན་བཞི་དང་། །ཤེས་པ་སྤགས་པའི་འཁྲུལ་པའོ། །ཞེས་པ་དང་། ཡང་རྒྱུ་དང་འཁྲུལ་པའི་ས་བོན་ནི། །གསལ་བའི་ཆ་ནི་ཕྱིར་ཤར་བས། །ཤེས་པ་གསལ་གསལ་རིག་རིག་དེ། །མ་རིག་པ་ནི་གསུམ་དག་ལས། །ཡུད་ཙམ་ཕྱིར་འགྱུས་སྣང་ཆ་ལས། །ཡུལ་དེ་བདག་ཏུ་གཟུང་བའི་བློས། །གཞི་དང་གཞི་ཡི་སྣང་ཆ་ལ། །གཞི་དང་གཞི་ཞེས་ཁྱད་པར་འཁྲུལ། །འཁྲུལ་པའི་རྒྱུ་ལས་ཡུལ་རྐྱེན་འཕྲད། །རྐྱེན་བཞི་དམིགས་པ་མ་དག་པས། །སྣ་ཚོགས་སྣང་བའི་གསལ་ཆ་འདྲེས། །ཡིད་དྲུག་འཛིན་པ་མ་འགགས་པས། །ཉོན་མོངས་དྲུག་གིས་བདག་གཅིངས་པས། །ཡུལ་དྲུག་སོ་སོའི་སྣང་བ་འཆར། །དེ་ལྟར་ཡུལ་ལ་བདག་བཟུང་བས། །(༦༧)དེ་ནས་རིམ་གྱིས་སྣོད་བཅུད་ཀྱི། །སྣང་བ་དུ་མས་གཟུགས་བཏུས་པས། །འདི་ཉིད་མི་ཤེས་བྱིས་པ་རྣམས། །ཟོ་ཆུ་བཞིན་ཏེ་བརྒྱུད་མར་གནས། །སོ་སོའི་ལུས་དང་ཚད་ལེན་པའི། །ཞེས་པས། གདོད་མ་ཀ་དག་གི་གཞི་ནང་གསལ་དེ་ལས་རང་བཞིན་ལྷུན་གྲུབ་ཀྱི་སྣང་བ་བཞི་ཤར་བ་རང་གདངས་སུ་མ་ཤེས་པས། རྒྱུ་བདག་ཉིད་གཅིག་པ་དང་། ལྷན་ཅིག་སྐྱེས་པའི་མ་རིག་པར་གྱུར་ནས། ཡུལ་འོད་སྣང་ལ་ཡུལ་དུ་འཛིན་པ་སྐྱེས་པ་ནི། ཀུན་ཏུ་བརྟགས་པའི་མ་རིག་པ་སྟེ། རིག་པ་ནང་གསལ་སྲོག་རླུང་བཞིའི་རྟས་བསྐྱོད་ནས་རིག་ཙམ་ཡུལ་ལ་ཤར་བའོ། །དེ་ལྟར་མ་རིག་པ་གསུམ་འཛོམ་པའི་ཤེས་པ་སྐད་ཅིག་མ་གཅིག་པོ་དེས་ཡུལ་ལ་བདག་ཏུ་བཟུང་བས་འཁྲུལ་ཏེ། དེའང་གཟུང་འཛིན་གྱི་ཞག་དང་པོ་གསུམ་གྱི་སྣང་བ་ནུབ་ནས། བཞི་པ་ལ་མ་རིག་པ་གསུམ་གྱི་འཛིན་པས་ཡར་སྐུ་དང་ཡེ་ཤེས། བར་རང་བཞིན་སྤྲུལ་སྐུའི་སྣང་བ་ཡང་ནུབ་སྟེ། དེའི་གདངས་མར་འགྲོ་བ་རིགས་དྲུག་གི་གནས་ན་ཐུབ་པ་དྲུག་གི་སྣང་བ་ལ། ལྷ་མིའི་ཡུལ་ལ་ཆགས། ངན་སོང་ལ་སྡང་བའམ། རང་སྣང་གང་རུང་རེ་ལ་ཡིད་ཀྱི་འཛིན་པ་ཞུགས་པས། ཀུན་གཞིའི་སྟེང་དུ་འགྲོ་དྲུག་གི་བག་ཆགས་བཞག་སྟེ། དེ་དག་ཏུ་སྐྱེ་བའི་ས་བོན་ཨ་ནྲ྇་པྲེ་དུ་སུ་ཏྲི་དྲུག་གསལ་བཏབ་པའི་ཐོག་མ་བྱས་པས་སྐད་ཅིག་མ་གཉིས་པར་འགྲོ་བ་འདུལ་བ་སྤྲུལ་པ་སྐུའི་ཞིང་དེའི་སྣང་བ་ཡང་ནུབ་ནས། གོང་གི་སྣང་བ་ལ་དེར་འཛིན་ཞུགས་པས་འགྲོ་དྲུག་སོ་སོའི་ཡུལ་དེར་འཁྲུལ་པར་བྱེད་པས་ན་རྨི་ལམ་སད་པ་ལས་རང་གི་ཡུལ་སྣང་བ་བཞིན་སྣོད་བཅུད་སོ་སོའི་གྲུབ་ཚུལ་ནི། དེ་ལྟར་གོང་གི་སྣང་བ་ལས། ངོ་བོ་སྟོང་པ་རིས་མེད་ཀྱི་ཆ་ནས་ནམ་མཁའ་ཙམ་ལས་གོ་སྐབས་འབྱེད་པ་ཡུལ་གྱི་རྣམ་པ་བྱས། རང་བཞིན་གསལ་བ་འོད་ཀྱི་ཆ་ལས། དངོས་ཀྱི་འོད་སྣང་སྐུ་དང་ཡེ་ཤེས་སུ་སྣང་བ་ནུབ། རང་བཞིན་གྱི་འོད་དང་གཟུགས་བརྙན་གྱི་འོད་གཉིས་ཕྱི་མ་ནང་དུ་ཤར་བ་ལ་འཛིན་པ་སྐྱེས་པས། སོ་སོ་སྔར་གང་ཡིན་སྣང་ཡུལ་དྲུག་པོ་ལ་བག་ཆགས་བཞག་པ་དང་མཐུན་པར། གཟུགས་བརྙན་གྱི་འོད་ལས་ཕྱིར་འགྲོ་དྲུག་གི་ཡུལ་སྣང་རིགས་མི་འདྲ་བ་དྲུག་སོ་སོར་ཤར་ཏེ། དེའང་བསམ་གཏན་གྱི་ལྷ་ལ་འོད་གསལ་གྱི་ཡུལ། གཟུགས་མེད་ཀྱི་ལྷ་ལ་མི་རྟོག་པ་ཡིད་ཀྱི་ཡུལ། འདོད་པའི་ལྷ་ལ་དགའ་བདེ་རགས་པའི་ཡུལ། མི་རྣམས་(༦༨)ལ་གླིང་བཞི་སོ་སོའི་ཡུལ། ངན་སོང་གསུམ་ལ་རང་སྣང་ལོག་པའི་ཡུལ་དྲུག་སོ་སོར་གྲུབ་ལྟར་སྣང་། རང་སྣང་མཐུན་པ་རྣམས་ལ་མཐུན་པ་ལྟར་སྣང་ཡང་། དོན་ལ་ཐ་དད་དུ་གྲུབ་པ་མེད་དེ། རང་སྣང་དག་མ་དག་ཐ་དད་ལ་སྣང་ཡུལ་མི་འདྲ་བ་རྨི་ལམ་གྱི་སྣང་ཡུལ་བཞིན་ནོ། །དེ་དག་གི་རྒྱུ་ནི་ཡེ་ཤེས་ཀྱི་སྣང་ཡུལ་གཅིག་ལས་ཐ་དད་དུ་སྣང་བ་ལས་གཞན་མེད་དེ། ཀློང་གསལ་ལས། ཡེ་ཤེས་ངོ་བོ་གཅིག་ཉིད་ལས། །འཛིན་པ་ལོགས་པས་ཐ་དད་སྣང་། །ཞེས་སོ། །སྣང་དུས་དེ་ནའང་སེམས་གཅིག་ལས་ཐ་དད་དུ་སྣང་བ་ཡིན་ཏེ། སློབ་དཔོན་དབྱིག་གཉེན་གྱིས། དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །དོན་མ་གྲུབ་པ་ཉིད་དུ་མཐོང་། །ཞེས་གསུངས་པ་བཞིན་ནོ། །འོ་ན་ཕྱི་རོལ་གྱི་ཡུལ་སྣང་འདི་དག་རྡུལ་ཕྲན་འདུས་པ་ལས་བསྐྱེད་པའི་བེམས་པོ་རང་མཚན་པ་མ་ཡིན་ནམ། སྲ་སྲ་འཐས་འཐས་ལྟར་སྣང་གི་འདུག་པ་སྙམ་ན། མ་ཡིན་ཏེ་ཐེག་པ་ཐུན་མོང་བ་དང་ཉན་ཐོས་པས་འདོད་པ་ཡིན་གྱི། ཐེག་པ་ཆེན་པོ་པ་ནི་མེད་བཞིན་སྣང་བ་བག་ཆགས་འཁྲུལ་པའི་ཆོ་འཕྲུལ་རྨི་ལམ་སྒྱུ་མ་ཙམ་དུ་སྣང་བར་འདོད་དེ། འཕགས་པ་ཀླུ་སྒྲུབ་ཀྱི་རྩ་བ་ཤེས་རབ་ཏུ་གསུངས་པ། རྨི་ལམ་ཇི་བཞིན་སྒྱུ་མ་བཞིན། །དྲི་ཟའི་གྲོང་ཁྱེར་ཇི་བཞིན་ནོ། །དེ་བཞིན་སྐྱེ་དང་དེ་བཞིན་གནས། །དེ་བཞིན་དུ་ནི་འཇིག་པའང་གསུངས། །རྨི་ལམ་གྱི་སྣང་དུས་དེ་ནའང་ས་རྡོ་རི་བྲག་རྟ་གླང་ནགས་ཚལ་ལ་སོགས་པ་བདེན་བདེན་ཡོད་ཡོད་ལྟར་སྣང་ཡང་རང་སེམས་གཉིད་ཀྱིས་མྱོས་པའི་ཆོ་འཕྲུལ་ཙམ་དུ་སྣང་བ་བཞིན་ནོ། །དེས་ན་ཕྱི་ཡུལ་དུ་སྣང་བའི་འཁྲུལ་པ་འདི་སྐྱེ་འགགས་གནས་གསུམ་ལྟར་སྣང་ཡང་། རྨི་ལམ་སྒྱུ་མ་ལྟར་མེད་སྣང་འཁྲུལ་པའི་རང་བཞིན་ཡེ་ཤེས་ཀྱི་རྩལ་ལས་འཁྲུལ་པར་ཤེས་པར་བྱའོ། །དེའང་བསྐལ་པ་ཆགས་པ་ལྟར་སྣང་། གནས་པ་ལྟར་སྣང་། འཇིག་པ་ལྟར་སྣང་བ་ཡེ་ཤེས་ཀྱི་གདངས་གཟུགས་བརྙན་གྱི་འོད་ལ་ཡུལ་དུ་དཔྱོད་པའི་འཁྲུལ་སྣང་སྟེ། མེད་བཞིན་སྣང་བ་རྨི་ལམ་སྒྱུ་མ་དང་འདྲ་བར་ཤེས་སོ། །དེ་སྐད་དུ་ཡེ་ཤེས་གསང་འཁོར་ལས། ཡུལ་དུ་འཁྲུལ་པ་རྨི་ལམ་ཙམ། །དོན་ལ་ཡེ་ཤེས་རྩལ་དུ་སྣང་། །ཞེས་སོ། །རང་བཞིན་གྱི་འོད་ལ་འཛིན་པ་སྐྱེས་པས། ཕུང་པོ་ལྔ་དང་། དབང་པོ་ལྔ་དང་། དོན་སྙིང་ལྔ་དང་། ཡན་ལག་ལྔ་དང་ལྡན་པའི་འདོད་པའི་གཟུགས་དང་། སྣང་ལ་རང་བཞིན་གྱིས་མ་གྲུབ་པ་(༦༩)འོད་གསལ་གཟུགས་ཁམས་གྱི་གཟུགས་དང་། སྟོང་ལ་སེམས་པ་དང་བཅས་པ་གཟུགས་མེད་ཀྱི་གཟུགས་སུ་གྲུབ་དུས། རང་བཞིན་གྱི་འོད་དེ་ཡང་ནུབ་བོ། །དེ་ཡང་སྔར་ལྷུན་གྲུབ་ཀྱི་དུས་ན་ཡིད་དྲུག་གི་འཛིན་པ་མ་འགགས་པས་འགྲོ་བ་དྲུག་གི་སྣང་བ་ལ་གང་དུ་བཟུང་བ་དེར་རང་སྣང་གི་ཡུལ་དང་ལུས་སུ་འཁྲུལ་ནས་སེམས་རང་ངོ་མ་ཤེས་པས་གཏན་དུ་འཁོར་བར་འཁྱམས་པ་ནི། མེད་བཞིན་སྣང་བའི་སྡུག་བསྔལ་གྱི་ཉོན་མོངས་པ་རྨི་ལམ་གྱི་བདེ་སྡུག་བཞིན་ནོ། །རྨི་ལམ་དེའང་གཉིད་ལ་སོང་བའི་དུས་ནའང་མེད། སད་དུས་ནའང་མེད་ཀྱང་གཉིད་དུས་འབའ་ཞིག་ན་ཡོད་པ་བཞིན། འཁྲུལ་སྣང་གི་བདེ་སྡུག་སྣ་ཚོགས་འདི་གདོད་མ་གཞིའི་དུས་ནའང་མེད། འཁྲུལ་པས་གྲོལ་བའི་འབྲས་བུ་ལའང་མེད་ཀྱང་། ད་ལྟ་གྲོང་ཁྱེར་དྲུག་ན་བདེ་སྡུག་སྣ་ཚོགས་སུ་སྣང་སྟེ་དོན་ལ་མ་གྲུབ་པས། ཟབ་མོའི་གདམས་པ་འདི་ལྟ་བུ་དང་འཕྲད་ན་གྲོལ་བ་ལ་ཚེགས་མེད་པའི་གནད་དེ་ཡིན་ནོ། །དེའང་ལྷུན་གྲུབ་ཀྱི་སྣང་བ་དེ་ལས་འཁྲུལ་པར་ཅིས་ཤེས། དེ་ནས་འཁྲུལ་པའི་རྒྱུ་མཚན་ཅི་ཡིན། ཡང་ན་གདོད་མའི་གཞི་ནས་མ་འཁྲུལ་ན་དེའི་ཆོག་མོད་སྙམ་ན། མ་ཡིན་ཏེ་གདོད་མའི་གཞི་ནི་ནང་གསལ་འཁྲུལ་པ་མེད་པའི་བདག་ཉིད་གྲོལ་བ་གཅིག་པོ་ཉིད་དུ་བཞུགས་ལ། དེ་ལས་ཕྱིར་གསལ་དུ་ཤར་བའི་ལྷུན་གྲུབ་ནི་རིག་ན་ཀུན་ཏུ་བཟང་པོའི་གྲོལ་གཞིར་འོང་ལ། མ་རིག་ན་སེམས་ཅན་གྱི་འཁྲུལ་གཞིར་བྱུང་བས་མ་ངེས་པའི་ལྷུན་གྲུབ་ཅེས་ཀྱང་བྱ། གཞི་སྣང་ཆེན་པོ་ཞེས་ཀྱང་བྱ། སྐུ་དང་ཡེ་ཤེས་སུ་ཕྱིར་སྣང་བས་ལོངས་སྐུའི་སྣང་བ་ཞེས་ཀྱང་བྱ། སྤྲུལ་སྐུའི་སྣང་བ་ཤར་བས་སྤྲུལ་སྐུའི་སྣང་བ་ཞེས་ཀྱང་བྱ་སྟེ། འདི་ནས་འཁྲུལ་གཞིར་འཐད་དེ། སྒྲོན་མ་སྣང་བྱེད་ལས། ཐོག་མ་ཀ་དག་འཁྲུལ་མེད་ལས། །ངེས་པ་མེད་པའི་ལྷུན་གྲུབ་ཤར། །དེ་ཉིད་སྣ་ཚོགས་འཆར་ཚུལ་ལས། །འགགས་པ་མེད་པའི་རོལ་པ་ནི། །ཅིར་ཡང་མཛད་ཅིང་ཅིར་ཡང་འཆར། །ངེས་མེད་སྣང་བ་དུ་མའོ། །དེ་ཉིད་གཟུ་བོའི་བློ་ཅན་ལ། །མཐོང་བ་མ་འགགས་ནང་གསལ་ཏེ། །དེ་ལ་ངེས་པའི་ཆར་གཟུང་ངོ་། །དེ་ལྟར་གནས་པའི་གཞི་དེ་ལ། །རྒྱུ་དང་འཁྲུལ་པའི་ས་བོན་ནི། །ཤེས་པ་གསལ་གསལ་རིག་རིག་སྟེ། །ཞེས་པ་ནས། ཟོ་ཆུ་བཞིན་ཏེ་བརྒྱུད་མར་གནས། །ཞེས་པའི་བར་འཁོར་བར་འཁྲུལ་པར་གསུངས་སོ། །གཟུ་བོའི་བློ་ཅན་ནི་རང་ངོ་ཤེས་པའོ། །མཐོང་བ་མ་(༧༠)འགགས་ནང་གསལ་ནི། འོད་ཕྱིར་མཐོང་བ་མ་འགགས་པ་རང་གདངས་སུ་རིག་པས་སྐད་ཅིག་ལ་བྱེ་བྲག་ཕྱེད་པའོ། །ནང་གསལ་གདོད་མའི་གཞི་ལ་བྱང་ཆུབ་པའོ། །དེ་ལ་ངེས་པའི་ཆར་གཟུང་བ་ནི་ཀ་དག་ལ་བཙན་ས་ཟིན་པའོ། །མདོར་ན་དེ་ལྟར་མ་ངེས་པའི་ལྷུན་གྲུབ་ཀྱི་སྣང་བ་ལ་རང་ངོ་མ་ཤེས་པས་རིག་པ་དེ་ཉིད་མ་རིག་པ་གསུམ་དུ་ཤར་ཏེ། རྒྱུའི་རྐྱེན་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལ་མ་རིག་པས་ཁྱབ། བདག་རྐྱེན་རིག་པ་ཉིད་འཛིན་པར་སྐྱེས་པས་བྱས། དམིགས་པའི་རྐྱེན་འོད་ལྔ་ཡུལ་དུ་སྣང་བས་བྱས། དེ་གསུམ་དུས་འཛོམ་པ་ལས་མཚུངས་པ་དེ་མ་ཐག་པའི་རྐྱེན་བྱས་ཏེ། ཐག་པ་ལ་སྦྲུལ་དུ་འཁྲུལ་པའམ། སྨིག་རྒྱུ་ལ་ཆུར་འཁྲུལ་པའམ། ཐོ་ཡོར་ལ་མིར་འཁྲུལ་པ་བཞིན་དུ། རང་བཞིན་གྱིས་སྣང་ཆ་ལས་འོད་ཕྱི་མ་ནང་ལ་འཛིན་པ་སྐྱེས་པས། དེ་དང་རྣམ་པ་མཚུངས་པའི་ཡུལ་དང་ལུས་སུ་འཁྲུལ། ངོ་བོའི་ཆ་རིག་མེད་སྟོང་པ་ལས་གོ་སྐབས་འབྱེད་པའི་ཡུལ་དང་། ངོ་བོའི་ཆ་རིག་བཅས་མི་རྟོག་པ་གང་དུ་ཡང་མ་གྲུབ་པ་ལས། དེ་དང་ཚུལ་མཐུན་པའི་ཀུན་གཞི་ལུང་མ་བསྟན་དུ་འཁྲུལ། ཐུགས་རྗེའི་ཆ་རིག་ཅིང་གསལ་བ་ལས། སྒོ་ལྔའི་ཚོགས་བདུན་གྱི་ཡུལ་དང་ཤེས་པ་འཁྲུལ་ཏེ། གཟུགས་མེད་ཏིང་ངེ་འཛིན་ཡིད་ཀྱི་ལུས། གཟུགས་ཁམས་བསམ་གཏན་འོད་ཀྱི་ལུས། འདོད་ཁམས་རྡོས་བཅས་ཤ་ཁྲག་གི་ལུས་གསུམ་དུ་འཁྲུལ་ནས། གཟུགས་མེད་ན་ཞི་གནས་རྩེ་གཅིག་པའི་སེམས་མི་རྟོག་པའི་མིང་བཞིའི་ཕུང་པོ་ལ་བརྟེན། གཟུགས་ཁམས་སུ་བསམ་གཏན་གྱི་སེམས་ཡང་དག་པའི་ཤེས་རབ་དང་མ་འབྲེལ་བའི་ཤེས་པ་ལྷག་མཐོང་ཤས་ཆེ་བ་འོད་ལྔའི་ཕུང་པོ་ལ་བརྟེན། འདོད་པར་རྟོག་བཅས་སེམས་སྣ་ཚོགས་སུ་འགྱུ་བའི་སེམས་རྡོས་བཅས་ཤ་ཁྲག་གི་ལུས་ལ་བརྟེན་ནོ། །འོ་ན་ཁམས་གོང་མ་གཉིས་སུ་རྟོག་མེད་ཀྱི་ཤེས་པ་ཏིང་ངེ་འཛིན་དུ་ཡོད་ལ། འདོད་པར་རྟོག་པ་ཉིད་དུ་འོང་བ་ཅི་ཡིན། ཁམས་གསུམ་དུ་འཁོར་བ་ནི་མཉམ་ཞེ་ན། འཁོར་བར་མཉམ་ཡང་རྟེན་མི་འདྲ་བ་ཐ་དད་པར་ཡོད་དེ། གོང་མ་གཉིས་ན་ལུས་རྡོས་བཅས་སུ་མེད་པས། རྩ་རླུང་ཐིག་ལེ་རགས་པ་མེད། དེ་མེད་པས་རིག་པའི་གདངས་ནང་གསལ་ལས་རྟོག་པ་མི་འཕྲོ་བ་ཡིན། དེ་ཡང་གཟུགས་མེད་ན་ཤེས་པ་ནང་གསལ་མི་རྟོག་པ་རྩེ་གཅིག་ལས་ཕྱིར་དམིགས་པའི་ཡུལ་མེད། གཟུགས་ཁམས་ན་དེ་(༧༡)བས་ཤེས་པ་རགས་ཀྱང་། རྟོག་པ་མངོན་གྱུར་འདོད་པའི་ཁམས་བཞིན་མེད་དོ། །རྟེན་སྣང་བྱེད་འོད་ཀྱི་ལུས་ཡོད་པའི་ཕྱིར། འདོད་པ་ན་ལུས་རྡོས་བཅས་སུ་ཡོད་པས་རྩ་རླུང་ཐིག་ལེར་རགས་པར་ཡོད། དེ་ཡང་རིག་པའི་མདངས་འགྱུ་བ་རླུང་གི་རྟས་བསྐྱོད་དེ་ཕྱི་ནང་གི་ཡུལ་སྣ་ཚོགས་ལ་གཟུང་འཛིན་ཏུ་རྟོག་པའི་རྟོག་པ་རགས་པར་འཆར་བ་དེ་ཡིན་ནོ། །འོ་ན་གཟུགས་ཁམས་ན་འོད་ལུས་ཡོད་ན་འབད་མེད་དུ་གྲོལ་བར་རིགས་ཏེ། གསང་བ་སྙིང་ཐིག་པ་ཁྱེད་འོད་ལུས་ཐོབ་པས་གྲོལ་བར་འདོད་པའི་ཕྱིར་ཞེ་ན། གཟུགས་ཁམས་ཀྱི་འོད་ལུས་ལ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་རྩལ་མ་རྫོགས་པས་གྲོལ་བར་མི་རིགས་ལ། འདོད་པ་ན་འཁྲུལ་དུས་རྩལ་རྫོགས་པས་འོད་ལུས་གྲུབ་པ་ན་གྲོལ་བ་ཡིན་ནོ། །ཡང་གཟུགས་ཁམས་ན་འོད་གསལ་ཡེ་ཤེས་ཀྱི་སྣང་བ་འཆར་བའི་རྩ་མེད་པས་སྐུ་གསུམ་གྱི་ཞིང་ཁམས་མི་མཐོང་ལ། འདོད་པ་ན་ཀ་ཏི་ཤེལ་གྱི་སྦུ་གུ་ཅན་ལས། རྒྱང་ཞགས་ཆུའི་སྒྲོན་མར་འབྲེལ་བའི་རྩ་ཡོད་པས་འོད་གསལ་མཐོང་བ་ཡིན་ནོ། །གཞན་ཡང་གཟུགས་ཁམས་ཀྱི་འོད་ལུས་དེ་རྣམ་སྨིན་བག་ཆགས་ལས་ཐོབ་པའི་ལུས་ཏེ་སྒྲིབ་པ་ཡིན་ལ། རྫོགས་ཆེན་ནས་འདོད་པའི་འོད་ལུས་ནི་ཡེ་ཤེས་འོད་གསལ་གྱི་གོམས་པས་རྣམ་སྨིན་བག་ཆགས་མེད་པའི་འོད་ལུས་ཡིན་པས་སྐྱོན་དེ་རིགས་པ་མ་ཡིན་ནོ། །དེ་ལྟར་འཁྲུལ་གཞི་གསུམ་དུ་བཤད་པ་ཐམས་ཅད་ཀྱང་ལྷུན་གྲུབ་ཡུལ་ལ་ཤར་བ་ཐུགས་རྗེས་བཟུང་བས། ཁམས་གསུམ་རིགས་དྲུག་ཏུ་འཁོར་བ་ལས་ལོགས་པའི་འཁྲུལ་གཞི་མེད་དེ། མུ་ཏིག་ཕྲེང་བ་ལས། འཁྲུལ་གཞིའི་སྣང་བ་མང་བཤད་ཀྱང་། །ལྷུན་གྲུབ་དང་ནི་ཐུགས་རྗེའོ། །ཞེས་སོ། །འོ་ན་འཁྲུལ་ལུགས་གསུམ་པོ་གང་ལྟར་ཡིན་ཞེ་ན། ཐ་དད་འདི་ལྟར་ཡིན་ཏེ། ཡུལ་གཅིག་ཏུ་ཕྱོགས་ཐ་དད་པ་གསུམ་ནས་འོངས་པའི་ལམ་གསུམ་སོ་སོར་སྣང་ཡང་ཡུལ་གཅིག་ཏུ་འདུ་བ་ལྟར། གདོད་མའི་གཞི་ནས་རིག་པའི་འཆར་ཚུལ་མི་འདྲ་བ་གསུམ་དམིགས་པ་ལས་འབྲས་བུ་དེ་དང་འདྲ་བའི་འཁྲུལ་ལུགས་གསུམ་དུ་སྣང་ནས་སྣོད་བཅུད་གཅིག་ཏུ་གྲུབ་བོ། །ཡང་གཞི་གཅིག་ལ་བལྟ་ལུགས་ཐ་དད་པ་གསུམ་གྱི་ངོས་ནས་གཞལ་ན། རྣམ་པ་གསུམ་འཆར་ཡང་། དོན་གཅིག་ལས་མ་འདས་པ་བཞིན་དུ། གཞི་ནས་འཕགས་པའི་འགྱུ་བ་(༧༢)རིག་པའི་སྙིང་པོ་ཅན་དེ་ལ་རགས་པ། ཕྲ་བ། ཤིན་ཏུ་ཕྲ་བའི་རྣམ་པ་གསུམ་ནས། ཕྱི་ནང་གསང་བ་གསུམ་དུ་ཕྱེ་ཡང་འཁྲུལ་པར་སྒྲུབ་བྱེད་ཀྱི་ཤེས་པ་གཅིག་པོ་དེ་ཉིད་གཞལ་བ་ཡིན་ནོ། །དེ་སྐད་དུ་གསང་འཁོར་ལས། འཁྲུལ་གཞི་རྣམ་པ་གསུམ་བཤད་ཀྱང་། །འཁྲུལ་པའི་ཤེས་པ་ཕྲ་རགས་གསུམ། །ངོ་བོ་གསུམ་གྱི་བདག་ཉིད་དུ། །ཐ་དད་ཕྱེ་བ་ཁོ་ནར་ཟད། །ཅེས་སོ། །དེ་ཡང་འཁྲུལ་ཚུལ་ནི་ཤིན་ཏུ་བརྟགས་ན་ཤེས་པར་དཀའ་བའི་བདག་ཉིད་དུ་མཐོང་བས་སྔོན་གྱི་སློབ་དཔོན་རྣམས་ཀྱང་བཞེད་པ་མི་མཐུན་པ་མང་ཞིང་རྒྱུད་ལུང་ཐ་དད་ནས་རྣམ་པ་མི་འདྲ་བ་དུ་མ་གསུངས་པས། ཕྱི་རབས་ཀྱི་དོན་དུ་བདག་གིས་ལེགས་པར་རྟོགས་པའི་དོན་གསལ་པོར་བཀོད་པ་ཡིན་པས་ད་ནི་མཐོང་བས་ཤེས་པར་ཟད་དོ། །

བྱེ་བྲག་འདོད་པར་ལུས་གྲུབ་ཚུལ་རྒྱས་པར་བཤད་པ།

གཉིས་པ་བྱེ་བྲག་ཏུ་འདོད་པར་ལུས་གྲུབ་ཚུལ་རྒྱས་པར་བཤད་པ་ནི། ཀློང་གསལ་ལས། ཡེ་ཤེས་མ་རིག་ཡུལ་ལ་གཟུང་། །དེར་འཛིན་རླུང་སེམས་འདུས་པ་ལས། །འབྱུང་བ་ལྔ་ཡི་སྦུབས་སུ་ཚུད། །དེར་ཚུད་འབྱུང་བའི་སྐྱེ་འཇིག་ལས། །ཉོན་མོངས་ཕུང་པོ་ལྔ་ལྔ་གྲུབ། །ཅེས་པས་འདིར་རྡོ་རྗེའི་ལུས་ཀྱི་གྲུབ་ཚུལ་བསྟན་པ་ལ། བཀོད་པ་ལུས་ཀྱི་ཆགས་ལུགས་ཀྱིས་མདོར་བསྟན། གནས་པ་རྩ་ཐིག་རླུང་གསུམ་གྱིས་རྒྱས་པར་བཤད། གཉིས་མེད་ཡེ་ཤེས་ཆེན་པོར་དོན་བསྡུ་བ་རྣམ་པ་གསུམ་ལས། དང་པོ་ནི་སྔར་བཤད་པའི་ཚུལ་གྱིས་འཁོར་བ་ན་འཁྲུལ་པའི་ཤེས་པ་དེ་བར་མ་དོ་ཡིད་ཀྱི་ལུས་སུ་གནས་པ་ལས། ཕོ་མོ་འཁྲིག་པ་སྤྱོད་པའི་དྲུང་དུ་ལྷགས་ཏེ། ཕོར་སྐྱེ་ན་ཕ་ལ་སྡང་ཞིང་མ་ལ་ཆགས། མོར་སྐྱེས་ན་མ་ལ་སྡང་ཞིང་ཕ་ལ་ཆགས་པའི་སེམས་ཀྱིས་མའི་བཤང་ལམ་ནས་ཞུགས་པ་དང་། ཕ་མ་བདེ་བ་གཉིས་མཉམ་གྱི་ཐིག་ལེ་དཀར་དམར་འདྲེས་པའི་སྦུབས་སུ་ཚུད། ལུས་ལེན་པའི་རླུང་སེམས་དང་ཕ་མའི་ཐིག་ལེ་དཀར་དམར་བཞི་དཀྲུག་གིས་འདྲེས་པས། དེ་ལྟར་རྒྱུ་རྐྱེན་ཁུ་ཁྲག་གཉིས་ལས་ཀུན་རྫོབ་ཀྱི་འབྱུང་བ་བཞིའི་ལས་ཀྱི་བྱེད་ལས་སུ་གྱུར། རླུང་སེམས་གཉིས་ལས་དོན་དམ་གྱི་འབྱུང་བ་བཞིའི་བྱེད་པ་ཅན་དུ་སོང་བས། བདུན་ཚན་བརྒྱད་དུ་ལུས་ཆགས་ཤིང་བསྐྱེད་པའི་ལས་བྱེད་དེ། མེར་མེར་ནུར་ནུར་གོར་གོར་ལྟར་ལྟར་པོ། །འཁྲང་འགྱུར་ཁྱབ་འཇུག་ཉ་དང་རུས་སྦལ་བརྒྱད། །འབྱུང་བཞིའི་བྱེད་ལས་བསྡུས་ཤིང་གཏོར་བ་ལས། །བསྡུས་(༧༣)ཤིང་སྨིན་ཏེ་རྡོ་རྗེའི་ལུས་གྲུབ་བོ། །དེའང་ཞག་དང་པོ་ལ་ཆུའི་བྱེད་པའི་ལས་ཀྱིས་བཞི་པོ་དེ་དག་གཅིག་ཏུ་བསྡུས་པ་ལས། མེར་མེར་པོའི་གཞི་ཉུང་འབྲུའི་ཆ་ཙམ་གཉིས་སུ་བྱས་ཏེ། ཞག་གཉིས་པ་ལ་སའི་བྱེད་ལས་ཀྱིས་དེ་གཉིས་གཅིག་ཏུ་གནས་ཤིང་བརྟན་པར་བྱས། གསུམ་པ་ལ་མེའི་བྱེད་ལས་ཀྱིས་ཐིག་ལེ་མེར་མེར་གྱུ་གྱུ་བ་དངུལ་ཆུའི་རྣམ་པ་ལྟ་བུར་འཕར་ཞིང་གཞན་དང་མ་འདྲེས་པར་བྱས། བཞི་པ་ལ་རླུང་གི་བྱེད་ལས་ཀྱིས་ཐིག་ལེ་ཕྲ་མོ་དེ་བརྒྱ་སྟོང་དུ་གཏོར་ནས། སླར་བསྡུས་ཏེ་དངུལ་ཆུ་བཞིན་ཉུང་འབྲུ་ཕྱེད་ཙམ་དུ་སྨིན་པར་བྱས་སོ། །དེ་ནས་ལྔ་པ་ལ་ཆུས་དྭངས་སྙིགས་བསྡུས་པ་སས་ཉུང་འབྲུ་ཙམ་དུ་བརྟན་པར་བྱས། དྲུག་པ་ལ་མེ་དང་རླུང་གིས་སྨིན་ཅིང་གནས་པས་ཉུང་འབྲུ་ཉིས་འགྱུར་ཙམ་དུ་གྱུར། བདུན་པ་ལ་ཉུང་འབྲུ་ཉིས་འགྱུར་ཙམ་པའི་ཐིག་ལེ་མེར་མེར་པོའི་ནང་དུ་མིག་ཆུང་ཤིན་ཏུ་ཕྲ་བ་གཉིས་ཆགས། དེ་ནས་འབྱུང་བའི་བྱེད་ལས་འཁྲུགས་ཏེ་ཆུའི་རླན་གྱིས་བཤིག །སའི་ལྕིད་ཀྱིས་མནན། མེའི་དྲོད་ཀྱིས་བསྲེགས། རླུང་གིས་རྡུལ་ཕྲན་ཙམ་དུ་གཏོར་བ་ལས། ཡང་ལས་དང་བག་ཆགས་ཀྱི་སྟོབས་ཀྱིས་ནུབ་བརྒྱད་པ་ལ་ཆུས་གཅིག་ཏུ་བསྡུས་ནས་ནུར་ནུར་པོ་སྲན་མ་བཅུ་ཆའི་ཚོད་ལས་ཤར་གྱི་རྩ་ཀི་རི་འོད་བསྐྱེད། དགུ་པ་ལ་སས་བསྲེས་ནས་སྲན་མའི་དགུ་ཆ་ཙམ་ལས་ལྷོའི་རྩ་བསྐྱེད། བཅུ་པ་ལ་མེས་དྲོད་གཡོས་པས་སྲན་མ་བདུན་ཆའི་ནང་དུ་ནུབ་ཀྱི་རྩ་བསྐྱེད། བཅུ་གཅིག་ན་རླུང་གིས་བསྐྱེད་པས་སྲན་མ་ལྔ་ཆ་ཙམ་གྱི་ནང་དུ་བྱང་གི་རྩ་བསྐྱེད། དེ་ནས་ཡང་གོང་ལྟར་གཉིས་གཉིས་ཀྱིས་ལས་བྱས་པས་སྲན་མའི་རྡོག་པོ་ཙམ་ལ་ནུར་ནུར་པོ་མིག་ཆུང་ཤིན་ཏུ་གསལ་བ་གཉིས་དང་འབྱུང་བའི་རྩ་བཞི་རེ་ཐག་བརྒྱངས་པ་ལྟར་ཆགས་པ་ལས། ཡང་འབྱུང་བ་བཞིའི་ཆར་གྱི་བྱེད་པའི་ལས་འཁྲུགས་ནས་གོང་ལྟར་བཤིགས་པ་ལས། ཟླ་བ་ཕྱེད་པའི་ནུབ་མོ་ལྟར་ལྟར་པོས་རྒྱུ་སྲན་མ་ཙམ་གཉིས་ལས་གོང་ལྟར་འཕེལ་བས་མཐེ་བོང་ཙམ་དུ་བསྐྱེད་ནས། ཡང་སས་བཤིག །རླུང་གིས་གཏོར། མེས་བཟུང་སྟེ་གོར་གོར་པོ་སྒོ་ང་ཙམ་དུ་གྱུར་ཏེ། ཞག་ལྷག་མ་རྣམས་རིམ་པ་བཞིན་མེས་སྨིན་པས་འཁོར་ལོ་བཞིའི་རྩ་དང་། དབང་པོའི་རྟེན་གྱི་རྩ་དང་། དབང་པོའི་འདབ་མ་དྲུག་ཅུ་རྩ་བཞི་དང་། རླུང་སེམས་ཀྱི་རྟེན་སྤྱན་གསུམ་གསལ་ཞིང་། ཁྱད་པར་དུ་(༧༤)དྲན་པ་རྣམ་བཀོད་ན་སུམ་ཅུ་རྩ་གཉིས་དང་། ཡང་མེས་འཕེལ་བས་རོ་རྣམས་འདུས་པ་ན་བཅུ་དྲུག་དང་སྤྱན་གཉིས་བསྐྱེད། དེ་ལས་རྩེ་མོ་རྣམ་བཀོད་ན་རྩ་སུམ་བརྒྱ་དྲུག་ཅུ་དང་། སྤྱན་གཉིས་སྨིན། ཡང་རླུང་གིས་བསྐྱོད། སོ་སོར་ཕྱེ། ཆུས་བསྡུས། སས་བསྲེས་ཏེ་བཟུང་བས་འཁྲང་འགྱུར་སྲ་བ་གཅིག་ཏུ་གྱུར། མེས་སྨིན་པས་དབུས་སུ་རྩ་གསུམ་ཀ་བ་ལྟར་བསྐྱེད། ཡང་འབྱུང་བའི་ལས་ཀྱིས་འཁྲང་འགྱུར་ཞིག་ནས་ཁྱབ་འཇུག་ཉའི་རྣམ་པ་ལྟ་བུར་གྱུར། དེ་ནས་ཞག་བདུན་དུ་ཆུས་བསྡུས་གཟུགས་སུ་གྲུབ། སས་བཟུང་། མེས་སྨིན། དབང་པོའི་སྒོ་དོད། དབང་པོ་གསལ་བ་ལས་ཆུས་བསྐྱེད། སས་སྲ་ཞིང་གྲུབ་སྟེ་ཁྱབ་འཇུག་རུས་སྦལ་གྱི་རྣམ་པ་ལྟ་བུ་མའི་འཁྱིད་གང་བར་གྱུར། ཡང་མེས་ཡན་ལག་བསྐྱེད། རླུང་གཡོས་པས་ཨ་ཝ་དྷཱུ་ཏིར་ཚུད། དུས་དེར་ལུས་ཀྱི་རྟེན་འབྲེལ་འབྱུང་བ་སྙོམས་པས་ཡེ་ཤེས་བསྐྱེད་པའོ། །ཡང་ཆུས་སྨིན་པའི་རྒྱུ་བྱས། སས་ཐེན་པས་ཤ་ཁྲག་གྲུབ་ནས་ཁྱབ་འཇུག་སྦལ་པའི་རྣམ་པ་མའི་མཐོ་གང་པ་འགྱུར། དེ་ནས་མེས་ཤེས་པ་དང་མིག་གསལ་བར་བྱས། ཡན་ལག་བསྐྱེད། རླུང་གིས་ཡན་ལག་དང་། དོན་སྙིང་དང་། རྣམ་ཤེས་དང་། ཕུང་པོ་ཁམས་དང་། སྐྱེ་མཆེད་ཀུན་གསལ་བར་བྱས་སོ། །དེའང་ཀློང་གསལ་ལས། གཟུང་འཛིན་སྲིད་པའི་སྦྱོར་མཚམས་སུ། །ལྟེ་བའི་གྲུ་གསུམ་རྩ་མདུད་དུ། །རླུང་སེམས་ཐིག་ལེར་རྣམ་པར་ཕྲ། །མིག་གི་རྣམ་པ་ལྟ་བུ་རུ། །མེར་ནུར་གོར་དང་རུས་སྦལ་ལྟར། །ལྟེ་བ་དག་ནས་འབྱུང་བཞིས་བསྐྱེད། །ཅེས་སོ། །དེ་ཡང་ཕ་མ་གཉིས་ཀྱི་དྭངས་མ་དྲུག་མཉམ་དུ་འདྲེས་ན་མི་དེ་སྟོབས་དང་གཟུགས་དང་དཔའ་རྩལ་དང་ལྡན་པ་བསོད་ནམས་ཆེ་ཞིང་བློ་རྣོ་བར་སྐྱེ། བཞི་མཉམ་དུ་འདྲེས་ན་འབྲིང་སྟོད། གསུམ་འདྲེས་ན་འབྲིང་། གཉིས་འདྲེས་ན་འབྲིང་སྨད། རེ་རེ་འདྲེས་ན་ཐ་མའོ། །ཕ་མའི་དྭངས་མ་མཉམ་དུ་འདྲེས་ན་ཕོ་མོ་གང་ཡང་སྔོན་གྱི་བསགས་པ་དང་། འཕྲལ་གྱི་གདམ་ངག་གིས་བསྒྱུར། ཕའི་དྭངས་མ་གཅིག་དང་མའི་དྭངས་མ་གཉིས་འདྲེས་ན་མོར་སྐྱེ་ཞིང་། དེ་ལས་ལོག་ན་ཕོར་བཙའ། མཉམ་པོ་ལ་ཕའི་དྭངས་མ་སྟོབས་ཆེ་ན་མི་ཤ་ཆུང་ལ་རུས་སྟོབས་ཆེ་བ་འོང་ཞིང་། མའི་སྟོབས་ཆེ་ན་ཤ་ཆེ་ལ་མདོག་དམར་བ་འོང་། དྭངས་མ་དང་སྙིགས་མ་གཉིས་འདྲེས་ན་མི་སྔར་བ་དང་། གླེན་པ་དང་། (༧༥)ལྐུགས་པ་འོང་། ཕ་མ་ནད་བུ་ཅན་གྱི་དྭངས་མ་ལ་མི་ནད་བུ་ཅན་འོང་། ཕ་མའི་དྭངས་མ་སྟོབས་མཉམ་པའི་དུས་སུ་ཆགས་ན་མ་ནིང་དུ་འོང་། དྭངས་མ་མ་སྙོམས་ན་དབང་པོ་དང་ཡན་ལག་ཉམས་པ་སྐྱེའོ། །དེའང་འདོད་པ་སྤྱོད་པའི་དུས་ན་ཐིག་ལེ་དཀར་ཞིང་སྔོ་ལ་འཚེར་བ་དངུལ་ཆུའི་རྣམ་པ་འདྲ་བ་ཉུང་ཀར་ཙམ་དྲུག་ཕ་ལས་ཐོབ་པའི་ཐིག་ལེ་དཀར་པོའི་ནང་ན་ཡོད་པས། འདི་སྤྲུལ་པ་སྐུའི་རྒྱུ་ཡིན་པར་བཞེད་དོ། །

མའི་དྭངས་མ་རྒྱ་སྐྱེགས་ཀྱི་མེ་ཏོག་ལྟ་བུ་སྲན་མ་ཙམ་སྣུམ་ཞིང་འཚེར་བ་དང་། ཕའི་དྭངས་མ་འདྲེས་པ་ལས་མེར་མེར་པོ་ནས་བཟུང་སྟེ་སྦལ་པའི་རྣམ་པའི་བར་དུ་ཆགས་ནས། མའི་ཟས་ཟོས་པའི་དྭངས་མས་ཆེར་བསྐྱེད་དོ། །དྭངས་མ་ལ་འབྱུང་བཞིའི་རྩལ་ཆེ་ཆུང་གིས་མི་ལ་འབྱུང་བའི་ཁམས་རྣམས་ཆེ་ཆུང་དུ་འོང་བའོ། །འབྱུང་བ་དག་མ་དག་གི་ཤེས་པ་དང་། དབང་པོའི་གཟུགས་ཡན་ལག་ལ་སོགས་པའི་ལེགས་ཉེས་ཐམས་ཅད་འབྱུང་ངོ་། །དེ་ལྟར་ལུས་ཆགས་ནས་ཞག་བདུན་ཚན་བརྒྱད་དུ་བསྐྱེད་ཅིང་ཆགས་སོ། །དེའང་མའི་ཟོས་འཐུངས་བྱས་པས་ཞག་གོང་མའི་བདུན་ཚན་ཐ་མ་ལ་པགས་པ་དང་བ་སྤུ་དང་སྐྲ་རྣམས་སྐྱེ། ཉོན་མོངས་པ་བག་ལ་ཉལ་དང་། རླུང་གིས་འགུལ་འཁྲིགས་བྱས། མེས་ཤེས་པ་མཆེད་དེ། མངལ་དུ་ཚུད་ནས་ཟླ་བ་གསུམ་དང་ཞག་ཉི་ཤུ་རྩ་གཅིག་ན་ལུས་དང་ཤེས་པ་འགུལ་ཞིང་འཁྲིགས་སོ། །གོང་གི་ཞག་ཙམ་ན་མས་ཟས་མྱངས་པས། ས་ཆུ་མེ་གསུམ་གྱིས་གཟུགས་བསྡུས། བཅུད་དུ་སྨིན་པར་བྱས། རླུང་གིས་ཕྱེ། ལུས་རྫོགས། ལུས་འགུལ་བས་ཡན་ལག་བསྐྱེད་དོ། །དེ་ནས་ཟླ་བ་གཉིས་དང་ཞག་ཉི་ཤུ་རྩ་དྲུག་ན་ཕྱིར་འབྱོན་པ་ནི་སྐུ་གསུམ་དངོས་སུ་གྲུབ་པར། ཀློང་གསལ་ལས། ཞུགས་ནས་དོན་ཏེ་སྤྲུལ་པའི་སྐུ། །ཞེས་པ་དང་། མངལ་ཞུགས་བྱང་ཆུབ་རྣམ་ལྔ་སྟེ། །ཟླ་བ་བཅུ་ནི་ས་བཅུའི་ཚུལ། །སྐྱེས་པ་རང་བཞིན་སྤྲུལ་པའི་སྐུ། །ལྷུན་གྲུབ་སྐུ་གསུམ་བདག་ཉིད་དོ། །ཞེས་པས། བར་དོ་ནས་ལུས་ཚོལ་བའི་དུས་ཚོགས་ལམ། མངལ་དུ་ལུས་ལེན་པ་དངོས་ལ་སྦྱོར་བ་སྦྱོར་ལམ། མངལ་དུ་ཞུགས་དུས་དང་པོ་ཐིག་ལེ་དཀར་དམར་གཉིས་འདྲེས་པ་ནི། གདན་པད་ཟླ་ལས་མངོན་པར་བྱང་ཆུབ་པ། དེ་ནས་སྤྱན་གཉིས་ཀྱི་དུས་སུ་ཐིག་ལེ་དེ་ཉིད་ལས་རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། རྒྱ་གྲམ་དང་། འཁོར་ལོའི་རི་མོ་ལྟ་བུར་སྣང་བ་ནི། ཐུགས་ཕྱག་མཚན་ལས་མངོན་པར་བྱང་(༧༦)ཆུབ་པ། དེ་ནས་རྩ་དེ་དག་གི་ནང་དུ་ཡི་གེ་ཕྲ་མོའི་རྣམ་པར་གྲུབ་པ་ནི། གསུང་ཡིག་འབྲུ་ལས་མངོན་པར་བྱང་ཆུབ་པ། དེ་ནས་ལུས་དང་དབང་པོ་ཚང་བར་གྲུབ་པ་ནི། སྐུ་ཡོངས་སུ་རྫོགས་པའི་མངོན་པར་བྱང་ཆུབ་པ། རིག་པའི་ཡེ་ཤེས་ནང་གསལ་དུ་ལྷུན་གྱིས་གྲུབ་པ་ནི་རྣམ་དག་ཡེ་ཤེས་སེམས་དཔའི་གོ་ནས་མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་མངལ་དུ་རྫོགས་ནས། ཟླ་བ་བཅུའི་ངོ་ནི་རབ་ཏུ་དགའ་བ་ལ་སོགས་པ་ས་བཅུ་མཚོན་པའོ། །དེ་ནས་བཙའ་བ་ནི་སྤྲུལ་པའི་སྐུའོ། །དེས་དོན་བྱས་པ་གཞོན་ནུའི་དུས་ལོ་བཅུ་དྲུག་སྤྲུལ་སྐུ་རྫོགས་པའོ། །དེ་ནས་ཡུམ་དང་ལྷན་ཅིག་ལོངས་སྤྱོད་རྫོགས་པར་ལོངས་སྤྱོད་པ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །དེ་ནས་འཆི་བ་ནི་དོན་དམ་པའི་བདེན་པ་སྟེ། ཞི་བ་ཆོས་ཀྱི་སྐུའི་ངང་དུ་མྱ་ངན་ལས་འདའ་བའོ། །དེ་ལྟར་མ་དག་པ་འཁྲུལ་དུས་ནའང་སྐུ་གསུམ་གྱི་ཆོས་ཚང་བ་ནི། དག་མ་དག་ཐམས་ཅད་དུ་སྐུ་གསུམ་འདུ་འབྲལ་མེད་པའི་རྟགས་ཡིན་ཏེ། ཀློང་གསལ་ལས། ཐོག་མ་ཐ་མར་བར་གསུམ་དུ། །སྐུ་གསུམ་དབྱེ་བ་མེད་པ་རུ། །སེམས་ཅན་ཀུན་གྱི་རྒྱུད་ལ་གནས། །ཞེས་སོ། །དེ་ནས་བར་དོར་ཡང་སྐུ་གསུམ་འཆར་ཏེ། བར་དོ་དང་པོ་འོད་གསལ་ཆོས་ཀྱི་སྐུའི་བར་དོ། །གཉིས་པ་ལྷུན་གྲུབ་ལོངས་སྤྱོད་རྫོགས་པའི་སྐུའི་བར་དོ། །གསུམ་པ་སྣ་ཚོགས་སྤྲུལ་པ་སྐུའི་བར་དོའོ། །དེ་སྐད་དུའང་། སྒྲོན་མ་རྣམ་བཀོད་ལས། བར་དོ་རྣམ་པ་གསུམ་ཉིད་དུ། །སྐུ་གསུམ་པོ་ནི་རིམ་བཞིན་འཆར། །ཞེས་སོ། །འགྲོ་བས་ངོ་མ་ཤེས་ཀྱང་། སྐུ་གསུམ་རྒྱལ་བའི་དགོངས་པ་དུས་གཏན་དུ་འཆར་ཞིང་། སྐུ་གསུམ་གྱི་སྣང་བ་ལ་སྤྱོད་པ་ཡིན་ནོ། །དེ་ཉིད་སྤྱོད་པའི་རྣལ་འབྱོར་པ་རྣམས་དག་མ་དག་གང་ལྟར་ཤར་ཡང་། དག་པ་ཆེན་པོའི་སྣང་བ་སྐུ་གསུམ་འདུ་འབྲལ་མེད་པའི་དགོངས་པ་ལ་སྤྱོད་པས་གྲོལ་བ་ཡིན་ནོ། །སེམས་ཅན་གྱིས་མ་ཤེས་པས་འཁོར་བར་གཏན་དུ་འཆིང་ངོ་། །དེའི་ཕྱིར་དག་པ་སྐུ་གསུམ་གྱི་འཁོར་ལོ་རྒྱུན་ཆད་མེད་པའི་དགོངས་པ་ལ་གནས་པ་གལ་ཆེའོ། །

གཉིས་པ་གནས་པ་རྩ་ཐིག་རླུང་གསུམ་གྱིས་རྒྱས་པར་བཤད་པ་ལ། རྩ་ཡེ་ཤེས་དྲྭ་བའི་གནས་ལུགས་བསྟན་པ། རླུང་རིན་ཆེན་འོད་འཕྲོའི་གནས་ལུགས་བསྟན་པ། ཁམས་བདེ་ཆེན་རྒྱ་མཚོའི་གནས་ལུགས་བསྟན་པ་གསུམ་ལས། དང་པོ་ནི་འོད་གསལ་ཡེ་ཤེས་ཀྱི་ངོ་བོ། ཐིག་ལེ་ཉག་གཅིག་གི་དབང་(༧༧)དུ་བྱས་ནས། སྙིང་ག་ཡེ་ཤེས་ཀྱི་སྒྲོན་མེའི་རྩ་འདབ་འཁོར་ལོ་གཅིག་ཏུ་བསྟན་པ་དང་། ཞི་ཁྲོ་གཉིས་ཀྱི་འོད་གདངས་ལ་བརྟེན་ནས་ཙིཏྟ་དུང་ཁང་གི་ནང་ན་ཐབས་དང་ཤེས་རབ་ཀྱི་འཁོར་ལོ་གཉིས་སུ་བསྟན་པ་དང་། སྐུ་གསུམ་བདེ་ཆེན་གྱི་དབང་དུ་བྱས་ནས་འཁོར་ལོ་གསུམ་དུ་བསྟན་པ་དང་། སྐུ་དང་ཡེ་ཤེས་དང་དགའ་བ་བཞི་དང་སྐད་ཅིག་མ་བཞིའི་རིམ་པས། འཁོར་ལོ་བཞིར་བསྟན་པ་དང་། འབྱུང་བ་དང་། ཉོན་མོངས་པ་དང་། ཡེ་ཤེས་དང་། རིགས་དང་། སྐུ་དང་མཁའ་འགྲོའི་རིམ་པས་འཁོར་ལོ་ལྔར་བསྟན་པ་དང་། འགྲོ་བ་དང་དེ་འདུལ་བྱེད་སྟོན་པའི་བྱེ་བྲག་གིས་གཙུག་ཏོར་ཆེན་པོ་ལ་སོགས་པའི་རྩ་འཁོར་ལོ་དྲུག་ཏུ་བསྟན་པ་སྟེ་རྣམ་གྲངས་མང་དུ་གསུངས་ཀྱང་། འདིར་མཁའ་འགྲོ་སྙིང་ཏིག་གི་དབང་དུ་བྱས་ནས། འཁོར་ལོ་བཞི་དང་ལྔའི་རིམ་པས་ངེས་པར་བྱེད་དོ། །དེའང་སྤྱིར་གྲངས་མེད་པའི་རྩ་ནི་བ་སྤུའི་གྲངས་ཇི་ཙམ་པ་རྩའི་གྲངས་ཡིན་ལ། གྲངས་ཅན་ནི་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཏེ། དཔལ་ཀྱཻའི་རྡོ་རྗེ་ལས། སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ། །རྩ་རྣམས་ཀྱི་ནི་རིགས་བཤད་དོ། །ཞེས་གསུངས་ལ། དེ་ཡང་བསྡུ་ན་རྩའི་གཙོ་བོ་གསུམ་ཀ་བའི་ཚུལ་དུ་གནས་པ་ལ། འཁོར་ལོ་བཞིའམ་ལྔ་གདུགས་བརྩེགས་པ་ལྟར་གནས་པའི་རོ་མ་དཀར་བ་གཡས་ལ། རྐྱང་མ་དམར་བ་གཡོན་ཏེ། ཀུནྡྷར་མའམ། དབུ་མ་དབུས་ན་ཡོད་པ་དེ་ཉིད་ལས། །རོ་མ་གཡས་ལ་རྐྱང་མ་གཡོན། །ཀུནྡྷར་མ་ནི་དབུས་གནས་ཏེ། །ཞེས་སོ། །དེ་ཉིད་ཟར་མའི་མེ་ཏོག་མཐིང་སྐྱར་གནས་པའི་རོ་མ་ནི། ཀུན་ཁྱབ་ཀྱི་དུས་ན་འབྱུང་བ་ཆུས་བསྐྱེད་ལ། རྐྱང་མ་སས་བསྐྱེད་ལ། ཀུནྡྷར་མ་ནི་རླུང་གིས་བསྐྱེད་དོ། །རླུང་གི་དྭངས་མའི་མེ་ལས། དབུ་མའི་ནང་ན་ཡེ་ཤེས་ཀྱི་འོད་རྩ་ཀ་ཏི་ཤེལ་གྱི་སྦུ་གུ་ཅན་ཞེས་བྱ་བ་ཤིན་ཏུ་དྭངས་ཤིང་གསལ་བ་ཡེ་ཤེས་ཆེན་པོ་འོད་གསལ་གྱི་ཐིག་ལེ་རྒྱུ་བ་དང་རྩ་བཞིར་འདི་ནས་བཞེད་དེ། ཐལ་འགྱུར་ལས། རོ་མ་རྐྱང་མ་ཀུན་དྷར་མ། །ཀ་ཏི་ཤེལ་གྱི་སྦུ་གུ་ཅན། །ཡེ་ཤེས་དབུ་མའི་ནང་ན་གནས། །ཞེས་སོ། །དེའང་ཀུན་རྫོབ་ཏུ་རྩ་དེ་གསུམ་མ་རིག་པ་ལས་གཡོན་འདོད་ཆགས། གཡས་ཞེ་སྡང་། དབུས་གཏི་མུག་གི་རྟེན་བྱེད་ལ། ཤེལ་སྦུག་ཅན་ནི་གང་གི་ཡང་མ་དག་པའི་རྟེན་དུ་མེད་དོ། །དོན་དམ་པའི་(༧༨)དུས་སུ་སྤྱིར་ཐམས་ཅད་ཡེ་ཤེས་ལས་གྲུབ་ཀྱང་། ཁྱད་པར་དུ་གཡས་ཐབས་ཀྱི་རང་བཞིན། གཡོན་ཤེས་རབ་ཀྱི་རང་བཞིན། དབུས་གཉིས་སུ་མེད་པའི་རང་བཞིན་ལས་གྲུབ་ཅིང་། ལམ་དུ་གཡོན་བདེ་བ། གཡས་གསལ་བ། དབུས་མི་རྟོག་པ་གསུམ་གྱི་རྟེན་བྱས་པས། འབྲས་བུར་དབུས་ཆོས་སྐུ། གཡས་ལོངས་སྐུ་དང་སྤྲུལ་སྐུ། གཡོན་བདེ་བ་ཆེན་པོ་འོད་གསལ་ནམ་མཁའི་མཐའ་ཁྱབ་པའི་རྟེན་བྱེད་དོ། །དེ་ལྟར་རྩ་དེ་གསུམ་གྱི་ནང་ན་རང་བྱུང་གི་ཡི་གེ་ཨཱ་ཨཱཿཧཱུྃ་གསུམ་དཀར་དམར་མཐིང་གསུམ་དུ་གཡས་གཡོན་དབུས་གསུམ་ན་གནས་པས། རང་བཞིན་སྐུ་གསུམ་གྱི་རྟེན་བྱེད་དོ། །མ་དག་པས་དུག་གསུམ་གྱི་རྟེན་བྱེད། དག་པས་ཕྱིར་ལུས་ངག་ཡིད་གསུམ། ནང་དུ་སྐུ་གསུང་ཐུགས་ཏེ། གསང་བར་སྐུ་གསུམ་དངོས་སུ་འཆར་བའི་གཞི་བྱེད་དོ། །དེ་ཡང་འཁོར་ལོ་བཞིའི་དབང་དུ་བྱས་ན། ལྟེ་བ་སྤྲུལ་པའི་འཁོར་ལོ་ན་རྩ་འདབ་དྲུག་ཅུ་རྩ་བཞི། སྙིང་ག་ཆོས་ཀྱི་འཁོར་ལོ་ན་བརྒྱད། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ན་བཅུ་དྲུག །སྤྱི་གཙུག་བདེ་ཆེན་གྱི་འཁོར་ལོ་ན་སུམ་ཅུ་རྩ་གཉིས་ཏེ་བརྒྱ་ཉི་ཤུ་གནས་ལ། འབྱུང་བ་དང་། སྐུ་དང་། ཡེ་ཤེས་ཀྱི་མཁའ་འགྲོའི་བྱེ་བྲག་གིས་སྔར་བཤད་ན། གསང་གནས་བདེ་སྐྱོང་གི་འཁོར་ལོ་ན་རླུང་གི་དྭངས་མ་ལས་གཙོར་ཆེར་གྲུབ་པའི་རྩ་འདབ་ཉི་ཤུ་རྩ་བརྒྱད། ལྟེ་བར་སྐྱེད་བྱེད་སྤྲུལ་པའི་འཁོར་ལོར་མེའི་དྭངས་མ་ལས་གཙོ་ཆེར་གྲུབ་པའི་རྩ་འདབ་དྲུག་ཅུ་རྩ་བཞི། སྙིང་ཁར་དྲན་པ་རྣམ་བཀོད་ཆོས་ཀྱི་འཁོར་ལོར་ནང་གི་ནམ་མཁའ་རྣམ་པར་དག་པའི་གདངས་ལས་འབྱུང་བཞི་འདུས་པའི་རྩ་འདབ་སུམ་ཅུ་རྩ་གཉིས། མགྲིན་པར་རོ་རྣམས་འདུས་པ་ལོངས་སྤྱོད་ཀྱི་འཁོར་ལོར་སའི་དྭངས་མ་ལས་གཙོ་ཆེར་གྲུབ་པའི་རྩ་འདབ་བཅུ་དྲུག །སྤྱི་གཙུག་རྩེ་མོ་རྣམ་བཀོད་བདེ་ཆེན་འཁོར་ལོར་ཆུའི་དྭངས་མ་ལས་གྲུབ་པའི་རྩ་འདབ་སུམ་བརྒྱ་དྲུག་ཅུ་སྟེ། ལྔ་བརྒྱ་གནས་ལ། དེ་ཉིད་ཀྱི་གསང་གནས་མ་གཏོགས་པའི་འཁོར་ལོ་བཞི་བགྲངས་ན། བཞི་བརྒྱ་དང་བདུན་ཅུ་རྩ་གཉིས་ནི་གྲངས་ཅན་དུ་གནས་སོ། །དེ་ཡང་རོ་རྐྱང་གཉིས་ཀྱི་མདུད་པ་ཉི་ཤུ་རྩ་གཅིག །དབུ་མ་ལ་མཛུབ་མོ་སྦྲེལ་ལྟར་ལུ་གུ་རྒྱུད་དུ་འབྲེལ་བའི་གཡས་གཡོན་གྱི་ཡར་སྣེ་སྨིན་མཚམས་ལ། མར་སྣེ་ལྟེ་འོག་སྤུ་སྣ་དགུའི་མཚམས་སུ་ཟུག་པའི་ཡལ་ག་ཕྲ་མོ་མཚན་མ་(༧༩)དང་བཤང་ལམ་ལ་ཟུག །ཡར་སྣེ་ལས་ཡལ་ག་དགུར་གྱེས་པའི་རོ་མ་སྙིང་རྩེ་གཡས་ནས་ཐོན་ཏེ་མགྲིན་པ་ན་ཚུར་བྱུང་ནས་རྩེ་མོ་གསུམ་དུ་གྱེས་པའི་གཉིས་སྣ་གཉིས་ལ་ཟུག་པས། སྣའི་རྣམ་ཤེས་ཀྱི་རྟེན་བྱེད། གཅིག་ལྕེ་ལ་ཟུག་པས་ལྕེའི་རྣམ་ཤེས་ཀྱི་རྟེན་བྱེད། རྐྱང་མ་སྙིང་རྩེ་གཡོན་ནས་ཐོན་ཏེ་མགྲིན་པའི་རྩའི་དྲྭ་བ་ལས་ཐོན་ནས་རྩེ་མོ་གསུམ་དུ་གྱེས་ཏེ། དབུས་མ་དེ་ལུས་ཐམས་ཅད་ལ་ཕྱོགས་ཐམས་ཅད་དུ་ཟུག་པའི་ཡལ་ག་གྲངས་མེད་པས་ལུས་ཀྱི་རྣམ་ཤེས་ཀྱི་རྟེན་བྱེད། གཡས་གཡོན་གཉིས་ཐོད་པའི་ནང་ན་ཚུར་བྱུང་ནས་མིག་གཉིས་ལ་ཟུག་པ་རྩ་བ་ཕྲ་ལ་རྩེ་མོ་ཆེ་བ་བ་མེན་གྱི་རྭ་འདྲ་བས་མིག་གི་རྣམ་པར་ཤེས་པའི་རྟེན་བྱས་ཏེ་གཟུགས་ལ་སྤྱོད་ཅིང་། ཁྱད་པར་འོད་གསལ་ཡེ་ཤེས་ཀྱི་སྣང་བ་མཐོང་བར་བྱེད་པའོ། །ཀུན་དྷར་མ་དབུས་དྲང་པོ་ན་གནས་པའི་རྩེ་མོ་གསུམ་དུ་གྱེས་ནས། རྩེ་མོ་དབུས་མ་ཚངས་བུག་ལ་ཟུག །རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྐུ་འཆར་བའི་རྟེན་བྱེད། མ་དག་པའི་དུས་ཡིད་ཀྱི་རྣམ་ཤེས་ཀྱི་རྟེན་བྱེད་དོ། །རྩེ་མོ་གཡས་གཡོན་གཉིས། རྣ་བ་གཡས་གཡོན་གཉིས་ལ་ཟུག་ནས། རྣ་བའི་རྣམ་ཤེས་ཀྱི་རྟེན་བྱེད། དེ་ལྟར་རྩ་གསུམ་པོ་དེ་དག་ལས་དབང་པོ་སྒོ་ལྔ་རྣམ་ཤེས་ཚོགས་དྲུག་གམ། ཉོན་ཡིད་ལ་ཆགས་སྡང་གང་སྐྱེས་དེས་བརྟེན་པས་ཚོགས་བདུན་ནམ་སྲོག་པ་རྩར་ཡིད་བརྟེན་པ་ལས་དེའི་སྒོ་ལྔ་ལ་སོགས་པ་ཤེས་པ་ཀུན་གྱི་རྟེན་ཀུན་གཞིའི་རྣམ་ཤེས་སྲོག་རྩར་བརྟེན་པ་དེ་དང་རྣམ་ཤེས་ཚོགས་བརྒྱད་ཀྱི་རྟེན་བྱེད་པས་ན་དེ་གསུམ་ལ་རྩའི་གཙོ་བོ་གསུམ་ཞེས་བྱའོ། །དབུ་མའི་ནང་གི་འོད་རྩ་ཤེལ་གྱི་སྦུ་གུ་ཅན་ལས་འོད་ཀྱི་འགྲེང་བུའི་ཚུལ་དུ་སྙིང་གར་ཟུག་པའི་ཚུལ་དུ་སྤྱི་གཙུག་ཏུ་འཕྲོས། ཀླད་པ་དུང་ཁང་ན་གནས་པ་ལས་ཁྲོ་བོའི་སྐུར་གསལ་རྩེ་མོ་གཉིས་མིག་གཉིས་ལ་ཟུག་གོ། །དེའང་རྩ་དར་དཀར་གྱི་སྐུད་པ་འདྲ་བ་འོད་གསལ་ཞིང་ཕྲ་བ་ཁྲག་དང་ཆུ་སེར་མེད་པ་དེ་སྙིང་ག་ནས་མགྲིན་པའི་ལམ་གྲེ་བ་ནས་ཐོན་ནས། ཀླད་པའི་ནང་ནས་ཚུར་བྱུང་སྟེ་རྩེ་མོ་གཉིས་སུ་གྱེས་པ། རྩ་བ་ཕྲ་ཞིང་རྩེ་མོ་ཆེ་བ་བ་མེན་གྱི་རྭ་ལྟ་བུ་གཉིས་པོ་དེ་མིག་གཉིས་ལ་ཟུག་པ་ལས་ཡེ་ཤེས་འོད་གསལ་གྱི་གདངས་སྐུ་དང་ཐིག་ལེ་འོད་ཁྱིམ་གྱི་སྣང་བ་སྣ་ཚོགས་པ་རྣམས་སུ་འཆར་བ་ཡིན་ནོ། །འོ་ན་མིག་ལ་རྩ་བ་མེན་གྱི་རྭ་འདྲ་བ་གཉིས་ཡོད་དམ་ཞེ་ན། ཡོད་དེ་ཀ་(༨༠)ཏི་ཤེལ་གྱི་སྦུ་གུ་ཅན་ནི་དབང་པོ་དང་ཤེས་པ་ལས་འདས་པ་འོད་གསལ་འཆར་བའི་ལམ་ཡིན་ལ། རྐྱང་མའི་རྩེ་གཉིས་ནི་གཟུགས་ལ་འཛིན་པ་མིག་གི་རྣམ་ཤེས་ཀྱི་རྟེན་ཡིན་ཏེ། འོད་གསལ་གྱི་གདངས་ལ་ལྟ་བྱེད་དུ་བྱུང་བའོ། །འདྲ་འདྲ་ལ་འདི་གཉིས་མ་ཕྱེད་པ་ཤིན་ཏུ་མང་ངོ་། །དེ་སྐད་དུ་ཀློང་གསལ་ལས། རྩ་ཡི་གཙོ་བོ་གསུམ་ལས་ནི། །ཡལ་ག་གྲངས་ལས་འདས་པར་གྱེས། །ཐད་སོར་དབང་པོའི་སྒོ་རྟེན་བྱེད། །དེ་ཡིས་ཆོས་ཀུན་སྟོན་པར་བྱེད། །ཁྱད་པར་ཙིཏྟ་ནས་འབྲེལ་བའི། །དར་སྐུད་བ་མེན་རྭ་འདྲའི་ཁ། །དབང་པོའི་མིག་ལ་ཟུག་པ་སྟེ། །དེ་ནི་ཆོས་ཉིད་ཀུན་གྱི་ལམ། །ཞེས་སོ། །དེའང་རྩ་དེ་གསུམ་གྱི་གཡས་ནས་ཐབས་ཀྱི་ཆ་ཀུན་ཁྱབ་ཀྱི་ཐིག་ལེ་དཀར་པོ། གཡོན་ནས་ཤེས་རབ་ཀྱི་ཆ་དོན་དམ་གྱི་ཐིག་ལེ་དམར་པོ། དབུ་མའི་དབུས་ཤེལ་སྦུག་ཅན་ནས་ཡེ་ཤེས་ཀྱི་ཐིག་ལེ་འོད་གསལ་རྒྱུའོ། །དེའང་གཡས་ནས་རླུང་། གཡོན་ནས་ཐིག་ལེ་རྒྱུ་བར་གསུངས་པ་ནི་ཤས་ཆེ་ཆུང་ལ་དགོངས་པའོ། །བུད་མེད་རྣམས་ལ་གཡས་གཡོན་གོ་ལྡོག་ནས་གནས་སོ། །རྩ་སྣ་སུམ་ཅུ་རྩ་གཉིས་ཀྱི་གྲངས་ལྷག་དང་བཅས་པས། ཉོན་མོངས་པ་སྐྱེས་པ་བས་རགས་པར་འཆར་བ་ཡིན་ནོ། །

གཉིས་པ་རླུང་རིན་ཆེན་འོད་འཕྲོས་གནས་ལུགས་བསྟན་པ་ལ། རང་བཞིན་ཡེ་ཤེས་ཀྱི་རླུང་ངོས་གཟུང་བ། དེའི་གདངས་ལས་ཀྱི་རླུང་མདོར་བསྟན་པ། དེའི་བྱེ་བྲག་དབྱེ་བས་རྒྱས་པར་བཤད་པ་གསུམ་ལས། དང་པོ་ནི་ཐལ་འགྱུར་ལས། སེམས་ཅན་ཀུན་གྱི་ལུས་སྤྱི་ལ། །ཆོས་ཉིད་རླུང་གི་ཚུལ་དུ་ཁྱབ། །ཕྲ་དང་ཡང་དག་འགྱུ་དང་འབྱེད། །ཅེས་པས། ངོ་བོ་ངོས་གཟུང་བ། དབྱེ་བས་རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི་གདོད་མའི་གཞི་ལ་ཐུགས་རྗེ་རིག་པའི་ཆར་གནས་པ་ལ་གང་དུ་ཡང་འཆར་བའི་འཕྲོ་གཞི་མ་འགགས་པ། སྲོག་རླུང་ལྔར་ས་བོན་གྱི་ཚུལ་དུ་གནས་པ་དེ་ཡེ་ཤེས་ཀྱི་རྩལ་གྱིས་ཕྱིར་སྤྱོད་པའི་ཡུལ་རིག་པའི་ཤེས་པ་ཐུགས་རྗེའི་ཆར་གནས་པ་ངོ་བོ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་རྩལ་ཡུལ་ལ་འཕྲོ་རྟོག་མི་འགགས་པའི་གཞི་རིག་པ་དེའོ། །གཉིས་པ་ནི་དབྱེ་ན། ངོ་བོ་ལྔ་དང་གདངས་ལྔ་ལས། ངོ་བོ་ནི་ཤེས་པ་རྟོག་མེད་དྭངས་གསལ་ཆེན་པོ་ཆོས་དབྱིངས་ཡེ་ཤེས་ཀྱི་ཆར་གནས་པ། ཕྱོགས་ལྷུང་མེད་པའི་ཤེས་རབ་ཀྱི་ཡེ་ཤེས་ཀྱི་(༨༡)རླུང་དང་། མེ་ལོང་ལྟར་གཟུགས་བརྙན་དུ་མའི་འཆར་གཞི་རྫོགས་པ་བཞིན། ཡེ་ཤེས་དུ་མའི་འཆར་གཞི་ཡེ་ཤེས་ཀུན་ལ་ཁྱབ་བྱེད་རྫོགས་པར་བྱེད་པའི་སྟོབས་ཅན་དང་། རིན་པོ་ཆེ་ལྟར་རང་གི་ཡོན་ཏན་འབྱུང་བ་ཐབས་ཀྱི་རང་བཞིན་གྱེན་རྒྱུ་ཤེས་རབ་ཀྱི་རྟ་དང་། པདྨ་ལྟར་འཁོར་འདས་ཀྱི་སྐྱོན་གང་གིས་ཀྱང་མ་གོས་པའི་རིག་པ་ཐུར་སེལ་ཤེས་རབ་དངོས་དང་། སྨིན་བྱེད་མེ་དང་འདྲ་བར་བྱ་བ་གྲུབ་པའི་ཡེ་ཤེས་སུ་གནས་པ་མེ་དང་མཉམ་ཞེས་བྱ་བ་ལྔའོ། །

གཉིས་པ་དེའི་གདངས་ལྔ་ནི་འཁོར་འདས་ཀུན་ལ་ཁྱབ་པས་ཁྱབ་བྱེད་ཀྱི་རླུང་དང་། དབང་པོའི་ཡུལ་དང་ཁ་དོག་གསལ་བར་དྭངས་སྙིགས་འབྱེད་པས་འབྱེད་བྱེད་ཀྱི་རླུང་དང་། འཁོར་འདས་ཀུན་གྱི་སྲོག་འཛིན་པས་སྲོག་འཛིན་གྱི་རླུང་དང་། རིག་པ་ཡེ་ཤེས་ཀྱི་དྲོད་འབེབས་པས་མེ་དང་མཉམ་པའི་རླུང་དང་། འཁོར་བའི་སྲོག་བཅད་ནས་མྱ་ངན་ལས་འདས་པའི་སར་འཕེན་པས་སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་རླུང་ངོ་། །མདོར་ན་ཡེ་ཤེས་ཀྱི་རླུང་ནི་ཐུགས་རྗེ་རིག་པའི་ངོ་བོ་ལ་མིང་དུ་བཏགས་ཏེ། དེ་ཡང་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དབྱེར་མི་ཕྱེད་པའི་བདག་ཉིད་དུ་བཞུགས་པས་ཡེ་ཤེས་ཞེས་བྱ་བ་ལ། དེ་ཡང་འགྱུ་ཙམ་རིག་ཙམ་རླུང་དང་ཆོས་མཐུན་པའི་རླུང་ཞེས་བྱའོ། །རླུང་དངོས་ནི་དེའི་རྩ་བ་སེམས་སུ་ཤར་བ་ལ་བྱ་སྟེ། ཡེ་ཤེས་ཀྱི་གདངས་རིག་ཙམ་དེ་རླུང་གི་རྟས་ཁུར་ནས་རྣམ་ཤེས་ཀྱི་ཚོགས་དུ་མར་འབྱུང་བའོ། །ཡེ་ཤེས་ཀྱི་རླུང་ལ་ངོ་བོའི་ཆ་ནས་སྟོང་པས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ། རང་བཞིན་གྱི་ཆ་ནས་གསལ་བས་སྐུ་དང་ཡེ་ཤེས་སུ་སྣང་བ། ཐུགས་རྗེའི་ཆ་ནས་རིག་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་ཤར་བའོ། །འདི་ཉིད་རླུང་དུ་བཏགས་ཀྱང་ཡེ་ཤེས་ནང་གསལ་དང་། དེའི་གདངས་རྣམ་པར་དག་པ་ཕྱིར་ཤར་བ་རྣལ་འབྱོར་པའི་ལམ་དུ་སྣང་བའོ། །དོན་འདི་ཉིད་མི་ཤེས་པའི་རྨོངས་པ་ཐེག་པ་འོག་མའི་རྩ་རླུང་པ་རྣམས། རླུང་འགྱུ་བའི་ངོ་བོ་སྤྲོས་པ་མེད་པ་ལ། ཡེ་ཤེས་ཀྱི་རླུང་དུ་བྱས་ནས། དེ་ཟིན་པ་དེ་དབུ་མར་རླུང་རགས་པ་གཡས་གཡོན་གཉིས་ནས་ཚུད་པ་དང་། གཡས་ཀྱི་རླུང་གིས་གསལ་བ། གཡོན་གྱིས་བདེ་བ། དབུས་ཀྱིས་མི་རྟོག་པ་བྱས་ནས། བདེ་གསལ་མི་རྟོག་པ་གསུམ་དབུ་མར་གནས་པས་ཐིག་ལེ་དང་འཇའ་(༨༢)འོད་འབྱུང་སྟེ། དེ་ཡང་འབྱུང་བ་ལྔའི་རླུང་ལྔ་ཟིན་པའི་རྟགས་ཡིན་ནོ། །ཞེས་སྨྲའོ། །དེ་ནི་ཕྱིན་ཅི་ལོག་སྟེ། རླུང་འགྱུ་བ་ལྔ་ལ་ཁ་དོག་ཡོད་ན་ཁ་སྣའི་རླུང་འདི་ལ་ཁ་དོག་ཅིའི་ཕྱིར་མི་འོང་། འདི་ཉིད་ཟིན་ནས་བརྟན་པ་ཐོབ་པ་ནི་ཡེ་ཤེས་ཀྱི་རླུང་ཟིན་པར་འདོད་མོད། དེས་ན་ནང་ཡེ་ཤེས་ཀྱི་རླུང་དེ་དག་གི་མིང་ཙམ་ཐོས་པ་ལས། དོན་གྱི་ཆ་ལ་རྡུལ་ཙམ་ཤེས་ཤིང་རིག་པ་མེད་དོ། །ཁོ་བོ་ཅག་ཁ་སྣའི་རླུང་བཟུང་བས་བྱང་ཆུབ་ཐོབ་པར་མི་འདོད་དེ། ཐེག་པ་འོག་མའི་ལམ་པས། ཡེ་ཤེས་ཀྱི་རླུང་དེ་ཟིན་པས་དབུགས་མི་རྒྱུ་བའི་རྟོག་མེད་ཙམ་ལས་མི་འདོད་པའི་ཕྱིར་རོ། །དེ་ནི་སྦུད་པའི་གང་སྟོང་དང་འདྲ་སྟེ། རྩོལ་བ་བཞག་དུས་ཡོན་ཏན་མེད་ཀྱི་སྟེང་དུ། ལུས་གྲང་ཞིང་འདར་ལ། ངག་རྡོལ་ཐབས་མུ་ཅོར་སྨྲ་ཞིང་། སེམས་གཟུང་འཛིན་གྱི་རྟོག་པ་སྔོན་བས་རགས་ཤིང་རྐྱེན་མི་ཐུབ་པར་སྣང་ངོ་། །འདིར་སྐུ་གསུམ་གྱིས་ལྟ་སྟངས་དང་གཟིགས་སྟངས་གསུམ་འཛོམ་པའི་དུས་གཅིག་ན། ངོ་བོ་སྟོང་པས་སྤྲོས་པ་དང་བྲལ་ཞིང་། རང་བཞིན་གསལ་བས་འོད་གསལ་དུ་སྣང་ལ། ཐུགས་རྗེ་རིག་པས་རྣམ་པར་མི་རྟོག་པའི་ཤེས་པ་སལ་ལེ་སིང་ངེ་ཡེར་རེ། གང་ལ་ཡང་མི་རྟོག་བཞིན་དུ་གང་ལྟར་སྣང་བ་ལ་མཐོང་ཆ་མ་འགགས་པར་གནས་པ་ལ་འདོད་པས་ཡེ་ཤེས་ཀྱི་རླུང་ཞེས་ཚིག་ཏུ་བརྗོད་ན་དེ་ལྟ་བུ་ཟིན་པ་ལ་ཟེར་རོ། །

གཉིས་པ་ལས་ཀྱི་རླུང་མདོར་བསྟན་པ་ནི། དེའང་ཡེ་ཤེས་ཀྱི་གདངས་འགྱུ་བའི་རླུང་དང་འདྲེས་པས་སེམས་ཞེས་བྱ་ལ། སེམས་ནི་ཀུན་ཏུ་རྟོག་པ། འགྱུ་བའི་རླུང་བཟུང་ན་སྡོད་པ་ལྟར་སྣང་བ་ལས་ཀྱི་རླུང་དང་འདྲེས་པས་དབྱེར་མེད་དོ། །དེའང་ཐལ་འགྱུར་ལས། རླུང་སེམས་གཉིས་སུ་མེད་འདྲེས་ཏེ། །ཞེས་སོ། །རླུང་དངོས་ནི། འབྱུང་བ་བཞི་སོ་སོ་ལ་བཞི་བཞི་ཡོད་པའི་རླུང་གི་ཆ་འགྱུ་ཞིང་གཡོ་བ་དང་བཅས་པ་དེ་ཡིན་ཏེ། དེའང་གཡས་རོ་མ་ནས་ཕོ་རླུང་། གཡོན་རྐྱང་མ་ནས་མོ་རླུང་། དབུ་མ་ནས་མ་ནིང་གི་རླུང་གསུམ་རྩ་རྣམས་ཀྱི་ནང་ལ་འགྱུ་བ་ནི། ས་རླུང་ལྔ་སྟོང་བཞི་བརྒྱ། ཆུ་དང་། མེ་དང་། རླུང་གི་རླུང་ལྔ་སྟོང་བཞི་བརྒྱ་བཞི་བརྒྱ་སྟེ། ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཞག་རེ་ལ་དབང་པོ་དང་འབྱུང་བ་མ་འཁྲུགས་པ་གཅིག་ལ་རྒྱུ་བར་འདོད་དེ། ཐལ་འགྱུར་ལས། རྩ་ལ་བརྟེན་པའི་རླུང་དག་ནི། །ཉི་ཁྲི་དང་ནི་སྟོང་ཕྲག་གཅིག །དྲུག་བརྒྱ་དག་ཏུ་འགྱུ་བ་ནི། །འགྱུ་(༨༣)བ་ཆེན་པོའི་རླུང་དུ་འདོད། །ཅེས་སོ། །དེ་དག་གི་བྱེད་ལས་ནི་འབྱུང་བཞི་རང་གི་ངོ་བོ་ལ་རླུང་གི་གྱེན་རྒྱུ་ཐུར་སེལ་གྱི་ལས་བྱེད་དོ། །

གསུམ་པ་དེའི་བྱེ་བྲག་རྒྱས་པར་བཤད་པ་ལ། རྩ་བའི་དབྱེ་བ་ནི་རྩ་གསུམ་ལ་ཕོ་རླུང་མོ་རླུང་མ་ནིང་གི་རླུང་གསུམ། མ་དག་པས་དུག་གསུམ་གྱི་རྟ་བྱེད་ཅིང་། དག་པས་ཐབས་ཤེས་རབ་གཉིས་སུ་མེད་པ་གསུམ་གྱི་རྟ་བྱས་ཏེ། མ་དག་པས་ཁམས་གསུམ་དང་ཁྱད་པར་ངན་སོང་གསུམ་དུ་འཕེན་ཞིང་། དག་པས་ཡེ་ཤེས་གསུམ་དང་། སྐུ་གསུམ་དུ་འཕེན་པར་བྱེད་དོ། །ཡན་ལག་གི་དབྱེ་བ་ནི་གྱེན་རྒྱུ་ལུས་ཀྱི་སྟོད་ན་གནས་པས་དབང་པོ་སོ་སོའི་སྒོ་ལ་འཇུག་ཅིང་། ཁྱད་པར་ཁ་སྣ་གཉིས་ནས་འགྲོ་འོང་བྱེད་ལ། ཐུར་སེལ་ལུས་ཀྱི་སྨད་ན་གནས་པས་འགྲོ་འོང་གཡོ་བའི་ལས་བྱེད་ཅིང་། ཁྱད་པར་བཤང་ལྕི་ཐུར་དུ་འཕེན་ཅིང་སེལ་བར་བྱེད་དོ། །མཉམ་གནས་ལུས་ཀྱི་བར་ན་གནས་ཤིང་ཁྱད་པར་ཕོ་བར་ཟས་ཀྱི་དྭངས་སྙིགས་འབྱེད་དོ། །གསུམ་པ་ཉིང་ལག་གི་དབྱེ་བ་ནི། འགྱུ་བ་ཆེ་ཆུང་གཉིས་ལས། ཆེན་པོ་ནི་འབྱུང་བ་བཞིའི་རླུང་ལྔ་སྟོང་བཞི་བརྒྱ་བཞི་བརྒྱ་སྟེ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཡིན་ཏེ་སྔར་བཤད་ཟིན་ཏོ། །འགྱུ་བ་ཆུང་བ་ནི། ཐལ་འགྱུར་ལས། རྩ་ནས་ངེས་པར་རྒྱུ་བ་ནི། །འབུམ་ཕྲག་གཅིག་དང་ཁྲི་ཕྲག་གཉིས། །སྟོང་ཕྲག་དྲུག་དང་བརྒྱ་ཕྲག་དྲུག །རྩ་ནས་ངེས་པར་རྒྱུ་བ་སྟེ། །རྒྱུ་བ་ཆུང་ངུའི་རླུང་དུ་འདོད། །ཅེས་སོ། །མདོར་ན་རྩ་གང་ན་གནས་པ་ན་རླུང་དང་ཡེ་ཤེས་ཉི་མ་དང་འོད་ཟེར་གྱི་རྣམ་པར་གནས་སོ། །

གསུམ་པ་ཁམས་བདེ་ཆེན་རྒྱ་མཚོའི་གནས་ལུགས་ནི། རང་ཤར་ལས། ལུས་ལ་ཡེ་ཤེས་ཆེན་པོས་ཁྱབ། །ཏིལ་འབྲུ་ལ་ནི་མར་བཞིན་དུ། །ལུས་ཀྱི་བཀྲག་དང་གཟི་མདངས་ནི། །ཡེ་ཤེས་རླན་གྱིས་ཁྱབ་པར་བྱེད། །ཅེས་པས། ཐོག་མའི་ཡེ་ཤེས་ཀྱི་རྩལ་གཡོས། འོད་ལ་འཛིན་པ་སྐྱེས་པས། འཁྲུལ་དུས་འབྱུང་བ་ལྔར་གྲུབ་ལ། དེའི་དྭངས་མ་འདུས་པ་ལས་ལུས་གྲུབ། དེ་ལ་རྩ་རླུང་ཐིག་ལེ་གྲུབ། ཐིག་ལེའི་དྭངས་མ་ལ་ཡེ་ཤེས་བརྟེན་པས་ན། དྭངས་མ་དེ་ལའང་སྙིགས་མ། དྭངས་མ། དྭངས་མ་ཆེན་པོ་གསུལ་ལས། སྙིགས་མ་ནི་ལུས་ཀྱི་ཤ་ཙམ་བསྐྱེད་པ་བའི་ཁ་ཆུ་ལྟ་བུའོ། །དྭངས་མ་ནི། དེའི་ཡང་དྭངས་མ་དངུལ་ཆུའི་རྣམ་པ་ལྟ་བུ་བཅུ་དྲུག་ཡོད་དེ། དོན་དམ་གྱི་བརྒྱད། ཀུན་རྫོབས་ཀྱི་བརྒྱད་དོ། །དང་པོ་ནི་མ་བཟུང་བར་བཏང་ཡང་ཕྱིར་མི་འགྲོ་ཞིང་། སྲོག་འཛིན་ལ། ལུས་ཟུང་བསྐྱེད་(༨༤)པས་དོན་དམ་ཞེས་བྱའོ། །དེ་ཡང་ཡི་གེའི་གཟུགས་སུ་འཁོར་ལོ་ལྔའི་རྩ་མདུད་ཀྱི་དབུས་ན་གནས། སྙིང་གའི་རྩ་མདུད་ཀྱི་དབུས་ན་གཙོ་བོ་དོན་དམ་པའི་ཐིག་ལེ་ཞེས་བརྒྱད་པོ་ཀུན་གྱི་གཙོ་བོར་གནས་ཏེ། དེའང་ཉུང་འབྲུ་འམ་ཏིལ་འབྲུ་ཙམ་ལ། གསལ་བ། འདྲིལ་བ། སྣུམ་པ། ཡེ་ཤེས་འོད་གསལ་གྱི་རྟེན་འོད་དང་ཁ་དོག་གི་ཚུལ་དུ་གནས་ཏེ། རང་ཤར་ལས། ཉུང་འབྲུ་འམ་ནི་ཏིལ་འབྲུ་ཙམ། །མ་བསྐྱེད་རྫོགས་པའི་ཚུལ་དུ་གནས། །ཞེས་པ་དང་། རིན་ཆེན་ཟུར་བརྒྱད་སྙིང་དཀྱིལ་ན། །ཀུན་ཁྱབ་ཡེ་ཤེས་ངོ་བོ་ནི། །ས་བོན་ཡི་གེའི་ཚུལ་དུ་གནས། །ཞེས་པ་དང་། ཐལ་འགྱུར་ལས། འབྱུང་བཞི་འདུས་པའི་ཕུང་པོ་ལ། །ཙིཏྟ་རིན་ཆེན་གཞལ་ཡས་ན། །ཞེས་པ་དང་། ཀློང་གསལ་ལས། ལུས་ལ་ཡེ་ཤེས་ཀུན་ཁྱབ་ཀྱང་། །རྩ་ཡི་དབུས་ན་དྭངས་མ་ཡི། །ཐིག་ལེའི་ཡི་གེ་ཐབས་ཤེས་ཚུལ། །ལྔར་གནས་ཁྱད་པར་ཙིཏྟའི་ནང་། །དར་དཀར་རྩ་ཡི་འབྲེལ་ཐག་ལས། །ཡེ་ཤེས་མིག་གི་ཚུལ་དུ་གནས། །ཞེས་པ་དང་། ཡང་ཐལ་འགྱུར་ལས། སྤྱི་དང་ཙིཏྟ་རྩ་ནང་ན། །མ་བཅོས་དག་པའི་ཆོས་ཉིད་གནས། །ཞེས་སོ། །ཀུན་རྫོབ་ཀྱི་ཐིག་ལེ་བརྒྱད་ནི་སྙིགས་མའི་དྭངས་མ་བདེ་བ་བསྐྱོད་པའི་ཚེ་བཟུང་བས་མི་ཟིན། མི་བཟློག་པ་ཉུང་འབྲུ་ཙམ་གཉིས་དང་། བཟུང་བས་ཟིན་པ་དྲུག་ཡོད་དེ། དེའང་སྙིགས་མའི་དྭངས་མ་དྲུག་ནི་ཉུང་འབྲུ་ཙམ་ལ་ཉ་མིག་འདྲ་བ་དངུལ་ཆུ་བཞིན་འཚེར་བ་སྟེ། མའི་ཐིག་ལེ་དང་འདྲེས་ན་བུ་ཚའི་རྒྱུར་འགྱུར་བ་དེ་ཡིན་ནོ། །རྣལ་འབྱོར་པ་རིགས་བརྒྱུད་འཇོག་ན་འདི་དག་བཏང་བས་སྤྲུལ་པའི་སྐུ་འཁྲུངས་པ་ཡིན་ནོ། །གཞན་ཡང་ཕ་ལས་ཐོབ་པའི་ཐིག་ལེ་དཀར་པོ་ཆུའི་དྭངས་མ་གཙོ་ཆེ་བས་དབུ་མའི་ཡར་སྣ་སྨིན་ཕྲག་གི་དབུས་ཀྱི་ཐད་ཀ་ན་གནས་ལ། མ་ལས་ཐོབ་པའི་དྭངས་མ་མེའི་དྭངས་མ་གཙོ་ཆེ་བ་དམར་པོ་ཕོ་ལ་རྡོ་རྗེ་དང་། མོའི་པདྨའི་ཟེའུ་འབྲུ་ལ་གནས་སོ། །འཆི་བའི་ཚེ་འདི་གཉིས་འཁྲུགས་ཏེ། གནས་བསྐྱོད་ནས་སྙིང་ཁར་ཨ་ཧྃ་དཀར་དམར་འདུས་པ་ལས། བདེ་བའི་འོད་གསལ་དར་ཅིག་ཤར་ཏེ། ཉི་མ་ཡར་འཐོན་ནས་སྣ་བུག་ཏུ་བྱུང་། ཟླ་བ་མར་བབས་རྡོ་རྗེའམ། པདྨའི་རྩེར་ཐོན་ནས་ཚེའི་དུས་བྱེད་པ་ཡིན་ནོ། །དེའང་ད་ལྟར་ཐིག་ལེ་འདི་རྣམས་འཁྲུགས་པས་ནད་འབྱུང་ཞིང་། ནད་བྱུང་བས་ཀྱང་ཐིག་ལེ་(༨༥)རྣམས་འཁྲུགས་པ་ཡིན་ནོ། །འདི་དག་རྒྱས་པས་བདེ་ཞིང་ཚེ་རིང་ལོངས་སྤྱོད་དཔལ་དང་ལྡན་པའོ། །དེའང་ཙནྡན་གྱི་སྡོང་པོ་ལ་དྲིས་ཁྱད་མེད་དུ་ཁྱབ་ཀྱང་། ཁྱད་པར་རྐང་ལ་བཟང་བ་ལྟར། འཁོར་ལོ་ལྔའི་དབུས་ན་དོན་དམ་གྱི་ཐིག་ལེ་བརྒྱད་པོ་མཆོག་ཏུ་འོད་གསལ་ཞིང་། གཞན་རྣམས་སུ་ཀུན་རྫོབ་ཀྱི་ཐིག་ལེ་རྒྱུ་ལ། རྩ་ཁམས་གཞན་ལའང་ཅི་རིགས་སུ་ཁྱབ་ནས་གནས་སོ། །དེའང་དོན་དམ་གྱི་ཐིག་ལེ་འཁོར་ལོ་ལྔའི་དབུས་ན་ཡེ་ཤེས་ཀྱི་ཐིག་ལེའི་རྟེན་བྱས་ཏེ། སྡོང་པོ་སྣུམ་ལྡན་ལ་མར་མེ་འབར་བ་ལྟར་གནས་པ་ནི། ཕྱི་ལྟར་ན་འབྱུང་བ་ལྔ། ནང་ལྟར་ན་ཕུང་པོ་ལྔ། གསང་བ་ལྟར་ན་དྭངས་མ་ལྔ། ཡང་གསང་ལྟར་ན་ཡི་གེ་ལྔ། བླ་མེད་ལྟར་ན་མཁའ་འགྲོ་ལྔ་སྟེ། ཀློང་གསལ་ལས། འཁོར་ལོ་ལྔ་ཡི་དབུས་གནས་པས། །དྭངས་མའི་ཡེ་ཤེས་དོན་དམ་བརྒྱད། །ཕྱི་ལྟར་འབྱུང་བ་རྣམ་ལྔ་སྟེ། །ནང་ལྟར་དེ་བཞིན་ཕུང་པོ་ལྔ། །གསང་བར་དྭངས་མ་རྣམ་ལྔ་སྟེ། །ཡང་གསང་ཡི་གེ་རྣམ་པ་ལྔ། །བླ་མེད་མཁའ་འགྲོ་ལྔ་ཡིན་ནོ། །ཞེས་སོ། །

