Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཐེག་ཆེན་གྱི་སྦྱོར་ལམ་བཤད་པ།
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
  collapse section
   
  collapse section
   
  collapse section
   
   
   
   
   
   
   


 
previousཐེག་ཆེན་གྱི་སྦྱོར་ལམ་བཤད་པ།next

ཐེག་ཆེན་གྱི་སྦྱོར་ལམ་བཤད་པ།


GLG013_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་ཆེན་གྱི་སྦྱོར་ལམ་བཤད་པ། གཉིས་པ་གདམས་ངག་གི་དོན་བསྒོམས་པས་སྟོང་ཉིད་ལ་དམིགས་པའི་སྒོམ་བྱུང་སྐྱེ་བའི་ཐོག་མ་བཤད་པ་ལ། སྤྱི་དོན་དང་། ཡན་ལག་གི་དོན་གཉིས། གཉིས་པ་ལ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ལ། མཚམས་སྦྱར་བ། རྩ་བ། འགྲེལ་པ་གསུམ་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། གདམས་ངག་བཤད་པས་དེའི་རྗེས་སུ་ཐེག་ཆེན་གྱི་མཐོང་ལམ་སྐྱེ་བ་དང་རྗེས་སུ་མཐུན་པའི་ལམ་ཐེག་ཆེན་གྱི་ངེས་པར་འབྱེད་པའི་ཡན་ལག་འཆད་རིགས་ཏེ། ཚོགས་ལམ་ལ་གནས་པས་ལས་དང་པོ་བ་སྔར་བཤད་པ་དེ་ལྟར་གདམས་ངག་ཐོབ་པས། དེ་དོན་བསྒོམས་པ་ལས་ངེས་པར་འབྱེད་


GLG013_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡན་ལག་འབྱུང་བས་དེ་ལྟར་བཤད་པའི་ཕྱིར། གཉིས་པ་ལ། ཚིག་དོན་དང་། མཐའ་དཔྱད་གཉིས། དང་པོ་ནི། བྱང་ཆུབ་སེམས་དཔའ་སྐྱོབ་པ་ཡི་དྲོད་སོགས་བཞི་ཆོས་ཅན། ཁྱོད་ཉན་ཐོས་དང་བསེ་རུ་རང་རྒྱལ་དང་བཅས་པའི་སྒྲས་བསྡུས་པ་ཚོགས་སྤྱོད་ཀྱི་རང་རྒྱལ་སྦྱོར་ལམ་དག་ལས་ཁྱད་པར་འཕགས་ཏེ། ཁྱོད་དེ་ལས་དམིགས་པ་དང་ནི་རྣམ་པ་དང་། རྒྱུ་དང་ཡོངས་སུ་འཛིན་པ་ཡིས་དང་། བདག་ཉིད་ཇི་ལྟ་བ་བཞིན་དུ་གཟུང་འཛིན་གྱི་རྣམ་པར་རྟོག་པ་བཞི་པོ་སྤང་བྱར་ལྡན་པ་ལ་བརྟེན་པ་དང་། ཆུང་ངུ་དང་འབྲིང་དང་ཆེན་པོ་རྣམས་ཀྱིས་ཁྱད་པར་དུ་འཕགས་པའི་ཕྱིར། གཉིས་པ་ལ། དགག་གཞག་སྤང་གསུམ་ལས། དང་པོ་ནི། ཁ་ཅིག་ན་རེ། ཚོགས་ལམ་རྫོགས་རྗེས་སུ་བྱུང་ཞིང་མཐོང་ལམ་མ་སྐྱེས་གོང་གི་མཁྱེན་པ་དེ་ཐེག་ཆེན་གྱི་སྦྱོར་ལམ་གྱི་མཚན་ཉིད་ཟེར་ན། ཉན་ཐོས་དགྲ་བཅོམ་པའི་རྟོགས་པ་སྔོན་དུ་སོང་བའི་ཐེག་ཆེན་གྱི་སྦྱོར་ལམ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། མཐོང་ལམ་མ་སྐྱེས་གོང་གི་མཁྱེན་པ་མ་ཡིན་པར་ཐལ། མཐོང་ལམ་སྔོན་དུ་སོང་བའི་མཁྱེན་པ་ཡིན་པའི་ཕྱིར། དེར་ཐལ། ཉན་ཐོས་ཀྱི་མཐོང་ལམ་སྔོན་དུ་སོང་བའི་མཁྱེན་པ་ཡིན་པའི་ཕྱིར་ཏེ། ཆོས་ཅན་དེ་ཡིན་པའི་ཕྱིར། ཁ་ཅིག །ཐེག་ཆེན་གྱི་ཐར་པ་ཆ་མཐུན་རྫོགས་རྗེས་སུ་བྱུང་བའི་འཇིག་རྟེན་པའི་ལམ་དེ་ཐེག་ཆེན་གྱི་སྦྱོར་ལམ་གྱི་མཚན་ཉིད་ཟེར་ན། ཉན་ཐོས་དགྲ་བཅོམ་པའི་རྟོགས་པ་སྔོན་དུ་སོང་བའི་ཐེག་ཆེན་གྱི་སྦྱོར་ལམ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། འཇིག་རྟེན་པའི་ལམ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། འཇིག་རྟེན་ལས་འདས་པའི་ལམ་ཡིན་པའི་ཕྱིར། དེར་ཐལ། འཕགས་རྒྱུད་ཀྱི་མཁྱེན་པ་ཡིན་ཕྱིར། གཞན་ཡང་། ཐེག་ཆེན་གྱི་ཐར་པ་ཆ་མཐུན་གྱི་རྒྱུར་གྱུར་པའི་ཐེག་ཆེན་


