Nitartha Digital Library
Tibetan
གསུང་འབུམ་པོད་བདུན་པ། དྲང་ངེས་སོགས།

1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


 collapse section
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
གཉིས་པ་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་ལུགས།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 expand section
  
  
expand section


1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previousགཉིས་པ་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་ལུགས།next

གཉིས་པ་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་ལུགས།

གཉིས་པ་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་ལུགས་ནི།

རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པས་གཞིའི་རྣམ་བཞག་མང་པོ་སེམས་ཙམ་དང་སྒོ་བསྟུན་ནས་ཕྱི་དོན་མ་གྲུབ་པ་དང་རང་རིག་འདོད་པའི་དབུ་མ་རང་རྒྱུད་པའོ། །རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་མཚན་ཉིད་ནི། བསྟན་པ་སྤྱི་འགྲེལ་གྱི་རྣམ་བཤད་ལས། ཡང་དག་ཀུན་རྫོབ་ཙམ་དུ་ཡང་ཕྱི་རོལ་གྱི་དོན་གྲུབ་པ་མེད་ཀྱི་ཕྱི་རོལ་དོན་དུ་སྣང་བ་ཐམས་ཅད་སེམས་ཙམ་གྱི་བདག་ཉིད་དམ་སེམས་ཀྱི་སྣང་བ་ཙམ་ཡིན་ཞེས་འདོད་པའི་དབུ་མ་རང་རྒྱུད་པ་ལ་རྣལ་འབྱོར་སྤྱོད་པའི་དབུ་མ་བ་ཞེས་བཤད་དོ། །དེ་ནི་སློབ་དཔོན་ཞི་བ་འཚོ། སེང་བཟང་ལ་སོགས་པའོ། །ཞེས་གསུངས་སོ། །མདོ་དགོངས་འགྲེལ་ལས། མཚན་ཉིད་ངོ་བོ་ཉིད་མེད་པ་དང། སྐྱེ་བ་ངོ་བོ་ཉིད་མེད་པར་གསུངས་པའི་དོན་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་འདོད་པ་བཞིན་དུ་དབུ་མ་སྣང་བར་བཀྲལ་བ་ཞི་བ་འཚོས་ཀྱང་བཞེད་པ་ཡིན་པས་ཐ་སྙད་དུ་རང་གི་མཚན་ཉིད་ཀྱིས་གྲུབ་པར་བཞེད་ཀྱང་རང་བཞིན་གྱིས་གྲུབ་པའི་ཆོས་ཁས་མི་ལེན་པའོ། །རྒྱ་ནག་ཝེན་ཚེག་གི་འགྲེལ་ཆེན་ལས། རྒྱ་གར་ཡུལ་པའི་སློབ་དཔོན་དག་གིས་བཤད་པ་རྣམ་པ་གཉིས་ཡོད་དེ་དང་པོ་ནི་སློབ་དཔོན་བྷ་བྱ་ལ་སོགས་པས་འདི་སྐད་དུ་ཆོས་ཀྱི་འཁོར་ལོ་རྣམ་པ་གསུམ་ལས་བདེན་པ་བཞི་ནི་དང་པོ་ཡིན་ནོ། །དགོངས་པ་ཟབ་མོ་ངེས་པར་འགྲེལ་པ་ལ་སོགས་པ་ནི་གཉིས་པ་ཡིན་ཏེ། ཆོས་ཀྱི་མཚན་ཉིད་སྟོན་པའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་རྣམས་ནི་གསུམ་པ་ཡིན་ཏེ་དམིགས་སུ་མེད་པ་སྟོན་པའི་ཕྱིར་རོ་ཞེས་བཤད་དེ། ཞེས་པ་རང་ལུགས་ལ་འཐད་མིན་དཔྱད་པར་བྱའོ། ། ཐ་སྙད་དུ་ཕྱི་རོལ་གྱི་དོན་ཡོད་དམ་མེད་ཅེ་ན། དབུ་མ་རྒྱན་གྱི་རང་འགྲེལ་ལས། གང་དག་གིས་རྒྱུ་དང་འབྲས་བུའི་དངོས་པོ་དམ་བཅས་པས་རྒོལ་བ་ངན་པ་ཐམས་ཅད་ཀྱིས་ལན་བཏབ་པར་འདོད་པའི་ཀུན་རྫོབ་པའི་དངོས་པོ་དོན་གང་ཡིན་པ་དེ་དཔྱད་པར་བྱའོ། །ཅི་སེམས་དང་སེམས་ལས་བྱུང་བ་ཙམ་གྱི་བདག་ཉིད་ཁོ་ནའམ་ཅི་ཕྱིའི་བདག་ཉིད་ཀྱང་ཡིན་ཞེ་ན། དེ་ལ་ཁ་ཅིག་ནི་ཕྱོགས་ཕྱི་མ་ལ་བརྟེན་ཏེ། བསྟན་བཅོས་སེམས་ཙམ་ཞེས་གསུངས་པ། །བྱེད་པོ་ཟ་པོ་དགག་ཕྱིར་རོ། །ཞེས་ཇི་སྐད་བརྗོད་པ་ལྟ་བུའོ། །གཞན་དག་སེམས་པ་ནི། རྒྱུ་དང་འབྲས་བུར་གྱུར་པ་ཡང༌། །ཤེས་པ་འབའ་ཞིག་ཁོ་ན་སྟེ། །རང་གིས་གྲུབ་པ་གང་ཡིན་པ། །དེ་ནི་ཤེས་པར་གནས་པ་ཡིན། །ཞེས་དབུ་མ་སྙིང་པོའི་ལུང་དྲངས་ནས་ཕྱི་རོལ་བཞེད་པའི་ལུགས་བཞག་པའོ། །གཞན་དག་སེམས་ཞེས་པ་ནི་རང་གི་བཞེད་པའོ། །མདོ་གང་ལ་བརྟེན་ནས་དེ་ལྟར་མཛད་པ་ཡང་གཞུང་དེའི་རང་འགྲེལ་ལས། དེ་ལྟར་བྱས་ན་སྟུག་པོ་བཀོད་པ་དང་དགོངས་པ་ངེས་པར་འགྲེལ་པ་ལ་སོགས་པ་ལས་འབྱུང་བ་ཐམས་ཅད་དང་མཐུན་པ་ཡིན་ནོ། །ལང་ཀར་གཤེགས་པ་ལས་ཀྱང༌། ཕྱི་རོལ་གཟུགས་ནི་ཡོད་མིན་ཏེ། །རང་གི་སེམས་ནི་ཕྱི་རོལ་སྣང༌། །ཞེས་བསྟན་པ་འདི་ཡང་ལེགས་པར་བཤད་པ་ཡིན་ནོ་སྙམ་དུ་སེམས་སོ། །ཞེས་གསུངས་པ་ལྟར་རོ། །ཕྱི་དོན་ཐ་སྙད་དུ་མེད་པར་ཞི་འཚོས་རྒྱས་པར་གསར་དུ་བཤད་པར་འདོད་པ་ཡོད་མོད་དེའི་སྔ་རོལ་ནས་ཀླུ་སྒྲུབ་དང་ཐོགས་མེད་སྐུ་མཆེད་དང་ཕྱོགས་གླང་ཡབ་སྲས་ཀྱིས་རྒྱས་པར་བཤད་ཡོད་པར་སྣང་ངོ། ། རི་ཆོས་སོགས་ཀྱི་སྐབས་སུ་གསུང་ཚུལ་ལ་གཞིག་ན་སེམས་ཙམ་ཞེས་པ་ཕྱི་དོན་མ་གྲུབ་པར་རྣམ་ཤེས་བདེན་གྲུབ་ལ་བྱེད་པ་དང༌། ཆོས་རྣམས་སེམས་ཀྱི་བདག་ཉིད་དུ་གྲུབ་པ་ལ་བྱེད་པ་གཉིས་ལས་ཕྱི་མ་ལྟར་ལུགས་འདིར་བཞེད་དོ། །རྣམ་རིག་པའི་ཚུལ་ལ་བརྟེན་ནས་གང་ཟག་གི་བདག་དང་བདག་གི་བ་དང་གཟུང་འཛིན་རྒྱང་ཆད་ལ་སོགས་པ་རང་བཞིན་མེད་པར་རྟོགས་ལ། བློ་གྲོས་ཆེ་བ་དང་བརྩོན་པ་ལྷག་པར་ཆེ་བས་སེམས་ཡང་གཅིག་དང་དུ་མའི་རང་བཞིན་གྱིས་བརྟགས་པ་ན་དོན་དམ་པར་སྙིང་པོ་མི་མཐོང་བས་དོན་དམ་པར་མཐའ་ཐམས་ཅད་སྤངས་པ་དབུ་མའི་ཚུལ་རྟོགས་ནུས་ཏེ། དབུ་མ་རྒྱན་ལས། སེམས་ཙམ་ལ་ནི་བརྟེན་ནས་སུ། །ཕྱི་རོལ་དངོས་མེད་ཤེས་པར་བྱ། །ཚུལ་འདིར་བརྟེན་ནས་དེ་ལ་ཡང༌། །ཤིན་ཏུ་བདག་མེད་ཤེས་པར་བྱ། །ཞེས་གསུངས་སོ། །འདི་ཡང་ལང་ཀར་གཤེགས་པ་ལས། རྒྱུ་དང་རྐྱེན་ནི་རྣམ་ལོག་དང༌། །རྒྱུ་ཡང་ངེས་པར་བཀག་པ་དང༌། །སེམས་ཙམ་རྣམ་པར་བཞག་པ་ནི། །སྐྱེ་བ་མེད་པར་ངས་བཤད་དོ། །དངོས་པོ་རྣམས་ཀྱི་ཕྱི་དངོས་མེད། །སེམས་ཀྱང་ཡོངས་སུ་བཟུང་མ་ཡིན། །ལྟ་བ་ཐམས་ཅད་སྤང་བའི་ཕྱིར། །སྐྱེ་བ་མེད་པའི་མཚན་ཉིད་དོ། །ཞེས་གསུངས་པས་བསྟན་ལ། ཚིགས་བཅད་སྔ་མས་རྣམ་པར་རིག་པ་ཙམ་གྱི་ཚུལ་གྱི་སྐྱེ་མེད་དང༌། གཉིས་པས་དབུ་མ་པའི་ལུགས་ཀྱི་སྐྱེ་མེད་བསྟན་པའོ། །ཐ་སྙད་དུ་ཕྱི་རོལ་གྱིས་སྟོང་པས་རྣམ་པར་རིག་པ་ཙམ་གྱི་ཚུལ་དང༌།དོན་དམ་པར་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའི་ཚུལ་འདི་གཉིས་ཀྱི་སྒོ་ནས་ཐེག་པ་ཆེན་པོ་འཐོབ་པར་བྱེད་དེ། དེ་ཉིད་ལས། ཚུལ་གཉིས་ཤིང་རྟ་ཞོན་ནས་སུ། །རིགས་པའི་སྲབ་སྐྱོགས་འཇུ་བྱེད་པ། །དེ་དག་དེ་ཕྱིར་ཇི་བཞིན་དོན། །ཐེག་པ་ཆེན་པོ་པ་ཉིད་འཐོབ། །ཅེས་སོ། །འོ་ན་ཐ་སྙད་དུ་ཕྱི་རོལ་མེད་པའི་ཚུལ་འདི་མགོན་པོ་ཀླུ་སྒྲུབ་ཀྱི་དགོངས་པར་འཆད་དགོས་ན་དེའི་གཞུང་གང་གིས་བསྟན་པར་འདོད་ཅེ་ན། དབུ་མ་རྒྱན་ལས། འདིར་ཡང་གསུངས་པ།འདི་ལ་སྐྱེ་བ་ཅི་ཡང་མེད། །འགག་པ་འགྱུར་བའང་ཅི་ཡང་མེད། །སྐྱེ་བ་དང་ནི་འགག་པ་དག །ཤེས་པ་འབའ་ཞིག་ཁོ་ནའོ། །འབྱུང་བ་ཆེ་ལ་སོགས་བཤད་པ། །རྣམ་པར་ཤེས་སུ་ཡང་དག་འདུ། །དེ་ཤེས་པས་ནི་འབྲལ་འགྱུར་ན། །ལོག་པར་རྣམ་བརྟགས་མ་ཡིན་ནམ། །ཞེས་པ་འདི་དྲངས་ནས་ཕྱི་དོན་མེད་པར་སྒྲུབ་སྟེ། ཚིགས་བཅད་ཕྱི་མ་འདི་རིགས་པ་དྲུག་ཅུ་པ་ལས་གསུངས་སོ། །ཚིགས་བཅད་དང་པོས་སེམས་ཙམ་དུ་བསྟན་པ་ལ་འབྱུང་བ་འབྱུང་འགྱུར་བཤད་པ་ཇི་ལྟར་ཡིན་ཞེ་ན། ཕྱི་མས་དེ་གཉིས་རྣམ་ཤེས་དེ་དག་ཏུ་སྣང་བ་ལ་བཞག་པས་རྣམ་ཤེས་སུ་འདུའོ། །རྣམ་ཤེས་སམ་ཕྱི་དོན་ཡིན་ཡང་རུང་དོན་དམ་པར་ཡོད་དོ་ཞེ་ན་ཡང་དག་པའི་ཡེ་ཤེས་ལ་མི་སྣང་བས་ལོག་པར་བརྟགས་པའོ། །འགྲེལ་བཤད་ལས་ཚིགས་བཅད་དང་པོ་ལང་གཤེགས་ལས་དྲངས་པར་བཤད་དོ། ། ཀླུ་སྒྲུབ་ཀྱིས་ཕྱི་དོན་མེད་པ་གཞན་ཡང་གསལ་བར་གསུངས་ཏེ། བྱང་ཆུབ་སེམས་འགྲེལ་ལས། གཟུང་དང་འཛིན་པའི་ངོ་བོ་ཡིས། །རྣམ་ཤེས་སྣང་བ་གང་ཡིན་པ། །རྣམ་ཤེས་ལས་ནི་ཐ་དད་པར། །ཕྱི་རོལ་དོན་ནི་འགའ་ཡང་མེད། །དེ་ཕྱིར་དངོས་པོའི་ངོ་བོར་ནི། །ཕྱི་རོལ་རྣམ་པ་ཀུན་ཏུ་མེད། །རྣམ་ཤེས་སོ་སོར་སྣང་བ་འདི། །གཟུགས་ཀྱི་རྣམ་པར་སྣང་བར་འགྱུར། །ཞེས་སོགས་ཀྱིས་ཕྱི་དོན་མེད་པར་གསལ་བར་གསུངས་སོ། །རང་རིག་ཐ་སྙད་དུ་འཇོག་ལ། ཀུན་གཞི་འཇོག་མི་འཇོག་གི་ཚུལ་གསལ་བར་མ་བཤད་ཀྱང་མི་བཞེད་པའི་ཕྱོགས་སུ་མངོན་ཞེས་རྗེ་ཙོང་ཁ་བས་དྲང་ངེས་ན་གསུངས་ཀྱང་ཞི་བ་འཚོའི་གཞུང་ན་ཀུན་གཞི་གསལ་བར་བཤད་པ་མ་མཐོང་ཡང་ཀུན་གཞི་བཞེད་དགོས་པ་འདྲ་སྟེ། ཕྱི་དོན་མེད་པ་སོགས་གཞིའི་རྣམ་བཞག་སེམས་ཙམ་པ་དང་སྒོ་བསྟུན་ནས་ལང་གཤེགས་སོགས་ཀྱི་དོན་བཤད་པས་གྲུབ་པས་སོ། །འཇུ་མི་ཕམ་གྱིས་དབུ་མ་རྒྱན་འགྲེལ་ལས་བཞེད་དགོས་པར་བཤད་དོ། །འཕགས་པ་རྣམ་གྲོལ་སྡེའི་ཉི་ཁྲི་སྣང་བ་ལས། སློབ་དཔོན་བཟང་སྐྱོང་གིས་སྐབས་སུ་བབ་པ་ཀུན་གཞིའི་རྣམ་པར་ཤེས་པ་ལ་སོགས་པའི་ཤེས་བྱ་རྣམ་པ་བཅུའི་བསྡུས་པའི་སྙིང་པོ་ཡིན་པའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ་ཞེས་བྱ་བ་འདི་ནི་ཤིན་ཏུ་ཆེས་ལེགས་ཏེ། ཞེས་གསུངས་པས་འདོད་པ་འདྲའོ། །འཕགས་སེང་གི་གཞུང་ལུགས་བོད་དུ་འགྱུར་བ་ཕལ་ཆེར་ཤེར་ཕྱིན་གྱི་མདོའི་འགྲེལ་བ་ཡིན་པས་ཤེར་ཕྱིན་གྱི་མདོ་ན་ཀུན་གཞི་ཡོད་མེད་གང་ཡང་གསུངས་པ་མེད་ལ། ཀུན་གཞི་ནི་འཁོར་ལོ་ཐ་མ་དང་སྔགས་བླ་མེད་ན་གསལ་བར་གསུངས་པའོ། ། ལུགས་འདིས་མདོ་སྡེ་དགོངས་འགྲེལ་གྱི་དོན་སེམས་ཙམ་པ་རྣམས་ཀྱིས་བཤད་པ་དེ་བཞིན་དུ་བཞེད་དམ་ཞེ་ན། ཀ་མ་ལ་ཤཱི་ལའི་དབུ་མ་སྣང་བ་ལས། སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་མཐའ་གཉིས་སུ་ལྷུང་བའི་བློས་དོན་དམ་པའི་ཚུལ་གྱི་རྒྱ་མཚོ་མཐའ་གཉིས་དང་བྲལ་བ་ཤིན་ཏུ་ཟབ་མོ་ལ་མི་འཇུག་པས་དེའི་དོན་དུ་བཅོམ་ལྡན་འདས་ཀྱིས་སྐྱེ་བ་མེད་པ་ལ་སོགས་པ་བསྟན་པ་དོན་དམ་པའི་དབང་དུ་མཛད་པ་ཁོ་ནར་བརྗོད་ཅིང༌། ངོ་བོ་ཉིད་མེད་པ་རྣམ་པ་གསུམ་གྱི་དགོངས་པ་བསྟན་པས་དབུ་མའི་ལམ་མཐའ་གཉིས་དང་བྲལ་བ་རབ་ཏུ་བསྟན་པའི་ཕྱིར་ངེས་པའི་དོན་ཁོ་ན་གཞུང་འཛུགས་པར་མཛད་པ་ཡིན་ནོ། །དབུ་མ་པ་རྣམས་ཀྱང་ངོ་བོ་ཉིད་གསུམ་རྣམ་པར་བཞག་པ་ཁས་མི་ལེན་པ་ནི་མ་ཡིན་ཏེ། ཞེས་དགོངས་འགྲེལ་གྱིས་ངོ་བོ་ཉིད་མེད་པ་གསུམ་གྱི་དགོངས་པ་བསྟན་པའི་སྒོ་ནས་ཡུམ་གྱི་མདོ་ལ་སོགས་པ་ངེས་པའི་དོན་ཡིན་པའི་གཞུང་འཛུགས་པར་བཤད་ལ། དེ་ཡང་ཀུན་རྫོབ་པའི་ངོ་བོ་ཉིད་ལ་སྐུར་བ་འདེབས་པ་དང༌། ཐ་སྙད་དུ་མེད་པ་རྟག་པ་ལ་སོགས་པའི་དངོས་པོ་དང་གཟུགས་ལ་སོགས་པ་ཇི་ལྟར་སྣང་བ་དེ་བཞིན་དུ་ཡོད་པར་སྒྲོ་འདོགས་པ། དོན་དམ་པ་ལ་མི་འཇུག་པ་དེ་དག་གི་སྒྲོ་འདོགས་དང་སྐུར་འདེབས་ཀྱི་འཛིན་པ་བསལ་བའི་ཆེད་དུ་ཡིན་ཏེ། སྐྱེ་བ་མེད་པ་ལ་སོགས་པ་གསུངས་པ་སྒྲ་ཇི་བཞིན་པ་བཀག་པས་ནི་སྐྱེ་འགག་མེད་པ་ལ་སོགས་པ་བསྟན་པ་དོན་དམ་པའི་དབང་དུ་བྱས་པར་བསྟན་ལ། དེས་ནི་ཐ་སྙད་དུ་སྐྱེ་འགག་སོགས་ཡོད་པར་འདོད་དགོས་པས་སྐུར་འདེབས་ཀྱི་མཐའ་སེལ་བའོ། །གཞན་དབང་རྒྱུ་རྐྱེན་གཞན་གྱི་དབང་གིས་སྐྱེ་བ་ལས་བདག་ཉིད་ཁོ་ནས་མི་སྐྱེ་བས་སྐྱེ་བ་ངོ་བོ་ཉིད་མེད་པར་བཤད་པ་ནི་མཁས་པ་རྣམས་བརྟེན་ནས་འབྱུང་བ་གང་ཡིན་པ་དེ་རང་བཞིན་གྱིས་སྟོང་པ་ཉིད་ཡིན་པར་འདོད་པས། མ་དྲོས་པས་ཞུས་པའི་མདོ་ལས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །ཞེས་རྐྱེན་ལས་སྐྱེས་པ་རང་བཞིན་གྱིས་མ་སྐྱེས་པར་བསྟན་པ་དང་འདྲ་བས་དབུ་མ་སྣང་བར་དྲངས་སོ། །དེས་ན་རྒྱུ་རྐྱེན་ལས་སྐྱེ་བས་གཞན་དབང་དོན་དམ་པར་ཡོད་མི་དགོས་ཏེ། གལ་ཏེ་དགོས་ན་སྒྱུ་མ་ལ་སོགས་པའི་རྫུན་པའི་ཆོས་རྣམས་ཀྱང་བདེན་པའི་དངོས་པོར་འགྱུར་རོ། །དེས་ན་བདེན་པར་མེད་པ་སྒྱུ་མ་དང་ཁྱད་པར་མེད་པ་ལ་དགོངས་ནས་མདོ་སྡེ་དགོངས་འགྲེལ་ལས་གཞན་དབང་སྒྱུ་མ་བཞིན་ཡིན་པར་གསུངས་སོ། །དེ་ལྟ་བས་ན་དེ་ལ་མི་རྟག་པ་ལ་སོགས་པ་དོན་དམ་པར་ཡོད་པར་བཟུང་བའི་དོན་ནི་ཀུན་བཏགས་ཡིན་ལ། དེ་ཡང་ཇི་ལྟར་བཏགས་པ་བཞིན་མ་གྲུབ་པས་ཀུན་བཏགས་མཚན་ཉིད་ངོ་བོ་ཉིད་མེད་པར་གསུངས་ཏེ་འདིས་སྒྲོ་འདོགས་སེལ་བའོ། །དགོངས་འགྲེལ་ལས་ཀུན་བཏགས་རང་གི་མཚན་ཉིད་ཀྱིས་གྲུབ་པ་མེད་པས་མཚན་ཉིད་ངོ་བོ་ཉིད་མེད་པར་བཤད་ཅིང༌། ངོ་བོ་ཉིད་གཞན་གཉིས་རང་གི་མཚན་ཉིད་ཀྱིས་མ་གྲུབ་པའི་མཚན་ཉིད་ངོ་བོ་ཉིད་མེད་པར་མ་གསུངས་པ་ནི། ངོ་བོ་ཉིད་གཞན་གཉིས་དོན་དམ་པར་མ་གྲུབ་པ་ཉིད་ཀུན་བཏགས་རང་གི་མཚན་ཉིད་ཀྱིས་གྲུབ་པའི་མཚན་ཉིད་ངོ་བོ་ཉིད་མེད་པར་བཤད་པའི་དོན་དུ་འདི་བས་འདོད་ཅིང། དོན་དམ་པར་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་མཚན་ཉིད་ངོ་བོ་ཉིད་མེད་པའི་གནད་ཡིན་པས་སྒྲོ་འདོགས་སྤོང་ལ། ཐ་སྙད་དུ་རང་གི་མཚན་ཉིད་ཀྱིས་གྲུབ་པའི་མཚན་ཉིད་ཀྱི་ངོ་བོ་ཉིད་ལུགས་འདི་ལ་ཡོད་པས་སྐུར་འདེབས་སྤོང་བ་ཡིན་ལ། དེས་ན་གཞན་དབང་རང་གི་མཚན་ཉིད་ཀྱིས་མ་གྲུབ་ན་རྒྱུ་འབྲས་ལ་སྐུར་འདེབས་སུ་འགྲོ་བ་སེམས་ཙམ་པ་དང་འདྲ་ལ། སེམས་ཙམ་དང་མི་འདྲ་བའི་ཁྱད་པར་ནི་འདི་བས་དོན་དམ་པར་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་འདོད་ལ་སེམས་ཙམ་པས་རང་གི་མཚན་ཉིད་ཀྱིས་གྲུབ་ན་དོན་དམ་པར་ཡོད་དགོས་པར་འདོད་པའོ། །གཞན་ཡང་དབུ་མ་སྣང་བར། གལ་ཏེ་དེ་ལྟ་ཡིན་ན། འོ་ན་ཇི་ལྟར་བཅོམ་ལྡན་འདས་ཀྱིས་འཕགས་པ་དགོངས་པ་ངེས་པར་འགྲེལ་བ་ལས་ངོ་བོ་ཉིད་གསུམ་པོ་ངོ་བོ་ཉིད་མེད་པ་རྣམ་པ་གསུམ་ལ་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་བསྟན་ཞེ་ན། ཞེས་དྲིས་པའི་ལན་དུ་དེ་ལས། འདི་ནི་ཉེས་པ་མེད་དེ། ཞེས་པ་ནས། དེ་ནི་དོན་དམ་པ་ལ་དགོངས་ནས་བསྟན་པའི་ཕྱིར་མཐོང་བ་ལ་སོགས་པ་དང་འགལ་བ་ཡང་མ་ཡིན་ལ། སྒྲ་ཇི་བཞིན་དུ་ཡོངས་སུ་རྟོག་པ་མ་ཡིན་ནོ། །དེའི་ཕྱིར་དགོངས་པ་བསྟན་པ་ཡང་ངེས་པའི་དོན་ཉིད་དུ་འགལ་བར་མི་བྱེད་དོ། །དེ་ཉིད་ཀྱི་ཕྱིར་སྐྱེ་བ་མེད་པ་ལ་སོགས་པ་བསྟན་པ་ངེས་པའི་དོན་ཉིད་དུ་བསྒྲུབ་པའི་ཕྱིར་དང༌། མཐོང་བ་ལ་སོགས་པ་དང་འགལ་བ་བསལ་བའི་ཕྱིར་དང༌། སྒྲ་ཇི་བཞིན་དུ་རྟོག་པ་བསལ་བའི་ཕྱིར། འཕགས་པ་དགོངས་པ་ངེས་པར་འགྲེལ་བ་དེ་ཉིད་ལས།དོན་དམ་ཡང་དག་འཕགས་གཞན་ཡང༌། ངས་དོན་དམ་པ་ངོ་བོ་ཉིད་མེད་པ་ཆོས་བདག་མེད་པས་རབ་ཏུ་ཕྱེ་བ་ལས་ཀྱང་དགོངས་ཏེ། ཆོས་ཐམས་ཅད་མ་སྐྱེས་པ་དང༌། ཆོས་ཐམས་ཅད་མ་འགགས་ཞེས་སོགས་ཀྱིས་ཆོས་བདག་མེད་པའི་དོན་དམ་ངོ་བོ་ཉིད་མེད་པ་ལ་དགོངས་ནས་མ་སྐྱེས་པ་སོགས་གསུངས་པ་ལ་དྲངས་སོ། །དེའི་ཕྱིར་ཞེས་པ་ནི། དགོངས་འགྲེལ་ལས་དོན་དམ་པ་ཡང་ཡིན་ལ་ཆོས་རྣམས་ངོ་བོ་ཉིད་མེད་པས་རབ་ཏུ་ཕྱེ་བ་ཡང་ཡིན་པས་དོན་དམ་པ་ངོ་བོ་ཉིད་མེད་པར་གསུངས་པའི་ངོ་བོ་ཉིད་མེད་པ་འདིས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཁོ་ན་ཡིན་པའི་ཕྱིར་ཞེས་པ་ལ་བཤད་དོ། །འདིས་ནི་ངོ་བོ་ཉིད་མེད་པ་སོགས་གསུངས་པའི་དགོངས་པ་དགོངས་འགྲེལ་གྱིས་བཀྲལ་ཏེ་སྒྲ་ཇི་བཞིན་པར་འཛིན་པ་བཀག་ནས་ངེས་དོན་དུ་སྒྲུབ་པར་བཤད་དོ། །དབུ་མ་པས་དོན་དམ་པར་སྐྱེ་བ་མེད་པ་ལ་སོགས་པ་ཁས་ལེན་ཅིང་ཀུན་རྫོབ་པའི་སྐྱེ་བ་ལ་སོགས་པ་འདོད་པས་སྐྱེ་བ་མེད་པ་ལ་སོགས་པ་བསྟན་པ་ལ་སྒྲ་ཇི་བཞིན་དུ་མི་ཞེན་ཞེས་གསུངས་པས། སྐྱེ་འགག་ལ་སོགས་པ་ཡེ་མེད་དུ་འཛིན