ཚེ་སྒྲུབ་གསང་བ་འདུས་པའི་ཡིག་ཆུང་སྐོར་ཚེ་གཏོར་པྲ་ཁྲིད་དབང་དང་བཅས་པ།
ཚེ་སྒྲུབ་གསང་བ་འདུས་པའི་ཡིག་ཆུང་སྐོར་ཚེ་གཏོར་པྲ་ཁྲིད་དབང་དང་བཅས་པ་བཞུགས་སོ།།
བཙཤཊགཏཾཊཎྜགཤ མགོན་པོ་ཚེ་ཡི་བདག་པོ་ལ་ཕྱག་འཚལ་ལོ༔ ཚེ་སྒྲུབ་གསང་བ་འདུས་པའི་ཡིག་ཆུང་སྐོར་འདི་ཡིན་ནོ༔ ཚེ་གཏོར་གཡང་ཞགས་འཁྱིལ་པའི་སྤྲ་ཁྲིད་ནི༔ འོག་ཏུ་ཟླ་བའི་དཀྱིལ་འཁོར་ཟླུམ་པོ༔ དེ་ཡི་སྟེང་དུ་རིམ་པར་གཡང་ཞགས་ཟླུམ་པོ་ལ༔ ཕྱི་སྐོར་བགས་ཀྱིས་མཐོ་བ་རིམ་པར་ཆུང་བ་བཞི་བརྩེགས༔ དེ་ཡི་སྟེང་དུ་ཉི་ཟླའི་དཀྱིལ་འཁོར་ཟླུམ་པོ༔ མཐའ་སྐོར་དུ་མུ་ཏིག་གི་ཕྲེང་བ་རིས་ཡོད་པ༔ དེ་ཡི་སྟེང་དུ་དཔལ་གཏོར་ཟླུམ་པོ་བརྗིད་ལྡན་རིན་པོ་ཆེའི་དབྱིབས་ཅན་འཁོར་ཡུག་སྟེང་འོག་ཚེ་རིལ་གྱིས་བཀང་༔ དཀར་གྱི་ཐིག་སོགས་དང་བ་འདྲེན་པ་བྱ༔ རྒྱུ་ནི་ཆང་དང་སྤྱོད་ལས་གྲུབ༔ དེ་ལྟ་བུའི་གཏོར་མ་དེ་ཡང་ཚེ་དཔག་མེད་ཀྱི་བསྐྱེད་བཟླས་གཞུང་བཞིན་བྱ༔
དངུལ་ལམ་རྒྱ་ཕོར་ཡང་ན་ཕོར་པ་གས་ཆག་མེད་པར༔ ཛ་གད་སྙིང་ཁུས་བཀང་བའི་ཚེ་ཆང་ལ་མར་གྱི་རིལ་བུ་ཉི་ཟླ་ཕྲིན་ལས་བཞིའི་རིལ་བུ་ལ་སོགས་པ་མི་གྲངས་མཉམ་པའི་ཚེ་འབྲས་བྱ༔ གཞན་ཚེ་རྟེན་རྣམས་གཞུང་ལྟར་རྒྱས་པར་བསག༔ དེ་ནས་བུམ་དབང་ཚར་བའི་རྗེས་སུ་ཚེ་གཏོར་གྱི་དབང་སྐུར་བ་ནི༔ རང་དང་གཞན་གྱི་སྤྱི་བོར་བཞག༔ ཧཱུྃ༔ མི་འགྱུར་རྡོ་རྗེ་ཚེ་ཡི་རྟེན༔ གཡང་ཞགས་འཁྱིལ་བའི་དམ་རྫས་ནི༔ ཚེ་དཔག་མེད་པའི་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་རྫོགས་པའི་དཔལ༔ ཚེ་དང་དཔལ་གྱི་འཕྲོ་འདུ་གསལ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ལུས་ངག་སྐུ་གསུང་ཐུགས་སུ་སྨིན༔ འཆི་མེད་ཚེ་ཡི་
