Nitartha Digital Library
Tibetan
ཨོ་རྒྱན་བྱང་ཆུབ་ལོ་མའི་དཔེ་ཚོགས།

0 occurrences of ཆོས་རྒྱལ་ཕུག་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
རྡོར་སེམས་ཐུགས་ཀྱི་སྒྲུབ་པ་ལས། རྒྱུན་གྱི་རྣལ་འབྱོར་ཁོལ་ཕྱུང་། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ།
  
  
  
  
  
  


0 occurrences of ཆོས་རྒྱལ་ཕུག་
[Clear Hits]

 
previousརྡོར་སེམས་ཐུགས་ཀྱི་སྒྲུབ་པ་ལས། རྒྱུན་གྱི་རྣལ་འབྱོར་ཁོལ་ཕྱུང་། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ།next

རྡོར་སེམས་ཐུགས་ཀྱི་སྒྲུབ་པ་ལས། རྒྱུན་གྱི་རྣལ་འབྱོར་ཁོལ་ཕྱུང་། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ།

༄༅། །རྡོར་སེམས་ཐུགས་ཀྱི་སྒྲུབ་པ་ལས། རྒྱུན་གྱི་རྣལ་འབྱོར་ཁོལ་ཕྱུང་བཞུགས་སོ། །ན་མོ་བཛྲ་ས་ཏྭ་ཡ། དེའང་རྩ་གཞུང་ལས། དད་བརྩོན་ཤེས་རབ་སྙིང་རྗེར་ལྡན༔ ཡང་དག་མཆོག་གི་ལམ་འདོད་ན༔ རྡོར་སེམས་ཐུགས་ཀྱི་སྒྲུབ་པ་བྱ༔ ཞེས་འབྱུང་བའི་དོན་ཉམས་ལེན་སྙིང་པོར་དྲིལ་བར་འདོད་པས། སྦྱོར་བ་རྒྱུད་དག་པའི་ཕྱིར། བླ་མ་རིག་འཛིན་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛ༔ས་སྤྱན་དྲངས་པར་མོས་ལ། བླ་མ་དཔལ་ལྡན་རྡོ་རྗེ་སེམས༔ མཆོག་གསུམ་རྒྱལ་བ་སྲས་བཅས་ལ༔ རྣམ་ཀུན་བཏུད་དེ་ཕྱག་འཚལ་ཞིང༔