་པ་སྒྲ་ཇི་བཞིན་པར་འཛིན་པ་ཡིན་གྱི། དེ་དག་དོན་དམ་པར་མེད་པར་འདོད་པ་ནི་སྒྲ་ཇི་བཞིན་པར་འཛིན་པ་མིན་པའི་ལུགས་སོ། །གལ་ཏེ་དེ་ལྟར་ཡིན་ན་ངོ་བོ་ཉིད་མེད་པ་དང་སྐྱེ་བ་མེད་པ་སོགས་བཤད་པའི་འཁོར་ལོ་གཉིས་པ་དྲང་དོན་དུ་མདོ་འདིས་བཤད་པ་འགལ་ཏེ། དེ་དག་མདོ་འདིས་ངེས་དོན་དུ་སྒྲུབ་པ་ཡིན་པའི་ཕྱིར་རོ་ཞེ་ན། དྲང་དོན་དུ་གསུངས་པའི་མདོ་དང་དགོངས་པ་བསྟན་ནས་ངེས་དོན་དུ་སྒྲུབ་པའི་མདོ་གཉིས་མདོ་གཅིག་ཡིན་ན་འགལ་མོད་ཀྱང་འཁོར་ལོ་བར་པ་ཙམ་དུ་གཅིག་པ་ཡིན་གྱི་མདོ་གཅིག་མ་ཡིན་ལ། དེ་ཡང་ཤེས་རབ་སྙིང་པོའི་མདོའི་ནང་དུ་དོན་དམ་པ་དང་བདེན་པའི་ཁྱད་པར་གསལ་བར་མ་སྦྱར་བར་གཟུགས་མེད་ཅེས་པ་ལ་སོགས་པ་བསྟན་པ་ནི། ཇི་ལྟར་བསྟན་པ་དེ་ཙམ་གྱིས་སྒྲ་ཇི་བཞིན་པར་གཟུང་དུ་མི་རུང་བས་གཞན་དུ་དྲངས་དགོས་པས་དྲང་དོན་ནོ། །འདྲེན་ལུགས་ནི་མིག་དང་རྣ་བ་ལ་སོགས་པ་དོན་དམ་པར་མེད་ཀྱི་ཐ་སྙད་དུ་མེད་པ་མིན་པས་དོན་དམ་པ་ལ་སོགས་པའི་ཁྱད་པར་སྦྱར་དགོས་ཞེས་པ་ཡིན་ནོ། །དེ་ལྟར་བྱས་ན་ཤེར་ཕྱིན་འབུམ་པ་ལྟ་བུ་དགག་བྱ་ལ་དོན་དམ་པ་ལ་སོགས་པའི་ཁྱད་པར་སྦྱར་བ་རྣམས་སྒྲ་ཇི་བཞིན་པའི་ངེས་དོན་དུ་གྲུབ་ཅེས་པའི་དོན་ཡིན་པས། འཁོར་ལོ་གཉིས་པ་དྲང་དོན་དུ་གསུངས་པ་དེ་ཆོས་འཁོར་གཉིས་པ་ཐམས་ཅད་མིན་པར་མདོ་ཚིག་སྒྲས་ཟིན་ཁས་ལེན་མི་ཐུབ་པ་རྣམས་སོ། །འདི་ཡང་དགོངས་འགྲེལ་ལས་ངོ་བོ་ཉིད་དང་སྐྱེ་འགག་སོགས་མེད་པར་གསུངས་པ་ལ་དེ་ཁོ་ནའོ་སྙམ་དུ་འཛིན་པའི་སྒྲ་ཇི་བཞིན་པར་འཛིན་པ་བཀག་ཀྱང༌། དོན་དམ་པར་ངོ་བོ་ཉིད་མེད་པ་སོགས་སུ་འཛིན་པ་སྒྲ་ཇི་བཞིན་པར་འཛིན་པའི་དོན་དུ་བྱས་ནས་དེ་འགོག་པ་མ་གསུངས་ལ། གོང་འོག་བསྒྲིགས་ན་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ངོ་བོ་དང་སྐྱེ་འགག་སོགས་མེད་པར་འཛིན་པ་སྒྲ་ཇི་བཞིན་པར་འཛིན་པ་ཡིན་ཀྱང༌། མདོ་འདིར་རང་གི་མཚན་ཉིད་ཀྱིས་མ་གྲུབ་པས་མཚན་ཉིད་ངོ་བོ་ཉིད་མེད་པར་བཤད་པ་དོན་དམ་པར་ཡོད་པ་བཀག་པ་ལ་བཞེད་ཅིང༌། ཐ་སྙད་དུ་རང་གི་མཚན་ཉིད་ཀྱིས་གྲུབ་པ་བཞེད་པའི་གནད་ཀྱིས་དེ་ལྟར་འཆད་ཅེས་རྗེ་བདག་ཉིད་ཆེན་པོས་བཞེད་མོད་རང་ལུགས་ལ་དགག་བྱའི་ཁྱད་པར་མ་སྦྱར་ཀྱང་རུང་བའོ། །མདོར་བསྡུ་ན་ཐེག་པ་ཆེན་པོར་ཞུགས་པ་ལ་འཁོར་ལོ་གཉིས་པ་གསུངས་པ་དེར་དགག་བྱ་ལ་དོན་དམ་པའི་ཁྱད་པར་སྦྱར་བ་དང་མ་སྦྱར་བ་གཉིས་བྱུང་བའི་ཕྱི་མའི་མདོ་ནས་འབྱུང་བ་བཞིན་སྒྲ་ཇི་བཞིན་པར་མི་གཟུང་བར་སྔ་མ་ནས་འབྱུང་བ་བཞིན་སྐྱེ་འགག་ལ་སོགས་པ་དོན་དམ་དུ་མེད་ཅིང་ཐ་སྙད་དུ་ཡོད་པར་ཤེས་པར་གྱིས་ཤིག་ཅེས་དགོངས་འགྲེལ་གྱིས་འགྲེལ་པས་བསྟན་ཏོ། ། དགོངས་འགྲེལ་ནི་ཡུམ་འབུམ་པ་ལྟ་བུ་རྣམས་ངེས་དོན་དུ་གཞུང་འཛུགས་པའི་མདོར་བཞེད་དོ། །གལ་ཏེ་རྣལ་འབྱོར་སྤྱོད་པ་པའི་མཚན་ཉིད་གསུམ་གྱི་འཇོག་ལུགས་མདོ་འདིའི་དོན་མིན་ན་མདོ་གང་གི་ཡང་དོན་མིན་པར་བཞེད་དམ་སྙམ་ན། དབུ་མ་སྣང་བ་ལས་དགོངས་འགྲེལ་དང་ལང་གཤེགས་དང་རྒྱན་སྟུག་པོ་བཀོད་པ་སོགས་ལས་ཕྱི་རོལ་བཀག་ནས་སེམས་ཙམ་གྱི་ལུགས་སུ་བསྒྲུབས་པའི་སྐབས་འགའ་ཞིག་ཏུ་སེམས་ལ་རང་བཞིན་མ་བཀག་པ་ནི། ཆོས་ཐམས་ཅད་རང་བཞིན་མེད་པ་ཅིག་ཅར་དུ་རྟོགས་མི་ནུས་པ་རིམ་གྱིས་བཀྲི་དགོས་པ་རྣམས་ཀྱི་བསམ་པ་དང་མཐུན་པར་བསྟན་པ་ཡིན་ནོ། །ཞེས་གསུངས་པས་མདོ་དེ་དག་ལས་ཅིག་ཅར་དུ་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་ནུས་པའི་གདུལ་བྱ་ལ་བཤད་པ་དང་སྔ་མ་གཉིས་ཀ་ཡོད་པས་ཆ་ཕྱེ་ནས་སེམས་ཙམ་པའི་འདོད་པའི་མཚན་ཉིད་གསུམ་མདོའི་དོན་དུ་འཇོག་གོ །སློབ་དཔོན་ཞི་བ་འཚོའི་གཞུང་འགྱུར་བ་རྣམས་ལས་མཚན་ཉིད་གསུམ་གཏན་ལ་འབེབས་ཚུལ་སྔར་བཤད་པ་བཞིན་གསལ་བར་མ་བྱུང་ཡང་སློབ་དཔོན་གཉིས་ཀ་དགོངས་པ་གཅིག་ཏུ་ཡོད་དོ། །དགོངས་འགྲེལ་ལས་མཚན་ཉིད་གསུམ་གསུངས་པའི་དོན་རྣལ་འབྱོར་སྤྱོད་པ་པ་དག་གིས་ཇི་ལྟར་བཀྲལ་བ་མདོའི་དོན་མིན་པར་དབུ་མའི་དོན་དུ་འགྲེལ་པའི་ལམ་སྲོལ་འདི་ནི་ལེགས་ལྡན་འབྱེད་ཀྱིས་ཕྱེ་བ་ཞིབ་ཏུ་ནི་དབུ་མ་སྣང་བ་ལས་རྒྱས་པར་བཤད་ཡོད་དོ། །ཞིབ་པར་དེར་ཤེས་པར་བྱའོ། །དབུ་མ་སྣང་བ་ལས། དེ་སྐད་དུ་འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་ལས། ངེས་པ་དང་དྲང་བའི་དོན་གྱི་མདོ་སྡེའི་མཚན་ཉིད་བཤད་དེ། ངེས་པའི་དོན་གྱི་མདོ་སྡེ་ནི་གང༌། དྲང་བའི་དོན་གྱི་མདོ་སྡེ་ནི་གང་ཞེ་ན། །མདོ་སྡེ་གང་དག་ཀུན་རྫོབ་སྒྲུབ་པ་བསྟན་པ་དེ་དག་ནི་དྲང་བའི་དོན་ཞེས་བྱའོ། །མདོ་སྡེ་གང་དག་དོན་དམ་པ་སྒྲུབ་པ་བསྟན་པ་དེ་དག་ནི་ངེས་པའི་དོན་ཞེས་བྱའོ། །ཞེས་སོགས་གསུངས་པས་དྲང་ངེས་ཀྱི་མདོའི་དོན་གྲུབ་པའོ། །ཕྱི་དོན་ཐ་སྙད་དུ་ཡང་མ་གྲུབ་པར་འདོད་དེ། དབུ་མ་སྣང་བ་ལས། ཕྱིའི་དོན་ནི་ཀུན་རྫོབ་ཏུ་ཡང་མི་གནས་ཏེ། སེམས་ཀྱི་རྣམ་པ་ལས་མ་གཏོགས་པར་དེ་གྲུབ་པ་མེད་པའི་ཕྱིར་རོ། །ཞེས་གསུངས་སོ། ། དོན་དམ་གཏན་ལ་དབབ་པ་ལ་རིགས་པའི་དགག་བྱ་ངོས་གཟུང་བ་ནི། ལུགས་འདིས་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཐ་སྙད་དུ་འདོད་ན། འོ་ན་དེ་ཙམ་མིན་པའི་བདེན་གྲུབ་དང་ཡང་དག་པར་གྲུབ་པ་དང་དོན་དམ་པར་གྲུབ་པ་ཞེས་བརྗོད་པའི་དགག་བྱ་དེ་བརྟག་པ་མཐའ་བཟུང་གི་འཇོག་ན་ཇི་འདྲ་བ་ཞིག་ཡིན་སྙམ་ན། འདིར་བདེན་པར་གྲུབ་པ་སོགས་སུ་འཛིན་པའི་འཛིན་ལུགས་སམ་དེས་ཇི་འདྲ་ཞིག་ཏུ་གཟུང་བའི་དགག་བྱའི་སྤྱི་ལེགས་པོར་མ་ཤར་བར་དེ་རྣམས་སུ་གྲུབ་པ་མི་སྲིད་ཅེས་པའི་བརྡ་སྦྱར་བ་ཙམ་ལ་བརྟེན་ནས། གལ་ཏེ་དེ་ལྟར་གྲུབ་ན་གནོད་པ་འདི་ཡོད་དང་མ་གྲུབ་པའི་སྒྲུབ་བྱེད་འདིའོ་ཞེས་མང་དུ་སྨྲས་ཀྱང་དོན་ལེགས་པོར་མི་གོ་བས་དགག་བྱ་ངོས་བཟུང་བ་གལ་ཆེ་ལ། དེ་ཡང་ས་ལ་སོགས་པ་དོན་དམ་པར་འབྱུང་བའི་ངོ་བོ་ཉིད་མ་ཡིན་ཞེས་གསུངས་པའི་འགྲེལ་པར། རྟོག་གེ་འབར་བ་ལས།དོན་ཞེས་བྱ་བ་ནི་ཤེས་པར་བྱ་བ་ཡིན་པའི་ཕྱིར་དོན་ཏེ་བརྟག་པར་བྱ་བ་དང་གོ་བར་བྱ་བ་ཞེས་བྱ་བའི་ཐ་ཚིག་གོ །དམ་པ་ཞེས་པ་ནི་མཆོག་ཅེས་བྱ་བའི་ཚིག་གི་སྒྲ་ཡིན་ནོ། །དོན་དམ་པ་ཞེས་བསྡུ་བ་ནི་དེ་དོན་ཡང་ཡིན་ལ་དམ་པ་ཡང་ཡིན་པས་དོན་དམ་པའོ། །ཡང་ན་དམ་པའི་དོན་ཏེ་རྣམ་པར་མི་རྟོག་པའི་ཡེ་ཤེས་དམ་པའི་དོན་ཡིན་པས་དམ་པའི་དོན་ནོ། །ཡང་ན་དོན་དམ་པ་དང་མཐུན་པ་སྟེ་དོན་དམ་པ་རྟོགས་པ་དང་རྗེས་སུ་མཐུན་པའི་ཤེས་རབ་ལ་དོན་དམ་པ་དེ་ཡོད་པས་དོན་དམ་པ་དང་མཐུན་པའོ། །ཞེས་གསུམ་གསུངས་ལ། རྟོག་གེ་འབར་བ་ལས། དོན་དམ་པ་ནི་རྣམ་པ་གཉིས་ཏེ། དེ་ལ་གཅིག་ནི་མངོན་པར་འདུ་བྱེད་པ་མེད་པར་འཇུག་པའི་འཇིག་རྟེན་ལས་འདས་པ་ཟག་པ་མེད་པ་སྤྲོས་པ་མེད་པའོ། །གཉིས་པ་ནི་མངོན་པར་འདུ་བྱེད་པ་དང་བཅས་པར་འཇུག་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་རྗེས་སུ་མཐུན་པ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཞེས་བྱ་བ་སྤྲོས་པ་དང་བཅས་པ་སྟེ། འདིར་དེ་དམ་བཅས་པའི་ཁྱད་པར་ཉིད་དུ་བཟུང་བས་ཉེས་པ་མེད་དོ། །ཞེས་གསུངས་སོ། །སློབ་དཔོན་འདིའི་གཞུང་གི་སྐོར་ནས་དེ་ལས་གསལ་བ་མ་བཤད་ལ། སློབ་དཔོན་ཡེ་ཤེས་སྙིང་པོའི་བདེན་གཉིས་ཀྱི་སྐོར་དང་དབུ་མ་རྒྱན་རང་འགྲེལ་དང་བཅས་པ་ལས་ཀྱང་རིག་ངོའི་དགག་བྱ་ལས་གཞིའི་དགག་བྱ་གསལ་བར་ངོས་བཟུང་བ་མེད་ལ། དབུ་མ་སྣང་བ་ལས། ཡང་དག་པའི་དོན་ཐོས་པ་དང༌། བསམ་པ་དང༌། བསྒོམ་པ་ལས་བྱུང་བའི་ཤེས་པ་ཐམས་ཅད་ནི་ཕྱིན་ཅི་མ་ལོག་པའི་ཡུལ་ཅན་ཡིན་པའི་ཕྱིར་དོན་དམ་པ་ཞེས་བྱ་སྟེ། འདིའི་དོན་དམ་པ་ཡིན་པའི་ཕྱིར་རོ། །མངོན་སུམ་དང་བརྒྱུད་པས་བྱས་པའི་ཁྱད་པར་ནི་ཡོད་དེ། དེ་དག་གི་བསམ་པའི་དབང་གིས་དངོས་པོ་འདི་དག་ཐམས་ཅད་མ་སྐྱེས་པ་ཁོ་ནར་ཤེས་སོ། །དེས་ན་འདི་སྐད་དུ་དོན་དམ་པར་སྐྱེ་བ་མེད་དོ་ཞེས་བྱ་བ་ནི་འདི་དག་ཡང་དག་པའི་ཤེས་པས་སྐྱེ་བར་མ་གྲུབ་པའོ་ཞེས་བྱ་བ་ཡིན་ནོ་ཞེས་བཤད་པར་འགྱུར་རོ། །ཞེས་ཤེས་རབ་གསུམ་ནི་ཡུལ་དོན་དམ་ཡིན་པས་དོན་དམ་དུ་བཏགས་ནས་བཤད་ལ། ཡང་དག་པའི་ཤེས་པས་སྐྱེ་བར་མ་གྲུབ་པས་དེའི་བསམ་པའི་དབང་གིས་མ་སྐྱེས་པར་བཤད་ཅིང༌། བདག་མེད་མཐར་ཐུག་ནི་རིགས་པ་དང་ལྡན་པས་དམ་པ་ཡང་ཡིན་ལ་སྒྲིབ་པ་སྤོང་འདོད་པས་རྟོགས་བྱའི་ཆེད་དུ་དོན་དུ་གཉེར་བ་དང་ཡེ་ཤེས་དམ་པ་ཕྱིན་ཅི་མ་ལོག་པའི་དོན་ཏེ་ཡུལ་ཡིན་པས་དོན་དམ་མཚན་ཉིད་པར་བཤད་དོ། །དེ་བཞིན་དུ་ཡང་དག་པ་ཡང་རིགས་ཤེས་ལ་བྱས་ནས་དེའི་དབང་གིས་རང་བཞིན་མེད་ཀྱི་ཐ་སྙད་པའི་ཤེས་པས་མིན་པ་དང༌། ཡང་ན་དེ་ཁོ་ན་ཉིད་ཀྱི་ངོ་བོ་ལ་བྱས་ནས་དེ་ཁོ་ན་ཉིད་ཀྱི་རྣམ་པར་དཔྱད་ན་མེད་དོ་ཞེས་རྒྱན་གྱི་འགྲེལ་བཤད་ལས་བཤད་དོ། །དངོས་པོའི་སྐྱེ་བ་ལ་སོགས་པ་དེ་ཁོ་ན་ཉིད་དུ་ཡོད་ན་དེ་དག་གི་དོན་དམ་པ་དང་དེ་ཁོ་ན་འཇལ་བའི་བློས་འགྲུབ་དགོས་ན། དེས་མ་གྲུབ་པའི་ཕྱིར་སྐྱེ་བ་ལ་སོགས་པ་དངོས་པོ་རྣམས་ཀྱི་དེ་ཁོ་ན་ཉིད་དུ་མ་གྲུབ་ཅེས་སྟོན་པ་ཡིན་པས་དེ་ཉིད་ལ་དོན་དམ་པར་སྐྱེ་བ་མེད་པ་ཞེས་ཀྱང་བྱའོ། ། འོ་ན་སྐྱེ་བ་ཇི་འདྲ་ཞིག་ཏུ་གྲུབ་ན་དེ་ཁོ་ན་ཉིད་དུ་གྲུབ་པ་ཡིན་སྙམ་ན། དཔེར་ན། སྒྱུ་མའི་རྟ་གླང་དུ་སྤྲུལ་པའི་གཞི་ཤིང་དང་བོང་བ་ལ་སོགས་པ་དེ་མིག་བསླད་པ་ལ་རྟ་གླང་དུ་སྣང་བ་ན་དེའི་ཤེས་པ་ལ་དེར་སྣང་བ་ཙམ་ཡིན་གྱི། ཤིང་ལ་སོགས་པ་དེར་མི་སྣང་ཞེས་སྨྲ་མི་ནུས་པ་བཞིན་དུ། མྱུ་གུ་ས་བོན་ལས་སྐྱེ་བར་སྣང་བ་ན་ཤེས་པ་ལ་དེར་སྣང་བ་ཁོ་ནར་ཟད་ཀྱི་དེ་དེ་ལས་སྐྱེས་པ་མིན་ནོ་ཞེས་བྱར་མི་རུང་ངོ༌། །མྱུ་གུ་རང་ངོས་ནས་ས་བོན་ལས་སྐྱེས་པས་དོན་དམ་པའི་སྐྱེ་བ་ཡོད་མི་དགོས་ཏེ། སྤྲུལ་གཞིའི་ངོས་ནས་ཀྱང་རྟ་གླང་དུ་སྣང་བ་ཡོད་མོད་ཀྱང་མིག་བསླད་པའི་ཤེས་པའི་དབང་གིས་དེ་ལྟར་སྣང་བ་ཡིན་གྱི། རང་གི་གཉུག་མའི་རྒྱུ་རྐྱེན་ལས་དེར་སྣང་དུ་བསྐྱེད་པ་མིན་ཏེ། གཞན་དུ་ན་མིག་མ་བསླད་པ་ལ་ཡང་དེར་སྣང་བར་འགྱུར་རོ། །དེ་བཞིན་དུ་ས་བོན་ལས་མྱུ་གུ་སྐྱེ་བ་ཡང་ཐ་སྙད་པའི་བློ་ལ་དེ་ལྟར་སྣང་བའི་དབང་གིས་མ་བཞག་པར་མྱུ་གུ་རང་གི་གནས་ལུགས་ཀྱི་དབང་གིས་སྐྱེ་བ་མིན་ནོ། །དེ་ལྟར་ཡིན་པ་ལ་རང་གི་ཡུལ་ཅན་གྱི་བློའི་སྣང་བའི་དབང་གིས་མ་བཞག་པར་མྱུ་གུ་རང་གི་གནས་ལུགས་ཀྱི་དབང་གིས་སྐྱེ་བ་ཡོད་པར་འཛིན་པ་ནི་ལུགས་འདིར་དོན་དམ་པར་སྐྱེ་བ་ཡོད་པར་འཛིན་པ་ཡིན་ལ།དེས་དོན་དམ་པ་དང་དེ་ཁོ་ན་ཉིད་དུ་སྐྱེ་བ་ཡོད་ཅེས་པ་ཡང་ཤེས་པར་བྱ་ལ་ཆོས་གཞན་ཐམས་ཅད་ཀྱི་དོན་དམ་པར་དང་དེ་ཁོ་ན་ཉིད་དུ་དང་བདེན་པའི་སྐྱེ་བ་སོགས་ཡོད་མེད་ཀྱང་ཤེས་པར་བྱའོ། །འདི་ནི་དབུ་མ་སྣང་བ་ལས། དེས་ཀྱང་སྲོག་ཆགས་ཐམས་ཅད་ལ་ཡང་དག་པར་དངོས་པོའི་བདག་ཉིད་ལྟ་བུར་ཉེ་བར་སྟོན་པ་མཐོང་བར་འགྱུར་ཏེ། དེའི་ཕྱིར་དེ་དག་གི་བསམ་པའི་དབང་གིས་དངོས་པོ་བརྫུན་པའི་ངོ་བོ་ཐམས་ཅད་ནི་ཀུན་རྫོབ་ཏུ་ཡོད་པ་ཁོ་ནའོ་ཞེས་བྱའོ། །ཞེས་དོན་དམ་པར་རང་བཞིན་མེད་པ་ལ་ཡོད་པར་འཁྲུལ་བའི་བློ་ཀུན་རྫོབ་པ་ཐོག་མ་མེད་པའི་བག་ཆགས་ལས་བྱུང་བ་དེས་སེམས་ཅན་རྣམས་ལ་ཡང་དག་པའི་དངོས་པོ་ཡོད་པ་ལྟར་སྟོན་པས་དེ་དག་གི་བསམ་པའི་དབང་གིས་ཡོད་པ་ལ་ཀུན་རྫོབ་ཏུ་ཡོད་པར་གསུངས་པས། དེའི་བཟློག་ཕྱོགས་ལ་དོན་དམ་པར་ཡོད་པར་བྱ་དགོས་པས་དེ་ལ་བརྟེན་ནས་བཤད་དེ་དབུ་མ་རང་རྒྱུད་པ་ཐམས་ཅད་ཀྱི་ལུགས་ལ་དགག་བྱའི་ཚད་དེ་འདྲ་འདོད་དོ། ། གང་ཟག་དང་ཆོས་ཀྱི་བདག་འཛིན་ལྷན་སྐྱེས་གཉིས་ལྟ་བུ་མ་དཔྱད་པའི་བློ་ལ་སྣང་བའི་དབང་གིས་ཐ་སྙད་དུ་ཡོད་པར་འཇོག་མི་ནུས་ཀྱང༌། འཕྲལ་རྐྱེན་གྱི་འཁྲུལ་རྒྱུས་མ་བསླད་པའི་བློ་གནོད་མེད་དམ་ཐ་སྙད་པའི་ཤེས་པ་ཚད་མ་གཞན་གྱིས་མི་གནོད་པ་ལ་སྣང་བའི་དབང་གིས་ཐ་སྙད་དུ་ཡོད་པར་འཇོག་ཐུབ་པའོ། །འདི་པའི་ལུགས་ལ་འདི་འདྲ་བའི་ཤེས་པ་ལ་སྣང་བའི་དབང་གིས་བཞག་པའི་ཐ་སྙད་པའི་གནས་ལུགས་ཀྱང་ཡོད་པས་རང་གི་ཡུལ་ཅན་གྱི་བློའི་སྣང་བའི་དབང་གིས་མ་བཞག་པའི་ཡུལ་མེད་ཅེས་བཤད་དོ། །བདེན་འཛིན་གྱི་ཡུལ་དེས་གཞི་དེ་དག་སྟོང་པའི་སྟོང་ཉིད་དེ་དག་གི་དོན་དམ་པའི་གནས་ལུགས་སུ་འདོད་མོད་ཀྱང་དེ་དག་ཀྱང་རང་གི་ཡུལ་ཅན་ལ་སྣང་བའི་དབང་གིས་བཞག་པ་མིན་པའི་གནས་ལུགས་ཀྱི་དབང་གིས་མ་གྲུབ་པའོ། །ལུགས་འདིས་དེ་འདྲའི་དགག་བྱ་དེ་འགོག་པའི་རིགས་པའི་གཙོ་བོ་གང་ལ་བྱེད་ཅེ་ན། དགག་བྱ་འགོག་པའམ་བདེན་མེད་སྒྲུབ་པའི་རྟགས་ནི་འགའ་ཟུང་མ་གཏོགས་པ་འབྲེལ་ཟླ་མ་དམིགས་པའི་རྟགས་ལ་བརྟེན་ནས་འགོག་པར་བྱེད་ལ། དེ་ཡང་ལང་ཀར་གཤེགས་པ་དང་ཡབ་སྲས་མཇལ་བ་ལས་གསུངས་པ་ལ་བརྟེན་ནས་གཅིག་དང་དུ་བྲལ་གྱི་རྟགས་ཉིད་ཀྱིས་དགག་བྱ་འགོག་པར་དབུ་མ་རྒྱན་ལས་བཤད། དབུ་མ་སྣང་བ་ལས་ནི་རྡོ་རྗེ་གཟེགས་མ་དང་ཡོད་མེད་སྐྱེ་འགོག་དང་མུ་བཞི་སྐྱེ་འགོག་དང་གཅིག་དང་དུ་བྲལ་ཡང་གསུངས་ལ། རྟེན་འབྲེལ་གྱི་གཏན་ཚིགས་ཀྱང་གསུངས་ཏེ། དེ་ནི་འགལ་ཟླ་དམིགས་པའི་རྟགས་སོ། །ཕ་རོལ་ལ་འགལ་འདུ་སྟོན་པའི་མཚམས་མཐར་ཐུག་པ་ནི། རང་གཞན་སྡེ་པས་ཇི་འདྲ་ཞིག་ཁས་བླངས་པ་ལ་ཡང་དུས་ཀྱི་རིམ་པའམ་ཡུལ་གྱི་ཆའམ་ཤེས་པའི་ཡུལ་གྱི་རྣམ་པ་སོགས་ཆ་དུ་མ་མེད་པའི་ཆ་མེད་མི་སྲིད་པར་བསྟན་ནས། ཆ་དུ་མ་དང་ལྡན་པར་གྲུབ་པ་ན་ཆོས་གཅིག་ཆ་དུ་མའི་བདག་ཉིད་དུ་ཡོད་པ་ཐ་སྙད་པའི་དོན་ལ་མི་འགལ་མོད། དོན་དམ་པར་གྲུབ་པ་ལ་ནི་ཆ་དང་ཆ་ཅན་གཉིས་ངོ་བོ་ཐ་དད་ན་འབྲེལ་མེད་དང་ངོ་བོ་གཅིག་ན་ཆ་རྣམས་གཅིག་ཏུ་འགྱུར་བ་དང་ཆ་ཅན་དུ་མར་འགྱུར་བའི་གནོད་པ་བསྟན་ནས་ཆོས་དོན་དམ་པར་གྲུབ་པ་འགོག་སྟེ། འཕགས་པ་ལྷས། ཚིགས་ལས་སོར་མོ་གཞན་མེད་དེ། །ཞེས་སོགས་གསུངས་པའི་རིགས་པ་ལ་རྩལ་དུ་བཏོན་ནས་འཆད་པའོ། །སློབ་དཔོན་ཡེ་ཤེས་སྙིང་པོས་བདེན་གཉིས་སུ་བདེན་གྲུབ་འགོག་པའི་རིགས་པའི་དངོས་གཞི་མུ་བཞི་སྐྱེ་འགོག་ལ་མཛད་པའི་གནོད་པ་མཐར་གཏུགས་པ་ཡང་ཞི་བ་འཚོ་ཡབ་སྲས་དང་འདྲའོ། །དབུ་མ་རྒྱན་ལས་ཀྱང༌། བདག་དང་གཞན་སྨྲའི་དངོས་འདི་དག །ཡང་དག་དུ་ན་གཅིག་པ་དང༌། །དུ་མའི་རང་བཞིན་བྲལ་བའི་ཕྱིར། །རང་བཞིན་མེད་དེ་གཟུགས་བརྙན་བཞིན། །ཞེས་གསུངས་པའི་ཕྱིར་རོ། །འདི་དག་ཀྱང་མགོན་པོ་ཀླུ་སྒྲུབ་ཀྱི་རྗེས་སུ་འབྲང་བའི་རིགས་པའི་ལམ་ཆེན་པོ་སྟེ་རིགས་པ་ལ་བློ་རྒྱས་པར་འདོད་པས་བསླབ་པར་བྱའོ། །རང་རྒྱུད་ཀྱི་ཕྱོགས་ལ་འདི་དག་གི་རིགས་པ་ཤེས་ན་གཞན་རྣམས་ཀྱི་རིགས་པ་ཡང་བདེ་བླག་ཏུ་ཤེས་པར་འགྱུར་བས་མ་སྤྲོས་སོ། །རང་རྒྱུད་པ་གཉིས་ཀས་ཡུམ་མདོ་དང་མངོན་རྟོགས་རྒྱན་ལྟར་ཉན་ཐོས་ཀྱི་ཐར་བ་ཐོབ་པ་ལ་ཆོས་ཀྱི་བདག་མེད་རྟོགས་མི་དགོས་པར་འདོད་དོ།། །།


previousགཉིས་པ་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་ལུགས།next