Nitartha Digital Library
Tibetan
རྗེ་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱི་གསུང་འབུམ།


  collapse section
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
སྒྲུབ་པ་བཤད་པ།
   
   
   
   
   
   


 
previousསྒྲུབ་པ་བཤད་པ། next

སྒྲུབ་པ་བཤད་པ།

གཉིས་པ་ཡང་དག་ལྟ་བའི་རང་བཞིན་སྒྲུབ་པ་བཤད་པ་ལ། སྒྲུབ་པའི་རྟེན། དམིགས་པ། ཆེད་དུ་བྱ་བ། སྒྲུབ་པ་རང་གི་ངོ་བོ་དང་བཞིའོ། །དང་པོ་ལ། སྤྱི་དང་། ཡན་ལག་གི་དོན་གཉིས་ཀྱི་དང་པོ་ལ། ངོ་བོ་དང་། གནས་སྐབས་ཀྱི་དབྱེ་བ། རྩོད་པ་སྤོང་བ་དང་གསུམ་གྱི། དང་པོ་ལ་གཉིས་ཀྱི། དང་པོ་གཞན་ལུགས་དགག་པ་ནི། སེམས་ཙམ་པ་ལྟར་ན་མདོ་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རིགས་དེ་ནི་ཐོག་མ་མེད་པ་ནས་རྒྱུད་དེ་འོངས་པ་ཆོས་ཉིད་ཀྱིས་ཐོབ་པ་སྐྱེ་མཆེད་དྲུག་གི་ཁྱད་པར་གང་ཡིན་པ་སྟེ། ཞེས་འབྱུང་བའི་དོན་དུ་བསམས་ནས་སྐྱེ་མཆེད་དྲུག་གི་ཁྱད་པར་རོ་ཞེས་ཟེར་རོ། །དེ་ལ་སྐྱེ་མཆེད་དྲུག་ནི། མིག་སོགས་ནང་གི་སྐྱེ་མཆེད་རྣམས་ཡིན་ལ། ཀུན་གཞི་རྣམ་པར་མ་བཞག་ན་དེ་དག་གི་སྟེང་ན་ཡོད་པའི་ཟག་པ་མེད་པའི་ས་བོན་རྐྱེན་དང་ཕྲད་ན་ཐེག་པ་གསུམ་གང་རུང་གི་རྟོགས་པ་སྐྱེ་རུང་གི་ནུས་པ་ཉིད་ཡིན་ཅིང་། ཀུན་གཞི་རྣམ་པར་བཞག་ན་ཀུན་གཞི་ལ་ཡོད་པའི་ཟག་མེད་ཀྱི་ས་བོན་ནོ། །གཉིས་ཀ་ཡང་ཐོག་མ་མེད་པ་ནས་ཆོས་ཉིད་ཀྱི་གནས་པ་ཡིན་ལ། དེ་ཐོས་པའི་རྐྱེན་གྱིས་གསོས་ཏེ་ཁྱད་པར་དུ་གྱུར་པ་ནི་རྒྱས་འགྱུར་གྱི་རིགས་ཡིན་ལ། རྐྱེན་གྱིས་གསོས་མ་བཏབ་ན་རང་བཞིན་དུ་གནས་པའི་རིགས་ཞེས་བྱའོ། །དེ་ལྟ་བུའི་ཟག་མེད་ཀྱི་ས་བོན་གང་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཐོས་པའི་རྐྱེན་གྱིས་གསོ་བར་བྱ་བ་གང་ཡིན་པ་དེ་ནི་ཐེག་ཆེན་གྱི་རིགས་ཞེས་བྱའོ། །རང་ཞི་བ་ཙམ་དང་གང་ཟག་གི་བདག་མེད་ཙམ་སྟོང་པའི་ཆོས་ཐོས་པས་གསོ་བར་བྱ་བ་ནི་ཉན་ཐོས་ཀྱི་རིགས་ཞེས་བྱ་ལ། དེ་ཉིད་གཟུང་མེད་ཙམ་རྟོགས་པའི་རྒྱུར་རུང་བ་ལ་རང་རྒྱལ་གྱི་རིགས་ཞེས་བྱའོ། །ཟག་མེད་ཀྱི་ས་བོན་གང་ངོ་བོ་ཉིད་ཀྱིས་ཐེག་པ་གསུམ་གང་རུང་གི་རྟོགས་པའི་རྒྱུར་ངེས་པ་དེ་ནི་ངེས་པའི་རིགས་ཞེས་བྱ་ལ། རྐྱེན་གྱི་ཐེག་པ་གསུམ་ཀས་རྟོགས་པའི་རྒྱུར་བསྒྱུར་དུ་རུང་བ་ནི་མ་ངེས་པའི་རིགས་ཡིན་ལ། རྒྱུད་གང་ལ་སྒྲིབ་པ་ཤས་ཆེ་བའི་རྒྱུ་མཚན་གྱི་དུས་རེ་ཤིག་ཟག་མེད་ཀྱི་ས་བོན་ཡོད་དུ་ཟིན་ཀྱང་ཐོས་པའི་རྐྱེན་གྱིས་གསོར་མི་རུང་བ་དེ་ནི་རིགས་ཆད་ཞེས་ཐ་སྙད་བྱའོ། །དེ་ཉིད་ཐོས་བསམ་གྱི་རྐྱེན་གྱིས་རིམ་གྱིས་གསོས་ཏེ་ནུས་པ་མཐུ་ཅན་དུ་གྱུར་པ་ན་དེའི་ཉེར་ལེན་དང་སྦྱོར་ལམ་ཆོས་མཆོག་གི་བདག་པོའི་རྐྱེན་ལས་མཐོང་ལམ་སྐད་ཅིག་དང་པོ་སྐྱེ་བའི་ཕྱིར་འཕགས་ལམ་གྱི་རིགས་ཞེས་ཀྱང་བྱ། ཟག་མེད་ཀྱི་ས་བོན་ཞེས་ཀྱང་བྱ། ཐོས་པའི་རྐྱེན་གྱིས་གསོ་བར་བྱ་བ་ཡིན་པས་ཐོས་པའི་བག་ཆགས་ཞེས་ཀྱང་བྱ། དེ་ཉིད་རང་གང་ལ་དམིགས་པའི་མིག་སོགས་ནང་གི་སྐྱེ་མཆེད་དྲུག་པོ་དེ་ཉིད་ཐེག་པ་གསུམ་ཆར་གྱི་རིགས་ཅན་གྱི་གང་ཟག་དུ་མཚོན་པར་བྱེད་པས་ན་སྐྱེ་མཆེད་དྲུག་གི་ཁྱད་པར་ཞེས་ཀྱང་བྱའོ། །གལ་ཏེ་དེ་ཉིད་ཐོག་མ་མེད་པ་ནས་སེམས་ཅན་གྱི་རྒྱུད་ལ་ཆོས་ཉིད་ཀྱི་གནས་པ་མ་ཡིན་ན། ཟག་མེད་སྐད་ཅིག་དང་པོ་ལ་སྐལ་མཉམ་གྱི་རྒྱུ་མེད་པའི་ཕྱིར་སེམས་ཅན་གྱི་ཐར་པ་མི་འཐོབ་པར་ཐལ་བར་འགྱུར་རོ། །དེའི་ཕྱིར། དེ་ནི་རྐྱེན་གྱིས་གསར་དུ་བསྒྲུབ་པ་མ་ཡིན་གྱི་ཐོག་མ་མེད་པ་ནས་རང་བཞིན་དུ་གནས་པའི་ཕྱིར་རང་བཞིན་དུ་གནས་པའི་རིགས་ཞེས་འདོད་དོ། །ཇི་སྐད་བཤད་པའི་མཚན་ཉིད་ཅན་གྱི་རིགས་དེ་ཉིད། རྒྱན་དུ། ཡོད་དང་མཆོག་དང་མཚན་ཉིད་དང་། །རྟགས་དང་རིགས་རབ་དབྱེ་བ་དང་། །ཉེས་དམིགས་དང་ནི་ཕན་ཡོན་དང་། །དཔེ་རྣམ་གཉིས་ཏེ་རྣམ་པ་བཞི། །ཞེས་དོན་བརྒྱད་ཀྱི་སྒོ་ནས་གཏན་ལ་འབེབས་པར་མཛད་པ་ནི། རྣམ་རིག་པའི་དབང་དུ་བྱས་པ་ཡིན་ལ་གང་དག་གཞུང་འདི་དབུ་མའི་ལུགས་སུ་འཆད་པར་རློམ་བཞིན་དུ་མོས་དེ་རྒྱན་གྱི་