དེ་ལྟར་གནས་པ་ཐམས་ཅད་ཀྱང་དང་པོ་ཡེ་ཤེས་ཀྱི་རྩལ་ལས་བྱུང་བ་དང་། ཕུང་པོར་གྲུབ་པས་ཀྱང་ཕུང་པོ་ཡེ་ཤེས་དངོས་ཡིན་ལ། ཡེ་ཤེས་ཀྱི་དྭངས་མ་ལས་འཁོར་ལོ་ལྔའི་དབུས་སུ་དོན་དམ་གྱི་དྭངས་མར་གནས་པ་ལ་ཐོག་མའི་སྐུ་ལྔ་ཡེ་ཤེས་ལྔའི་རྟེན་བྱེད་པས་ཀྱང་དྭངས་མ་བརྒྱད་པོ་ཡེ་ཤེས་ཀུན་རྫོབ་རྒྱུའི་ཐིག་ལེ་ཞེས་བྱ་སྟེ། ཕྱི་ལྟར་འབྱུང་བ་ལྔ། ནང་ལྟར་ཡུམ་ལྔ། གསང་བ་ལྟར་མཁའ་འགྲོ་ལྔ། ཡང་གསང་ཡེ་ཤེས་ལྔ། ཡང་ཕྱི་ལྟར་ཕུང་པོ་ལྔ། ནང་ལྟར་དུག་ལྔ། གསང་བ་ལྟར་སྐུ་ལྔ། ཡང་གསང་ལྟར་ཡེ་ཤེས་ལྔར་གནས་ཏེ། ཀློང་གསལ་ལས། ཐོག་མའི་ཀ་དག་ཡེ་ཤེས་རྩལ། །འབྱུང་བ་ལྔ་ཡི་ཡུལ་ལ་ཤར། །འབྱུང་ལྔའི་འོད་ལ་འཛིན་པ་འདུས། །དེ་ཉིད་མ་གྲོལ་དེར་འཛིན་ལས། །འབྱུང་བ་ལྔ་ཡི་དྭངས་མ་འདུས། །གཅིག་གྲོགས་གཅིག་གིས་བསྐྱེད་པ་ལས། །ཤ་ཁྲག་ལུས་རྩ་ཐིག་ལེ་གྲུབ། །ཡི་གེ་སྐུ་དང་ཡེ་ཤེས་གྲུབ། །ཕྱི་ལྟར་འབྱུང་ལྔ་ནང་ལྟར་ན། །ཡུམ་ཆེན་ལྔ་ནི་དངོས་ཡིན་ནོ། །གསང་བ་ལྟར་ན་མཁའ་འགྲོ་ལྔ། །ཡང་གསང་ཡེ་ཤེས་ལྔ་ཡིན་ཏེ། །དེ་བཞིན་ཕྱི་ལྟར་ཕུང་པོ་ལྔ། །ནང་ལྟར་ཉོན་མོངས་དུག་ལྔ་སྟེ། །གསང་བ་ལྟར་ན་སྐུ་ལྔ་(༨༦)ལ། །ཡང་གསང་ཡེ་ཤེས་ལྔ་ཡིན་ནོ། །རྒྱུ་ཡི་ཐིག་ལེ་སྤོང་བ་ནི། །སྔགས་ཀྱི་དམ་ཚིག་གཏན་ནས་ཉམས། །འབྲས་བུ་རྒྱབ་ཀྱིས་ཕྱོགས་ནས་སུ། །བསྐལ་པ་འབུམ་ཁྲིར་ན་རག་སྤྱོད། །ཅེས་སོ། །ཡི་གེའི་ཚུལ་དུ་ཇི་ལྟར་གནས་ཤེ་ན། དེའང་འཁོར་ལོ་ལྔའི་དབུས་ཀྱི་དྭངས་མའི་ཐིག་ལེ་ཉུང་འབྲུ་ཙམ་པ་དེ་དག་གི། རང་བཞིན་ཐིག་ལེ། རྣམ་པ་ཡི་གེ། ངོ་བོ་ཡེ་ཤེས་རྣམ་པ་ལྔ་དང་། སྐུ་ལྔར་གནས་པ་ལས། དེ་ཡང་སྤྱི་བོ་ན་ཧ་དང་ར་དཀར་པོ། མགྲིན་པ་ན་རི་དང་ཙ་སེར་པོ། སྙིང་ག་ཨ་དང་མ་མཐིང་ག །ལྟེ་བ་ན་ནི་དང་ཧྲཱིཿདམར་པོ། །གསང་བ་ན་ས་དང་ཡ་ལྗང་གུ་སྟེ། །གའུ་ཁ་སྦྱོར་དུ་གནས་པའི་འདབ་མ་བཞི་བཞི་ལ། ཧ་རི་ནི་ས་བཞི་བཞི་སོ་སོའི་མཁའ་འགྲོའི་རིགས་དང་མཐུན་པར་གནས་སོ། །གཞན་ཡང་རྩའི་ཁམས་ཐམས་ཅད་ན་དཔའ་བོ་མཁའ་འགྲོ་ཏིལ་གྱི་གོང་བུ་ཁ་ཕྱེ་བ་ལྟར་གནས་སོ། །དེ་ལྟར་གནས་པས་ལུས་ལ་མཁའ་འགྲོ་གསལ་གདབ་སྟེ། ལུས་དྭངས་མའི་དབབ་ཟློག །ངག་རང་གནས་ཀྱི་བཟླས་པ། སེམས་འཁོར་ལོ་ལྔའི་ལྷ་ཚོགས་ལ་དམིགས་པས་གྲུབ་པ་ཐོབ་པ་ཡང་གནད་འདིས་འབྱུང་བ་ཡིན་ནོ། །འོ་ན་བདེ་མཆོག་འཁོར་ལོ་ལ་སོགས་པ་ནས་དེ་དག་གི་དཀྱིལ་འཁོར་དུ་བཤད་པ་དང་། འདི་ནས་མཁའ་འགྲོར་བཤད་པ་གང་ཡིན་སྙམ་ན། མཁའ་འགྲོ་ལྔའི་དཀྱིལ་འཁོར་དུ་ཡོད་པས། བདེ་དགྱེས་ལ་སོགས་པ་སོ་སོའི་དཀྱིལ་འཁོར་དུ་གྲུབ་པ་ཡིན། དེའང་ལྷ་མང་ཉུང་ནི་རྩ་འདབ་ཀྱི་དབྱེ་བས་སོ་སོར་ཕྱེ་བ་ཙམ་ལས་དོན་ལ་ཁྱད་མེད་དོ། །ལུས་ལ་ལྷ་གཅིག་ཏུ་བཤད་པ་དང་། བརྒྱ་སྟོང་གི་དཀྱིལ་འཁོར་བཤད་པ་རྩ་འདབ་འཁོར་ལོ་བཞིའི་དབྱེ་བ་རྩིང་ཞིབ་ལས་ལོགས་སུ་མ་གྲུབ་སྟེ། ཐམས་ཅད་ཡེ་ཤེས་ལྔར་འདུས་པ་ཡིན་ལ། འདིར་ཡང་དང་པོ་ཡེ་ཤེས་ལྔ་ལས་གྲུབ་ནས། ད་ལྟ་ཡང་ཡེ་ཤེས་ལྔའི་རང་བཞིན་དུ་གནས། ཐ་མ་ཡང་ཡེ་ཤེས་ལྔར་གྲོལ་བར་འདོད་པ་ཡིན་ནོ། །

གསུམ་པ་གཉིས་མེད་ཡེ་ཤེས་ཆེན་པོར་དོན་བསྡུ་བ་ནི། དེ་ལྟར་རྡོ་རྗེའི་ལུས་ལ་རྩ་ཐིག་རླུང་གསུམ་དུ་བསྟན་ཡང་། དོན་ལ་ཡེ་ཤེས་གཅིག་གི་ངོ་བོ་ལས་ཐ་དད་གྲུབ་པ་མེད་དེ། རང་ཤར་ལས། རྩ་དང་རླུང་དང་ཐིག་ལེ་ཡང་། །ཡེ་ཤེས་ངང་ལས་མ་འདས་སོ། །ཞེས་བཤད་པས། མ་དག་པའི་དུས་ནའང་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལས་མ་འདས་ཏེ། སེང་གེ་རྩལ་རྫོགས་ལས། ཁམས་(༨༧)གསུམ་སེམས་ཅན་ཐམས་ཅད་ལ། །སྙིང་པོའི་ཡེ་ཤེས་སུམ་བརྩེགས་ཏེ། །ཞེས་སོ། །ཡང་ལུས་སེམས་ལ་ཡོན་ཏན་ཐམས་ཅད་ཡེ་ནས་རྫོགས་ཏེ། མུ་ཏིག་ཕྲེང་བ་ལས། འདས་པ་དཀར་པོའི་ཆོས་རྣམས་ནི། །ལུས་དང་སེམས་ལ་ཐམས་ཅད་རྫོགས། །ཞེས་སོ། །དེ་བཞིན་དུ་འཁོར་འདས་ཀྱི་ཆོས་ཐམས་ཅད་ལུས་དང་སེམས་ལ་ཚང་བར། ཀློང་གསལ་ལས། འཁོར་དང་འདས་པའི་ཆོས་རྣམས་ནི། །ལུས་དང་སེམས་ལ་མ་ཚང་མེད། །ཅེས་གསུངས་པས། མདོར་ན་ཐོག་མར་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལས་འཁྲུལ་པས། ད་ལྟ་ཡང་དེ་གསུམ་གྱི་ངོ་བོར་རང་ལུས་རྒྱལ་བའི་དཀྱིལ་འཁོར་སྐུ་གསུམ་འདུ་འབྲལ་མེད་པར་གནས་ཏེ། སེང་གེ་རྩལ་རྫོགས་ལས། ལུས་དང་སེམས་ལ་བརྟེན་པ་ཡི། །ཉོན་མོངས་ལྔ་ལས་ཡེ་ཤེས་ལྔ། །ཡུམ་ལྔ་ལས་ནི་འོད་ལྔའི་སྐུ། །ཕུང་པོ་ལྔ་ལས་སངས་རྒྱས་ལྔ། །འབྱུང་བ་ལྔ་ལས་ཡུམ་ལྔ་སྟེ། །སྲིད་པ་གསུམ་ཉིད་སངས་རྒྱས་ཞིང་། །ཞེས་པས། འདོད་ཡོན་ཐམས་ཅད་ལུས་སེམས་ཀྱི་མཆོད་པར་རོལ་ཞིང་སྣོད་བཅུད་སྣང་སྲིད་ཐམས་ཅད་ཡེ་ཤེས་ཀྱི་ཞིང་དུ་ཤེས་ན། མཐར་ཐུག་གདོད་མའི་གཞི་ལ་འོད་གསལ་དུ་ལྷུན་གྱིས་གྲུབ་པའོ། །

ཀུན་གཞི་ལ་ལས་སོགས་ཚུལ་གྱིས་དོན་བསྡུ་བ།

དོན་གསུམ་པ་ཀུན་གཞི་ལ་ལས་སོགས་ཚུལ་གྱིས་དོན་བསྡུ་བ་ལ། ཀུན་གཞི་དང་ཚོགས་བརྒྱད་ཀྱི་དབྱེ་བ་བསྟན། རྟེན་འབྲེལ་བཅུ་གཉིས་ཀྱི་རང་བཞིན་བཤད། ལས་གསུམ་གྱིས་སོགས་ཚུལ་བརྗོད་པ་གསུམ་ལས། དང་པོ་ནི་ངོ་བོའི་ཆ་ལས་འཁྲུལ་པའི་ཤེས་པ་ལུང་མ་བསྟན་ཐམས་ཅད་ཀྱི་རྟེན་ས་གཞི་ཆེན་པོ་ལྟ་བུ་ལ། རྣམ་ཤེས་དགེ་མི་དགེ་ལུང་མ་བསྟན་ཚོགས་བརྒྱད་པོའི་འཆར་ཚུལ་དུ་མའི་གཞི་བྱེད་དོ། །དེ་ལས་ཀུན་གཞིའི་རྣམ་ཤེས་ཡུལ་གྲུ་ལྟར་རྣམ་ཤེས་གཞན་བདུན་གྱི་རྟེན་བྱེད་དོ། །དེ་ལས་ཡིད་ཀྱི་རྣམ་ཤེས་སྔ་མ་ཁང་ཁྱིམ་ལྟར་གནས་པ་ལས། སྒོ་ལྔའི་རྟེན་བྱེད་ལ། དེ་ལས་ཤེས་པ་འཕྲོ་མཐུད་པ་ནི་ཡིད་ཀྱི་རྣམ་ཤེས་ཕྱི་མ་སྟེ། ཀུན་ཏུ་རྟོག་པ་དེས་ཡུལ་ལ་གཟུང་འཛིན་ཞེན་པའི་ཆར་བཟུང་ནས་ཤེས་པ་ཕྱི་མ་དགག་སྒྲུབ་དུ་མར་འཛིན་པ་ནི་ཉོན་མོངས་པ་ཅན་གྱི་ཡིད་ཅེས་བྱ་སྟེ། དེས་ལས་སྣ་ཚོགས་སུ་བསགས་པ་ཀུན་གཞིའི་སྟེང་དུ་གནས་པར་བྱེད་དོ། །ཀུན་གཞིའི་སྟེང་གི་ལས་ས་བོན་གྱི་ཚུལ་དུ་གནས་པ་དེ་དགེ་མི་དགེ་ཕྱི་(༨༨)མའི་རྐྱེན་གྱིས་ཆུ་ལུད་བྲན་པ་བཞིན་སོང་སྟེ། འཁོར་བ་ན་བདེ་སྡུག་སྣ་ཚོགས་ཀྱི་འབྲས་བུ་སོ་སོར་སྨིན་པས་ཟོ་ཆུའི་འཁྱུད་མོ་བཞིན་དུ་འགྲོ་བ་དྲུག་ན་ཡང་དང་ཡང་དུ་འཁོར་ཞིང་ཐར་པའི་སྐབས་མེད་དོ། །

གཉིས་པ་རྟེན་འབྲེལ་བཅུ་གཉིས་ཀྱི་རང་བཞིན་བཤད་པ་ལ། དང་པོ་འཁོར་བ་གྲུབ་ཚུལ་གྱི་རྟེན་འབྲེལ་བཅུ་གཉིས། བར་དུ་ལས་སོགས་ཚུལ་གྱི་རྟེན་འབྲེལ་བཅུ་གཉིས། ཐ་མར་འཁྲུལ་པ་ལྡོག་ཚུལ་གྱི་རྟེན་འབྲེལ་བཅུ་གཉིས་དང་གསུམ་ལས། དང་པོ་ནི་གདོད་མའི་གཞི་ལས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ཡུལ་ལ་ཤར་དུས་རང་སྣང་ངོ་མ་ཤེས་པས་མ་རིག་པ་རྒན་མོ་ལོང་མ་ལྟ་བུ། དེ་ནས་ཀུན་ཏུ་བརྟགས་པའི་མ་རིག་པས་ཡུལ་ལ་བཟུང་བས་འཁོར་བར་འདུ་བྱེད་རྫ་མཁན་ལྟ་བུའོ། །དེ་ནས་བག་ཆགས་ཀྱིས་རིག་པ་བསླད་པས་ཀུན་གཞིར་གྱུར། ཀུན་གཞི་ལས་ཀུན་གཞིའི་རྣམ་ཤེས་དང་ཡིད་ཀྱི་རྣམ་ཤེས་གཉིས་སུ་གྱུར་ནས་ཡུལ་གྱི་རྣམ་པ་ལ་བློས་དེ་དང་མཚུངས་པར་འཛིན་པས་ཕྱི་མའི་ཡུལ་སོ་སོར་སྤྱོད་པས་རྣམ་པར་ཤེས་པ་སྤྲེའུ་ལྟ་བུའོ། །དེ་ལས་ཁམས་གསུམ་དུ་འཁྲུལ་ཏེ། དེའང་གཟུགས་མེད་དུ་ཚོར་བ་འདུ་ཤེས་འདུ་བྱེད་རྣམ་པར་ཤེས་པའི་ཕུང་པོ་སྟེ། མིང་གཞིའི་ཕུང་པོ་ལ་སེམས་ཀྱི་རྒྱུད་བརྟེན་ཅིང་། གཟུགས་ཁམས་དང་འདོད་པས་ས་ཆུ་མེ་རླུང་སྟེ། རྒྱུའི་གཟུགས་འབྱུང་བ་བཞི་དང་། མིག་ལ་སོགས་པ་དབང་པོ་ལྔ་དང་། གཟུགས་ལ་སོགས་པ་ཡུལ་ལྔ་དང་། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཏེ་འབྲས་བུའི་གཟུགས་བཅུ་གཅིག་ལ་སེམས་ཀྱི་རྒྱུད་བརྟེན་པས་སྲིད་པ་གསུམ་དུ་འཇུག་པས་མིང་དང་གཟུགས་གྲུར་ཞུགས་པ་ལྟ་བུའོ། །དེ་ལས་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ཀྱི་སྐྱེ་མཆེད་དེ་ཕྱིའི་དྲུག་དང་། མིག །རྣ་བ། སྣ། ལྕེ། ལུས། ཡིད་ཀྱི་སྐྱེ་མཆེད་དེ་ནང་གི་དྲུག་སྟེ་སྐྱེ་མཆེད་བཅུ་གཉིས་མཁར་ལྟ་བུའོ། །ཡུལ་དང་རྣམ་ཤེས་དབང་པོ་གསུམ་འདུས་ནས་ཡུལ་ལ་སྤྱད་པས་རེག་པ་འོ་བྱེད་པ་ལྟ་བུའོ། །དེས་ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་དུ་མྱོང་བས་ཚོར་བ་མིག་ལ་མདའ་ཟུག་པ་ལྟ་བུའོ། །ཡུལ་ལ་སྲེད་པས་ཆགས་པ་ནི་སྲེད་པ་ཆང་འཐུང་བ་ལྟ་བུའོ། །དེ་ལྟར་བག་ཆགས་བསགས་པས་ཁམས་གསུམ་སོ་སོའི་ལུས་ལེན་པས་ལེན་པ་ཤིང་ཐོག་བསྙབས་པ་ལྟ་བུའོ། །དེ་ལྟར་སྲེད་ལེན་གཉིས་ཀྱིས་སོ་(༨༩)སོའི་ལུས་ཀྱི་སྦུབས་སུ་ཚུད་པས་སྲིད་པ་བུ་ཆགས་པ་ལྟ་བུའོ། །དེ་ནས་མངལ་སོ་སོ་ནས་བཙའ་བས་སྐྱེ་བ་བུ་སྐྱེ་བ་ལྟ་བུའོ། །དེ་ནས་རིམ་གྱིས་དབང་པོ་རྣམས་གུད་དེ་སྟོབས་ཟད་པས་རྒས་ཏེ་ཤི་བ་ནི་རྒ་ཤི་རོ་ཁུར་བ་ལྟ་བུའོ། །དེ་ནས་བར་དོར་རང་སྣང་ངོ་མ་ཤེས་ན་སྔ་མ་བཞིན་འཁོར་བའོ། །

