Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

3 occurrences of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


  
 expand section
  
 collapse section
  
  
  
  
  
  
  
  
  
  
  
  
  
  
  
རང་རིག་བཤད་པ།
  
  
  
  
  
  
  
  
  
  
  
  
  
  
  
  
 


3 occurrences of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previousརང་རིག་བཤད་པ།next

རང་རིག་བཤད་པ།


GLG012_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

རང་རིག་བཤད་པ།གཉིས་པ་ལ་བཞི། གཞན་དབང་གི་སྒྲུབ་བྱེད་རང་རིག་དགག །སེམས་ཙམ་པའི་ལུགས་བདེན་གཉིས་ལས་ཉམས་པར་བསྟན། དེས་ན་ཀླུ་སྒྲུབ་ཀྱི་རྗེས་སུ་འབྲང་བར་རིགས་པ། གཞན་དབང་དང་འཇིག་རྟེན་པའི་ཐ་སྙད་འགོག་པ་མི་མཚུངས་པར་བསྟན་པའོ། །དང་པོ་ལ་བཞི། གཞན་དབང་གི་སྒྲུབ་བྱེད་དྲིས་ནས་དགག །དེའི་ལན་དགག །རིགས་པ་གཞན་གྱིས་རང་རིག་དགག །གཞན་


GLG012_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

དབང་རང་བཞིན་གྱིས་གྲུབ་པ་མོ་ཤམ་བུ་དང་མཚུངས་པའོ། །དང་པོ་ནི། གལ་ཏེ་ཕྱི་རོལ་གྱི་གཟུང་བ་མེད་པར་འཛིན་པ་རྫས་གཞན་འཛིན་པ་ཉིད་དང་བྲལ་ཞིང་གཟུང་འཛིན་རྫས་ཐ་དད་པ་གཉིས་ཀྱིས་སྟོངས་པའི་གཞན་དབང་གི་དངོས་པོ་ཡོད་ན་གཞན་དབང་འདིའི་ཡོད་པ་གང་གིས་ཤེས་པར་འགྱུར་བའི་སྒྲུབ་བྱེད་བརྗོད་རིགས་ཏེ། ཚད་མས་མ་གཟུང་བར་ཡང་ཡོད་ཅེས་བྱར་མི་རུང་བའི་ཕྱིར། རང་རིག་གིས་གྲུབ་བོ་ཞེ་ན། རང་རིག་དེ་ཉིད་ཀྱིས་ཤེས་པ་དེ་མྱོང་བར་གྲུབ་པ་མ་ཡིན་པར་ཐལ། རང་རིག་མ་གྲུབ་པའི་ཕྱིར། གཉིས་པ་ལ་གཉིས། དངོས་དང་། རང་རིག་མེད་ཀྱང་དྲན་པ་སྐྱེ་ཚུལ་ལོ། །དང་པོ་ནི། གལ་ཏེ་ཕྱི་དུས་ཀྱི་དྲན་པ་རང་བཞིན་གྱིས་གྲུབ་པ་ལས་རང་རིག་འགྲུབ་བོ་ཞེ་ན། རང་རིག་མ་གྲུབ་པ་བསྒྲུབ་པར་བྱ་བའི་ཕྱིར་དུ་བརྗོད་པའི་དྲན་པ་རང་བཞིན་གྱིས་གྲུབ་པ་འདི་ནི་ཆོས་ཅན། རང་རིག་གི་སྒྲུབ་པར་བྱེད་པ་མིན་ཏེ། མ་གྲུབ་པའི་ཕྱིར། རང་རིག་པ་ནི་གྲུབ་ལ་རག་མོད་ཀྱི། དེ་ལྟ་ནའང་དྲན་པའི་ཤེས་པས་ཡུལ་མྱོང་དྲན་རིགས་པ་མིན་པར་ཐལ་ཏེ། མྱོང་དྲན་རང་བཞིན་གྱིས་གཞན་ཡིན་པའི་ཕྱིར། དཔེར་ན་ཉེར་སྦས་ཀྱིས་མ་ཤེས་པའི་མྱོང་བ་ཉེར་སྦས་ཀྱི་རྒྱུད་ལ་སྐྱེས་པའི་དྲན་རིག་གིས་མ་དྲན་པ་བཞིན་མི་མཚུངས་ཏེ། རང་བཞིན་གྱིས་གྲུབ་པའི་སྔ་ཕྱི་ལ་རྒྱུ་འབྲས་གྲུབ་པའི་ཕྱིར་ཞེ་ན། དེ་ཡང་མི་འཐད་དེ། རང་བཞིན་གྱིས་གཞན་ཡིན་པའི་ཕྱིར་ཞེས་པའི་གཏན་ཚིགས་འདིས་ནི་རྒྱུ་འབྲས་སོགས་ཁྱད་པར་དག་ཀྱང་འཇོམས་པའི་ཕྱིར། གཉིས་པ་ལ། ཚིག་གི་དོན། སྤྱིའི་དོན། མཐའ་དཔྱད་པ་དང་གསུམ། དང་པོ་ནི། ཤེས་བྱ་ཆོས་ཅན། ཡུལ་འདི་ང་ཡིས་