GLG013_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྦྱོར་ལམ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། དེའི་ཕྱིར་ལོགས་སུ་བྱུང་བར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་སོ། ཁ་ཅིག །བསྒོམས་བྱུང་གཙོ་བོར་གྱུར་པའི་ཐེག་ཆེན་གྱི་དོན་མངོན་རྟོགས་དེ། ཐེག་ཆེན་སྦྱོར་ལམ་གྱི་མཚན་ཉིད་ཟེར་ན། ཐེག་ཆེན་གྱི་སྦྱོར་ལམ་གྱིས་བསྡུས་པའི་ཐོས་བསམ་གྱིས་ཤེས་རབ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། མ་ཡིན་པར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར། ཁ་ཅིག །རང་དང་རྒྱུད་གཅིག་ཏུ་གྱུར་པའི་ཚོགས་ལམ་རྫོགས་རྗེས་སུ་བྱུང་ཞིང་། རང་དང་རྒྱུད་གཅིག་ཏུ་གྱུར་པའི་མཐོང་ལམ་མ་སྐྱེས་གོང་གི་མཁྱེན་པ་དེ་ཐེག་ཆེན་གྱི་སྦྱོར་ལམ་གྱི་མཚན་ཉིད་ཟེར་ན། རང་རྒྱལ་དགྲ་བཅོམ་པའི་རྟོགས་པ་སྔོན་དུ་སོང་བའི་བྱང་སེམས་ཀྱི་སྦྱོར་ལམ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་མི་ནུས་ཏེ། རང་དང་རྒྱུད་གཅིག་ཏུ་གྱུར་པའི་རང་རྒྱལ་གྱི་མཐོང་ལམ་ཐོབ་པའི་མཁྱེན་པ་ཡིན་པའི་ཕྱིར། རོང་ཊཱིཀ་པ་ན་རེ། ཐེག་ཆེན་གྱི་ཐར་པ་ཆ་མཐུན་རྫོགས་རྗེས་སུ་བྱུང་ཞིང་། བདེན་པ་མངོན་པར་རྟོགས་པ་དང་རྗེས་སུ་མཐུན་པའི་འཇིག་རྟེན་པའི་སྒོམ་བྱུང་གཙོ་བོར་གྱུར་པའི་མཁྱེན་པ་དེ་ཐེག་ཆེན་གྱི་སྦྱོར་ལམ་གྱི་མཚན་ཉིད། ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་དང་པོ་གང་ཞིག །གཟུང་བ་རང་བཞིན་མེད་པའི་དོན་ལ་གསལ་སྣང་དང་པོར་ཐོབ་པ་ཐེེག་ཆེན་གྱི་སྦྱོར་ལམ་དྲོད་ཀྱི་མཚན་ཉིད། གཉིས་པ་གང་ཞིག །དེའི་དོན་ལ་གསལ་སྣང་འཕེལ་བ་དེ་ཐེག་ཆེན་གྱི་སྦྱོར་ལམ་རྩེ་མོའི་མཚན་ཉིད། གསུམ་པ་གང་ཞིག །འཛིན་པ་རང་བཞིན་མེད་པའི་དོན་ལ་གསལ་སྣང་དང་པོར་ཐོབ་པ་དེ་ཐེག་ཆེན་གྱི་སྦྱོར་ལམ་བཟོད་པའི་མཚན་ཉིད། དེ་གང་ཞིག །དེའི་དོན་ལ་གསལ་སྣང་འཕེལ་བ་