ཕྱི་ནང་མཆོད་པ་རྒྱ་མཚོས་མཆོད༔ སྡིག་པ་ལས་ནི་ལྡོག་བགྱི་ཞིང༔ བསོད་ནམས་ཀུན་ལ་རྗེས་ཡི་རང༔ རྟག་ཏུ་ཆོས་འཁོར་བསྐོར་བ་དང༔ འགྲོ་གནས་བར་དུ་བཞུགས་སླད་དུ༔ བདག་ནི་གུས་པས་གསོལ་བ་འདེབས༔ བསོད་ནམས་གང་དེས་མཁའ་མཉམ་འགྲོ༔ བླ་མེད་བྱང་ཆུབ་གནས་ཐོབ་ཤོག༔ ཅེས་ལན་གསུམ་བརྗོད་ལ། བཛྲ་མུ༔ས། ཚོགས་ཞིང་རྣམས་རང་ལ་ཐིམ་པར་བསམ། དངོས་གཞི་ལ་གསུམ་གྱི། དང་པོ་བསྐྱེད་པའི་རྣལ་འབྱོར་ནི། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ འཁོར་འདས་ཆོས་ཀུན་གདོད་མ་ནས༔ མ་སྐྱེས་སྟོང་པའི་ངང་ཉིད་ལས༔ འགག་མེད་སྙིང་རྗེའི་རོལ་པ་ནི༔ ནམ་མཁའ་ལས་ནི་འཇའ་ཚོན་བཞིན༔ དངོས་མེད་དངོས་པོའི་ཡེ་ཤེས་སྤྲིན༔ མི་འགྱུར་ཧཱུྃ་གི་ངོ་བོར་ཤར༔ དེ་ལས་འོད་འཕྲོས་ཕྱོགས་མཚམས་ཀུན༔ གཞོམ་མེད་རྡོ་རྗེའི་ར་བ་གུར༔ ཡེ་ཤེས་མེ་དཔུང་འབར་བས་དཀྲིགས༔ དེ་དབུས་ཨེ་ཡཾ་རཾ་བཾ་ལཾ༔ སུཾ་ལས་ནམ་མཁའ་རླུང་མེ་ཆུ༔ ས་དཀྱིལ་རི་རབ་སྟེང་དུ་བྷྲཱུཾ༔ ཡོངས་གྱུར་ཀུན་བཟང་གཞལ་མེད་ཁང༔ ཕྱི་ནང་མཚན་ཉིད་ཡོངས་རྫོགས་དབུས༔ སེང་ཁྲི་པདྨ་ཟླ་བའི་སྟེང༔ རིག་པ་ཧཱུྃ་ལས་རྡོ་རྗེར་གྱུར༔ སྤྲོ་བསྡུས་བདག་ཉིད་བཅོམ་ལྡན་འདས༔ རྡོ་རྗེ་སེམས་དཔའ་ཟླ་བའི་མདོག༔ ཞི་ཚུལ་མཚན་དང་དཔེ་བྱད་འབར༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན༔ གཡོན་པས་དྲིལ་བུ་དཀུ་ལ་བརྟེན༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་ཅན༔ པང་དུ་སྙེམས་མ་གྲི་གུག་དང༔ ཐོད་པ་འཛིན་པས་མགུལ་ནས་འཁྱུད༔ དར་དཔྱངས་རིན་ཆེན་ཅོད་པན་སོགས༔ རྒྱན་ཆས་བཅུ་གསུམ་དག་དང་ལྡན༔ མཐའ་ཡས་འོད་ཟེར་སྤྲོ་བའོ༔ དེ་ལྟར་ཡོངས་སུ་གསལ་བར་གྱུར་པའི་སྤྱི་བོར་ༀ་དཀར་པོ༔ མགྲིན་པར་ཨཱ༔དམར་པོ། སྙིང་གར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་ངོ་བོར་གྱུར་པར་བསམ། སྙིང་གའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་ཡེ་ཤེས་ཀྱི་འཁོར་ལོ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛ༔ ས་སྤྱན་དྲངས་བར་བསམ་ལ། ༀ༔ ཕྱོགས་བཅུ་ཀུན་ན་ལེགས་བཞུགས་པའི༔ བཅོམ་ལྡན་རྒྱལ་བ་སྲས་བཅས་ཀུན༔ ཐུགས་རྗེ་ཆེན་པོས་དགོངས་མཛོད་ལ༔ སྨོན་ལམ་དབང་གིས་གཤེགས་སུ་གསོལ༔ ཨེ་ཧྱེ་ཧི་མ་ཧཱ་ཀཱ་རུ་ཎི་ཀ་ཌྀ་ཤྱ་ཧོ༔ ས་མ་ཧོ༔ ས་མ་ཡ་སྟྭཾ༔ ཞེས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོ༔ས་དགུག་གཞུག་བཅིང་བ་དང་དགྱེས་པ་བསྐྱེད་ནས། དམ་ཚིག་གི་འཁོར་ལོ་དང་གཉིས་སུ་མེད་པར་གྱུར། དེ་ནས། ཐུགས་ཀ་ནས་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་བུམ་པའི་བདུད་རྩིས་ཁྲུས་བྱས་ཤིང་དབང་བསྐུར་བར་བསམ་ལ། ༀ་ཧཱུྃ་ཏྲྃ་ཧྲཱི་ཨཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ༀ་ཏྲུཾ་བཛྲ་ཏུཥྱ་ཧོ༔ ཞེས་དབང་བསྐུར་བས་དྲི་མ་ཐམས་ཅད་སྦྱངས། ཕུང་པོ་ལྔ་གནས་གྱུར། ཆུའི་ལྷག་མ་གྱེན་དུ་ལུད་པ་ལས་དེ་བཞིན་གཤེགས་པ་རིགས་ལྔས་དབུ་བརྒྱན་ཡེ་ཤེས་ལྔ་མངོན་དུ་གྱུར་པའི་ང་རྒྱལ་བྱ། གཉིས་པ་བཟླས་པའི་རྣམ་འབྱོར་ནི། བདག་གི་སྙིང་གར་འོད་ལྔའི་ཀློང༔ ཟླ་སྟེང་རང་འདྲའི་ཡེ་ཤེས་པའི༔ ཐུགས་ཀར་རྡོ་རྗེའི་ལྟེ་བར་ཧཱུྃ༔ དཀར་གསལ་སྔགས་ཀྱི་ཕྲེང་བས་བསྐོར༔ འོད་འཕྲོས་འཕགས་མཆོད་བྱིན་རླབས་བསྡུས༔ སེམས་ཅན་སྒྲིབ་སྦྱངས་བདེ་ཆེན་བཀོད༔ ཚུར་འདུས་སྔགས་ཕྲེང་ཉིད་ལ་བཞུགས༔ ཞེས་པའི་ཏིང་ངེ་འཛིན་ལ་སེམས་རྩེ་གཅིག་པས། ༀ་བཛྲ་ས་ཏྭ་ཨཱཿ ཞེས་པ་ཅི་ནུས་སུ་བཟླས་པའི་རྗེས་སུ་སླར་ཡང་། ༀ་བཛྲ་ས་ཏྭ་ས་མ་ཡ༔ སོགས་ནས། ས་ཏྭ་ཨ་ཧཱུྃ་ཕཊ༔ ཅེས་པའི་བཟླས་པ་གོང་གི་དྲུག་ཆ་ཙམ་དུ་བཟླ་ཞིང་། བཟླས་པའི་ཐུན་གྱི་མཐར། ༀ༔ དཔལ་ལྡན་རྡོ་རྗེ་སེམས་དཔའ་ཀྱེ༔ བདག་ལ་རྗེས་སུ་ཆགས་པར་མཛོད༔ སྐྱེ་རྒ་ན་དང་འཆི་བ་སོགས༔ འཇིགས་རུང་སྲིད་པའི་སྡུག་བསྔལ་ལས༔ མགོན་པོ་ཁྱོད་ཀྱིས་བདག་སྐྱོབས་ཤིག༔ སྡིག་པ་ཀུན་ལས་རྣམ་གྲོལ་ཞིང༔ ཡང་དག་ཡེ་ཤེས་སེམས་དཔའ་ཆེའི༔ སྐུ་གསུང་ཐུགས་སུ་བདག་སྒྲུབས་ཤིག༔ ས་མ་ཡ་སིདྡྷི་ཨ་ལ་ལ་ཧོ༔ ཞེས་གསོལ་བ་བཏབ། གསུམ་པ་ཉེར་བསྡུའི་རྣལ་འབྱོར་ནི། རང་གི་སྙིང་གའི་འོད་ཀྱིས་ཕོག་པས་དཀྱིལ་འཁོར་གྱི་འཁོར་ལོ་འོད་དུ་ཞུ་ནས་བདག་ཉིད་དམ་ཚིག་སེམས་དཔའ་ལ་ཐིམ། དེ་ཡེ་ཤེས་སེམས་དཔའ་ལ་ཐིམ། དེ་ཏིང་ངེ་འཛིན་སེམས་དཔའ་ལ་ཐིམ། དེ་ཡང་ཧཱུྃ་ལ་ཐིམ། ཧཱུྃ་ནཱ་དའི་བར་དུ་རིམ་གྱིས་ཐིམ་ནས་མི་དམིགས་པ་ལས་འོད་གསལ་སྟོང་བ་ཉིད་ཀྱི་ངང་དུ་དལ་གཅིག་མཉམ་པར་བཞག །ༀ་བཛྲ་ས་ཏྭ་ཨཱཿས། སླར་ཡང་རྡོ་རྗེ་སེམས་དཔའི་སྐུར་གྱུར་པའི་སྤྱི་བོར་ༀ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ་ཡིག་རྣམས་ཀྱིས་མཚན་པར་གྱུར། བཛྲ་ཀཱ་ཝཱ་ཙི་རཀྵ་ཧཾ༔ ཞེས་གོ་ཆའི་རྒྱས་བསྲུང་། ཐམས་ཅད་མ་ལུས་སྐུ་གསུང་ཐུགས། །སྐུ་གསུང་ཐུགས་ཀྱིས་ཀུན་ལ་ཁྱབ། །ཅེས་ང་རྒྱལ་བྱ། རྗེས་བསྔོ་སྨོན་དང་ཤིས་བརྗོད་སྤྱི་ལྟར་བྱས་པས་གྲུབ་བོ། །ཞེས་རང་གཞན་ལ་ཉེར་མཁོ་ཁྱེར་བདེའི་སླད་དུ་པདྨ་གར་དབང་རྩལ་གྱིས་རྩ་བའི་གཞུང་ལས་ཁོལ་དུ་ཕྱུང་པ་དགེ་ལེགས་འཕེལ།། །།


previousརྡོར་སེམས་ཐུགས་ཀྱི་སྒྲུབ་པ་ལས། རྒྱུན་གྱི་རྣལ་འབྱོར་ཁོལ་ཕྱུང་། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ།next