རྗེས་སུ་ཡི་རང་བའི་ཕན་ཡོན་དང་བསྔགས་པ་བརྗོད་པ།།
ཡང་ཐབས་ཟབ་མོ་ཞིག་བསྟན་ཞེས་པ་ཡང༌། སྔོན་ང་ལ་ཡང་ནད་དང་སྡུག་བསྔལ་དྲག་པོ་བྱུང་བ་དེ་ཡང་འདི་ལ་འཕྲིག་གཅིག་ཚུད་པར་བྱུང་བ་ཡིན། ཁྱེད་ཀྱིས་ཕྲག་དོག་སྤངས་ཏེ། རྗེས་སུ་ཡི་རང་བ་བསྒོམ་པ་འདི་ཤིན་ཏུ་ཐབས་ཟབ་མོ་ཡིན་ཏེ། གཞན་ལ་ཡོན་ཏན་ཡོད་ཟེར་བ་ཀུན་ལ་བཅོས་མའི་ཐལ་མོ་སྦྱར་བ་ཚུན་ཆད་བྱས། ཉན་ཐོས་དང་རང་སངས་རྒྱས་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་བསོད་ནམས་ལ་རྗེས་སུ་ཡི་རང་བ་བྱེད་པ་ལས། ཐུན་མོང་དུ་བྱས་ཏེ་འཁོར་བ་ལས་ཐར་པ་དང༌། སེམས་ཅན་དཔག་ཏུ་མེད་པའི་དོན་དང༌། སངས་རྒྱས་ཀྱི་ཡོན་ཏན་དཔག་ཏུ་མེད་པ་དང༌། སངས་རྒྱས་ཀྱི་བསམ་གྱིས་མི་ཁྱབ་པའི་རྣམ་ཐར་དང་ཐུན་མོང་དུ་མྱོང༌། ཡང་རང་ཉིད་ཀྱིས་ཐུགས་རྗེ་ཆེན་པོ་བསྒོམས་པས་དེར་གྱུར་ཙམ་ནས་གཞན་ཐམས་ཅད་དེར་འགྱུར་བར་བསྒོམས་ཏེ། འདི་ལྟར་བཏུབ་པ་ལ་མི་ཤེས་པའི་སྙིང་རྗེ་དང༌། དེ་ལྟར་གྱུར་པ་ལ་རྗེས་སུ་ཡི་རང་བ་དང༌། ཡང་ཆོས་སྐུ་དང་ལོངས་སྐུ་ཡང་དེ་དང་འདྲ། རོ་གཅིག་རྟོགས་པའི་གང་ཟག་གིས་གཉིས་སྣང་གི་ཆོས་ཐམས་ཅད་ནུབ་ནས། འཁོར་འདས་མཉམ་པ་ཉིད་དུ་གཟིགས་པས། འཁོར་འདས་ཐམས་ཅད་དེ་ལྟར་བསྒོམས་པས་ཡི་རང་སྟེ་རོ་གཅིག་ཏུ་རྟོགས། འཁོར་སྐྱོང་བ་ཡིན་ཏེ་གཞན་དོན་ལ་དབང་ཞེས་བླ་མ་རིན་པོ་ཆེས་ཡང་ཡང༌། དེ་ལྟ་བུ་ལ་རྗེས་སུ་ཡི་རང་ལ་སོགས་ཀྱི་དད་གུས་གང་བྱས་པས་གཞན་བདེ་བ་ལ་འགོད་པ་ཡིན། དེ་ལ་གནོད་པ་བྱས་ན་ཡང་དགེ་བཤེས་དར་མ་དབང་ཕྱུག་དང་འདྲ་སྟེ་མཐོང་ཆོས་འོང༌། འདིའི་གནད་ལ་སེམས་འཁྲུལ། ཁ་ཅིག་ཡོད་དེ་མ་སོལ་བ་ཡང་དེ་དང་འདྲ། ཁ་ཅིག་ཡོད། ལུང་ལས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་བཅོམ་ལྡན་འདས་དང་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུ་ལ། དབྱར་ཟླ་གསུམ་ལ་ཟན་དྲངས་པ་ལ་ཡོན་བསྔོ་བ་ལ་རྒྱལ་པོ་ཁྱོད་ཀྱི་བསྔོའམ་ཁྱོད་བས་ཆེ་བའམ་ཞེས་པས། སངས་རྒྱས་ཀྱི་ཟིལ་མ་བཟོད་ནས་ཆེ་བ་བསྔོས་ཞེས་མུ་ལྟོ་བར་བསྔོ་བའི་གཏམ་རྒྱུད་གསུངས། ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། ནོར་བུ་འཆིང་བུའི་ཕུང་པོ་ཆེན་པོར་གྱུར་བ་ཡང༌། །རིན་ཆེན་བཻ་ཌཱུརྻ་གཅིག་དེ་ཀུན་ཟིལ་གྱིས་གནོན། །དེ་བཞིན་འགྲོ་ཀུན་སྦྱིན་པའི་ཕུང་པོ་རྒྱ་ཆེན་ཀུན། །རྗེས་སུ་ཡི་རང་བྱང་ཆུབ་སེམས་དཔས་ཟིལ་གྱིས་གནོན། །ཡང་རོ་གཅིག་ལ་རབ་འབྲིང་གསུམ་ཡོད་པས་རབ་འཁོར་འདས་ཐམས་ཅད་སེམས་སུ་གོ་བ་དང༌། སྒྱུ་མ་དང་སྟོང་པར་གོ་བ་གསུམ་གང་བདེ་ཡིན། དེ་ནས་སེམས་ཞེས་པས་འོ་ན་ཉོན་མོངས་པ་འདོད་ཆགས་ཀྱང་སེམས་ཡིན་ནམ། ཡང་རྩ་རླུང་གི་གནོད་པ་ཡིན་པས་ཕག་མོ་གྲུར་ཆོས་ཡེ་ལ་ཇ་རྡོར་མེད་པས་ངས་འོང་བ་བྱའམ་ཞེས་པས། དེ་ཙམ་ཞིག་ན་ཇ་ཞིག་བྱུང༌། སང་ཉིན་ནས་ཇ་སྟེར་བ་མང་པོ་བྱུང་བས་ཕྱིན་ཆད་ཟད་པའི་སྡུག་བསྔལ་མི་དགོས་པར་འདུག་ཟེར། དེའི་གདམས་པ་དེ་ཞུ་དང་བགྱིས་པས་ཚོགས་འཁོར་དགོས། བཙལ་བས་མི་རྙེད་འདི་ངས་རྟག་ཏུ་ཚོགས་སུ་བཤད་དེ། ཕྱི་རྟེན་འབྲེལ་གང་དང་གང་བྱུང་བ་དང༌། འདི་ལས་འདི་འབྱུང་སོ་སོར་ངེས་འབྱུང༌། གཉིས་འཛིན་སྒྲིབ་པ་ཅན་གྱིས་ཤེས་པ་མེད་པའི་དོན་ཡིན་ཏེ། གཏོར་མ་ཞིག་གྱིས་དང་གསུངས། གཉིས་མེད་རྟོགས་པའི་རྣལ་འབྱོར་པས་བྱམས་པ་བསྒོམ་ན་བྱམས་པར་འགྱུར་ལ། སྙིང་རྗེ་བསྒོམས་པས་སྙིང་རྗེའི་ལུས་སུ་འགྱུར། སེམས་ཅན་གྱི་ཞིང་བརྒྱ་སྟོང་དུ་གང་དང་གང་འདུལ་ལམ། རང་བརྒྱ་སྟོང་ངམ་སྣ་ཚོགས་འབྱུང་བ་ཡང་དེ་ཡིན། རྗེ་སྒམ་པོ་པའི་སྐུའི་བཀོད་པ་ཡང་དེ་ཡིན་སྙམ། འདི་ལ་སླ་ཤེས་པ་ཁ་གཉིས་སུ་གཏད་པས་ཆོག་གསུང་བ་དེ་ཡིན་སྙམ། སྐབས་འདིར་སྒོམ་ཆེན་པ་ལ་ཤིང་ཞིག་གི་མདུན་པ་ཡོད་པས་ཤིང་མང་པོ་ལོང་ལོང་བྱུང་ཟེར་བ་ཡོད་དེ། རྐེད་པ་མ་ཆག་ན་བྱུང་བ་ཡོད། རྩགས་མཆུ་མ་ཡན་དང་ཁྱེད་རང་ཀུན་ལ་འོང་གིས། ངས་བླ་མ་རིན་པོ་ཆེ་ངས་འཁོར་འདས་ཀྱི་ཆོས་ཐམས་ཅད་གཅིག་ཏུ་སོང་ནས་བྱ་རྒྱུ་མ་རྙེད་པ་ཞིག་བྱུང༌། རིག་པ་ཡང་ཇེ་གསལ་ཇེ་གསལ་ལ་འགྲོ་བ་ཡིན་ནམ། ཡང་ན་ཇེ་མི་གསལ་དུ་སོང་ནས་མེད་ནས་འགྲོ་བ་ཡིན་ནམ། ཞེས་པས་ཁྱེད་རང་གིས་གོ་ནས་འོང་བ་ཡིན། དེ་ལྟ་བུའི་སྤོབས་པ་འདྲི་བ་དེ་རིན་པོ་ཆེའི་བྱིན་རླབས་ཡིན་པར་འདུག ཡང་ཕྱིས་གཉིས་མེད་རྟོགས་པའི་རྣལ་འབྱོར་པས། རྫས་ཀྱི་དངོས་པོ་གང་ལ་འདུན་པ་བྱས་པས་སྐྱབས་གནས་གཞི་སེམས་སུ་མི་འགྲོ་བའི་གནད་གཉིས་སུ་མེད་པའི་དོན་རྟོགས་པ་མ་ལགས་སམ། ཞུས་པས། འདོད་ཆགས་ཏིལ་གྱི་ཕུབ་མ་ཙམ་ཡང་མེད་པ་དང་ཕྱག་རྒྱ་ཆེན་པོའི་གནད་ཀྱིས་ལས་རང་རྒྱུད་པ་མི་གསོག སྙིང་རྗེ་ཆེན་པོས་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ་བར་འདོད་པ་དང༌། ཆོས་ཐམས་ཅད་མཉམ་པ་ཉིད་ཀྱིས་འབྱུང་བ་ཡིན། ཡང་སྒོམ་ཆེན་པ་འབྲིང་ཡན་ཆད་ལ་བསྟོད་པ་དགའ་ཞིང་ཁ་ཅིག་ཟས་ལ་དགའ་སྟེ། འདུལ་བ་ལས་ཀྱང་སྐྱོན་ནས་བརྗོད་པའི་ལྟུང་བ་དགེ་སློང་ལ་བཅས། དགེ་ཚུལ་ལ་ཉེས་པ་ཡིན་པས་སུ་ཡང་སྐྱོན་མི་བརྗོད། འདུལ་བ་གླང་གཉིས་རྭ་ཆག་དང་མཇུག་རྡུམ་ཡོད་པས་གཞན་གྱི་གླང་དང་སྟོབས་འགྲན་པའི་སྐུགས་(རྒྱན་)ཀར་ཤ་པ་ནིའི་རྒྱན་བཙུགས་པས་ཤིང་རྟ་འདྲེན་པ་ལ་ཆག་རུམ་དྲོངས་བྱས་པས་བུལ་བས་རྒྱལ་ཤོར་རོ། །སྲིད་པ་མ་བྱེ་བས་དུད་འགྲོ་མི་སྐད་དུ་སྨྲ་བས་ཁོང་གཉིས་ན་རེ་ཆག་རུམ་མ་ཟེར་བར་ས་ག་ས་རི་རྡོར་སོང་ཞེས་སྐུགས་ཀར་ཤ་པ་ནི་ཉིས་རྒྱལ་གྱིས་དང་ཞེས་སང་བྱས་པས་ཐོབ། དེ་ཀུན་ལ་ཡང་དགའ་མི་དགའ་ཆེན་པོ་ཡོད་ཀྱི་ཀུན་ལ་སྨྲས་པས་གསལ། བླ་མ་རིན་པོ་ཆེའི་ཞལ་ནས། ཉེ་གནས་ཡར་ལུང་པ་སྒོམ་བརྩོན་ལ་འཇོལ་མོ་གནོད་པ་ཆེ་སྐྲོགས་པས་དེ་ལྟར་མ་བྱེད་མི་མ་ཡིན་མི་དགའ་བ་ཡིན། འདི་འདྲ་ཞིག་ལ་གནོད་པ་བྱས་པས་དེའི་བདག་མི་མ་ཡིན་དེ་སེམས་འགྱུར་བས། མ་ཐ་ན་ཡང་ཡོན་བདག་ཅིག་ཞོ་རྗེའུ་གང་འབུལ་བ་དེ་མི་འབུལ་བར་འགྱུར་ནུས་ཏེ། སྲོག་ཆགས་འཇི་བ་ཚུན་ཆད་ལ་ཡང་བདག་མེད་པ་མེད། མི་བག་ཙམ་ནུས་པ་ཡོད་པ་ཞིག་ལ་ལུས་ངག་གིས་གནོད་པ་བྱས་པས་གར་མི་འདོད་པ་ཅིག་གིས་དུས་སུ་ཁོས་ལན་ཅང་གྱིས་འདོན། ཡང་གནས་བརྟན་གུར་པས་གསེར་གྱི་མཎྜལ་ཕུལ་ནས་ཕྱག་རྒྱ་ཆེན་པོ་ཞུས་པ་ལ། ང་ལ་བཀའ་གདམས་པ་འདི་ཡིན། རྣལ་འབྱོར་པ་འདི་ཡིན་བྱ་བའི་གྲུབ་མཐའ་གང་ཡང་མེད་དེ། ཆོས་ཐོས་བསམ་མང་པོ་ཡང་མ་བྱས། བླ་མ་གོང་མ་རྣམས་ཀྱི་མན་ངག་རེ་རེ་གཉིས་གཉིས་ཉམས་སུ་བླངས་པས། འདི་ལྟར་བྱུང་བ་རེ་རེ་གཉིས་གཉིས་སྙན་དུ་གསོལ་བ་ཡིན། དེ་ཡང་སངས་རྒྱས་ཀྱི་སྡེ་སྣོད་ན་འདིར་ལྟར་འདུག་བྱས་ནས་ཕར་བཙལ་བ་ཡང་མིན། མྱོང་བ་བག་ཙམ་དང་མཐུན་པར་འདུག་པ་ཕྱིས་མཐོང་བ་ཡིན་ཏེ། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ན་སློབ་དཔོན་འཕགས་པ་བྱོན། དེའི་མཁན་པོ་བྲམ་ཟེ་ས་ར་ཧ་བྱ་བ་དེས་ཆོས་ཐམས་ཅད་ཕྱག་རྒྱ་ཆེན་པོ་བྱ་བར་བསྟན་ཏེ། རིགས་དམན་པའི་ཆོས་མ་ཡིན་ཏེ། ཕྱག་རྒྱ་ཆེན་པོའི་རིགས་མཆོག་དང༌། །རིགས་ཆེན་གཙུག་གཏོར་ཆེར་གཟིགས་ནས། །ཞེས་པས་རིགས་མཆོག་ཏུ་གྱུར་པའི་ཆོས་ཡིན་ཏེ་དེ་ཡང་སངས་རྒྱས་ཀྱི་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་ཏེ། མ་རིག་པ་ནས་རྒ་ཤི་བར་དུ་འཁོར་བ་ལ། དེའི་རྩ་བ་དེ་མ་རིག་པ་རིག་པ་ཡེ་ཤེས་སུ་འཆར་བ་དེ་ལ་ཕྱག་རྒྱ་ཆེན་པོ་ཟེར་ཏེ། འདུ་བྱེད་འགག་དགོས་པས་ཡིད་ལ་མི་བྱེད་པ་ཡིན་ཏེ། རྗེ་བྲམ་ཟེ་ཆེན་པོའི་ཞལ་ནས་ཀྱང༌། ཡིད་ལ་མི་བྱེད་ཕྱག་རྒྱ་ཆེན་པོའི་སྐུ། །འབྲས་བུ་གང་ལ་ཡང་རེ་བ་མ་བྱེད་ཅིག །ཞེས་གསུངས། ཕ་རོལ་ཏུ་ཕྱིན་པ་ལས་ཀྱང༌། གང་ཡིད་ལ་མི་བྱེད་པ་ནི་འདོད་པའི་ཁམས་སམ། གཟུགས་ཀྱི་ཁམས་སམ། གཟུགས་མེད་ཀྱི་ཁམས་སུ་འགྲོ་བར་འགྱུར་རོ་གསུངས། ཡང་གང་དྲན་པ་མེད་ཅིང་ཡིད་ལ་བྱེད་པ་མེད་པ་ནི་སངས་རྒྱས་རྗེས་སུ་དྲན་པའོ། །གསུངས། འཁོར་བའི་རྩ་བ་འདུ་བྱེད་དེ། །དེ་ཕྱིར་མཁས་པས་འདུ་མི་བྱེད།། ཅེས་པས། ཞིང་དང་བསམ་པ་དངོས་པོ་གསུམ་ཚོགས་པ་ལས་འབྱུང་སྟེ། གསུམ་ཚོགས་པའི་རྟེན་འབྲེལ་གྱིས་འབྱུང༌། བླ་མ་རིན་པོ་ཆེའི་ཞལ་ནས་བྱ་གོང་མོ་སྲེག་གིས་འབྲས་སོ་བ་ནམ་མཁའ་ལས་མཚོ་སྟེང་དུ་བྲུལ་བ་རླུང་དང་ས་རྡུལ་གྱིས་སྙེ་མ་བྱུང་ཡང༌། དེ་ལ་རྩ་བ་མེད་དེ་གནས་སྐབས་དེར་རྟེན་འབྲེལ་ཚོགས་པ་ཡིན། དེ་བཞིན་དུ་མིག་དང་གཟུགས་དང་ཡིད་གསུམ་གྱི་རྣམ་པར་ཤེས་པ་སྐྱེ་སྟེ། དེས་གྲུབ་པ་དེ་བར་སྐབས་དེར་ཚོགས་པ་ཡིན། མིག་ལ་ཡང་ངས་གཟུགས་བཟུང་སྙམ་པ་མེད། གཟུགས་ལ་མིག་གི་ཡུལ་དུ་བྱའོ་སྙམ་པ་མེད། ཤེས་པ་ལ་ཡང་ངས་དེ་གཉིས་ལ་བརྟེན་པའི་སེམས་མེད། དེ་གསུམ་ཚོགས་ཀྱི་རྟེན་འབྲེལ་ལས་དེ་ལྟར་བྱུང་བ་ཡིན། མིག་དང་གཟུགས་དེ་དང་པོ་གང་ནས་ཀྱང་མ་འོངས། གང་དུ་ཡང་མི་འགྲོ། གར་ཡང་མི་གནས་ཏེ། དེ་ལྟར་སྣང་ཡང་སྒྱུ་མའི་སྐྱེས་བུ་ལ་ངས་རྟ་གླང་ཡིན་ནོ་སྙམ་པའི་སྐྱེ་བོ་མང་པོ་མགུ་བར་བྱའོ་སྙམ་པའི་རྟོག་པ་མེད་ཀྱང༌། རྟ་དང་གླང་པོ་སྐྱེས་པ་དང་བུད་མེད་ཀྱི་ཚོགས་འབྱུང་བ་བཞིན་དུ། ད་ལྟར་གྱི་སྣང་བ་འདི་ཡང་སྒྱུ་མ་དང་རྨི་ལམ་དེ་དང་ཁྱད་མེད་དེ། དེ་ལྟར་མ་རྟོགས་པས་དངོས་པོ་ཨ་འཐས་སུ་སོང་བས་འཁྲུལ་པ་ཡིན། དེ་རྟོགས་པར་བྱེད་པ་ལ་བསོད་ནམས་གསོག་པ་ལ་གལ་ཆེ་བས། ཞིང་བསམ་དངོས་པོ་གསུམ་འཛོམས་ཏེ། དེ་གསུམ་ཡང་ཞིང་དཀོན་མཆོག་གསུམ་བསམ་པ་སངས་རྒྱས་ཐོབ་པར་འདོད་པ། དངོས་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལས་སྦྱིན་པ་ལྟ་བུ་མགོ་དང་རྐང་ལག བུ་དང་ཆུང་མ་རྒྱལ་སྲིད་བཏང་ཡང་འཁོར་གསུམ་དུ་རྟོག་ན་འཇིག་རྟེན་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། འཇིག་རྟེན་ལས་མི་འཕག་མི་འདའ་བས་དེ་གསུམ་དུ་མི་རྟོག་པ་ནི་འཇིག་རྟེན་ལས་འདས་པའི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་ཡུམ་ལས་གསུངས་པས་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་གི་སེམས། དེ་ནམ་མཁའི་དཀྱིལ་ལྟ་བུ། སེམས་ནི་དུས་གསུམ་གྱི་སངསརྒྱས་ཐམས་ཅད་ཀྱིས་མ་གཟིགས། མི་གཟིགས། གཟིགས་པར་མི་འགྱུར། ཡང་སྒོམ་ཆེན་རྙིང་པ་རྣམས་ནས་འོ་སྐོལ་རང་ཕྱག་རྒྱ་ཆེན་པོའི་སེམས་ངོ་ཤེས་ནས་སྐྱེ་བ་ལེན་མི་ལེན་ལ། མི་མཐུན་པ་མང་པོ་ཡོད་པ་ཀུན་འདི་གཉིས་དོན་གཅིག་པ་ཡིན་ཏེ། ལས་ཀྱི་དབང་གིས་འཁོར་བ་རང་རྒྱུད་དུ་སྐྱེ་བ་ཐོས་བསམ་པས་ཀྱང་བདེན་པ་མཐོང་ནས་མི་བཞེད། འདིར་ཡང་སྤྲོས་བྲལ་རྟོགས་ནས་མི་ལེན། སྨོན་ལམ་གྱིས་སྐྱེ་བ་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་སྡུག་བསྔལ་དང་བྲལ་ནས། སངས་རྒྱས་ཐོབ་པར་འདོད་པའི་སེམས་བསྐྱེད་ནས་སྨོན་ལམ་གྱིས་སྐྱེ་བ་མི་ལེན་ཏེ། ཀུན་རྫོབ་སྨོན་པ་དེའི་ལམ་ལ་ཕྱག་རྒྱ་ཆེན་པོ་འགྲོ་བ་ཡིན་ཏེ། གར་ཡང་འགྲོ་མི་དགོས་ཕྱག་རྒྱ་ཆེན་པོ་རང་གི་ངང་ལ་བསྡད་པས་ཆོག་གི སེམས་ཅན་གྱི་དོན་དུ་གང་ལ་གང་འདུལ་དུ་འབྱུང་བ་ཡིན། ཡང་བསམ་བཞིན་དུ་སྲིད་པ་ཉེ་བར་ལེན་པ་ནི། བདེན་པ་མཐོང་བའི་བྱང་ཆུབ་སེམས་དཔའ་ཀུན་རྫོབ་ཏུང་ཏུང་པོ་ནི་ཡོད་པ་དེ། རྒྱལ་རིགས་སམ་བྲམ་ཟེར་སྐྱེ་བ་བཞེས་ནས་སེམས་ཅན་དོན་བྱེད་པ་ཡིན་ཏེ་འཕོ་བ་བསྟན་པ་ཡིན་གསུངས།།