GLG013_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཐེག་ཆེན་གྱི་སྦྱོར་ལམ་ཆོས་མཆོག་གི་མཚན་ཉིད་ཟེར་ན། བྱང་སེམས་སྦྱོར་ལམ་པའི་རྒྱུད་ཀྱི་ཐོས་པའི་ཤེས་རབ་ཆོས་ཅན། མཚན་ཉིད་དང་པོ་དེར་ཐལ། མཚོན་བྱ་དེའི་ཕྱིར། དེར་ཐལ། བྱང་སེམས་ཚོགས་ལམ་པའི་རྒྱུད་ཀྱི་ཐོས་པའི་ཤེས་རབ་དེ་བྱང་སེམས་ཀྱི་ཚོགས་ལམ་གང་ཞིག་མཚུངས་པའི་ཕྱིར། དང་པོ་དེར་ཐལ། ཀུན་ལས་བཏུས་ལས། ཚོགས་ཀྱི་ལམ་གང་ཞེ་ན། སོ་སོ་སྐྱེ་བོའི་ཚུལ་ཁྲིམས་དང་། དབང་པོའི་སྒོ་སྡོམ་པ་དང་། ཟས་ཀྱི་ཚོད་རིག་པ་དང་། ནམ་གྱི་ཆ་སྟོད་ཆ་སྨད་ལ་མི་ཉལ་བར་རྣལ་འབྱོར་ལ་བརྩོན་པ་དང་། ཡང་རྒྱུར་གྱུར་པའི་དགེ་བ་གཞན་དག་དང་། ཐོས་པ་དང་། བསམས་པ་དང་། བསྒོམས་པ་ལས་བྱུང་བའི་ཤེས་རབ་དག་ཀྱང་རུང་སྟེ། ཞེས་གསུངས་པའི་ཕྱིར། གཉིས་པ་དེར་ཐལ། ཀུན་ལས་བཏུས་ལས། ཚོགས་ཀྱི་ལམ་གང་ཡིན་པ། སྦྱོར་བའི་ལམ་ཡང་དེ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། གཞན་ཡང་། བྱང་སེམས་ཀྱི་སྦྱོར་ལམ་ཡིན་ན། སྟོང་ཉིད་རྟོགས་པའི་མཁྱེན་པ་ཡིན་པས་ཁྱབ་པར་ཐལ། མཚན་ཉིད་ཕྱི་མ་བཞི་འཐད་པའི་ཕྱིར། འདོད་ན། དམན་ལམ་སྔོན་མ་སོང་གི་བྱང་སེམས་སྦྱོར་ལམ་པའི་རྒྱུད་ཀྱི་གཞན་སེམས་ཤེས་པའི་མངོན་ཤེས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དེས་སྟོང་ཉིད་མངོན་སུམ་དུ་རྟོགས་པར་ཐལ། རྟོགས་པ་ནི་གང་ཞིག །དོན་སྤྱིའི་ཚུལ་གྱིས་མ་རྟོགས་པའི་ཕྱིར། ཕྱི་མ་དེར་ཐལ། མངོན་སུམ་ཡིན་པའི་ཕྱིར། འདོད་ན། དམན་ལམ་སྔོན་མ་སོང་གི་བྱང་སེམས་སྦྱོར་ལམ་པ་དེས་སྟོང་ཉིད་མངོན་སུམ་དུ་རྟོགས་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་སོ། །ཁ་ཅིག །དམན་ལམ་སྔོན་མ་སོང་གི་བྱང་སེམས་སྦྱོར་ལམ་པའི་རྒྱུད་ཀྱི་ཆོས་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་མཉམ་གཞག་ཡེ་ཤེས་དེ་ཆོས་ཉིད་ལ་མངོན་སུམ་ཡིན་ཟེར་ན། དེ་འདྲའི་བྱང་སེམས་སྦྱོར་ལམ་པ་དེ་