GLG012_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་སྙམ་དུ་དྲན་པར་འགྱུར་ཏེ། གང་གི་ཕྱིར་དབང་ཤེས་གང་གིས་ཡུལ་མྱོང་བར་གྱུར་པ་དེ་ལས་དྲན་པ་འདི་རང་བཞིན་གྱིས་གཞན་དབུ་མ་པ་ང་ལ་ཡོད་པ་མིན་པས་མྱོང་བྱ་དེ་དྲན་པས་མ་དཔྱད་པ་མིན་པ་དེའི་ཕྱིར། དྲན་ཚུལ་འདི་ཡང་ཆོས་ཅན། འཇིག་རྟེན་གྱི་ཐ་སྙད་ཀྱི་ཚུལ་ལུགས་ཡིན་གྱི་བཏགས་དོན་བཙལ་ནས་གཞག་བྱ་མ་ཡིན་ཏེ། བཙལ་ན་མི་རྙེད་པའི་འཇིག་རྟེན་གྱི་ཐ་སྙད་ཡིན་པའི་ཕྱིར། གཉིས་པ་ནི། སེམས་ཙམ་པ་རྣམས་ཀྱིས་གཟུང་འཛིན་གཉིས་ཀྱིས་སྟོངས་པའི་གཞན་དབང་གི་ཤེས་པ་རང་བཞིན་གྱིས་ཡོད་ཅེས་སྨྲ་བ་མི་རིགས་ཏེ། དེ་རང་བཞིན་གྱིས་ཡོད་པ་དེ་ཁྱོད་ཀྱི་ཤེས་པ་གང་གི་དམིགས་པ་མ་ཡིན་པའི་ཕྱིར། ཁྱབ་སྟེ། ཚད་མས་མ་གཟུང་བར་ཡང་ཡོད་ཅེས་བྱར་མི་རུང་བའི་ཕྱིར། རྟགས་དེར་ཐལ། རང་བཞིན་གྱིས་ཡོད་པའི་ཤེས་པ་དེ་ཉིད་ཀྱིས་དེ་ཉིད་འཛིན་པ་ཡང་མི་འཐད། ཤེས་པ་དེ་ཉིད་རང་ལས་དོན་གཞན་པའི་རང་རྒྱུད་ལྡན་གྱི་གང་ཟག་གི་ཤེས་པས་འཛིན་པ་ཡང་མི་འཐད་པའི་ཕྱིར། དང་པོ་དེར་ཐལ། རང་ལ་རང་གི་བྱེད་པ་འཇུག་པ་འགལ་བའི་ཕྱིར། དེ་འགལ་ཏེ། རལ་གྲིའི་སོ་དེ་ཉིད་ཀྱིས་དེ་ཉིད་མི་གཅོད་པའི་ཕྱིར་ཏེ། རང་འགྲེལ་ལས། གལ་ཏེ་གཟུང་བ་དང་འཛིན་པ་ཞེས་བྱ་བ་གཉིས་ཀྱིས་སྟོངས་པ་གཞན་གྱི་དབང་ཡོད་ན་དེའི་ཡོད་པ་དེ་ཁྱོད་ཀྱིས་ཤེས་པ་གང་གིས་དམིགས་པ་དེ་ཉིད་ཀྱིས་དེ་འཛིན་པར་མི་འཐད་དེ། རང་གི་བདག་ཉིད་ལ་བྱེད་པར་འགལ་བའི་ཕྱིར་རོ། །འདི་ལྟར་རལ་གྲིའི་སོ་དེ་ཉིད་ཀྱིས་དེ་ཉིད་མི་གཅོད་ལ། སོར་མོའི་རྩེ་མོ་དེ་ཉིད་ཀྱིས་དེ་ཉིད་ལ་མི་རེག་ཅིང་། ལེགས་པར་བསླབས་པའི་གཡེར་ཞིང་ཡང་གཟོར་ཅན་གྱིས་ཀྱང་


