Nitartha Digital Library
Tibetan
རྙིང་མ་རྒྱུད་འབུམ་པོད་གསུམ་པ། ག༽


   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྫོགས་པ་ཆེན་པོ་རང་སྣང་གི་དབང་།
   
   
   
   
   
   
   
   


 
previousརྫོགས་པ་ཆེན་པོ་རང་སྣང་གི་དབང་། next

རྫོགས་པ་ཆེན་པོ་རང་སྣང་གི་དབང་།


DNG003_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། དར་ས་ཡ་སིང་ཨ་ནུ་བུ་ནཱ་མ། བོད་སྐད་དུ། རྫོགས་པ་ཆེན་པོ་རང་སྣང་གི་དབང་ཞེས་བྱ་བ། བཅོམ་ལྡན་འདས་རྡོ་རྗེའི་སྙིང་པོའི་སྐུ་ལ་ཕྱག་འཚལ་ལོ། །དེ་ནས་དེའི་ཚེ། དུར་ཁྲོད་ཆེན་པོའི་གནས་སུ། འཁོར་བསམ་གྱིས་མི་ཁྱབ་པའི་ཚོགས་འདུས་ཏེ། གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །བློ་འདས་རྫོགས་པ་ཆེན་པོའི་དབང་། །གང་གིས་འཐོབ་པར་འགྱུར་བ་ལགས། །འདུས་པའི་ཚོགས་ལ་བཀའ་སྩོལ་ཅིག །དེ་ནས་སྙིང་པོ་བྱང་ཆུབ་སྐུས། །ཉེ་བའི་འཁོར་ལ་བཀའ་སྩལ་པ། །ཀྱེ་མ་ཉོན་ཅིག་རྡོ་རྗེ་འཛིན། །ཡང་དག་ངེས་པའི་ལུང་འདི་ཡིས། །རྫོགས་པ་ཆེན་པོའི་གནས་ལུགས་སྟོན། །ཀྱེ་མ་ངོ་མཚར་བསྟན་པ་ཡིས། །རྫོགས་ཆེན་སྐུ་ཡང་འདིར་བསྟན་གྱིས། །འདིར་ནི་ངེས་པའི་རྒྱལ་པོ་ཐོབ། །ཁྱད་པར་དབང་རྫོགས་བྱེད་པ་ན། །ཤིན་ཏུ་དབེན་པའི་གནས་ཉིད་དུ། །དཀྱིལ་འཁོར་འདོམ་གང་ཚད་དུ་བྱ། །དྲི་སྣ་ལྔ་ཡིས་ཆག་ཆག་གདབ། །ཐིག་གདབ་ཚོན་ནི་དགྱེ་བར་བྱའོ། །ཕོ་བྲང་ཟླུམ་པོ་དག་ཏུ་བྱའོ། །དེ་ནས་ཕྱི་རིམ་འཁོར་ལོར་བསྐོར་བྱ་སྟེ། །མཐིང་ག་ལ་སོགས་རིམ་