GLG013_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཉིད་མངོན་སུམ་དུ་རྟོགས་པའི་གང་ཟག་ཡིན་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། དེ་ཆོས་ཅན། འཕགས་པ་ཡིན་པར་ཐལ་ལོ། །གཞན་ཡང་། དེ་མི་འཐད་པར་ཐལ། དེ་ཆོས་ཉིད་ལ་རྟོག་པ་དཔྱད་ཤེས་ཡིན་པའི་ཕྱིར། དེར་ཐལ། དེ་རྟོག་པ་དཔྱད་ཤེས་ཡིན་པའི་ཕྱིར། དེར་ཐལ། དེ་རང་འདྲེན་བྱེད་ཀྱི་ཚད་མ་སྔ་མས་རྟོགས་ཟིན་བྱེད་པ་མ་ཉམས་པའི་དོན་ལ་རྟོགས་ཟིན་རྟོགས་པའི་རིག་པ་ཡིན་པའི་ཕྱིར། ཁ་ཅིག །དམན་ལམ་སྔོན་མ་སོང་གི་ཆོས་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་བྱང་སེམས་ཀྱི་སྦྱོར་ལམ་དེ་ཆོས་ཉིད་ལ་རྗེས་དཔག་ཡིན་ཟེར་ན། དེ་འདྲའི་མཉམ་གཞག་ཡེ་ཤེས་ཆོས་ཅན། བསམ་བྱུང་གི་རིག་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། སྒོམ་བྱུང་གི་རིག་པ་ཡིན་པའི་ཕྱིར། ཆོས་ཅན་དེ་ཡིན་པའི་ཕྱིར། ཁ་ཅིག །སྦྱོར་ལམ་དེ་དཔྱད་ཤེས་མ་ཡིན་ཟེར་ན། མི་འཐད་པར་ཐལ། དེ་ཚད་ལྡན་གྱི་བློ་གང་ཞིག །སྣང་ལ་མ་ངེས་པ་མ་ཡིན། ལོག་ཤེས་ཐེ་ཚོམ་ཡིད་དཔྱོད་སོགས་མ་ཡིན་པའི་ཕྱིར། དང་པོ་དེར་ཐལ། དེ་ཚད་མ་མ་ཡིན་པའི་ཕྱིར། གཉིས་པ་དེར་ཐལ། མངོན་སུམ་མ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། མདོ་སྡེ་པའི་ལུགས་ལ། སྣང་ལ་མ་ངེས་པའི་བློ་ཡིན་ན་རྟོག་མེད་མ་འཁྲུལ་བའི་ཤེས་པ་ཡིན་དགོས་པའི་ཕྱིར། དེར་ཐལ། དེ་ཡིན་ན་རྟོག་མེད་ཀྱི་ཤེས་པ་ཡིན་དགོས་པ་གང་ཞིག །རྟོག་མེད་འཁྲུལ་ཤེས་མ་ཡིན་དགོས་པའི་ཕྱིར། དང་པོ་དེར་ཐལ། དེ་ཡིན་ན་རྟོག་པ་མ་ཡིན་དགོས་པའི་ཕྱིར། དེར་ཐལ། རྟོག་པ་དོན་མཐུན་དང་། རྟོག་པ་ལོག་ཤེས་གང་ཡང་མ་ཡིན་དགོས་པའི་ཕྱིར། རྩ་རྟགས་གཉིས་པ་དེར་ཐལ། དེ་ཡིན་ན་རྟོག་མེད་ལོག་ཤེས་མ་ཡིན་དགོས་པའི་ཕྱིར། ཁ་ཅིག །ཐོས་པའི་ཤེས་རབ་ཡིན་ན། མིང་རྐྱང་


GLG013_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་དམིགས་པས་ཁྱབ། བསམ་བྱུང་གི་ཤེས་རབ་ཡིན་ན། མིང་དོན་གཉིས་ཀ་ལ་དམིགས་པས་ཁྱབ། སྒོམ་བྱུང་གི་ཤེས་རབ་ཡིན་ན་དོན་རྐྱང་པ་ལ་དམིགས་པས་ཁྱབ་སྟེ། མཛོད་ལས། མིང་དང་གཉིས་ཀ་དོན་ཡུལ་ཅན། ཞེས་གསུངས་པའི་ཕྱིར་ན། སངས་འཕགས་ཀྱི་རྒྱུད་ཀྱི་སྒོམ་བྱུང་གི་ཤེས་རབ་ཆོས་ཅན། དོན་རྐྱང་པ་ལ་དམིགས་པར་ཐལ། སྒོམ་བྱུང་གི་ཤེས་རབ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་ཀྱིས་ཤེས་བྱ་ཐམས་ཅད་མངོན་སུམ་དུ་རྟོགས་པའི་ཕྱིར། མཛོད་ཀྱི་ལུང་དེ་ནི་བྱེ་བྲག་སྨྲ་བའི་རྟོགས་བཏགས་ཏེ། སྐབས་འདིར་ཁས་མི་ལེན་པ་གསེར་འཕྲེང་ལས་བཤད་དོ། །ཁ་ཅིག །རྒྱུད་གཅིག་པའི་དབང་དུ་བྱས་ན། དང་པོར་སྐྱེས་པའི་སྦྱོར་ལམ་ཆུང་ངུ་། བར་དུ་སྐྱེས་པའི་སྦྱོར་ལམ་འབྲིང་། ཐ་མར་སྐྱེས་པའི་སྦྱོར་ལམ་དེ་ཆེན་པོ་ཡིན་ལ། རྒྱུད་ཐ་དད་པའི་དབང་དུ་བྱས་ན། དབང་རྟུལ་གྱི་སྦྱོར་ལམ་དེ་ཆུང་ངུ་། དབང་འབྲིང་གི་དེ་འབྲིང་། དབང་རྣོན་གྱི་དེ་ཆེན་པོ་ཡིན་ལ། རྒྱུད་ཐ་དད་པའི་དབང་དུ་བྱས་པའི་ཆུང་ངུ་སོགས་ལ་རིམ་པ་བཞིན་དུ་སྦྱོར་ལམ་ཆུང་ངུ་སོགས་ཀྱིས་རིམ་གྱིས་ཁྱབ་ཟེར་ན། མངོན་རྟོགས་རྒྱན་གྱི་གདུལ་བྱའི་རྒྱུད་ལ། དང་པོར་སྐྱེས་པའི་སྦྱོར་ལམ་ཆོས་ཅན། ཁྱོད་སྦྱོར་ལམ་ཆེན་པོ་ཡིན་པར་ཐལ། ཁྱོད་དབང་རྣོན་གྱི་རྒྱུད་ཀྱི་སྦྱོར་ལམ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། དེ་ཆོས་ཅན། མ་ཡིན་པར་ཐལ། ཁྱོད་སྦྱོར་ལམ་ཆུང་ངུ་ཡིན་པའི་ཕྱིར། དེར་ཐལ། དང་པོར་སྐྱེས་པའི་སྦྱོར་ལམ་ཡིན་པའི་ཕྱིར། ཁ་ཅིག །སྔར་གྱི་དེའི་སྟེང་དུ། དང་པོར་སྐྱེས་པའི་སྦྱོར་ལམ་ཆུང་ངུ་སོགས་རིམ་བཞིན་སྦྱོར་ལམ་ཆུང་ངུ་སོགས་མ་ཡིན་དགོས་ཟེར་ན། དག་ས་ལ་གནས་པའི་སེམས་དཔའི་རྒྱུད་ཀྱི་ཐེག་ཆེན་གྱི་སྒོམ་ལམ་ཡིན་ན། ཐེག་ཆེན་གྱི་སྒོམ་ལམ་ཆེན་པོ་ཡིན་