གཞུང་དེ་དག་གིས་འདིའི་སྐབས་ཀྱི་རིགས་གཏན་ལ་འབེབས་པ་ནི་དབུ་སེམས་དང་གཞུང་གཉིས་ཀའི་རིགས་ཀྱི་ཁྱད་པར་ལ་ཤིན་ཏུ་སྨོངས་སོ་ཞེས་རང་གི་མཚང་གསལ་བར་བསྒྲོག་པའི་ཆོ་ངེས་འདེབས་པ་ཡིན་ནོ། །ཇི་སྐད་བཤད་པ་དེ་ནི་དབུ་མ་པ་དག་རང་བཞིན་དུ་གནས་པའི་རིགས་སུ་མི་འདོད་དེ། དེ་ནི་འདུས་བྱས་རྐྱེན་གྱིས་གསར་དུ་སྒྲུབ་པ་ཡིན་པས་རང་བཞིན་གྱི་སྒྲའི་དོན་མེད་པའི་ཕྱིར་རོ། །འདི་ལྟར། རང་བཞིན་དག་ནི་བཅོས་མིན་དང་། །གཞན་ལ་ལྟོས་པ་མེད་པ་ཡིན། །ཞེས་པའི་ཚུལ་གྱི་རང་བཞིན་ནི་རྐྱེན་གྱིས་བཅོས་སུ་མི་རུང་བས་འདུས་བྱས་སུ་མི་རིགས་སོ་སྙམ་དུ་བསྒོམ་ནས་འཕགས་པས་གཞན་དག་ནི། རིགས་ནི་སྐྱེ་མཆེད་དྲུག་གི་ཁྱད་པར་ཡིན་ནོ། །དེ་ནི་རྣམ་པ་གཉིས་ཏེ། རྐྱེན་གྱིས་ཡང་དག་པར་བླངས་པ་དང་། རང་བཞིན་དུ་གནས་པའོ་ཞེས་ཟེར་རོ། །དེ་དག་གིས་ནི་རང་བཞིན་དུ་གནས་པའི་རིགས་ལ་རང་བཞིན་དུ་གནས་པ་ཞེས་བརྗོད་པའི་དོན་བརྗོད་དགོས་སོ། །རྒྱུའི་རྣམ་གྲངས་ཡིན་ནོ་ཞེ་ན། རྐྱེན་གྱིས་ཡང་དག་པར་བླངས་པ་ཡང་དེ་ཡིན་པ་དེས་ན་དོན་གྱི་ཁྱད་པར་ཅི་ཡོད། ཆོས་ཉིད་ཀྱི་རྣམ་གྲངས་ཡིན་པ་ལ་ནི་ཉེས་པ་འདི་མེད་དོ། །ཡང་ན་དེ་དག་གི་རིགས་ནི་བཏགས་པ་བ་ཡིན་ལ། འདི་ནི་མཚན་ཉིད་པ་ཡིན་ཏེ། དེས་ན་དེ་འདི་དང་འགྲིག་པ་མ་ཡིན་ནོ་ཞེས་གསུངས་སོ། །གཉིས་པ་དབུ་མ་པའི་ལུགས་བཞག་པ་ལ་གཉིས། ངོ་བོ་ངོས་བཟུང་དེ་རིགས་སུ་འགྱུར་ཚུལ་ལོ། །དང་པོ་ནི། མདོ་ལས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཞེས་བགྱི་བའི་ཚིག་གི་དོན་གང་ལགས་ཞེས་ཏེ། སེམས་བསྐྱེད་དེ་དང་སྦྱོར་མཐོང་སྒོམ་པ་སོགས་རྟོགས་པའི་རྟེན་བྱང་སེམས་ལགས་ན་བྱང་སེམས་ཉིད་ཀྱི་རང་བཞིན་གང་ལགས་ཞེས་ཞུས་པའོ། །རབ་འབྱོར་བྱང་སེམས་ཀྱི་ཚིག་གི་དོན་མེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ལ་ནི་སྐྱེ་བའམ་ཡོད་པ་ཉིད་དམ་ཡོད་པའམ་དམིགས་པ་མ་ཡིན་ཏེ་ཞེས་གསུངས་ཤིང་། དེའི་འགྲེལ་པ། འདིས་ནི་རྟེན་བྱང་ཆུབ་རྫས་སུ་མེད་པའི་འཐད་པས་སྐྱེ་མཆེད་དྲུག་གི་ཆོས་ཉིད་ཀྱི་མཚན་ཉིད་ཀྱི་རིགས་ནི་བྱང་ཆུབ་སེམས་དཔའི་སྒྲ་འཇུག་པའི་རྒྱུ་ཡིན་གྱི་དངོས་པོར་གྱུར་པའི་ཚིག་དོན་མ་ཡིན་ནོ་ཞེས་བྱ་བར་སྟོན་ཞེས་བཤད་དོ། །དེ་ལ་དོན་ནི་འདི་ཡིན་ཏེ། ཐ་སྙད་དུ་སྒྲུབ་པའི་རྟེན་ནི་བྱང་ཆུབ་སེམས་ཡིན་ལ། དེ་ཡང་མིག་སོགས་ནང་གི་སྐྱེ་མཆེད་རྣམས་ཡིན་གྱི། དེ་ལས་གཞན་ཅུང་ཟད་ཀྱང་མེད་དོ། །དེ་དག་ཀྱང་དོན་དམ་པར་སྟོང་པ་ཉིད་ཀྱི་རང་བཞིན་ཡིན་པས་ན་སྐྱེ་མཆེད་དྲུག་གི་ཆོས་ཉིད་ནི་སྒྲུབ་པའི་རྟེན་དུ་གྱུར་པའི་རིགས་སོ་ཞེས་བསྟན་ཏེ། དེ་ལ་ཆོད་ཉིད་ཡན་གར་བ་ཡང་རིགས་མ་ཡིན་ཏེ། རིགས་ཀྱི་དོན་རྟེན་ནམ་རྒྱུ་བྱེད་པ་ཡིན་ན། ཆོས་ཅན་དང་བྲལ་བའི་ཆོས་ཉིད་ནི་དངོས་པོར་མེད་པས་རིགས་ཀྱི་དོན་མེད་པའི་ཕྱིར་རོ། །ཆོས་ཅན་ཡན་གར་བ་ཡང་རང་བཞིན་དུ་གནས་པའི་རིགས་མ་ཡིན་ཏེ། དེ་ནི་རྒྱུ་དང་རྐྱེན་ལ་རག་ལས་པ་ཉིད་ཀྱིས་རང་བཞིན་གྱི་སྒྲའི་དོན་མེད་པའི་ཕྱིར་རོ། །ཆོས་ཅན་གང་ཡང་རུང་བའི་ཆོས་ཉིད་ཀྱང་མ་ཡིན་ཏེ། ཕྱི་རོལ་གྱི་ཁམས་ལ་ཡང་སངས་རྒྱས་ཀྱི་རིགས་ཡོད་པར་ཐལ་བའི་ཕྱིར་རོ། །དྲི་མ་མཐའ་དག་དང་བྲལ་བའི་གནས་སྐབས་ཀྱང་མ་ཡིན་ཏེ། ཆོས་ཀྱི་སྐུར་གནས་གྱུར་པའི་ཕྱིར་དང་། རིགས་ནི་རྒྱུའི་གནས་སྐབས་ཡིན་པའི་ཕྱིར་རོ། །དེ་བས་ན་ནང་སྐྱེ་མཆེད་དྲུག་གི་མ་དག་པའི་ཆོས་ཉིད་ཆོས་ཅན་དང་ཡ་མ་བྲལ་བ་ནི་རིགས་ཡིན་ནོ། །གཉིས་པ་ལ། རྟེན་གྱི་སྒོ་ནས་དང་། རྒྱུའི་སྒོ་ནས་རིགས་སུ་འགྱུར་ཚུལ་གཉིས་ཀྱིས། དང་པོ་ནི། སྐྱེ་མཆེད་དྲུག་གི་ཆོས་ཉིད་ཆོས་ཅན་དང་ཡ་མ་བྲལ་བར་དེ་ཉིད་སྒྲུབ་པའི་རྟེན་ཡིན་ཏེ། འདི་ལྟར་ཐ་སྙད་དུ་བྱང་ཆུབ་སེམས་དཔའ་དེ་ཉིད་སྒྲུབ་པའི་རྟེན་ཡིན་ལ། བྱང་སེམས་ཡང་དག་སྒྲུབ་པ་ལ་དམིགས་པའི་མིག་སོགས་ནང་གི་སྐྱེ་མཆེད་དྲུག་གི་རང་བཞིན་གྱི་སྟོང་པའི་ངོ་བོ་ཉིད་ཡིན་པས་སོ། །དེ་ལྟར་ན་རྒྱུད་བླ་མ་ལས། ས་ནི་ཆུ་ལ་ཆུ་རླུང་ལ། །རླུང་ནི་མཁའ་ལ་རབ་ཏུ་གནས། །མཁའ་ནི་ས་དང་ཆུ་དག་དང་། །རླུང་གི་ཁམས་ལ་གནས་མ་ཡིན། །དེ་བཞིན་ཕུང་པོ་ཁམས་དབང་རྣམས། །ལས་དང་ཉོན་མོངས་དག་ལ་གནས། །ལས་དང་ཉོན་མོངས་ཚུལ་བཞིན་མིན། །ཡིད་ལ་བྱེད་ལ་རབ་ཏུ་གནས། །ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །སེམས་ཀྱི་དག་པ་ལ་རབ་གནས། །ཞེས་པ་དང་མཐུན་པར་འགྱུར་རོ། །གཉིས་པ་ནི། སྒྲུབ་པ་རྣམས་ནི་རང་གང་ལ་དམིགས་པའི་བྱང་སེམས་ཀྱི་ནང་གི་སྐྱེ་མཆེད་སྔ་མ་དག་གི་རྒྱུ་ལས་བྱུང་བ་ཡིན་ཏེ། རྒྱུ་གཞན་མ་དམིགས་ཕྱིར་རོ། །དེ་དག་ཀྱང་རང་བཞིན་གྱིས་བདེན་པས་སྟོང་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་ན། སྐྱེ་མཆེད་དྲུག་གི་ཆོས་ཉིད་ཆོས་ཅན་གྱི་ཁྱད་པར་དུ་བྱས་པ་ནི་སྒྲུབ་པའི་རྒྱུ་ཉིད་དུ་རྣམ་པར་བཞག་གོ གཉིས་པ་ནི། ངོ་བོ་དབྱེ་བ་མེད་ཀྱང་གནས་སྐབས་ཐེག་པ་གསུམ་གྱི་རྟོགས་པའི་རྟེན་ནམ་རྒྱུ་བྱེད་པའི་ཆ་ནས་ཐེག་པ་གསུམ་གྱི་རིགས་སུ་ཐ་སྙད་འདོགས་ཤིང་། དེ་ཉིད་རྐྱེན་གྱི་འཕྲོག་པ་དང་མི་འཕྲོག་པའི་བྱེ་བྲག་ལས་ངེས་པ་དང་མ་ངེས་པའི་རིགས་གཉིས་སུ་ཐ་སྙད་བྱེད་དོ། །ཡང་དེ་ཉིད་ཐེག་པ་གསུམ་གྱི་སྒྲུབ་པའི་རྟེན་མི་བྱེད་པ་དེའི་ཚེ་རང་བཞིན་དུ་གནས་པའི་རིགས་ཞེས་བྱ་ལ། གང་གི་ཚེ་སྒྲུབ་པའི་རྟེན་བྱེད་པ་དེའི་ཚེ་རྐྱེན་གྱིས་ཡང་དག་པ་བླངས་པ་ཞེས་ཐ་སྙད་བཏགས་ཀྱང་རུང་ངོ་། །གསུམ་པ་རྩོད་པ་སྤོང་བ་ལ་གཉིས་ཀྱི། གོ་རིམ་ལ་རྩོད་པ་སྤོང་བ་ནི། འགྲེལ་ཆེན་དུ། སེམས་བསྐྱེད་པ་དང་ཐར་པ་དང་ངེས་པར་བྱེད་པའི་ཆ་དང་མཐུན་རྣམས་ཀྱི་མངོན་དུ་འགྲོ་བ་དེ་ཡིན་པས་དང་པོ་ཁོ་ནར་རིགས་བཤད་པར་བྱ་བ་མ་ཡིན་ནམ། ཅིའི་ཕྱིར་འདི་ལྟར་བཤད་ཅེ་ན། དེ་ནི་བདེན་མོད་ཀྱི་དེ་དོན་གྱི་གོ་རིམ་ཡིན་ལ། འདི་ནི་འབྲས་བུ་དང་པོར་བཤད་ནས་རྒྱུ་ཕྱིས་བསྟན་པ་ཡིན་པས་བཤད་པའི་གོ་རིམ་ཡིན་པའི་ཕྱིར་ཉེས་པ་མེད་དོ་ཞེས་སོ། །གཉིས་པ་ངོ་བོ་ལ་རྩོད་པ་སྤོང་བ་ནི། ཉི་སྣང་དུ། གལ་ཏེ་རང་བཞིན་དུ་གནས་པའི་རིགས་འགའ་ཞིག་ཡོད་ན་ཅིའི་ཕྱིར་ཐོག་མ་དང་བྲལ་བའི་འཁོར་བར་གངྒཱའི་ཀླུང་གི་བྱེ་བ་སྙེད་དང་མཉམ་པའི་སངས་རྒྱས་རྣམས་མྱ་ངན་ལས་འདས་ཀྱང་ད་རུང་དུ་ཡང་རང་བཞིན་དུ་གནས་པའི་རིགས་དང་ལྡན་པའི་སྲོག་ཆགས་རྣམས་མྱ་ངན་ལས་མ་འདས་ཞེ་ན། དེ་ནི་ཉེས་དམིགས་རྣམ་པ་བཞི་དང་ལྡན་པའི་ཕྱིར་ཏེ། ཉོན་མོངས་གོམས་དང་གྲོགས་ངན་དང་། །ཕོངས་དང་གཞན་གྱི་དབང་ཉིད་དང་། །མདོར་ན་རིགས་ཀྱི་ཉེས་དམིགས་ནི། །རྣམ་པ་བཞིར་ནི་ཡང་དག་བརྗོད། །ཅེས་གསུངས་པ་ཡིན་ནོ། །འདིར་བར་ཆད་མེད་པ་ཉིད་ལ་རང་བཞིན་དུ་གནས་པའི་རིགས་སུ་མངོན་པར་འདོད་དོ་ཞེས་བཤད་དོ། །དོན་ནི་རྒྱུ་རང་བཞིན་དུ་གནས་པའི་རིགས་ཡོད་ཀྱང་། རྐྱེན་སངས་རྒྱས་ཀྱི་ཕྲིན་ལས་འཇུག་པའི་འགལ་རྐྱེན་ཉེས་དམིགས་བཞི་དང་ལྡན་པའི་ཕྱིར། སེམས་ཅན་རྣམས་མྱ་ངན་ལས་མི་འདའོ། །ཞེས་པའོ། །གཉིས་པ་ཡན་ལག་གི་དོན་ལ། རིགས་ཀྱི་རང་བཞིན་སྟོན་པ་དང་། དེ་ལ་རྩོད་པ་སྤོང་བ་གཉིས་ཀྱི། དང་པོ་ལ་བཞིའི། དང་པོ་མཚམས་སྦྱར་བ་ནི། འོག་ནས་འབྱུང་བའི་སྒྲུབ་པ་དང་ལྡན་པ་ལ་ངེས་འབྱེད་ཆ་མཐུན་ཇི་སྐད་བཤད་པ་དང་མཐོང་བའི་ལམ་དང་སོགས་པ་སྒོམ་པའི་ལམ་ལ་སོགས་པ་རྟོགས་པ་གཞན་ཡང་འབྱུང་བས་ངེས་འབྱེད་ཆ་མཐུན་གྱི་འོག་ཏུ་སྒྲུབ་པ་འཆད་པར་རིགས་ལ། དེ་ཡང་རྟེན་ལ་རག་ལས་པས་དང་པོར་སྒྲུབ་པའི་རྟེན་དུ་གྱུར་པའི་རིགས་འཆད་དོ། །གཉིས་པ་རྩ་བ་ལ་བཞི་སྟེ། རྟོགས་པ་དང་བར་ཆད་མེད་ལམ་དང་། རྣམ་གྲོལ་ལམ་དང་། ཡོན་ཏན་ཁྱད་པར་ཅན་གྱི་དབང་དུ་བྱས་པ་དྲུག་དང་། གཉིས་དང་། གཅིག་དང་། བཞི་རྣམས་གྲངས་ཇི་ལྟ་བ་བཞིན་ནོ། །དང་པོ་ནི། ངེས་འབྱེད་ཆ་མཐུན་བཞི་དང་། མཐོང་བ་དང་། སྒོམ་པའི་ལམ་རྣམས་ནི་གོ་རིམ་བཞིན་དུ་ཁྱད་པར་རྟོགས་པར་བྱེད་པ་དང་། མ་མཐོང་བ་མཐོང་བ་དང་མཐོང་བ་ལ་མངོན་དུ་ཕྱོགས་པར་བྱེད་པའི་ཕྱིར་རྟོགས་པའི་ཆོས་དྲུག་ཅེས་བྱ་ལ། དེ་དག་གྱི་རྟེན་ལ་རིགས་ཞེས་བྱ་ཞེས་སྦྲེལ་ལོ། །མདོ་ནི། རབ་འབྱོར་ནམ་མཁའ་ལ་བྱའི་རྗེས་མེད་ཅིང་མི་དམིགས་སོ། །དེ་བཞིན་དུ་བྱང་སེམས་ཀྱི་ཚིག་གི་དོན་མེད་ཅིང་མི་དམིགས་ཞེས་བརྗོད་པས་དྲོད་དང་ཡང་དག་པའི་མཐའ་ལ་གནས་པ་མེད་ཅིང་མི་དམིགས་སོ་ཞེས་པས་རྩེ་མོ་དང་། སྒྱུ་མའི་སྐྱེས་བུས་གཟུགས་ལ་གནས་པ་མེད་ཅིང་མི་དམིགས་སོ་ཞེས་པས་བཟོད་པ་དང་། སྒྱུ་མའི་སྐྱེས་བུས་ནང་སྟོང་པ་ཉིད་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ་ཞེས་པས་ཆོས་མཆོག་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གཟུགས་ལ་ཚིག་གི་དོན་མེད་ཅིང་མི་དམིགས་སོ་ཞེས་པས་མཐོང་ལམ་དང་། སྐྱེ་བ་མེད་པའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ་ཞེས་པས་སྒོམ་པའི་ལམ་གྱི་རྟེན་བསྟན་ནོ། །གཉིས་པ་ནི། མཐོང་སྒོམ་གྱི་ལམ་དེ་དག་སྐྱེས་པའི་སྟོབས་ཀྱིས་གཉེན་པོ་སྐྱེ་བ་དང་མི་མཐུན་ཕྱོགས་སྤོང་བ་སྟེ་འགག་པ་དུས་མཉམ་པས། དེ་དག་གི་རྟེན་ནི་གོ་རིམ་བཞིན་དུ། ཉི་མའི་དཀྱིལ་འཁོར་མངོན་པར་འཆར་བའི་འོད་ཀྱི་གནས་མེད་ཅིང་མི་དམིགས་སོ། །ཞེས་པས་གཉེན་པོའི་རྟེན་དང་། བསྐལ་པའི་མེ་འབར་བའི་ཚེ་འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་ཀྱི་གནས་མེད་ཅིང་མི་དམིགས་པ་ཞེས་པས་སྤོང་བའི་རྟེན་གསུངས་སོ། །གསུམ་པ་ནི། སྤང་གཉེན་དེ་དག་སྐྱེ་འགག་གི་རྣམ་རྟོག་ཡོངས་སུ་གཏུགས་ཤིང་སྤངས་པ་ནི། དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཚུལ་ཁྲིམས་ལ་ཚུལ་ཁྲིམས་ངན་པའི་གནས་མེད་ཅིང་མི་དམིགས་སོ་ཞེས་སོ། །བཞི་པ་ནི། འཁོར་འདས་ལ་མི་གནས་པའི་རྒྱུ་ཤེས་རབ་དང་སྙིང་བརྩེར་བཅས་པའི་རྟེན་ནི་ཉི་མ་དང་ཟླ་བའི་འོད་ལ་གནས་མེད་ཅིང་མི་དམིགས་སོ་ཞེས་སོ། །དེ་དག་གི་སྟོབས་ཀྱི་སློབ་མ་ཉན་ཐོས་སོགས་དང་ཡོན་ཏན་ཐུན་མོང་མ་ཡིན་པའི་ཆོས་ཀྱི་རྟེན་ནི། ཉན་ཐོས་དང་རང་སངས་རྒྱས་དང་གཟའ་དང་སྐར་མ་དང་ནོར་བུ་རིན་པོ་ཆེ་དང་གློག་གི་འོད་ལ་གནས་མེད་ཅིང་མི་དམིགས་སོ་ཞེས་སོ། །དེ་ནས་གདུལ་བྱའི་སྐལ་བ་ཇི་ལྟ་བ་བཞིན་དུ་ཐེག་པ་གསུམ་ལ་འགོད་པའི་གཞན་གྱི་དོན་གྱི་གོ་རིམ་གྱི་རྟེན་ནི། རྒྱལ་ཆེན་བཞིའི་རིགས་ཀྱི་ལྷ་རྣམས་ཀྱི་འོད་ལ་གནས་མེད་ཅིང་མི་དམིགས་སོ། །འཁོར་བ་ཇི་སྲིད་པར་གཞན་དོན་གྱི་ཡེ་ཤེས་འབད་པ་དང་རྩོལ་བ་མི་མངའ་བར་འཇུག་པའི་རྟེན་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འོད་ལ་གནས་མེད་ཅིང་མི་དམིགས་སོ་ཞེས་སོ། །གསུམ་པ་འགྲེལ་པ་ལ། སོ་སོའི་རང་བཞིན་གོ་རིམ་ངེས་པ་དང་གྲངས་ངེས་པ་གསུམ་གྱི་དང་པོ་ནི། རེ་ཞིག་ཅེས་པ་གོ་རིམ་སྟོན་པའི་ཚིག་གི་ཕྲད་དོ། །སྒོམ་བྱུང་གི་སྒྲུབ་པ་རྣམས་ཀྱི་དང་པོར་འཇིག་རྟེན་པའི་སྒོམ་བྱུང་གི་ངོ་བོ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དྲོ་བ་ལ་སོགས་པ་བཞི་པོ་རྣམས་སྐྱེ་བས་དེ་དག་གི་རྟེན་དུ་གྱུར་པའི་རིགས་བསྟན་ནོ། །དེ་བཞིན་དུ་གཞན་ལ་ཡང་སྦྱར་རོ། །དེའི་འོག་ཏུ་འཇིག་རྟེན་ལས་འདས་པའི་སྒོམ་བྱུང་བདེན་པ་སྔར་མ་རྟོགས་གསར་དུ་རྟོགས་པ་མཐོང་བའི་ལམ་དང་མཐོང་ཟིན་གོམས་པར་བྱེད་པ་སྒོམ་པའི་ལམ་དག་དེ། དེའི་འོག་ཏུ་མཐོང་སྒོམ་གྱི་ལམ་དེ་དག་སྐྱེས་པའི་སྟོབས་ཀྱིས་མཐོང་སྒོམ་གྱིས་བསྡུས་པའི་གཉེན་པོའི་ཕྱོགས་མ་ལུས་པ་སྐྱེས་པ་དང་མི་མཐུན་ཕྱོགས་གཟུང་འཛིན་གྱི་རྣམ་རྟོག་མ་ལུས་པ་འགགས་པ་དང་དུས་མཉམ་སྟེ། དཔེར་ན། རྐུན་པོ་ཕྱིར་བྱུང་བ་དང་སྒོ་འཕར་བཅད་པ་དུས་མཉམ་པ་ལྟར་རོ། །རྐུན་པོ་སྔར་ཕྱུང་ནས་སྒོ་འཕར་ཕྱིས་གཅོད་པ་མ་ཡིན་ནམ། དེ་དག་དུས་མཉམ་པའི་དཔེར་ཇི་ལྟར་རུང་ཞེ་ན། ཇི་སྲིད་སྒོ་འཕར་མ་བཅད་པ་དེ་སྲིད་དུ་ནི་རྐུན་པོ་རེ་ཤིག་ཕྱིར་བྱུང་དུ་ཟིན་ཀྱང་གཏན་ཕྱུང་བ་མ་ཡིན་ཏེ། གེགས་བྱེད་པ་མེད་པས་སླར་ཡང་འཇུག་སྲིད་པའི་ཕྱིར་རོ། །གང་གི་ཚེ་སྒོ་འཕར་བཅད་པ་དེའི་ཚེ་སླར་འཇུག་མི་སྲིད་པས་ཡང་དག་པར་རྐུན་པོ་བྱུང་བ་ཞེས་བྱ་བའི་ཐ་སྙད་ཐོབ་བོ། །དེས་ན་འདིར་རྐུན་པོ་ཐོན་པ་ཙམ་གྱིས་ཕྱིར་བྱུང་བའི་དོན་མ་ཡིན་གྱི་སླར་འཇུག་པའི་གོ་སྐབས་མེད་པར་བྱས་པ་ཉིད་ཡིན་ལ། དེ་ནི་སྒོ་འཕར་བཅད་པ་དང་དུས་མཉམ་པ་ཡིན་ནོ། །དེ་བཞིན་དུ་ཇི་སྲིད་གཉེན་པོ་མ་སྐྱེས་པ་དེ་སྲིད་དུ་མི་མཐུན་ཕྱོགས་འགག་པར་ཞེས་མི་བྱ་སྟེ། སླར་ཡང་སྐྱེ་བ་ལ་གེགས་བྱེད་པ་མེད་པས་སོ། །གང་གི་ཚེ་གཉེན་པོ་རྫོགས་པར་སྐྱེས་པ་དེའི་ཚེ་སླར་སྐྱེ་བའི་གོ་སྐབས་མེད་པའི་ཕྱིར་སྤང་བྱ་འགགས་པ་ཞེས་བྱའོ། །འདིར་གཉེན་པོ་བར་ཆད་མེད་ལམ་མམ། འོན་ཏེ་རྣམ་གྲོལ་ལམ་གཟུང་ཞེ་ན། གཞན་དག་བར་ཆད་མེད་ལམ་འཛིན་མོད་དེ་ནི་མ་ཡིན་ཏེ། བར་ཆད་མེད་ལམ་སྐྱེས་པ་ན་སྤང་བྱ་སྤོང་བཞིན་པ་ཡིན་གྱི་སྤངས་པ་མ་ཡིན་པའི་ཕྱིར་ཏེ། གཞན་དུ་ན་བར་ཆད་མེད་ལམ་སྤང་བྱ་དངོས་སུ་སྤོང་བའི་བྱ་བ་མི་བྱེད་པར་ཐལ་བའི་ཕྱིར་རོ། །དེས་ན་གཉེན་པོའི་སྤྱི་འཛིན་ལ་གང་གི་ཚེ་རྣམ་གྲོལ་ལམ་སྐྱེས་པ་དེའི་ཚེ་གཉེན་པོ་རྫོགས་པར་སྐྱེས་པས་སྤང་བྱ་མ་ལུས་པར་འགགས་པའི་ཐ་སྙད་བྱེད་དོ། །སྔ་རབས་པ་དག་སྔ་མའི་སྒོམ་ལམ་ས་བདུན་པ་མན་ཆད། འདི་ས་བརྒྱད་པའི་བར་ཆད་མེད་ལམ་ལ་སྦྱོར་མོད། དེ་དག་སྐྱེས་པའི་སྟོབས་ཀྱི་ཞེས་པ་དང་མི་འགྲིག་གོ །དེའི་འོག་ཏུ་སྤང་གཉེན་དེ་དག་མི་དམིགས་པས་དེ་དག་སྐྱེ་བ་དང་དགག་པའི་ཡུལ་དུ་ལྡན་པའི་མ་རྟོགས་སྤངས་པ་ཐོབ་བོ། །འདི་ས་བརྒྱད་པའི་རྣམ་གྲོལ་ལམ་ལ་སྦྱོར་རོ། །དེའི་འོག་དུ་འཁོར་བ་ལ་མི་གནས་པའི་མཚན་ཉིད་རང་བཞིན་མེད་རྟོགས་ཀྱི་ཤེས་རབ་དང་མྱང་འདས་ལ་མི་གནས་པའི་མཚན་ཉིད་ཐབས་སྙིང་རྗེ་ཆེན་པོ་ཐོབ་བོ། །གང་གི་སྟོབས་ཀྱིས་ན། སྲིད་ཞི་ལ་མི་གནས་པར་གཞན་དོན་བྱེད་པར་གྱུར་ཅིག་པའི་སྔོན་གྱི་སྨོན་ལམ་དང་སྦྱིན་སོགས་ཕར་ཕྱིན་དྲུག་ལ་སྦྱངས་པའི་ཐབས་ལ་མཁས་པའི་སྟོབས་ཀྱིས་སོ། །འདི་ཡང་ས་བརྒྱད་པའི་ཡོན་ཏན་ཁྱད་པར་ཅན་ལ་སྦྱར་རོ། །དེའི་འོག་ཏུ་འཁོར་འདས་ལ་མི་གནས་པའི་ཐབས་ཤེས་དེ་དག་སྐྱེས་པས་ཉན་ཐོས་དང་རང་རྒྱལ་སོགས་ཐེག་པ་དམན་པ་དག་དང་ཐུན་མོང་མ་ཡིན་པའི་ཆོས་འཐོབ་བོ། །འདི་ས་དགུ་པ་ལ་བཞག་སྟེ། སོ་སོ་ཡང་དག་རིག་བཞི་ཐོབ་པས་རྣམ་པ་ཐམས་ཅད་དུ་ཉན་རང་དང་ཐུན་མོང་མ་ཡིན་པའི་ཕྱིར་རོ་ཞེས་ཟེར་རོ། །ཉན་རང་དང་ཐུན་མོང་མ་ཡིན་པ་ཐོབ་པ་དེའི་འོག་ཏུ་གཞན་གྱི་གོ་རིམ་གྱི་སྒྲུབ་པ་ཐོབ་བོ། །གཞན་དོན་ཇི་ལྟར་བུ་ན་གདུལ་བྱའི་བསམ་པ་ཇི་ལྟ་བ་བཞིན་རྒྱུན་དུ་ཐེག་པ་གསུམ་གྱི་ལམ་ལ་འབོད་པའི་མཚན་ཉིད་ཅན་གྱིའོ། །ཐབས་གང་གིས་ཞེ་ན། བཞུགས་པ་དང་སོགས་པས་མཚན་ཉིད་དང་གཉེན་པོ་བསྒྱུར་བ་ལ་ལྡེམ་པོར་དགོངས་པ་རྣམ་པ་བཞིའི་སྒོ་ནས་ཆོས་བསྟན་པས་སོ། །འདི་ས་བཅུ་པ་ལ་བཞག་སྟེ། དེར་སངས་རྒྱས་དང་གཞན་དོན་མཚུངས་པར་བཤད་པས་སོ་ཞེས་ཟེར་རོ། །འདི་ལ་ལྡེམ་དགོངས་སོ་སོའི་དོན་བཤད། གྲངས་ངེས་ཀྱི་ཁྱད་པར་བསྟན་པ་དང་གཉིས་ཀྱི། དང་པོ་ལ་བཞིའི། བཞུགས་པ་ལ་ལྡེམ་པོར་དགོངས་པ་ནི། གང་ཟག་དང་ཆོས་ཀྱི་བདག་མེད་པས་སྐྲག་པ་རྣམས་བསྟན་པ་ལ་རིམ་གྱིས་བཞུག་པར་བྱ་བའི་ཕྱིར། ཕྱི་ནང་གི་སྐྱེ་མཆེད་དང་སེམས་ཅན་དང་གང་ཟག་ལ་སོགས་པ་ཡོད་པར་གསུངས་པ་གང་ཡིན་པ་སྟེ། ཉི་ཤུ་པར། གཟུགས་སོགས་སྐྱེ་མཆེད་ཡོད་པར་ནི། །དེས་འདུལ་བའི་སྐྱེ་བོ་ལ། །དགོངས་པའི་དབང་གིས་གསུང་པ་སྟེ། །རྫུས་ཏེ་འབྱུང་བའི་སེམས་ཅན་བཞིན། །ཞེས་པ་ལྟར་རོ། །གཉིས་པ་མཚན་ཉིད་ལ་ལྡེམ་པོར་དགོངས་པ་ནི། ངོ་བོ་ཉིད་མེད་པ་རྣམ་པ་གསུམ་ལ་དགོངས་ནས་ཤེར་ཕྱིན་ལས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གསུངས་པ་སྟེ། སུམ་ཅུ་པ་ལས། དེ་ཕྱིར་ཆོས་རྣམས་ཐམས་ཅད་ཀྱི། །ངོ་བོ་ཉིད་མེད་རྣམ་གསུམ་ལ། །དགོངས་ནས་ཆོས་རྣམས་ཐམས་ཅད་ཀྱི། །ངོ་བོ་ཉིད་མེད་བསྟན་པ་ཡིན། །ཅེས་པ་ལྟར་རོ། །གསུམ་པ་གཉེན་པོ་ལ་ལྡེམ་པོར་དགོངས་པ་ནི། རྒྱན་དུ། སངས་རྒྱས་ཆོས་ལ་བསྙས་པ་དང་། །ལེ་ལོ་ཅུང་ཟད་ཆོག་འཛིན་དང་། །འདོད་ཆགས་ང་རྒྱལ་སྤྱོད་པ་དང་། །འགྱོད་དང་མ་ངེས་ལྡོག་པ་ནི། །སེམས་ཅན་རྣམས་ཀྱི་སྒྲིབ་རྣམས་ཏེ། །དེའི་གཉེན་པོར་ཐེག་མཆོག་བརྟན། །ཅེས་པ་ལྟར་སྒྲིབ་པ་བརྒྱད་ཀྱི་གཉེན་པོར་གསུངས་པ་གང་ཡིན་པ་སྟེ། དེ་ལ་སངས་རྒྱས་རྣམ་པར་གཟིགས་ཀྱི་བསྔགས་པ་གསུངས་པ་ན་འཁོར་འགའ་ཞིག་ལ་བདག་ཅག་གི་སྟོན་པ་དེ་བས་དམན་ནོ་སྙམ་དུ་སངས་རྒྱས་ལ་བརྙས་པའི་གཉེན་པོར་མཉམ་པ་ཉིད་གསུམ་ལ་དགོངས་ནས་དེའི་ཚེ་དེའི་དུས་ན་སངས་རྒྱས་རྣམ་པར་གཟིགས་སུ་གྱུར་ཏོ་ཞེས་གསུངས་པ་སྟེ། མཉམ་པ་ཉིད་གསུམ་ནི། སངས་རྒྱས་ཐམས་ཅད་ཚོགས་དང་ནི། །ཆོས་སྐུ་འགྲོ་བའི་དོན་སྤྱོད་པས། །མཉམ་པ་ཉིད་དེ་སྐུ་ཚེ་དང་། །རིགས་དང་སྐུ་བོང་ཚད་ཀྱིས་མིན། །ཞེས་སོ། །ཡང་འགའ་ཞིག་ལ་ཆད་པ་སྟོན་པའོ་ཞེས་ཐེག་ཆེན་གྱི་ཆོས་ལ་བརྙས་པའི་གཉེན་པོར་རྟོགས་པའི་ཆོས་ལ་དགོངས་ནས་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་ལ་བསྙེན་བཀུར་བྱས་ན་ཐེག་ཆེན་གྱི་ཆོས་ཐོས་པར་འགྱུར་རོ་ཞེས་སོ། །ལེ་ལོ་ཅན་དག་ལ་དུས་གཞན་དུ་སྐྱེ་བ་ལ་དགོངས་ནས་བདེ་བ་ཅན་དུ་སྨོན་ལམ་འདེབས་པ་དེ་དག་དེར་སྐྱེ་བར་འགྱུར་རོ་ཞེས་པའོ། །དགེ་བ་ཅུང་ཟད་ཀྱིས་ཆོག་པར་འཛིན་ལ་སྦྱིན་པ་ལ་སྨད་ནས་ཚུལ་ཁྲིམས་ལ་བསྔགས་པ་ལྟ་བུ་གང་ཟག་གི་བསམ་པ་ལ་དགོངས་པའོ། །འཁོར་བའི་ཕུན་ཚོགས་ལ་ཆགས་པའི་གཉེན་པོར་སངས་རྒྱས་ཀྱི་ཞིང་གི་འབྱོར་པ་བསྔགས་པ་ལྟ་བུ་དང་། རང་གི་ལུས་དང་སྟོབས་ཀྱིས་ང་རྒྱལ་བ་ལ་སངས་རྒྱས་ཀྱི་ཡོན་ཏན་བསྔགས་པ་ལྟ་བུ་དང་། མ་སྐྱེས་དགྲ་ལྟ་བུ་གནོད་པ་བྱས་པས་འགྱོད་པའི་གཉེན་པོར་སངས་རྒྱས་དང་བྱང་སེམས་ལ་གནོད་པ་བྱས་པ་ཡང་མཐོ་རིས་སུ་འགྲོའོ་ཞེས་པ་ལྟ་བུ་དང་། མ་ངེས་པའི་རིགས་ཅན་ཐེག་ཆེན་ལས་ལྡོག་པའི་གཉེན་པོར་མཐར་ཐུག་ཐེག་པ་གཅིག་ཏུ་བསྟན་པ་དང་། ཉན་ཐོས་ལུང་བསྟན་པ་ལ་སོགས་པ་ལྟ་བུའོ། །བཞི་པ་བསྒྱུར་བ་ལ་ལྡེམ་པོར་དགོངས་པ་ནི། རབ་ཏུ་གྲགས་པའི་ཡི་གེ་རྣམས་མ་གྲགས་པའི་དོན་ཟབ་མོ་སྟོན་བྱེད་དུ་བསྒྱུར་བ་སྟེ། ཇི་སྐད་དུ། སྙིང་པོ་མེད་ལ་སྙིང་པོར་ཤེས། །ཕྱིན་ཅི་ལོག་ལ་ཤིན་ཏུ་གནས། །ཉོན་མོངས་པས་ནི་རབ་ཉོན་མོངས། །བྱང་ཆུབ་དམ་པ་ཐོབ་པར་འགྱུར། །ཞེས་པ་ལྟ་བུ་སྟེ། དོན་ནི་སྙིང་པོ་ནི་རྣམ་གཡེང་ཡིན་ལ། དེ་མེད་པ་ནི་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་ནོ། །རྟག་སོགས་ལས་ཕྱིན་ཅི་ལོག་པ་ནི་མི་རྟག་པ་ལ་སོགས་པ་ཡིན་ལ། དེ་ལ་གནས་པའི་ལྷག་མཐོང་བསྟན་ཏོ། །ཡུན་རིང་པོར་གཞན་དོན་གྱི་དཀའ་སྤྱད་ཀྱི་ཉོན་མོངས་པས་རབ་ཏུ་ཉོན་མོངས་ཞེས་པས་སྙིང་རྗེ་བསྟན་ཏེ། དེ་ལྟར་ཏིང་ངེ་འཛིན་དང་ཤེས་རབ་སྒོམ་ཞིང་སྙིང་རྗེས་གཞན་དོན་ལ་འབད་པས་བྱང་ཆུབ་ཐོབ་བོ་ཞེས་པའོ། །ལྡེམ་དགོངས་བཞི་པོ་དེ་དག་ཀྱང་། རྒྱན་ལས། ཉོན་མོངས་དང་ནི་ངོ་བོ་ཉིད། །དེ་བཞིན་ཉེས་པ་འདུལ་བ་དང་། །བརྗོད་པ་ཟབ་པ་ཉིད་ལ་ནི། །ལྡེམ་པོར་དགོངས་པ་འདི་རྣམ་བཞི། །ཞེས་བཤད་པ་ལྟར་རོ། །གཉིས་པ་ནི། རྣམ་རིག་པ་དག་མདོ་སྡེ་དགོངས་འགྲེལ་གྱི་རྗེས་སུ་འབྲངས་ནས། མདོ་གང་མདོ་སྡེ་གཞན་གྱིས་དགོངས་པ་བཀྲལ་མི་དགོས་པའི་སྒྲ་ཇི་བཞིན་པ་ནི་ངེས་པའི་དོན་དང་། མདོ་སྡེ་གཞན་གྱིས་དགོངས་པ་དཀྲལ་དགོས་པ་སྒྲ་ཇི་བཞིན་པ་མ་ཡིན་པ་ནི་དྲང་བའི་དོན་དུ་འདོད་པས། ལྡེམ་དགོངས་བཞི་ཀ་སྒྲ་ཇི་བཞིན་པ་མ་ཡིན་པའི་ཕྱིར་དྲང་བའི་དོན་དུ་འཆད་དོ། །དབུ་མ་པ་དག་ཏིང་ངེ་འཛིན་རྒྱལ་པོ་ལས། སྟོང་པ་བདེ་བར་གཤེགས་པས་བསྟན་པ་ལྟར། །ངེས་དོན་མདོ་སྡེ་དག་གི་བྱེ་བྲག་ཤེས། །གང་ལ་སེམས་ཅན་གང་ཟག་སྐྱེས་བུ་བསྟན། །ཆོས་དེ་ཐམས་ཅད་དྲང་བའི་དོན་དུ་ཤེས། །ཞེས་པའི་རྗེས་སུ་འབྲངས་ནས་བརྗོད་བྱ་དོན་དམ་པའི་བདེན་པ་སྟོན་པ་ངེས་དོན་དང་། ཀུན་རྫོབ་ཀྱི་བདེན་པ་སྟོན་པ་དྲང་དོན་དུ་བཞེད་པས། མཚན་ཉིད་ལ་ལྡེམ་པོར་དགོངས་པ་བརྗོད་བྱ་སྟོང་པ་ཉིད་སྟོན་པའི་ཕྱིར་ངེས་དོན་དུ་འཆད་ལ། གཞན་དག་དྲང་དོན་དུ་འཆད་དོ། །གཞན་གྱི་དོན་གྱི་གོ་རིམ་དེའི་འོག་ཏུ་འཁོར་བ་ཇི་སྲིད་པར་འབད་རྩོལ་གྱི་མཚན་མ་མེད་ཅིང་རང་གི་ངང་གིས་འཇུག་པ་ལྷུན་གྱིས་གྲུབ་པར་སེམས་ཅན་གཞན་གྱི་དོན་དང་མཐོང་ཆོས་ལ་བདེ་བར་གནས་པའི་སངས་རྒྱས་ཀྱི་ཡེ་ཤེས་དེ་དེ་མ་ཐག་ཏུ་འབྱུང་བ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཏེ། དེའི་རྟེན་ལ་རིགས་ཞེས་བྱའོ་ཞེས་སྦྱར་རོ། །གཉིས་པ་ནི། ཇི་སྐད་བཤད་པའི་གོ་རིམ་འདི་ནི་རྟོགས་པའི་གོ་རིམ་ཡིན་པས་རིགས་པ་ཁོ་ནའོ། །གསུམ་པ་ནི། ཇི་