གཉིས་པ་ནི་དགེ་མི་དགེ་ཐ་དད་པ་རྣམས་ལ་བརྩི་སྟེ། དཔེར་ན་ཤ་ལ་སྲེད་པས་སྲོག་གཅོད་པ་ལྟ་བུ་ལ། དང་པོ་མི་དགེ་བའི་རང་བཞིན་མི་དགེ་བས་དེ་ལ་འཇུག་པས་མ་རིག་པའོ། །དེ་ནས་སྲོག་གཅོད་པའི་ལས་ལ་འཇུག་པ་འདུ་བྱེད་དོ། །དེ་ནས་སྲོག་གཅོད་བྱའི་ཡུལ་ར་དང་ལུག་གི་རྣམ་པའི་བྱེ་བྲག་ངེས་པ་ནི་རྣམ་པར་ཤེས་པའོ། །དེ་ལས་རང་ཉིད་དང་ཡུལ་དེའི་མིང་གཟུགས་ནི་མིང་དང་གཟུགས་སོ། །ཡང་ན་ལས་དེ་མི་དགེ་བར་གྲུབ་པས་མིང་དང་གཟུགས་སོ། །དེ་ལས་ཡུལ་དང་རང་གི་ཡུལ་དྲུག་ལ་མི་དགེ་བའི་ཤེས་པ་སྔ་མ་སྐྱེ་ཞིང་ཕྱི་མ་མཆེད་པས་སྐྱེ་མཆེད་དྲུག་གམ་བཅུ་གཉིས་ལ། ཡང་ན་ཡུལ་དེའི་ཡུལ་དྲུག་ཕྱིའི་སྐྱེ་མཆེད་ལས། རང་གི་ཤེས་པ་དྲུག་མཆེད་པས་ན་སྐྱེ་མཆེད་ཟུང་དུ་བགྲངས་ན་དྲུག་གོ། །དེ་ནས་ཤེས་པ་ཡུལ་ལ་རེག་པས་རེག་པའོ། །དེ་ནས་ཡུལ་དེའི་སྡུག་བསྔལ་རང་གི་བདེ་བར་ཚོར་བས་ན་ཚོར་བའོ། །དེ་ལས་ཆགས་པ་འཕེལ་བས་སྲེད་པའོ། །དེ་ནས་ཕྱི་མ་ངན་འགྲོའི་ལུས་ལེན་པས་ན་ལེན་པའོ། །དེ་ནས་ནམ་ཞིག་ངན་སོང་ལྟ་བུའི་མངལ་དུ་ཞུགས་པས་སྲིད་པའོ། །དེ་ནས་སྐྱེ་བས་སྐྱེ་བའོ། །དེའི་རྟེན་ལ་རྒས་ནས་ཤི་བས་རྒ་ཤིའོ། །དེ་བཞིན་དུ་མི་དགེ་བ་གཞན་དང་། འཁོར་བ་མཐོ་དམན་དུ་བསྒྲུབ་པའི་ལས་ཐམས་ཅད་ལ་སྦྱོར་རོ། །དེ་ལྟར་འཁོར་བ་ན་གཟུང་འཛིན་གྱི་ལས་དུ་མ་བསགས་པའི་འབྲས་བུ་རྣམ་པ་སྣ་ཚོགས་པས་ལྷ་དང་། ལྷ་མ་ཡིན་དང་། མི་དང་། དུད་འགྲོ་དང་། ཡི་དྭགས་དང་། དམྱལ་བར་འཁོར་ཏེ། གཟུགས་མི་འདྲ་བ། རྟོག་པ་མི་འདྲ་བ། ལས་མི་འདྲ་བ་མང་བ་དང་ལྡན་ཏེ། ཐལ་འགྱུར་ལས། ཕུང་པོ་རྣམས་དང་ཁམས་རྣམས་དང་། །སྐྱེ་མཆེད་ལས་ཀྱི་ཚོགས་པ་འདུས། །ཉོན་མོངས་ལུས་ལ་དཔག་མེད་པས། །འགྲོ་བའི་ལུས་ཀྱི་རྟོག་ཚོགས་སྡུད། །རྟེན་འབྲེལ་ཚོགས་པ་དུ་མ་ལས། །མི་མཐུན་གཟུགས་སོགས་བྱེ་བྲག་གོ། །ཞེས་སོ། །དེ་ལྟར་འཁོར་བ་ན་(༩༠)རྒྱལ་པོའི་བཙོན་རར་ཚུད་པའི་སྐྱེ་བོ་ལྟར། རྟེན་འབྲེལ་བཅུ་གཉིས་ཀྱི་ཁང་པ་ནས་ཐར་པའི་སྐབས་མེད་པར་རྒྱུན་དུ་སྡུག་བསྔལ་བ་ནི། མུ་ཏིག་ཕྲེང་བ་ལས། ཕུང་པོ་ཁམས་དང་སྐྱེ་མཆེད་ལ། །གཟུང་འཛིན་དག་གིས་བཟུང་ནས་ནི། །འཁོར་བ་ཉིད་ལ་ཡུན་རིང་གནས། །ཁམས་གསུམ་པོ་ཡི་ཁང་པ་རུ། །མིང་དང་གཟུགས་ཀྱི་བཙོན་རར་ཚུད། །མ་རིག་ལ་སོགས་ལྕགས་ཀྱིས་བསྡམས། །འཁོར་བའི་མུན་པ་མཐུག་པོས་གཡོགས། །འདོད་ཆགས་ཚ་བའི་རོ་ལ་ཆགས། །གཏི་མུག་ཞགས་པས་དམ་དུ་བཅིངས། །ཞེ་སྡང་མེ་ཡི་ཚད་པས་གདུངས། །ང་རྒྱལ་དག་གིས་མགོ་གཏུམས་ཏེ། །ཕྲག་དོག་ཉིད་ཀྱིས་སྒོ་མོ་འཁྲིགས། །ཁོང་ཁྲོ་ལ་སོགས་དམག་གིས་བསྐོར། །གཟུང་འཛིན་ཞགས་པས་སྐེ་ནས་བསྡམས། །སྔ་ཕྱིའི་བག་ཆགས་འདམ་དུ་བྱིང་། །རྣམ་སྨིན་གཉིས་དང་ལག་སྦྲེལ་ཏེ། །ལས་ཀྱི་མ་བུ་མཚམས་སྦྱར་ནས། །གཅིག་ནས་གཅིག་ཏུ་ཟོ་ཆུ་བཞིན། །བཟང་ངན་རིམ་པས་ལུས་བླངས་ཏེ། །སོ་སོའི་གཟུགས་སུ་སྐྱེ་བར་བྱེད། །ངར་འཛིན་རབ་ལ་འབོགས་ནས་ནི། །སྡུག་བསྔལ་རྒྱ་མཚོའི་གཏིང་དུ་བྱིང་། །ངན་སོང་ལྕགས་ཀྱུས་གཏིང་ནས་བཟུང་། །རང་གིས་རང་བཅིངས་ཉོན་མོངས་དགྲ། །དམྱལ་བ་ལ་སོགས་མེ་ཆུར་སྣང་། །ཡི་དྭགས་རྣམས་ལ་བཀྲེས་དང་སྐོམ། །བྱོལ་སོང་རྣམས་ལ་ན་བུན་ལྟར། །མི་རྣམས་ཕུང་པོ་ཁམས་རྣམས་དང་། །སྐྱེ་མཆེད་འབྱུང་བ་ལྔ་རུ་སྣང་། །དེ་ཡང་བདེ་སྡུག་བཏང་སྙོམས་སོ། །ལྷ་མིན་རྣམས་ལ་གོ་མཚོན་ཏེ། །ལྷ་རྣམས་འདོད་པའི་ཡོན་ཏན་ནོ། །དཔེར་ན་མྱུར་འགྲོའི་འཁོར་ལོ་བཞིན། །རྒྱུན་ཆགས་འཁོར་བར་ཡུན་རིང་གནས། །དེ་ལྟར་སྣང་བ་སྣ་ཚོགས་རྣམས། །ཐག་པ་ལ་ནི་སྦྲུལ་མཐོང་བཞིན། །དེ་མ་ཡིན་ལ་དེར་བཟུང་བས། །ཕྱི་ནང་སྣོད་བཅུད་གཉིས་སུ་ཆགས། །དེ་ཡང་བརྟགས་ན་ཐག་པ་ཉིད། །སྣོད་བཅུད་ཡེ་ནས་སྟོང་པ་ཉིད། །དོན་དམ་ཀུན་རྫོབ་གཟུགས་ཅན་ནོ། །ཞེས་པས། དང་པོ་གཞིའི་ངང་ལས་ཡེ་ཤེས་ཀྱི་མདངས་ལ་གཟུང་ཡུལ་དུ་འཁྲུལ་པས། ཐག་པ་ལ་སྦྲུལ་དུ་མཐོང་བ་ལྟར་ཕྱིན་ཅི་ལོག་ཏུ་བཟུང་བས། ལུས་དང་། ཡུལ་དང་། དགྲ་དང་། གཉེན་དང་། རི་ཁང་ཁྱིམ། སྐྱེས་པ་བུད་མེད། རྟ་གླང་། ནགས་ཚལ་ལ་སོགས་པ་དཔག་ཏུ་མེད་པ་ཞིག །རྨི་ལམ་འཁྲུལ་པའི་སྣང་བ་ལྟར་མི་བདེན་པ་ལ་སྣ་ཚོགས་སུ་(༩༡)སྣང་བ་འདིས་ཁམས་གསུམ་གྱི་སེམས་ཅན་རྣམས་འཁོར་བར་འཁྱམས་ཏེ། ང་མེད་པ་ལ་ངར་འཛིན། བདག་མེད་པ་ལ་བདག་ཏུ་འཛིན། སྡུག་བསྔལ་རྒྱུ་དང་བཅས་པ་ལ་བདེ་བར་འཛིན། ཕྱིན་ཅི་ལོག་ལ་བདེན་པར་འཛིན་ཅིང་། འཇིག་རྟེན་གྱི་སྣང་བ་བྱ་བ་ལ་ཉིན་མཚན་མེད་པར་བརྩོན་པས་མ་ཤིའི་བར་དུ་མི་ཚེ་འཁྲུལ་སྣང་ཉིད་ཀྱིས་འདས་པས་བར་དོར་ཡང་དེ་ཉིད་ཀྱི་སྣང་བས་ཁྲིད་ནས་འཁྱམས་ཤིང་། ལས་བཟང་ངན་གྱིས་འཁོར་བ་མཐོ་དམན་དུ་སྐྱེ་ཞིང་། འཁྲུལ་པ་སྣ་ཚོགས་ལ་སྤྱད་པས་འཁོར་བ་ནས་ཐོན་པའི་དུས་མེད་དོ། །དེ་ཡང་བརྟགས་ན་འཁྲུལ་སྣང་འདི་རྨི་ལམ་ལྟར་འལ་འོལ་གཞི་མེད་རྩ་བ་དང་བྲལ་བ་མེད་བཞིན་སྣང་བའི་ཆོས་ཅན། སང་སེང་ཁྲལ་ཁྲོལ་ཙམ་ལས་བདེན་པར་གྲུབ་པ་མེད་དེ་བར་སྐབས་སུ་བདེན་འཛིན་ཕྲ་མོས་རྒྱུ་བྱས་པས་ད་ལྟ་སྣ་ཚོགས་སུ་ཆེ་ཆེ་མོར་སྣང་བ་འདི་དཔེར་ན་ཐང་སྟོང་ཐག་རིང་ན་བྱ་རོག་གཡག་དང་རིའི་རྒྱུད་དུ་སྣང་བ་དང་ཆོས་མཚུངས་ཏེ། ཆོས་ཀྱི་གྲགས་པའི་ཞལ་ནས། ཇི་ལྟར་ཐག་རིག་ཉམ་ང་བ། །ཆུང་ངུ་ཆེན་པོར་སྣང་བ་བཞིན། །ཞེས་པ་དང་ཆོས་མཐུན་ནོ། །དེ་ལྟར་མཐོང་བའི་རྣལ་འབྱོར་པ་རྣམས་ལ་ནི་འཁོར་བ་རྨི་ལམ་དང་འདྲ་བར་ཁོང་དུ་ཆུད་པས་འཁྲུལ་པའི་རྩ་བ་ཆོད་ཅིང་སེམས་ཉིད་སྐྱེ་ཤི་ལས་འདས་པའི་དོན་མཐོང་བས་འཁྲུལ་སྣང་གཞི་བྲལ་ཆེན་པོར་ལྷུན་གྱིས་གྲུབ་སྟེ། སྲིད་པའི་མཚོ་བརྒལ་བ་བདེ་ཆེན་གྱི་བཙན་ས་ཟིན་པ་ཡིན་ནོ། །

གསུམ་པ་མ་རིག་པ་ལོག་ན་རྒ་ཤིའི་བར་ཐམས་ཅད་ལོག་སྟེ་འཁོར་བ་ལས་གྲོལ་བ་ནི་དཔེར་ན། བར་དོའི་རང་སྣང་ལ་རང་ངོ་ཤེས་པས་མ་རིག་པ་ལོག །དེ་ལས་འདུ་བྱེད་ལོག །དེས་རྣམ་པར་ཤེས་པ་ལོག །དེ་ལོག་པས་མིང་དང་གཟུགས་ཀྱི་འཛིན་པ་ལོག །དེ་ལོག་པས་སྐྱེ་མཆེད་དྲུག་གི་འཛིན་པ་ལོགདེ་ལོག་པས་གཟུང་འཛིན་ཡུལ་ལ་སྤྱོད་པའི་རེག་པ་ལོག །དེ་ལོག་པས་ཚོར་བ་ཐམས་ཅད་ལོག །དེས་ཡུལ་ལ་སྲེད་པ་ལོག །དེ་ལྟར་ཡུལ་ལ་ཆགས་པ་ལོག་པས་སྐྱེ་བ་ཕྱི་མ་ལེན་པའི་ལས་ལོག །དེ་ལོག་པས་ཕྱི་མར་མངལ་དུ་སྲིད་པ་འཛིན་པ་ལོག །མངལ་དུ་ཞུགས་པ་ལོག་པས་སྐྱེ་བ་ལོག །མ་སྐྱེས་པས་ཤི་བ་མེད་པས་རྒ་ཤི་ལོག་སྟེ། སྐད་ཅིག་མ་གཅིག་ལ་རྟེན་འབྲེལ་བཅུ་གཉིས་ཀྱི་འཁོར་ལོ་རྒྱུན་ཆད་ནས། གདོད་མའི་གཞི་ལ་ནང་གསལ་ཡེ་ཤེས་རིན་པོ་ཆེའི་སྦུབས་སུ་སངས་རྒྱས་བྱང་(༩༢)ཆུབ་རིག་པ་གསུམ་བརྙེས་སོ། །

གསུམ་པ་ལས་གསུམ་གྱི་སོགས་ཚུལ་ལ་གསུམ་ལས། དེའང་སྦྱིན་པ་བཏང་།

ཚུལ་ཁྲིམས་བསྲུངས། བཟོད་པ་བསྒོམས་པ་ལ་སོགས་པ་ཀུན་གཞིའི་སྟེང་དུ་ནུས་པ་གཞག་སྟེ། ཇི་ཞིག་ན་སྦྱིན་པས་ལོངས་སྤྱོད་ཆེ་ཞིང་། ཚུལ་ཁྲིམས་ཀྱིས་བདེ་འགྲོའི་ལུས་ཐོབ། བཟོད་པས་ནད་མེད་ཅིང་ཡིད་དུ་འོང་བའི་ལུས་གྲུབ་པ་ལ་སོགས་པའོ། །

གཉིས་པ་མི་དགེ་བ་ཡང་དེ་དང་ཚུལ་མཐུན་ཏེ། མི་དགེ་བ་སྔ་མས་རྒྱུ་བྱས་ནས་ཕྱི་མར་སྡུག་བསྔལ་དུ་སྨིན་པའོ། །མདོར་ན་འཁོར་བ་ན་སྡུག་བསྔལ་ཐམས་ཅད་མི་དགེ་བ་ལས་བྱུང་ཞིང་། བདེ་བ་ཐམས་ཅད་ནི་དགེ་བ་ལས་བྱུང་སྟེ། གཉིས་ཀ་ལས་གྲོལ་ན་ཐར་པ་ཡིན་པར། སློབ་དཔོན་ཀླུ་སྒྲུབ་ཀྱི་དབུ་མ་རིན་ཆེན་ཕྲེང་བར་གསུངས་པ། མི་དགེ་བ་ལས་སྡུག་བསྔལ་འབྱུང་། །དགེ་བ་ལས་ནི་བདེ་འགྲོ་སྟེ། །གཉིས་ལ་མི་གནས་ཐར་པ་ལགས། །ཞེས་སོ། །གཞན་ཡང་རྒྱུ་མ་བཀག་ན་རྒྱུ་ལས་འབྲས་བུ་མི་འདོད་ཀྱང་འབྱུང་བས་མི་དགེ་བའི་རྒྱུ་དོར་བ་ལ་འབད། དེ་གང་གིས་འདོར་ན་དགེ་བ་ཕུན་སུམ་ཚོགས་པར་སྤྱད་པས་སྡུག་བསྔལ་མེད་ཅིང་བདེ་བ་ཐོབ་པར། སོ་སོར་ཐར་པ་ལས། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །ཞེས་དང་། སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་སོ། །

གསུམ་པ་མི་གཡོ་བའི་ལས་ནི་ཁམས་གོང་མ་གཉིས་ཀྱི་ཏིང་ངེ་འཛིན་བསྒོམ་པ་ལས་བྱུང་བ་སྟེ། དེ་ཉིད་ཇི་ལྟར་གོམས་པ་བཞིན་བསམ་གཏན་གཟུགས་མེད་ཀྱི་གནས་སུ་སྐྱེ་བ་ལས་ཁམས་གཞན་དུ་མི་འཕོ་བའི་ཕྱིར་མི་གཡོ་བའི་ལས་སོ། །འདིར་དེའི་དོན་ངེས་པར་བྱ་བ་ལ་གསུམ་སྟེ། བསམ་གཏན་བཞིའི་སེམས་ཇི་ལྟར་སྐྱེ་བའི་ཚུལ་གོལ་མ་གོལ་གྱི་ཁྱད་པར་བཤད། ཡང་དག་པའི་ལམ་དུ་གྲོལ་ཚུལ་བསྟན་པའོ། །དང་པོ་ནི་བསམ་གཏན་གྱི་ཁང་པར་སྟན་བདེ་བ་ལ་འདུག་སྟེ། རྣམ་སྣང་གི་ཆོས་བདུན་དང་ལྡན་པས་བསམ་གཏན་དང་པོ་བསྒོམ་པ་ལ་ཉེར་བསྡོགས་ནི་ད་ལྟར་གྱི་ཤེས་པ་བཅོས་བསླད་མེད་པ་གསལ་ལ་འཛིན་པ་མེད་པའི་ངང་ལ་མཉམ་པར་བཞག་པས། ཇི་ཞིག་ཙམ་ན་གསལ་ལ་མི་རྟོག་པ་མྱོང་བའི་དྲན་འཛིན་གྱི་རྟོག་པ་ཕྲ་མོ་དང་། གསལ་སྟོང་དུ་ཤེས་པའི་སྤྱོད་པ་ཙམ་ལས་རྣམ་རྟོག་(༩༣)གཞན་གང་ཡང་མེད་པའི་སེམས་སྟོང་གསལ་སྔར་མེད་ལྷག་གིས་གསར་དུ་ཤར་བས་ཆུང་ངུ་། དེ་གོམས་པས་འབྲིང་། བརྟན་པ་ཐོབ་པས་ཆེན་པོ་གསུམ་སྐྱེས་པ་ནི་བསམ་གཏན་དང་པོའི་དངོས་གཞི་སྟེ། དེ་ཉིད་ཀྱི་གསལ་ཆ་ལས་དྭངས་ཆ། དྭངས་ཆ་ལས་ཡུལ་ཐམས་ཅད་སྒྲིབ་གཡོགས་ཀྱིས་བར་དུ་མ་ཆོད་པ་བཞིན་ཕ་རོལ་མཐོང་བའི་སྤྱན་དང་། སྔོན་དང་ཕྱི་མའི་གནས་ལ་སོགས་པ་ཤེས་པའི་མངོན་པར་ཤེས་པ་འཆར་རོ། །དེ་ཉིད་ཆུང་ངུར་གོམས་པ་ལ་ཤི་ན་བསམ་གཏན་དང་པོའི་ཚངས་རིག་སུ་སྐྱེའོ། །འབྲིང་དུ་གོམས་པས་ཚངས་པ་ཆེན་པོའི་འཁོར་ཡིན་པས་ཚངས་པ་ཀུན་འཁོར་རམ། བློན་པོ་ལྟ་བུ་ཡིན་པས་ཚངས་པ་མདུན་ན་འདོན་དུ་སྐྱེའོ། །ཆེར་གོམས་པས་ཚངས་ཆེན་དུའོ། །བསམ་གཏན་གཉིས་པ་ནི་དང་པོ་བརྟན་པའི་རྒྱུ་ལས་སྐྱེ་བས་བསམ་གཏན་དང་པོ་ཐོབ་པ་དེས་སྔ་མ་བཞིན་མཉམ་པར་འཇོག་པ་ནི་གཉིས་པའི་ཉེར་བསྡོགས་སོ། །དེའང་ཅི་ཞིག་ལྟར་ན་གསལ་སྟོང་གི་ངང་ལ་འཇོག་པའི་དྲན་རྟོག་ཕྲ་མོ་དེ་ཡང་མེད་པར་སྟོང་གསལ་ཙམ་ཉམས་སུ་མྱོང་བའི་འཛིན་པའམ། སྤྱོད་པ་ཙམ་དང་ལྡན་པའི་ཏིང་ངེ་འཛིན་སྔར་མེད་གསར་དུ་ལྷག་གིས་སྐྱེས་པ་ནི་གཉིས་པའི་དངོས་གཞིའོ། །དེ་ཉིད་ཆུང་ངུར་གོམས་དུས་ཚེའི་དུས་བྱས་ན། བསམ་གཏན་གཉིས་པས་འོད་ཆུང་། འབྲིང་གིས་ཚད་མེད་འོད། ཆེན་པོས་འོད་གསལ་དུ་སྐྱེའོ། །བསམ་གཏན་གསུམ་པ་ལའང་གཉིས་ལས། ཉེར་བསྡོགས་ནི་བསམ་གཏན་གཉིས་པའི་དངོས་གཞི་བསྟན་པ་དེ་ཉིད་ཀྱི་ངང་ལ་མཉམ་པར་བཞག་པས། ཡང་རྟོག་དཔྱོད་གང་ཡང་མེད་པའི་གསལ་སྟོང་འཛིན་མེད་ཀྱི་ཏིང་ངེ་འཛིན་སྔར་མེད་གསར་དུ་ལྷག་གིས་སྐྱེས་པ་ནི་གསུམ་པའི་དངོས་གཞིའོ། །དེ་ཉིད་ཆུང་ངུར་ཐོབ་པས་བསམ་གཏན་གསུམ་པའི་དགེ་ཆུང་། འབྲིང་གིས་ཚད་མེད་དགེ། ཆེན་པོས་དགེ་རྒྱས་སོ། །བསམ་གཏན་བཞི་པ་ལ་སོ་སོ་སྐྱེ་བོའི་གནས་གསུམ་འཕགས་པའི་གནས་ལྔ་ཡོད་པས། དང་པོ་སོ་སོ་སྐྱེ་བོའི་བསམ་གཏན་བཞི་པ་ནི། ཉེར་བསྡོགས་བསམ་གཏན་གསུམ་པའི་དངོས་གཞི་བསྟན་པའི་དོན་བསྒོམས་པས། ཡང་ཏིང་ངེ་འཛིན་ལས་སྐྱེས་པའི་བདེ་གསལ་མི་རྟོག་པའི་དགའ་བདེ་སྔོན་དང་མི་འདྲ་བ་ལྷག་གིས་སྐྱེས་པ་ནི་བཞི་པའི་དངོས་གཞིའོ། །དེ་ཉིད་ལ་གོམས་པས་ཆུང་(༩༤)ངུས་སྤྲིན་མེད། འབྲིང་གིས་བསོད་ནམས་སྐྱེས། ཆེན་པོས་འབྲས་བུ་ཆེར་སྐྱེའོ། །

གཉིས་པ་གོལ་མ་གོལ་གྱི་ཁྱད་པར་བཤད་པ་ནི། འབྲས་བུ་ཆེ་བའི་སེམས་བསམ་གཏན་གྱི་དགའ་བདེ་ཁྱད་པར་ཅན་སྐྱེས་པའི་ངང་ལ་རྩེ་གཅིག་ཏུ་གནས་པའི་ཚེ། ཞི་གནས་རྐྱང་གཅིག་པ་ལ་གོལ་བས་གཟུགས་མེད་དུ་སྐྱེ་བ། ལྷག་མཐོང་རྣམ་པར་མི་རྟོག་པས་འཕགས་པའི་གནས་གཞན་གཙང་མ་རིས་ཀྱི་ལྷ་ལྔར་སྐྱེས་ཏེ་གྲོལ་བ་ཐོབ་པ་ཡིན་ནོ། །དེ་ཡང་འབྲས་བུ་ཆེ་བའི་ཏིང་ངེ་འཛིན་དེའི་ངང་ལས། ཞི་གནས་ཀྱི་སེམས་གང་ལའང་མི་རྟོག་པའི་ངང་ལ་གོམས་པས། ཇི་ཞིག་ལྟར་ན་ཆོས་ཐམས་ཅད་སྟོན་ཀའི་ནམ་མཁའ་སྤྲིན་མེད་པ་ལྟར་གང་དུའང་མ་གྲུབ་ལ་རིག་པ་གསལ་བ་ཙམ་མ་འགགས་པའི་ཏིང་ངེ་འཛིན་སྔོན་དང་མི་འདྲ་བ་སྐྱེས་པ་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སེམས་ཐོབ་པའོ། །ད་ལྟ་སེམས་དེ་ཐོབ་པའི་ངང་ལ་ཚེའི་དུས་བྱས་ན་དེར་སྐྱེའོ། །དེ་ནས་ཡང་དེ་ཉིད་ཀྱི་ངང་ལ་གོམས་པས་ཇི་ཞིག་ན་ནམ་མཁའ་ལྟ་བུའི་གསལ་དྭངས་དེའང་མེད་པར་ནང་དུ་སེམས་རྩེ་གཅིག་པའི་རྣམ་པར་ཤེས་པ་རྣམ་རྟོག་ཞི་བ་ཙམ་གྱིས་ཏིང་ངེ་འཛིན་སྔར་དང་མི་འདྲ་བ་སྐྱེས་པ་ནི་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་སེམས་ཐོབ་པའོ། །འདིར་སེམས་དེའི་ངང་ལ་ཚེ་འཕོས་ན་དེར་སྐྱེའོ། །དེ་ནས་དེའི་ངང་ལ་གོམས་པས་ཇི་ཞིག་ན་ནང་དུ་སྤྲོས་པ་ཞི་བ་ཙམ་གྱིས་ཚོར་བ་ཕྲ་མོའི་ཤེས་པ་དེ་ཡང་ནུབ་སྟེ། ཅི་ཡང་མེད་པའི་ཤེས་པ་རྩེ་གཅིག་པའི་ཞི་གནས་ཀྱི་སེམས་སྔོན་དང་མི་འདྲ་བ་སྐྱེས་པ་ནི་ཅི་ཡང་མེད་པའི་སྐྱེ་མཆེད་དོ། །ད་ལྟ་དེའི་སེམས་གོམས་པ་ལས་ཚེ་འཕོས་པ་ཀུན་དེར་སྐྱེའོ། །དེ་ནས་དེའི་ངང་ལ་གོམས་པས་ཇི་ཞིག་ན་ཅི་ཡང་མེད་པ་ཙམ་དུ་འཛིན་པའི་སེམས་དེ་ཡང་ཡོད་མེད་གང་དུ་ཡང་མ་གྲུབ་པའི་ཞི་གནས་རྐྱང་གཅིག་ལ་སོང་ནས། སྔོན་དང་མི་འདྲ་བའི་གནས་ཆ་མཐུག་པོ་གང་ཡང་མི་རྟོག་པ་སྐྱེ་བ་ནི། ཡོད་མིན་མེད་མིན་གྱི་སྐྱེ་མཆེད་ཅེས་བྱ་སྟེ། དེ་ཉིད་གོམས་པ་ཀུན་ཐབས་དང་མི་ལྡན་ན་དེར་སྐྱེའོ། །དེ་ནི་སྲིད་རྩེའི་སེམས་ཐོབ་པ་ཞེས་བྱའོ། །རྟེན་དེ་ལ་ཚོར་བ་དང་འདུ་ཤེས་བཀག་པས་འཇིག་རྟེན་པའི་ཚོར་བ་དང་འདུ་ཤེས་འགོག་པའི་ཏིང་ངེ་འཛིན་ཐོབ་པ་ཞེས་བྱ་སྟེ། བསམ་གཏན་བཞི་གཟུགས་མེད་བཞི་སྟེ་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུའོ། །དེ་ཡང་འཕགས་པ་རྣམས་ནི་སེམས་དེ་(༩༥)དག་མངོན་དུ་བྱས་ཏེ་བསྒོམས་ཀྱང་དེར་མི་སྐྱེའོ། །འོ་ན་སོ་སོ་སྐྱེ་བོ་རྣམས་དེ་དག་ཏུ་སྐྱེ་བ་ཅིས་ལན་ཞེ་ན། རང་རང་བསམ་གཏན་དང་། གཟུགས་མེད་སྒོམ་དུས་རགས་པའི་སེམས་ཀྱི་ཏིང་ངེ་འཛིན་ལ་རགས་པ་ཞེས་བྱ་སྟེ། ཞེ་སྡང་སོགས་རགས་པ་མེད་པས་འོག་མར་མི་སྐྱེ་ལ། གོང་མ་ལ་ཞི་བ་སྟེ། ཡོན་ཏན་ཅན་དུ་ཤེས་པས་བླང་བྱར་འཛིན་ཅིང་ཆགས་པར་བྱས་ཏེ་བསྒོམས་པས་གོང་མ་གོང་མར་སྐྱེ་བའོ། །འོ་ན་དེ་ལྟ་བུའི་ཏིང་ངེ་འཛིན་ཡོད་ཀྱང་ཡང་འཁོར་བར་འཁྱམས་པ་ཅིས་ལན་ན། རང་ངོ་མ་ཤེས་ཤིང་བདག་རྟོག་བག་ལ་ཉལ་བའི་ཆ་ཀུན་གཞི་ལ་ཡོད་པ་རང་བཞིན་མེད་པར་ཤེས་པའི་ཤེས་རབ་ཀྱིས་མ་རྟོགས་པས་ཡང་དང་ཡང་དུ་ཏིང་ངེ་འཛིན་དེ་ལྟ་བུ་སྐྱེས་ཀྱང་འཁོར་བར་འཁྱམས་སོ། །དེ་སྐད་དུ་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་ནས། ཚངས་རིས་ལ་སོགས་བསམ་གཏན་ལྷུན་གྲུབ་ཀུན། །བདག་རྟོག་བག་ལ་ཉལ་བ་མ་སྤངས་པས། །ཤི་ནས་དམྱལ་བར་སྐྱེ་བ་ཆ་མེད་དམ། །ཞེས་སོ། །ཡང་དེ་ཉིད་བསམ་གཏན་ཡིན་པས་སེམས་ཀྱི་རྣམ་རྟོག་དང་དངོས་པོ་ལ་འཛིན་པ་ཆུང་ཞིང་སྤྱན་དང་མངོན་ཤེས་སྐྱེ་བས། ཉོན་མོངས་པ་མངོན་གྱུར་མགོ་གནོན་པ་ལས། ཡང་དག་པའི་ལྷག་མཐོང་མེད་པས་འཁོར་བ་ན་འཁོར་ཏེ། སྡུད་པ་ལས། བསམ་གཏན་གྱིས་ནི་འདོད་པའི་ཡོན་ཏན་སྨད་པར་འདོད། །རིགས་དང་མངོན་པར་ཤེས་དང་ཏིང་འཛིན་མངོན་པར་བསྒྲུབ། །ཤེས་རབ་ཀྱིས་ནི་ཆོས་ཀྱི་རང་བཞིན་ཡོངས་ཤེས་ནས། །ཁམས་གསུམ་མ་ལུས་པ་ལས་ཡང་དག་འདའ་བར་འགྱུར། །ཞེས་སོ། །

གཉིས་པ་མ་གོལ་བའི་བསམ་གཏན་ལ། དེ་ལྟར་འབྲས་བུ་ཆེ་བའི་སེམས་ཏིང་ངེ་འཛིན་གྱི་དགའ་བདེས་བརླན་པ་ལ་གནས་པའི་ཚེ། ཉན་རང་བྱང་ཆུབ་སེམས་དཔའ་གང་གི་ལམ་ལ་ཞུགས་པའི་ཐབས་ཀྱིས་ཟིན་པའི་ཏིང་ངེ་འཛིན་གསལ་ལ་མི་རྟོག་པའི་ངང་ལ་མཉམ་པར་བཞག་པས། ཇི་ཞིག་ན་རང་རང་གི་མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་སྔར་མ་མཐོང་བ་མངོན་སུམ་གྱིས་མཐོང་སྟེ། རབ་ཏུ་དགའ་བའི་ཏིང་ངེ་འཛིན་གྱི་སེམས་སྔོན་བས་འཕགས་པ་ཐོབ་ཀྱང་འཕགས་པའི་ཡེ་ཤེས་གོང་མ་ལ་ལྟོས་ན་ཆུང་ངུར་སྣང་བས་མི་ཆེ་བའི་ལྷའི་སེམས་སྐྱེའོ། །བྱང་ཆུབ་སེམས་དཔའ་ས་དང་པོ་རབ་ཏུ་དགའ་བའོ། །དེ་ལྟ་བུའི་སེམས་ལ་གོམས་པས། ཡང་གསལ་ལ་མི་རྟོག་པའི་སེམས་འཕགས་ལམ་བརྒྱད་ཀྱི་རྣམ་པ་ཅན་སྔོན་བས་(༩༦)འཕགས་པ་སྐྱེས་པས་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་གདུང་བ་དང་བྲལ་བས་མི་གདུང་བའི་སེམས་སོ། །དེའང་སྒོམ་ལམ་ཆུང་ངུ་གསུམ་སྟེ་བྱང་ཆུབ་སེམས་དཔའི་ས་གཉིས་པ་དྲི་མ་མེད་པ། གསུམ་པ་འོད་བྱེད་པ། བཞི་པ་འོད་འཕྲོ་བ་གསུམ་ཐོབ་པའོ། །དེ་ནས་ཡང་དེ་ཉིད་ལ་གོམས་པས་འཕགས་པའི་ཡེ་ཤེས་མཆོག་གཙོ་བོ་ཕུལ་དུ་ཕྱིན་པ་སྔར་མེད་གསར་དུ་ཐོབ་པ་ནི། གྱ་ནོམ་སྣང་བ་སྟེ་སྒོམ་ལམ་འབྲིང་གསུམ་མོ། །བྱང་ཆུབ་སེམས་དཔའི་ས་ལྔ་པ་ལ་སྦྱང་དཀའ་བ། དྲུག་པ་མངོན་དུ་གྱུར་པ། བདུན་པ་རིང་དུ་སོང་བའོ། །དེ་ནས་ཡང་དེ་ཉིད་ལ་གོམས་པས་སྔོན་བས་ཀྱང་འཕགས་པའི་ཡེ་ཤེས་ཤིན་ཏུ་རྣམ་པར་དག་པ་མཐོང་བས་ཤིན་ཏུ་མཐོང་བ་སྟེ་སྒོམ་ལམ་ཆེན་པོ་གསུམ་མོ། །བྱང་ཆུབ་སེམས་དཔའི་ས་བརྒྱད་པ་མི་གཡོ་བ། དགུ་པ་ལེགས་པའི་བློ་གྲོས། བཅུ་པ་ཆོས་ཀྱི་སྤྲིན་ནོ། །དེ་ནས་དེ་ཉིད་ལ་གོམས་པ་མཐར་ཕྱིན་པས་རང་རང་གི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་རྣམ་པར་དག་ནས་ཕུང་པོ་ལྷག་མ་དང་བཅས་པ་དང་། ཕུང་པོའི་ལུས་དེ་ཉིད་ཀྱང་མེད་པར་མྱ་ངན་ལས་འདས་པའི་སེམས་ཐོབ་པ་ནི་འོག་མིན་ཏེ། སྒྲིབ་པ་མེད་པ་དགྲ་བཅོམ་པའི་ས་ཐོབ་པའོ། །བྱང་ཆུབ་སེམས་དཔའ་རྣམས་མངོན་པར་བྱང་ཆུབ་པའི་ཡེ་ཤེས་འོག་མིན་དུ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་ནས། འཛམ་བུ་གླིང་བྱེ་བ་ཕྲག་བརྒྱར་སྤྲུལ་པ་བྱེ་བ་ཕྲག་བརྒྱས་སེམས་ཅན་གྱི་དོན་བྱེད་པར་འདོད་པའོ། །དེ་ཡང་ཉན་རང་འཕགས་པ་ཁ་ཅིག་ནི་གཙང་མ་རིས་ཀྱི་ལྷ་དེ་དག་ཏུ་སྐྱེ་བ་བཟུང་ནས་དགྲ་བཅོམ་པ་ཐོབ་པ་ཡང་ཡོད་ལ། ཁ་ཅིག་འདོད་པའི་རྟེན་ལས་དེ་དག་གི་སེམས་མངོན་དུ་བྱས་ནས་དགྲ་བཅོམ་པ་ཐོབ་པའོ། །བྱང་ཆུབ་སེམས་དཔའ་ནི་འདོད་པའི་རྟེན་ཁོ་ན་ལ་དེ་དག་གི་སེམས་མངོན་དུ་བྱས་ནས་རང་སྣང་རྣམ་པར་དག་པ་སངས་རྒྱས་པའི་ས་དེ་ཉིད་འོག་མིན་དུ་བྱས་ཏེ། སེམས་ཅན་གྱི་དོན་ལ་བྱང་ཆུབ་སེམས་དཔའ་ས་ཐོབ་པ་ཆེན་པོ་རྣམས་ལ་ལོངས་སྐུ་དང་། མ་དག་པའི་སྐྱེ་བོ་ལ་སྤྲུལ་སྐུའི་དོན་བྱེད་པར་འདོད་པའོ། །

གསུམ་པ་ཡང་དག་པའི་ལམ་དུ་འགྲོ་ཚུལ་བསྟན་པ་ནི། དེ་ལྟར་བསམ་གཏན་བཞི་དང་། གཟུགས་མེད་བཞི་དང་། འགོག་པའི་སེམས་རྩེ་གཅིག་པ་སྟེ་དགུ་པོ་ནི་ཐབས་ཁྱད་པར་ཅན་གྱིས་མ་ཟིན་ན་ནི་འཁོར་བའི་སེམས་ཏེ། ཡང་ཁམས་གསུམ་དུ་(༩༧)འཁོར་བ་ལས་གཞན་མེད་དོ། །ཟིན་ན་ཐར་པའི་ལམ་ཆུང་འབྲིང་ཆེ་གསུམ་དུ་འགྲོ་བའོ། །དེ་ཡང་རང་དོན་དུ་འཁོར་བ་ལས་གྲོལ་བར་འདོད་པའི་གང་ཟག་གིས་བདག་མེད་དང་། དེའི་སྟེང་དུ་ཕྱི་བཟུང་བ་རང་བཞིན་མེད་པར་རྟོགས་པའི་ཤེས་རབ་ཀྱིས་ཟིན་ན། ཉན་རང་གི་ལམ་དུ་ཞུགས་ཏེ་ཐེག་དམན་གྱི་བྱང་ཆུབ་གཉིས་མངོན་དུ་བྱེད་པའི་རྒྱུར་འགྱུར་རོ། །ཡང་སེམས་ཅན་ཐམས་ཅད་འཁོར་བ་ལས་གྲོལ་བར་འདོད་པའི་ཐབས་སྙིང་རྗེ་ཆེན་པོ་དང་། གང་ཟག་གི་བདག་ང་དང་ང་ཡིར་འཛིན་པ་ཆ་དང་བཅས་པ་དང་། ཆོས་ཀྱི་བདག་ཕྱི་གཟུང་ཡུལ་རྨི་ལམ་སྒྱུ་མ་ལྟར་སྣང་ལ་རང་བཞིན་གྱིས་མ་གྲུབ་པ་དང་། ནང་འཛིན་བྱེད་ཀྱི་ཤེས་པ་དུས་གསུམ་རྩ་བྲལ་དུ་ཤེས་པའི་ཤེས་རབ་དང་ལྡན་ན། བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུ་བྱེད་དོ། །དེའང་འདོད་པ་དང་བསམ་གཏན་བཞི་པའི་འབྲས་བུ་ཆེ་བ་མན་ཆད་དུ་ཚོགས་ལམ་ཆུང་འབྲིང་ཆེན་པོ་གསུམ་དུ་དྲན་པ་ཉེར་གཞག་བཞི་ཡང་དག་པར་སྤོངས་པ་བཞི། རྫུ་འཕྲུལ་གྱི་རྐང་པ་བཞི་རྫོགས་པར་བྱེད་ཅིང་། གཟུགས་མེད་བཞིའི་སེམས་ཀྱི་རྟེན་ལ་སྦྱོར་ལམ་མངོན་དུ་བྱེད་དེ། དེ་ཡང་དྲོད་རྩེ་མོ་གཉིས་སུ་དབང་པོ་ལྔ། བཟོད་པ་ཆོས་མཆོག་གཉིས་སུ་སྟོབས་ལྔ་རྫོགས་པར་བྱེད་དོ། །དེ་ནས་མི་ཆེ་བའི་སེམས་ཀྱི་རྟེན་ལ་རང་རང་གི་མཐོང་ལམ་དུ་བྱང་ཆུབ་ཀྱི་ལམ་ཡན་ལག་བདུན་མངོན་དུ་བྱེད་ཅིང་། མི་གདུང་བ། གྱ་ནོམ་སྣང་། ཤིན་ཏུ་མཐོང་བའི་སེམས་ཀྱི་རྟེན་གསུམ་ལ་སྒོམ་ལམ་དུ་འཕགས་པའི་ལམ་ཡན་ལག་བརྒྱད་མངོན་དུ་བྱས་པའི་མཐར། འོག་མིན་གྱི་སེམས་ལ་རང་རང་གི་དགྲ་བཅོམ་པའི་འབྲས་བུ་སངས་རྒྱས་མངོན་དུ་བྱས་ཏེ་སྟོབས་བཅུ། མི་འཇིགས་པ་བཞི། ཆོས་མ་འདྲེས་པ་བཅོ་བརྒྱད། བྱམས་པ་ཆེན་པོ། སྙིང་རྗེ་ཆེན་པོ་རྣམས་མངོན་དུ་གྱུར་ཏེ་སངས་རྒྱས་བྱང་ཆུབ་རིག་པ་གསུམ་བརྙེས་པར་འདོད་དོ། །འདི་དག་ནི་སེམས་ལམ་དུ་བྱེད་པ་རྣམས་ཀྱི་ས་མཚམས་དང་། ཏིང་ངེ་འཛིན་གྱི་གནད་གལ་པོ་ཆེ་སྟེ་འདིར་རྡོ་རྗེ་སྙིང་པོའི་ཐེག་པར་ཐེག་པ་ཐམས་ཅད་ཀྱི་དོན་རྫོགས་པར་འཆད་པས་མཐོ་དམན་གྱི་ཁྱད་པར་ཤེས་པའི་དོན་དུ་བསྟན་པའོ། །


previousདོན་བཞི་པ། མ་དག་པ་སེམས་ཅན་གྱི་འཁྲུལ་ཚུལ་བསྟན་པ།next