GLG013_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

པས་མ་ཁྱབ་པར་ཐལ། དེ་འདྲའི་སེམས་དཔའ་དབང་རྟུལ་གྱི་ཐེག་ཆེན་གྱི་སྒོམ་ལམ་དེ་ཐེག་ཆེན་གྱི་སྒོམ་ལམ་ཆུང་ངུ་ཡིན་པའི་ཕྱིར། དེར་ཐལ། བྱང་སེམས་སྦྱོར་ལམ་པ་དབང་རྟུལ་གྱི་རྒྱུད་ཀྱི་ཐེག་ཆེན་གྱི་སྦྱོར་ལམ་དེ་ཐེག་ཆེན་གྱི་སྦྱོར་ལམ་ཆུང་ངུ་ཡིན་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། རང་གི་དངོས་གཉེན་དུ་གྱུར་པའི་དག་སའི་ཡེ་ཤེས་ཀྱི་སྤང་བྱ་ཡིན་ན། ཐེག་ཆེན་གྱི་སྒོམ་སྤང་ཆུང་ངུ་ཡིན་དགོས་པའི་ཕྱིར། ཁྱབ་སྟེ། སྤང་གཉེན་གྱི་རྣམ་གཞག་འཆད་པ་ན། དྲི་མ་ཕྲ་མོ་སེལ་བ་ལ། བཙོ་བླག་མཁན་ཆེ་ཐང་དུ་འབད་པའི་དཔེ་དང་མཚུངས་པར་གསུངས་པའི་ཕྱིར། ཁོ་ན་རེ། ཐེག་ཆེན་གྱི་སྦྱོར་ལམ་དྲོད་ལ་གནས་པའི་སེམས་དཔའ་དབང་རྣོན་གྱི་རྒྱུད་ཀྱི་སྦྱོར་ལམ་ཆོས་ཅན། ཁྱོད་ཐེག་ཆེན་གྱི་སྦྱོར་ལམ་ཆེན་པོ་ཡིན་པར་ཐལ། བྱང་སེམས་དབང་རྣོན་གྱི་རྒྱུད་ཀྱི་སྦྱོར་ལམ་ལ་སྦྱོར་ལམ་ཆེན་པོར་བྱས་པའི་ཐེག་ཆེན་གྱི་སྦྱོར་ལམ་ཆེན་པོ་ཡིན་པའི་ཕྱིར་ན་མ་ཁྱབ། འོ་ན། དེ་ཆོས་ཅན། ཐེག་ཆེན་གྱི་སྦྱོར་ལམ་ཆུང་ངུ་ཡིན་པར་ཐལ། དང་པོར་སྐྱེས་པའི་ཐེག་ཆེན་གྱི་སྦྱོར་ལམ་ལ་སྦྱོར་ལམ་ཆུང་ངུར་བྱས་པའི་སྦྱོར་ལམ་ཡིན་པའི་ཕྱིར། ཁྱབ་པ་ཁས། རོང་ཊཱིཀ་པ་ན་རེ། ཐེག་ཆེན་གྱི་སྦྱོར་ལམ་ལ་རང་སྟོབས་དང་གཞན་སྟོབས་གཉིས་ཀྱིས་བསྐྱེད་པའི་རྟེན་ལས། དང་པོའི་དབང་དུ་བྱས་ན་གླིང་གསུམ་གྱི་མི་དང་། འདོད་ལྷའི་རྟེན་ལ་དངོས་སུ་གསར་དུ་སྐྱེ་བ་ཡོད། འགྲོ་བ་གཞན་གྱི་རྟེན་ལ་དེ་མེད་དེ། ངན་སོང་བ་རྣམས་རྣམ་སྨིན་གྱི་སྒྲིབ་པ་ཤས་ཆེ། ཁམས་གོང་མ་བ་རྣམས་སྙོམས་འཇུག་གི་བདེ་བ་ལ་ཆགས་པས་འཁོར་བར་སྐྱོ་བ་དང་མི་ལྡན་པའི་ཕྱིར། གཞན་སྟོབས་ཀྱི་དབང་དུ་བྱས་