དབང་ཐོབ་ཤོག༔ ཨོཾ་ཧཱུཾ་བཛྲ་ཨཱ་ཡུ་ཤེ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཝཀཱ་ཨ་བྷི་ཥིཉྩ་ཨཱ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་གནས་བཞིར་གཏུག་ཅིང་དབང་རྣམས་རིམ་པར་བསྐུར་རྗེས་སུ་གཏོར་མ་དངོས་གྲུབ་ཏུ་རོལ་བར་བྱ་སྟེ༔ འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་པར་ངེས་ཤེས་བསྐྱེད་དོ༔ གཉིས་པ་ཚེ་ཆང་ཚེ་འབྲས་བཅས་པ་བསྐྱེད་བསྟིམ་ཡང་ཡང་བྱ་ཞིང་༔ ཁྱད་པར་འབྱུང་བ་ལྔ་ཡི་བཅུད་ཐམས་ཅད་བསྡུས༔ ལས་སྦྱོར་སྙིང་པོ་འདི་བརྒྱ་འམ་སྟོང་སོགས་བཟླས་ཤིང་ངེས་ཤེས་ཚེ་ཡི་སྤྲོ་བསྡུ་བྱའོ༔ ཨོ་ཚེ་ཧཱུཾ་གཡུ་ཧཱུྃ༔ ཨ་ཡུཛྷ་ན༔ གཡུ་ཚེ་ཧཱུྃ༔ ཞེས་སྤྲོ་བསྡུ་བྱ་ཞིང་ཚེ་གཏོར་དབང་བསྐུར་བའི་རྗེས་སུ་ཚེ་ཆང་ཚེ་འབྲས་རིམ་པར་སྦྱིན་ཞིང༔ ཧཱུྃ༔ རྩ་ཁམས་དག་པ་ལུས་ཀྱི་གནས༔ དམ་རྫས་ཚེ་ཡི་བདུད་རྩི་འདི༔ འབྱུང་བ་ཕྱི་ཡི་བཅུད་རྣམས་བསྡུས༔ རྣལ་འབྱོར་ནང་གི་ལུས་ལ་ཐིམ༔ སྐྱེ་འཆི་མེད་པའི་ལུས་ཐོབ་ཤོག༔ འགྱུར་བ་མེད་པའི་དོན་རྟོགས་ཤོག༔ ཅེས་རིམ་པར་དྲངས་སོ༔ དེ་ནས་ཚེ་རྟེན་རྣམས་ཀྱང་སྦྱིན་བདག་ཕོ་མོ་རྣམས་ལ་རིམ་པར་གཏད་ཅིང་༔ མདའ་ནི་སྐྱེས་པ་ཕོ་ཡི་རྟེན༔ གསེར་ནི་རིན་ཆེན་སྙིང་པོའི་བཅུད༔ འགྱུར་བ་མེད་པའི་བླ་རྟེན་མཛོད༔ གཡུ་ནི་ཟ་མ་མོ་ཡི་རྟེན༔ བལ་ནི་ལོངས་སྤྱོད་གཡང་གི་རྒྱུ༔ ཤཱ་ནི་བྱི་སྦ་ཆུང་གི་རྟེན༔ དུང་ནི་བཀྲ་ཤིས་
དགེ་བའི་རྫས༔ ཚེ་ནི་མི་འགྱུར་ལུས་ལ་བསྟིམ༔ ཕོ་ཡི་བླ་རྟེན་ཕོ་ལ་གཏད༔ མོ་ཡི་བླ་རྟེན་མོ་ལ་གཏད༔ བྱི་སྦའི་བླ་རྟེན་ཆུང་ལ་གཏད༔ ཉིན་མོ་བཀྲ་ཤིས་མཚན་བཀྲ་ཤིས༔ ཉིན་མཚན་རྟག་ཏུ་བཀྲ་ཤིས་ཤོག སྙིང་པོ་ཉི་ཟླ་གསལ་གྱུར་ཅིག ཅེས་རྒྱལ་ཐེབ་ཀྱིས་རིམ་པར་གཏད་ཅིང་༔ རྡོ་རྗེ་སློབ་དཔོན་གྱིས་བཀྲ་ཤིས་པའི་མེ་ཏོག་མཐོར༔ ཚེ་སྒྲུབ་གསང་བ་འདུས་པའི་ཡིག་ཆུང་བསྐོལ་བ་ཟབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྤྲུལ་སྐུ་རཏྣ་གླིང་པས་གཏེར་ནས་གདན་དྲངས་པའོ༔ ཨ་རཱ་གས་ཅུང་ཟད་ཁ་བཀང་ནས་བྲིས་པ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།