སྐད་བཤད་པའི་སྒྲུབ་པ་བཅུ་གསུམ་པོ་འདིས་ཀྱང་རྣམ་མཁྱེན་དོན་དུ་གཉེར་བའི་སྐྱེས་བུས་ཉམས་སུ་བླང་བྱའི་ལམ་གྱི་དོན་ཐམས་ཅད་མ་ཚང་བ་མེད་པར་ཕུན་སུམ་ཚོགས་པ་ཡིན་ཏེ། སྦྱོར་ལམ་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་བར་གྱི་ལམ་ཐམས་ཅད་བསྡུས་པའི་ཕྱིར་རོ། །དེས་ན་འདི་དག་ལས་མང་མི་དགོས་ཤིང་ཉུང་ན་མི་ནུས་པའི་ཕྱིར་གྲངས་ངེས་པ་ཡིན་ནོ། །ཀྱང་ཞེས་པས་སེམས་བསྐྱེད་དང་གདམས་ངག་རྣམས་ཀྱིས་སྐྱེས་བུའི་དོན་ཐམས་ཅད་ཕུན་སུམ་ཚོགས་པར་མ་ཟད་ཅེས་པའོ། །བཞི་པ་དོན་བསྡུ་བ་ནི། རིགས་ཞེས་བསྟན་ནོ། །གང་ལ་ཞེ་ན། མིག་སོགས་སྐྱེ་མཆེད་དྲུག་གི་རང་བཞིན་གྱི་བྱང་ཆུབ་སེམས་དཔའ་བཅུ་གསུམ་པོ་དོན་དམ་པར་སྤྲོས་བྲལ་ཆོས་ཀྱི་དབྱིགས་ཀྱི་དངོས་པོའི་དེ་ཁོ་ན་ལའོ། །ཅིའི་ཕྱིར་ཞེ་ན། ཇི་སྐད་བཤད་པའི་བྱང་སེམས་ཀྱི་སྒྲུབ་པ་བཅུ་གསུམ་གྱི་ཆོས་ཀྱི་གཞིར་གྱུར་པ་ཡིན་པའི་ཕྱིར་རོ། །ཇི་ལྟར་བྱང་ཆུབ་སེམས་དཔའ་བཅུ་གསུམ་ཡིན་ཞེ་ན། ཐེག་ཆེན་སྒྲུབ་པའི་ཆོས་ཀྱི་གནས་སྐབས་ཐ་དད་པ་བཅུ་གསུམ་གྱི་བྱེ་བྲག་གིས་སོ། །གཉིས་པ་རྩོད་པ་སྤོང་བ་ལ། རྩོད་པ་དང་ལན་གཉིས་ཀྱི། དང་པོ་ལ་སྔ་རྒོལ་དང་། རྩ་བ་གཉིས་ཀྱི། དང་པོ་ལ། འདོད་པ་བརྗོད་པ་དང་། ཐལ་བ་དགོད་པ་གཉིས་ཀྱི། དང་པོ་ནི། འདིར་ཁྱེད་དབུ་མ་པ་ལྟར་ན་ཡང་དག་པར་ཆོས་ཀྱི་དབྱིངས་ཁོ་ན་ཡང་དག་པའི་ཆོས་རྟོགས་པར་འགྱུར་བའི་རྒྱུ་ཡིན་པའི་ཕྱིར་ཆོས་ཀྱི་དབྱིངས་དེའི་བདག་ཉིད་ཅན་གྱི་ནང་གི་སྐྱེ་མཆེད་དྲུག་གི་རང་བཞིན་གྱི་བྱང་སེམས་བླ་ན་མེད་པའི་རང་བཞིན་དུ་གནས་པའི་ཕྱིར་ཡིན་པའོ། །གཉིས་པ་ནི། འོ་ན་ཞེས་པ་ཐེ་ཚོམ་མེད་པར་ཕྱོགས་སྔ་ཁོང་དུ་ཆུད་པར་སྟོན་པའི་ཕྲད་དོ། །ཆོས་དབྱིངས་སངས་རྒྱས་ཀྱི་རིགས་སུ་འདོད་པ་དེའི་ཚེ་བྱང་སེམས་ཁོ་ན་སངས་རྒྱས་ཀྱི་རིགས་ཅན་མ་ཡིན་པར་ཐལ། ཆོས་དབྱིངས་དེ་ནི་ཐེག་པ་གསུམ་གའི་གང་ཟག་ལ་སྤྱིར་ལྡན་པ་ཡིན་པའི་ཕྱིར་དེས་ན་ཆོས་དབྱིངས་རིགས་སུ་འཐད་པ་མ་ཡིན་ནོ། །སྙམ་པའི་སྐྱེ་བོ་བློ་དམན་པའི་ངོར་དགོངས་ནས་གསུང་པས་ལན་གདབ་པའི་ཕྱིར་དགོས་པ་སྟོན་པའི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་ནི། གལ་ཏེ་ཆོས་དབྱིངས་སངས་རྒྱས་ཀྱི་རིགས་ཡིན་ན། ཐེག་པ་གསུམ་གྱི་རིགས་ཐ་དད་པར་རུང་བ་མ་ཡིན་པར་ཐལ། ཆོས་ཀྱི་དབྱིངས་ལ་དབྱེ་བ་མེད་པའི་ཕྱིར། མདོ་ལས་ཀྱང་། འཇམ་དཔལ་གལ་ཏེ་ཆོས་ཀྱི་དབྱིངས་གཅིག །དེ་བཞིན་ཉིད་གཅིག་ཡང་དག་པའི་མཐའ་གཅིག་ཡིན་ན་དེ་ལ་ཇི་ལྟར་སྣོད་དང་སྣོད་མ་ཡིན་པར་གདགས་ཞེས་གསུངས་པ་བཞིན་ནོ་ཞེ་ན། གཉིས་པ་ལན་ལ། དོན་གྱིས་ཐོབ་པ་དང་། དངོས་སུ་བསྟན་པའི་ལན་གཉིས་ཀྱི། དང་པོ་ནི། ཉན་ཐོས་དང་རང་རྒྱལ་བྱང་སེམས་ཀྱི་ཐེག་པ་ཐ་དད་པ་རྣམས་གང་ཟག་གི་བདག་མེད་ཙམ་དང་བདག་ཕྱེད་དང་གཉིས་ཀྱིས་སྟོང་པ་དང་བདག་མེད་གཉིས་ཀ་ཁོང་དུ་ཆུད་པའི་རྟོགས་པའི་རིམ་གྱིས་དམིགས་པ་ན། གང་ཟག་ལ་ཐེག་པ་གར་རྟོགས་པའི་རིམ་གྱིས་ཇི་ལྟར་དམིགས་པ་དེ་བཞིན་དུ། གང་ཟག་དེའི་སྐྱེ་མཆེད་དྲུག་གི་ཆོས་དབྱིངས་དེ་ཉིད་རང་གི་ཐེག་པའམ་འཕགས་པའི་ཆོས་རྟོགས་ཤིང་ཐོབ་པའི་རྒྱུའི་ངོ་བོར་རྣམ་པར་འཇོག་པའི་སྒོ་ནས་ཉན་ཐོས་ལ་སོགས་པའི་རིགས་ཉིད་དུ་ཐ་སྙད་འདོགས་སོ། །དོན་ནི་འདི་ཡིན་ཏེ། གང་ཟག་གི་བདག་མེད་པའི་རྟོགས་པ་ཙམ་དང་ལྡན་པ་དེ་ཉིད་ཉན་ཐོས་ཀྱི་ཐེག་པ་ཡིན་ལ། དེའི་ནང་སྐྱེ་མཆེད་དྲུག་གི་ཆོས་ཉིད་ནི་ཉན་ཐོས་ཀྱི་རིགས་སོ། །ཞེས་ཐ་སྙད་དུ་བྱ་སྟེ། ཉན་ཐོས་འཕགས་པའི་ཆོས་རྟོགས་ཤིང་འཐོབ་པའི་རྒྱུ་ཡིན་པའི་ཕྱིར། དེ་བཞིན་དུ་གཟུགས་མེད་ཙམ་དང་བདག་མེད་གཉིས་ཀའི་རྟོགས་པ་དང་ལྡན་པ་ནི་རང་རྒྱལ་དང་བྱང་སེམས་ཀྱི་ཐེག་པ་བ་ཡིན་ལ། དེ་དག་གི་སྐྱེ་མཆེད་དྲུག་གི་མཚན་ཉིད་ནི་གོ་རིམ་བཞིན་དུ་རང་རྒྱལ་དང་ཐེག་ཆེན་གྱི་རིགས་སུ་བཞག་སྟེ། རང་རྒྱལ་དང་ཐེག་ཆེན་འཕགས་པའི་ཆོས་རྟོགས་ཤིང་འཐོབ་པའི་རྒྱུ་ཡིན་པའི་ཕྱིར་ཞེས་པའོ། །ཞེས་བྱ་བའི་ལན་ཞིག་ཀྱང་རྗེ་བཙུན་གྱིས་གཟིགས་ཏེ། རྩོད་པ་དེའི་ལན་དུ་སྐབས་སུ་བབ་ཅིང་དོན་