GLG012_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་ཕྲག་པ་ལ་ཞོན་པར་མི་ནུས་ཤིང་། མེས་རང་གི་བདག་ཉིད་མི་སྲེག་ལ། མིག་གིས་རང་གི་བདག་ཉིད་ལ་བལྟ་བ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། གཉིས་པ་ལྟར་ན་ཡང་མི་འཐད་དེ། སེམས་ཙམ་པ་རང་གི་གྲུབ་མཐའ་དང་འགལ་བའི་ཕྱིར་རོ། །ཞེས་འཆད་པ་ལ་རང་འགྲེལ་ལས། དེ་ནི་ཤེས་པ་གཞན་གྱིས་འཛིན་པ་ཡང་མ་ཡིན་ཏེ། རང་གི་གྲུབ་པའི་མཐའ་དང་འགལ་བའི་ཕྱིར་ཏེ། གལ་ཏེ་རྣམ་པར་རིག་པ་གཞན་ཞིག་རྣམ་པར་རིག་པའི་ཡུལ་ཡིན་ན་རྣམ་པར་རིག་པ་ཙམ་ཉིད་ཉམས་པར་འགྱུར་རོ། །ཞེས་འབྱུང་བའི་ཕྱིར། ཞེས་སེམས་ཙམ་པ་རང་གི་གཞུང་ནས་འབྱུང་བ་དང་འགལ་བར་བཤད་པའི་ཕྱིར། དེ་ཡང་སེམས་ཙམ་པས། རང་རིག་ངེས་པར་ཡོད་དེ། མེ་ནི་སྐྱེས་པ་ཉིད་ན་རང་དང་བུམ་པ་ལ་སོགས་པ་དག་ཅིག་ཅར་གསལ་བར་བྱེད་ཅིང་། བུམ་པ་ཞེས་བརྗོད་པའི་སྒྲས་ཀྱང་རང་ལ་དམིགས་པ་དང་། བརྗོད་དོན་བུམ་པ་ལ་དམིགས་པའི་བློ་ཅིག་ཅར་སྐྱེ་བ་ལྟར། རྣམ་ཤེས་ཀྱིས་ཀྱང་རང་དང་ཡུལ་གཉིས་ཀ་ཅིག་ཅར་རིག་པའི་ཕྱིར་དང་། གཞན་ཡང་། སྔོན་པོ་འདི་མཐོང་ངོ་སྙམ་དུ་ཡུལ་དྲན་པ་དང་ངས་འདི་མཐོང་ངོ་སྙམ་དུ་དེའི་ཉམས་མྱོང་དྲན་པ་སྟེ་ཡུལ་ཅན་དྲན་པར་མི་འགྱུར་བའི་ཕྱིར་ན། དྲན་པ་མྱོང་བ་ལས་སྐྱེ་དགོས་པའི་ཕྱིར་དང་། ཡུལ་ཅན་སྔོན་འཛིན་དྲན་པ་ཡོད་པས་ན་དེ་ལ་མྱོང་བྱེད་ཡོད་ལ། མྱོང་བ་ལ་རང་གཞན་གཉིས་ལས། གཞན་པའི་ཤེས་པས་མྱོང་ན་ཐུག་མེད་དུ་འགྱུར་རོ། །ཞེས་སྨྲ་སྟེ། རང་འགྲེལ་ལས། འདིར་ཁ་ཅིག་གིས་མདོ་སྡེ་པའི་


GLG012_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ཁས་བླངས་ནས་རང་རིག་པ་རབ་ཏུ་བསྒྲུབ་པའི་ཕྱིར་ཇི་ལྟར་མེ་ནི་སྐྱེས་པ་ཉིད་ན་རང་གི་བདག་ཉིད་དང་། བུམ་པ་ལ་སོགས་པ་དག་གཉིས་སུ་མི་འཇུག་པར་ཅིག་ཅར་གསལ་བར་བྱེད་ལ། སྒྲས་ཀྱང་རང་གི་བདག་ཉིད་དང་དོན་སྟོན་པར་བྱེད་པ་དེ་བཞིན་དུ་རྣམ་པར་ཤེས་པ་ཡང་ཉེ་བར་སྐྱེ་བ་ཉིད་ན་གཉིས་སུ་མི་འཇུག་པར་རང་གི་བདག་ཉིད་དུ་ཡུལ་སོ་སོར་ཡང་དག་པར་རིག་པར་བྱེད་པ་ཡིན་ནོ། །དེའི་ཕྱིར་རང་རིག་པ་ཞེས་བྱ་བ་ཡོད་པ་ཁོ་ན་ཡིན་ནོ། །གང་ཞིག་མི་འདོད་པ་དེས་ཀྱང་གདོན་མི་ཟ་བར་རང་རིག་པ་ཁས་བླང་བར་བྱ་དགོས་ཏེ། གཞན་དུ་ན་མཐོང་ངོ་ཞེས་དུས་ཕྱིས་འབྱུང་བའི་དྲན་པས་ཡུལ་དྲན་པ་ཉིད་དང་། ངས་མཐོང་ངོ་སྙམ་དུ་ཡུལ་གྱི་ཉམས་སུ་མྱོང་བ་དྲན་པར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། དྲན་པ་ནི་ཉམས་སུ་མྱོང་བའི་ཡུལ་ཅན་ཡིན་ན་ཤེས་པ་ཡང་ཉམས་སུ་མ་མྱོང་བས་དྲན་པ་ཡོད་པར་མི་འགྱུར་རོ། །ཞེས་གསུངས་པའི་ཕྱིར། དེ་ལྟར་ན་རང་རིག་ཡོད་པའི་སྒྲུབ་བྱེད་རང་མཚན་གྱིས་གྲུབ་པའི་དྲན་པ་རྟགས་སུ་འགོད་ན། དེ་འདྲའི་དྲན་པ་ཆོས་ཅན། སྔོན་འཛིན་ལ་མྱོང་བྱེད་རང་རིག་ཡོད་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། ཁྱོད་རང་མ་གྲུབ་པའི་ཕྱིར། དཔེར་ན་སྒྲ་མི་རྟག་བསྒྲུབ་ལ་མིག་ཤེས་ཀྱི་གཟུང་བྱ་རྟགས་སུ་བཀོད་པ་བཞིན་ཡིན་པའི་ཕྱིར་དང་། ཐ་སྙད་ཙམ་དུ་ཡང་མི་རིགས་ཏེ། དུ་བའི་རྟགས་ལས་མེ་ཙམ་དཔོག་པ་དཔེར་བཟུང་ཡང་། ངེད་ལ་རང་རིག་མ་གྲུབ་ཅིང་། དྲན་པའི་རྟགས་ལས་མྱོང་བ་ཙམ་ཐ་སྙད་དུ་དཔོག་རིགས་ཀྱང་། རང་མྱོང་ཡོད་པར་བསྒྲུབ་མི་ནུས་པས། མེ་ཙམ་ལས་མེ་ཤེལ་
དཔོག་པ་བཞིན་ཡིན་པའི་ཕྱིར་དང་། མར་མེ་དེ་རང་གསལ་དང་གཞན་གསལ་མ་ཡིན་པར་གསལ་ཙམ་གྱི་ངོ་བོར་གྲུབ་པ་ལྟར། སྔོན་འཛིན་ཀྱང་རང་གཞན་གྱིས་མ་ཡིན་པའི་མྱོང་ཙམ་གྱི་ངོ་བོར་གྲུབ་དགོས་ཏེ། དེ་ལྟར་མ་ཡིན་ན། མར་མེ་རང་གིས་རང་གསལ་ན། མུན་པ་རང་གིས་རང་སྒྲིབ་དགོས་ལ། དེ་ལྟར་ན་མུན་ཁུང་དུ་མུན་པ་མི་མཐོང་བར་འགྱུར་བའི་སྐྱོན་ཡོད་པའི་ཕྱིར་ཏེ། རྩ་ཤེ་ལས། མར་མེ་རང་དང་གཞན་གྱིས་དངོས། །གལ་ཏེ་སྣང་བར་བྱེད་གྱུར་ན། །མུན་པའང་རང་དང་གཞན་གྱི་དངོས། །སྒྲིབ་པར་འབྱུང་བ་ཐེ་ཚོམ་མེད། །ཅེས་གསུངས་པའི་ཕྱིར། རང་རིག་མེད་ཀྱང་དྲན་པ་སྐྱེ་ཚུལ་ཁས་བླངས་པ་ལ་སྐྱོན་མེད་དེ། སྔར་སྔོན་འཛིན་གྱིས་ཡུལ་སྔོན་པོ་ལྟ་བུ་མྱོང་བ་ལས། ཕྱིས་ཡུལ་ཅན་སྔོན་འཛིན་གྱིས་ཡུལ་སྔོན་པོ་དཔྱད་པའི་ཚུལ་གྱིས་དྲན་པ་སྐྱེ་བ་ན་སྔར་གྱི་སྔོན་འཛིན་གྱི་ཤེས་པ་སྤངས་ནས་དྲན་པ་སྐྱེ་བ་མ་ཡིན་གྱི། སྔར་གཟུགས་སྔོན་པོ་འདི་ཉིད་མཐོང་ངོ་ཞེས་ཡུལ་ཡུལ་ཅན་གཉིས་འབྲེལ་བ་ལས་ཏེ་འབྲེལ་བར་དྲན་པའི་ཕྱིར། དཔེར་ན་དགུན་གྱི་དུས་སུ་བྱི་བས་ལུས་ལ་རྨུགས་པ་ན་བྱི་དུག་ཞུགས་ཡོད་ཀྱང་། རྨུགས་མྱོང་གི་དུག་མ་མྱོང་ལ། ཕྱིས་འབྲུག་གི་སྒྲ་ཐོས་པ་ན་སྔར་ཞུགས་པའི་དུག་ལངས་ཏེ་ན་བའི་ཚེ། རྨུགས་པའི་ཚེ་དུག་ཞུགས་པར་འདུག་སྙམ་དུ་དྲན་ཀྱང་སྔར་རྨུགས་མ་ཐག་པའི་ཚེ་དུག་མ་མྱོང་བ་བཞིན་ཡིན་པའི་ཕྱིར་ཏེ། སྤྱོད་འཇུག་ལས། གཞན་མྱོང་བ་དང་འབྲེལ་བ་ལས། །དྲན་འགྱུར་བྱི་བའི་དུག་བཞིན་ནོ། །ཞེས་གསུངས་པའི་ཕྱིར།


previousརང་རིག་བཤད་པ།next