GLG013_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

ན། ངན་སོང་དང་། ཁམས་གོང་གི་རྟེན་ལ་གསར་དུ་སྐྱེ་བ་ཡོད་དེ། དེའི་རྟེན་ལ་མཐོང་ལམ་གསར་དུ་སྐྱེ་བ་ཡོད་པར་ཟ་མ་ཏོག་བཀོད་པའི་མདོ་ལས་གསུངས་པ་གང་ཞིག །མཚུངས་པའི་ཕྱིར། ཟེར་ན། ངན་སོང་བའི་རྟེན་ལ། དེ་གཞན་སྟོབས་ཀྱིས་གསར་དུ་སྐྱེ་བ་མེད་པར་ཐལ། ངན་སོང་བ་རྣམས་རྣམ་སྨིན་གྱི་སྒྲིབ་པ་ཆེན་པོ་དང་ལྡན་པའི་ཕྱིར། ཁྱབ་པ་རྣམས་དོན་གྱི་དངོས། གཞན་ཡང་། སྦྱོར་ལམ་བཟོད་པ་ལ་གནས་པའི་སེམས་དཔའ་ལས་ཉོན་གྱིས་ངན་སོང་དུ་སྐྱེ་བ་ལེན་པ་ཡོད་པར་ཐལ། ངན་སོང་གི་རྟེན་ལ་ཐེག་ཆེན་གྱི་མཐོང་ལམ་གསར་དུ་སྐྱེ་བ་ཡོད་པའི་ཕྱིར། འདོད་ན། ངན་འགྲོ་མེད་པས་ཆོས་ཆེན་པོ་ལ་བཟོད་པའི་ཕྱིར། བཟོད་པར་གྱུར་པ། ཞེས་གསུངས་པ་མི་འཐད་པར་ཐལ། འདོད་པའི་ཕྱིར། ཁ་ཅིག །ཐེག་ཆེན་གྱི་སྦྱོར་ལམ་དངོས་སུ་གསར་དུ་སྐྱེ་བའི་སེམས་རྟེན་དུ་གྱུར་པའི་བསམ་གཏན་ས་དྲུག་ཡོད་ཟེར་ན། མི་འཐད་པར་ཐལ། ཐེག་ཆེན་གྱི་སྦྱོར་ལམ་གྱི་སེམས་རྟེན་ཡིན་ན། བསམ་གཏན་དང་པོའི་དངོས་གཞིའི་སྙོམས་འཇུག་ཡིན་དགོས་པའི་ཕྱིར། དེར་ཐལ། བྱང་སེམས་ཀྱི་ཚོགས་ལམ་ཆེན་པོ་ལ་གནས་པའི་གང་ཟག་ཡིན་ན། བསམ་གཏན་དང་པོའི་དངོས་གཞི་ཐོབ་པས་ཁྱབ་པ་གང་ཞིག །ལམ་སླ་བ་དེ་ལྟ་བུ་ཐོབ་ནས། ལམ་དཀའ་བ་བསམ་གཏན་གྱི་ཉེར་བསྡོགས་སོགས་ལ་བརྟེན་ནས་སྐྱེད་པ་མི་འཐད་པའི་ཕྱིར། དང་པོ་དེར་ཐལ། དེ་ཡིན་ཆོས་རྒྱུན་གྱི་ཏིང་འཛིན་ཐོབ་པས་ཁྱབ་པའི་ཕྱིར། ཁ་ཅིག །ཆོས་བརྗོད་ཀྱི་སྒྲ་དང་། ཆོས་ཅན་བརྗོད་པའི་སྒྲ་གཉིས་འགལ་ཟེར་ན། སྒྲ་མི་རྟག་ཅེས་པའི་ངག་ཆོས་ཅན། ཆོས་བརྗོད་ཀྱི་སྒྲ་མ་ཡིན་པར་ཐལ། ཆོས་ཅན་བརྗོད་པའི་སྒྲ་ཡིན་པའི་ཕྱིར། དེར་ཐལ། སྒྲ་ལ་ལྟོས་ཏེ་ཆོས་ཅན་བརྗོད་པའི་སྒྲ་ཡིན་པའི་ཕྱིར། དེར་ཐལ། སྒྲ་མི་རྟག་པའི་ཁྱད་གཞི་ལྟ་བུར་བློ་ཡུལ་དུ་