དང་མཐུན་པ་ཡིན་ནོ། །ཀྱང་ཞེས་པ་འོག་ནས་བྱུང་བར་མ་ཟད་ཅེས་པའོ། །ཉི་སྣང་དུ། གལ་ཏེ་ཆོས་ཀྱི་དབྱིངས་ཡིན་ན་ཐམས་ཅད་རིགས་ལ་གནས་པར་འགྱུར་ཏེ། དེ་ནི་སྤྱིར་གནས་པ་ཡིན་པའི་ཕྱིར་རོ་ཞེ་ན། ཇི་ལྟར་དམིགས་པ་ན་འཕགས་པའི་ཆོས་རྣམས་ཀྱི་རྒྱུར་འགྱུར་བ་དེ་ལྟར་རིགས་ཡིན་པར་བརྗོད་པ་དེས་ན་འདིར་ཧ་ཅང་ཐལ་བ་ཅིས་ཏེ་ཚོལ་བར་བྱེད་ཅེས་བཤད་པའི་དོན་ཅུང་ཟད་བཀྲལ་བ་གཞུང་འདི་ཡིན་ནོ། །དེ་ལ་ཆོས་ཉིད་ཀྱིས་ཇི་ལྟར་བརྗོད་པའི་གཞུང་ཉན་ཐོས་ལ་གྲགས་པའི་དཔེ་སྟོན་པར་འཆད་པ་ནི་མི་རིགས་ཏེ། ཉི་སྣང་གི་ཇི་ལྟར་དམིགས་པ་ན་ཞེས་པ་འདི་འགྲེལ་པ་འདིར་ཇི་ལྟར་ཉན་ཐོས་ལ་སོགས་ཞེས་པའི་གཞུང་འདི་ཡིན་པའི་ཕྱིར་དང་། ཉི་སྣང་གི་ཚིག་དེ་ཡང་དཔེ་སྟོན་བྱེད་མ་ཡིན་པའི་ཕྱིར་རོ། །དེས་ན་ཇི་ལྟར་དེ་བཞིན་ཞེས་པ་དཔེ་འགོད་པའི་ཚིག་ཕྲད་མ་ཡིན་གྱི་གང་དང་དེ་ཞེས་པ་ལྟར་དམིགས་ཀྱིས་མ་ཕྱེ་བའི་སྤྱི་འཛིན་པའི་ཚིག་ཕྲད་དོ། །ཡང་སྔ་རབས་པ་དག་ཇི་ལྟར་ཉན་ཐོས་དང་སོགས་པས་རང་རྒྱལ་བྱང་སེམས་ཀྱི་ཐེག་པས་གང་ཟག་གི་བདག་མེད་ཙམ་དང་གཟུང་མེད་དང་བདག་མེད་གཉིས་ཀ་རྟོགས་པའི་རིམ་གྱིས་ཆོས་དབྱིངས་ལ་དམིགས་པ་དེ་བཞིན་དུ་རང་རང་གི་འཕགས་པའི་ཆོས་རྟོགས་པ་དེ་མངོན་སུམ་དུ་བྱ་བའི་ཕྱིར་ཆོས་དབྱིངས་རྒྱུར་རྣམ་པར་འཇོག་པའི་སྒོ་ནས་ཉན་ཐོས་ལ་སོགས་པའི་རིགས་སུ་ཐ་སྙད་འདོགས་ཞེས་འཆད་པ་ལྟར་ན་ཡང་ཆོས་དབྱིངས་སྒྲུབ་པའི་དམིགས་པར་ཁས་བླངས་པས། དམིགས་པ་དག་པ་ཁྱད་པར་འགྲོར་མེད་པར་ཐལ་བའི་ཉེས་པ་བཟློག་ཏུ་མེད་ཅིང་དབྱིངས་དམིགས་པའི་སྒོ་ནས་ཐེག་པ་གསུམ་གྱི་འཕགས་པའི་ཆོས་ཀྱི་རྒྱུ་ཡིན་ཞིང་རྒྱུའི་སྒོ་ནས་རིགས་སུ་རྣམ་པར་འཇོག་ན། དོན་གྱིས་ན་དམིགས་པའི་སྒོ་ནས་རིགས་སུ་བཞག་པས་རིགས་ཀྱི་དབྱེ་བ་མི་རུང་བའི་ཉེས་པ་སོ་ན་གནས་པས་མི་རིགས་པ་ཁོ་ནའོ། །དེའི་ཕྱིར་གཞུང་འདི་ཡང་སྔོན་ཆད་དགོངས་པ་ཇི་ལྟ་བ་བཞིན་འཆད་ཤེས་པ་མ་བྱུང་བར་སྣང་ངོ་། །གཉིས་པ་ལ་གསུམ། དང་པོ་ནི། དེ་ལྟ་མོད་ཀྱི་འཇིག་རྟེན་པའི་ངག་གི་སྟེ་རབ་ཏུ་གྲགས་པའི་ལན་གཞན་གསུངས་སོ། །ཅིའི་ཕྱིར་གཞན་སྟོན་ཅེ་ན། རབ་ཏུ་གྲགས་པའི་དཔེའི་སྒོ་ནས་བསྙད་པས་སླ་ཆོས་ཉིད་དུ་སྟེ་གོ་སླ་བའི་ཕྱིར་རོ། །བརྟེན་པའི་ཆོས་ཀྱི་ཞེས་སོ། །འདིས་དཔེ་དངོས་སུ་མ་བསྟན་པ་ཡིན་པས་ཇི་ལྟར་ན་རབ་ཏུ་གྲགས་པའི་ལན་དུ་འགྱུར་ཞེ་ན་མ་ཡིན་ཏེ། བརྗོད་ཅེས་པ་རབ་ཏུ་གྲགས་པ་སྟོན་པའི་ཚིག་ཡིན་པས་དཔེ་ཉིད་དངོས་སུ་བསྟན་ནས་དོན་ཤུགས་ལ་འཕངས་པ་ཡིན་ནོ། །གསུམ་པ་འགྲེལ་པ་ནི། དཔེར་ན་ཉེར་ལེན་འཇིམ་པ་ལས་མངོན་པར་གྲུབ་ཅིང་ལྷན་ཅིག་བྱེད་རྐྱེན་མེ་ལྕེ་གཅིག་གིས་སོ་བཏང་བའི་རྟེན་བུམ་པ་དང་སོགས་པས་ལྷུང་བཟེད་ལ་སོགས་པ་གཅིག་ཉིད་དུས་སྔ་ཕྱི་རིམ་ཅན་བརྟེན་པ་ནང་གི་བཅུད་སྦྲང་རྩི་དང་ལི་ཁ་ར་དང་འབྲུ་མར་ལ་སོགས་པས་བླུགས་པའི་བྱེ་བྲག་གིས་དེ་དང་དེའི་སྣོད་ཉིད་ཐ་དད་པར་ཐ་སྙད་བྱེད་པ་དེ་བཞིན་དུ་བརྟེན་པའི་ཆོས་ཐེག་པ་གསུམ་གྱིས་བསྡུས་པ་རྟོགས་པར་བྱ་བའི་ཡོན་ཏན་ཐ་དད་ཉིད་ཀྱིས་རྟེན་སྐྱེ་མཆེད་དྲུག་གི་ཆོས་ཉིད་ཐེག་པ་གསུམ་རིགས་ཐ་དད་པ་ཉིད་དོ་ཞེས་པས་སོ། །དཔེའི་སྐབས་སུ་འཇིམ་པ་གཅིག་ལས་མངོན་པར་གྲུབ་ཅིང་ཞེས་པ་རྟེན་བུམ་པ་གཅིག་ཉིད་དུ་བསྟན་པས་གང་ཟག་གཅིག་ཉིད་ཐེག་པ་གསུམ་ལ་རིམ་གྱིས་ཞུགས་པ་ན་དེའི་ཆོས་ཉིད་ལ་ཐེག་པ་གསུམ་གྱི་རིགས་གསུམ་དུ་ཐ་སྙད་འདོགས་ཞེས་བསྟན་པ་ཡིན་ནོ་སྙམ་ན། དེ་ནི་མ་ཡིན་ཏེ། གང་ཟག་གཅིག་ཐེག་པ་ལ་རིམ་གྱིས་ཞུགས་པའི་དབང་དུ་བྱས་ནས། རིགས་ཐ་དད་མི་རུང་ཞེས་བརྩད་པ་མ་ཡིན་པའི་ཕྱིར་རོ། །དེས་ན་དོན་གྱི་སྐབས་སུ་གང་ཟག་ཐ་དད་ཀྱི་ཆོས་དབྱིངས་དབྱེར་བ་མེད་པ་ནི་ཕྱིར་རྒོལ་རང་གིས་ཀྱང་ཁས་བླངས་པས་འགྲུབ་ལ། དཔེའི་སྐབས་སུ་རྫ་བུམ་རིགས་མཐུན་གསུམ་དཔེར་བྱས་ན་རིགས་གཅིག་རྫས་ཐ་དད་པས་རྟེན་གཅིག་པའི་དཔེར་མི་འགྲུབ་པས་དེའི་ཕྱིར་རྟེན་རྫས་གཅིག་ཏུ་སྒྲུབ་པའི་དོན་དུ་འཇིམ་པ་གཅིག་ལས་མངོན་པར་གྲུབ་ཅིང་ཞེས་སོགས་སྨོས་པ་ཡིན་ནོ། །


previousསྒྲུབ་པ་བཤད་པ། next