DNG003_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་བྱ། །ལྟེ་བ་ལ་ཡང་བུམ་པ་སྟེ། །བུམ་པའི་ཕྱོགས་བཞིར་བུམ་པ་བྲི། །ཟླུམ་པོ་དེ་ཡང་བུམ་པ་བྲི། །དེ་ཡི་ཕྱི་རིམ་དག་ཏུ་ཡང་། །འཁོར་ལོ་ལྔ་རིམ་དག་ཏུ་བྱ། །འཁོར་ལོ་དེ་ཡི་དབུས་སུ་ཡང་། །ཕྱོགས་སུ་བུམ་པ་རེ་རེ་བྲི། །དེ་ལྟར་དཀྱིལ་འཁོར་ཉིད་བྲིས་ཏེ། །སྟེང་དུ་རྫས་ཉིད་དགྲམ་པར་བྱ། །བུམ་པའི་སྟེང་དུ་བུམ་པ་རེ། །མགུལ་ཆིངས་རྒྱན་དང་བཅས་པའོ། །དེ་ནས་དཀྱིལ་འཁོར་ཉིད་ཕུབ་སྟེ། །དེ་ཡི་སྟེང་དུ་དར་གྱི་གདུགས། །སྣ་ཚོགས་མཛེས་པ་དག་གིས་འབུབ། །ངེས་པའི་རྒྱལ་པོ་ཐོབ་བྱའི་ཕྱིར། །མདའ་དང་མེ་ལོང་དར་སྣའོ། །དེ་ལྟར་རྫས་རྣམས་རྫོགས་བྱས་ལ། །དབང་བསྐུར་ལས་ཀྱང་རྫོགས་པར་བྱ། །དེ་ནས་ཆོས་ཉིད་སྟོང་པ་ཡི། །རྫོགས་ཆེན་བཞི་ཡི་དབང་རྫོགས་བྱ། །སྐུ་གསུང་ཐུགས་དང་མི་འབྱེད་པར། །ཡང་དག་གསང་བའི་དབང་རྫོགས་ནས། །རྫོགས་པ་ཉིད་ཀྱང་དབང་བསྐུར་ཕྱིར། །བུ་ཉིད་དད་དང་ལྡན་པ་དེས། །དྲི་སྣ་ལྔ་ཡིས་ལུས་བཀྲུས་ཏེ། །རྒྱན་དང་ཆ་ལུགས་མཛེས་བརྒྱན་ཏེ། །ཞུ་བའི་ཚིག་རྣམས་རྫོགས་པར་བྱ། །དེ་ནས་སློབ་དཔོན་གསང་བ་ཡིས། །རང་གི་རྒྱན་ཆ་མཛེས་གོན་ལ། །འགྱིང་བའི་སྟབས་ཀྱིས་གར་བྱས་ཏེ། །དམ་ཚིག་ཆུ་བོ་བྱིན་ནས་ནི། །ཡེ་ཤེས་དག་པའི་དབང་བསྐུར་བྱས། །འདི་ཡིས་ཐམས་ཅད་གྲོལ་བར་གསུངས། །ཡང་དག་གསང་བའི་རྡོ་རྗེ་རིགས་ལྡན་པས། །མཚན་མའི་སྐྱོན་བྲལ་ཡེ་ཤེས་ཆེན་པོར་སྦྱོར། །ཤར་ཉིད་ནས་ཀྱང་ཤར་མེད་ཡང་དག་རིག་པ་ཆེ། །ཆོས་ཀྱི་སྐུ་ལས་ཆོས་སྐུའི་སྙིང་པོ་ཡང་གསང་སྟེ། །བསྒྲུབ་མེད་བསྒྲུབ་པའི་དཀྱིལ་འཁོར་ཞལ་ཕྱེས་ཏེ། །བལྟ་མེད་ལྟ་བའི་འོད་སྣང་ཆོས་སྐུར་བསྟན། །ཆོས་མེད་ཆོས་ཀྱི་སྐུ་དང་མཉམ་པར་སྦྱོར། །ཐབས་ཀྱི་མཛད་པ་ཅི་ཡང་མཛད། །ཆོས་སྐུ་སྐྱེ་མེད་རྡོ་རྗེ་ཉིད་དུ་དབང་བསྐུར་རོ། །ཨོཾ་ལང་སྟ་ན་བཛྲ་ཤྭ་དྷ་ཡ། ཡང་དག་སྤྲོས་མེད་རིན་ཆེན་ཕུང་པོ་ལྟར། །རྫོགས་སངས་རྒྱས་དང་གཉིས་


DNG003_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཡུལ་ལས་འདས། །འོད་གསལ་སྤྲོས་བྲལ་བློ་ཡི་ཡུལ་ལས་འདས། །ཆོས་མེད་བག་ཆགས་ཐམས་ཅད་སྲེག་བྱེད་པའི། །བྱང་ཆུབ་སྙིང་པོར་སྤྲུལ་པས་དབང་བསྐུར་རོ། །སྭ་ཧ་ཏྲ་ཐར་མང་། ཡང་དག་ཉིད་དུ་སྐུ་ལས་སྣང་མཐའ་ཡས། །རིག་པའི་སྐུ་ལ་མདུན་དང་རྒྱབ་མེད་དང་། །ཤེས་རབ་རང་བྱུང་སྐུ་ནི་ཐ་མི་དད། །སངས་རྒྱས་རྣམས་ཀྱི་འོད་འདིས་དབང་བསྐུར་རོ། །ཏྲ་ཐ་རཏྣ་ཨ་བྷི་ལཿ། །དྲི་མེད་རང་གསལ་དོན་ཉིད་གྲུབ་པ་སྟེ། །ཡང་གསང་ཐུགས་ཀྱི་ཉི་མའི་འོད་ཟེར་སྟོང་། །བྱང་ཆུབ་སེམས་ནི་བྱ་བ་ཡེ་ནས་རྫོགས། །རྣམ་དག་མེད་ཡང་ངང་དུ་དབང་བསྐུར་རོ། །ཨ་བུ་སྭོ་ཏྲི་ཡ་ཧཱུཾ། དེ་ལྟར་ཡང་དག་དབང་རྫོགས་ནས། །བསྒོམ་པའི་རིམ་པ་འདི་ལྟ་སྟེ། །ཤར་ཕྱོགས་ཆུ་ཡི་བུམ་པ་བླང་བྱས་ཏེ། །སྤྱི་བོའི་གཙུག་ཏུ་བསྐུར་བྱས་ལ། །འབྲས་བུ་གྲོལ་ལམ་དབང་ཐོབ་སྟེ། །རྫོགས་སངས་རྒྱས་དང་དབྱེར་མེད་མཉམ། །མཉམ་པ་འདི་ཡི་དབང་ཐོབ་སྟེ། །འདི་ལྟར་བསམ་རྫོགས་དབང་བསྐུར་བྱ། །བུམ་པ་ཉིད་ལ་ཧཱུཾ་བསམ་སྟེ། །ཧཱུཾ་ཉིད་འོད་དུ་ཞུ་བ་ལས། །བུམ་པ་ཉིད་ལ་ཁྲོ་སྐུར་བསྒོམ། །དེ་ཡིས་དབང་བསྐུར་ལས་རྫོགས་བསམ། །ལྷོ་ཕྱོགས་བུམ་པ་མགྲིན་པ་རུ། །ཨཱཿཉིད་འོད་འཕྲོས་ཐིག་ལེའི་སྐུ། །དེ་ལས་གོང་ལྟར་དབང་བསྐུར་བསམ། །ནུབ་ཀྱི་ལྟེ་བའི་གནས་སུ་བསྐུར། །ཡི་གེ་སྭཱ་ཉིད་འོད་ཞུ་བས། །སྐྱེ་བ་མེད་པའི་དབང་བསྐུར་བསམ། །བྱང་ཕྱོགས་གསང་བའི་གནས་སུའོ། །ཧཱ་ལས་འོད་འཕྲོས་དགའ་བདེའི་དབང་། །དུས་དེ་ཉིད་དུ་ཐོབ་པར་བསམ། །དབུས་ཀྱི་བུམ་པ་ཐུགས་ཀ་རུ། །ཨོཾ་ལས་འོད་འཕྲོས་ཞི་སྐུར་བསམ། །ཞི་བའི་སེམས་ལ་དབང་ཐོབ་བསམ། །དེ་ལྟར་ཏིང་འཛིན་རྫོགས་པར་བྱ། །ཨེ་མ་ཧོ། སྟོང་པ་ཉིད་ཀྱི་སྐུ་གསུམ་མ་སྤངས་རྫོགས། །རང་གསལ་ཡིད་འོང་འོད་འཕྲོས་ཆོས་སྐུའི་ངང་། །མཁའ་མཉམ་སྙིང་པོ་ཡེ་ཤེས་ཆོས་སྐུ་ཀུན་འབྱུང་ཀློང་། །སྐུ་གསུམ་མ་བསྐྱེད་ཆོས་ཉིད་དབྱིངས་སུ་རྫོགས། །རྒྱུ་མེད་རྐྱེན་བྲལ་རྡོ་རྗེ་སེམས་དཔའ་ཆེ། །རྡོ་རྗེ་ས་འཛིན་བློ་གྲོས་མཐའ་ཡས་ཤིང་། །རྡོ་རྗེ་སྐུ་འབར་ཡེ་ཤེས་
ལྷུན་རྫོགས་བརྗིད། །རྡོ་རྗེ་སེམས་དཔའ་ཡབ་ཡུམ་དཀྱིལ་འཁོར་ཆེ། །རྡོ་རྗེ་འབྱུང་པོ་རོ་ལངས་ཀུན་གྱི་བདག །རྡོ་རྗེ་མདའ་འཕེན་ཤེས་རབ་མཚོན་ཆ་སྟེ། །རྡོ་རྗེ་ཡངས་པ་དབྱིངས་ལ་གར་བསྒྱུར་ཞིང་། །རྡོ་རྗེའི་སྐུ་ཉིད་ཡངས་པ་ཆེ། །མཚན་མ་མེད་པ་རྡོ་རྗེའི་སྐུ། །བུམ་པ་རྡོ་རྗེ་ཐབས་སྟོབས་ཆེ། །སྐུ་དང་ཐུགས་ནི་རྡོ་རྗེའི་བདག །ཡང་དག་རྡོ་རྗེ་ཀུན་འབྱུང་ལམ། །ཡང་དག་ངེས་པའི་རྡོ་རྗེ་འདིས། །ཐམས་ཅད་དབང་གི་རྡོ་རྗེར་བསྟན། །དབང་ཉིད་ལས་ནི་རྡོ་རྗེ་འཕྲོ། །རྡོ་རྗེ་དབང་གི་རང་བཞིན་ལས། །རྡོ་རྗེ་གསང་བའི་རྒྱལ་མཚན་ལས། །གསང་སྔགས་རྡོ་རྗེའི་དབང་ཐོབ་སྟེ། །དེང་ནས་བཟུང་ནས་རྡོ་རྗེའི་སྐུ། །རྫོགས་སངས་རྒྱས་པ་རྡོ་རྗེའི་གསུང་། །དེང་ནས་བསྐལ་པ་སྟོང་དུ་ཡང་། །མི་འཇིག་བརྟན་པ་རྡོ་རྗེ་ཐོབ། །རང་རིག་བརྟན་པ་རྡོ་རྗེའི་སྐུ། །སྐུ་དང་ལྡན་པར་མ་གྱུར་པར། །སྐུ་གསུམ་བསྟན་པའི་དབང་ཐོབ་ནས། །འགྱུར་བ་མེད་པ་རྡོ་རྗེའི་ཐུགས། །འཁྲུལ་པ་སྤང་བས་ཡང་དག་ཐུགས། །ཆོས་ཀྱི་སྐུ་དང་ཡང་གསང་རྡོར། །མཁའ་གསང་གཙུག་གི་ནོར་བུ་སྟེ། །ཆོས་དང་ཆོས་ལས་རབ་འདས་པའི། །ཆོས་ཉིད་དབང་ཡང་དེར་ཐོབ་པོ། །ཞེས་རྫོགས་པ་རང་བྱུང་ཆེན་པོའི་རྒྱུད་ལས། རྫོགས་ཆེན་རང་གི་ལྟ་བ་བསྟན་པའི་ལེའུ་སྟེ་ཉི་ཤུ་གཉིས་པའོ། །རྫོགས་སོའོ།། །།


previousརྫོགས་པ་ཆེན་པོ་རང་སྣང་གི་དབང་། next