GLG013_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

གོ་བར་བྱེད་པའི་མཉན་བྱ་ཡིན་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། མི་རྟག་པ་ལ་ལྟོས་ཏེ་ཆོས་བརྗོད་ཀྱི་སྒྲ་ཡིན་པའི་ཕྱིར། དེར་ཐལ། མི་རྟག་པ་སྒྲའི་ཁྱད་གཞི་ཁྱད་ཆོས་གཉིས་ཀྱི་ནང་ནས། ཁྱད་ཆོས་ལྟ་བུར་བློ་ཡུལ་དུ་གོ་བར་བྱེད་པའི་མཉན་བྱ་ཡིན་པའི་ཕྱིར། ཁ་ཅིག །གཞི་གཅིག་ལ་ལྟོས་ཏེ། དེ་གཉིས་འགལ་ཟེར་ན། མི་འཐད་པར་ཐལ། བྱས་པ་བྱས་ཞེས་པའི་ངག་དེ་བྱས་པ་ལ་ལྟོས་ཏེ་ཆོས་ཅན་བརྗོད་པའི་ངག་གང་ཞིག །དེ་ལ་ལྟོས་ཏེ་ཆོས་བརྗོད་ཀྱི་སྒྲ་ཡང་ཡིན་པའི་ཕྱིར། དང་པོ་དེར་ཐལ། བྱས་པ་ཁྱད་གཞི་ལྟ་བུར་གོ་བར་བྱེད་པའི་མཉན་བྱ་ཡིན་པའི་ཕྱིར། དེར་ཐལ། བྱས་པ་དེ་བྱས་པ་བྱས་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་ཡིན་པའི་ཕྱིར། རྟགས་གཉིས་པ་དེར་ཐལ། དེ་བྱས་པ་ཁྱད་ཆོས་ལྟ་བུར་གོ་བར་བྱེད་པའི་མཉན་བྱ་ཡིན་པའི་ཕྱིར། དེར་ཐལ། བྱས་པ་དེ་བྱས་པར་སྒྲུབ་པར་བྱེད་པའི་བསྒྲུབ་བྱའི་ཆོས་ཡིན་པའི་ཕྱིར། གཉིས་པ་རང་ལུགས་ནི། རང་གི་རྒྱུར་གྱུར་པའི་ཐེག་ཆེན་གྱི་ཐར་པ་ཆ་མཐུན་རྫོགས་རྗེས་སུ་བྱུང་བའི་ཐེག་ཆེན་གྱི་དོན་མངོན་རྟོགས་དེ། ཐེག་ཆེན་གྱི་སྦྱོར་ལམ་གྱི་མཚན་ཉིད། དེ་ལ་དབྱེ་ན། དྲོད། རྩེ་མོ། བཟོད་པ། ཆོས་མཆོག་བཞི། གསུམ་པ་རྩོད་པ་སྤོང་པ་ལ། ཁ་ཅིག་ན་རེ། བྱང་སེམས་ཀྱི་སྦྱོར་ལམ་གྱི་སྐབས་སུ་སྒོམ་བྱུང་གཙོ་བོར་གྱུར་པ་མ་ཡིན་པར་ཐལ། དེས་བསྡུས་པའི་ཐོས་བསམ་གྱིས་ཤེས་རབ་སྒོམ་བྱུང་གཙོ་བོར་གྱུར་པ་མ་ཡིན་པའི་ཕྱིར། ཟེར་ན་མ་ཁྱབ། འོ་ན། ཐེག་ཆེན་གྱི་ཚོགས་ལམ་གྱི་སྐབས་སུ་ཐོས་བསམ་གཙོ་བོར་གྱུར་པ་མ་ཡིན་པར་ཐལ། དེས་བསྡུས་པའི་སྒོམ་བྱུང་གི་ཤེས་རབ་དེ་ཐོས་བསམ་གཙོ་བོར་གྱུར་པ་མ་ཡིན་པའི་ཕྱིར། ཁྱབ་པ་ཁས། ཁ་ཅིག །ཁམས་གོང་མའི་


GLG013_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ལ་ཐེག་ཆེན་གྱི་སྦྱོར་ལམ་ཆོས་མཆོག་གསར་དུ་སྐྱེ་བ་ཡོད་པར་ཐལ། དེའི་རྟེན་ལ་དེ་བཟོད་པ་གསར་དུ་སྐྱེ་བ་ཡོད་པའི་ཕྱིར། དེར་ཐལ། དེའི་རྟེན་ལ་དེ་རྩེ་མོ་གསར་དུ་སྐྱེ་བ་ཡོད་པའི་ཕྱིར་ན་མ་ཁྱབ། དེར་ཐལ། རྣམ་བཤད་ལས། ཆོས་མཆོག་དངོས་སུ་སྐྱེ་བའི་རྟེན་མ་ཡིན་ཡང་། དྲོད་དང་རྩེ་མོ་གཟུགས་ཁམས་པ་འགའ་ཞིག་ལ་ཡང་སྐྱེ་བ་མངོན་ནོ། །ཞེས་གསུངས་པའི་ཕྱིར། ཁ་ཅིག །བྱས་པ་བྱས་པ་ཞེས་པའི་ངག་དེ། བྱས་པ་ལ་ལྟོས་ཏེ་ཁྱད་པར་གཞན་སྤོང་བའི་སྒྲ་ཡིན་པར་ཐལ། དེ་ལ་ལྟོས་ཏེ་ཆོས་བརྗོད་ཀྱི་སྒྲ་ཡིན་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། དེ་དེ་མི་སྤོང་བའི་སྒྲ་ཡིན་པའི་ཕྱིར། དེ་དེ་ལ་ལྟོས་ཏེ་ཆོས་ཅན་བརྗོད་པའི་སྒྲ་ཡིན་པའི་ཕྱིར་ཕྱིར། ཁྱབ་པ་ཡོད་དེ། འགྲེལ་པར། ཁྱད་པར་གཞན་སྤོང་བ་དང་མི་སྤོང་བ་མ་གཏོགས་པར་འདི་དག་ལ་དོན་གྱི་ཁྱད་པར་འགའ་ཡང་མེད་དོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། སྒྲ་མི་རྟག་ཅེས་པའི་ངག་ལྟ་བུ་སྒྲ་ལ་ལྟོས་ཏེ་ཆོས་བརྗོད་ཀྱི་སྒྲ་ཡིན་ན། དེ་དེ་ལ་ལྟོས་དེ་ཁྱད་པར་གཞན་སྤོང་བའི་སྒྲ་ཡིན་དགོས། དེ་སྒྲ་ལ་ལྟོས་ཏེ་ཆོས་ཅན་བརྗོད་པའི་སྒྲ་ཡིན་ན། དེ་དེ་ལ་ལྟོས་ཏེ་ཁྱད་པར་གཞན་མི་སྤོང་བའི་སྒྲ་ཡིན་དགོས་པ་ལྟ་བུ་ལ་དགོངས་པའི་ཕྱིར། གསུམ་པ་འགྲེལ་པ་འཆད་པ་ལ། དམན་པའི་སྦྱོར་ལམ་ལས་ཁྱད་ཞུགས་པར་སྒྲུབ་པ་དང་། དམིགས་ཚུལ་བཅུ་གཉིས་བཞིར་བསྡུ་བའོ། །དང་པོ་ལ། ཁྱད་པར་འཕགས་ཚུལ་དང་། དེའི་རྒྱུ་མཚན་ནོ། །དང་པོ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞི་པོ་ཆོས་ཅན། ཉན་ཐོས་དང་ལ་སོགས་པས་རང་སངས་རྒྱས་རྣམས་ཀྱི་དྲོ་བ་ལ་སོགས་པ་སྦྱོར་ལམ་བཞི་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ། དེ་ལས་ཁྱད་ཆོས་དྲུག་གམ་ལྔས་ཁྱད་པར་དུ་འཕགས་པའི་ཕྱིར། ཐེག་ཆེན་གྱི་སྦྱོར་ལམ་ཆོས་ཅན། ཁྱོད་རྒྱུ་ཁྱད་པར་དུ་


GLG013_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་དང་ལྡན་ཏེ། ཐེག་ཆེན་གྱི་ལམ་འབྲས་བུ་དང་བཅས་པ་ལ་ཐོས་པ་དང་། ལ་སོགས་པ་བསམ་པ་དང་། སྒོམ་པ་རབ་ཀྱི་མཐར་ཕྱིན་པ་ཐོབ་པ། ཐར་པའི་ཆ་དང་མཐུན་པ། དད་པའི་ཡུལ་དུ་ཐེག་ཆེན་གྱི་ཆོས་ཀུན་རྫོབ་པ་ལ་སོགས་པས་དད་སོགས་ཡུལ་ལྔ་ལ་མཁས་པའི་དད་པ་ལ་སོགས་པའི་མཚན་ཉིད་ཀྱི་དགེ་བའི་རྩ་བའི་རང་སྟོབས་ཀྱིས་དྲངས་པས་དེའི་འོག་ཏུ་འབྱུང་བ་སྟེ་སྐྱེས་པའི་ཕྱིར། ཐེག་ཆེན་གྱི་སྦྱོར་ལམ་ཆོས་ཅན། ཁྱོད་འབྲས་བུ་ཁྱད་པར་ཅན་དང་ལྡན་ཏེ། བདེན་པ་བཞི་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་གྱི་མཐོང་ལམ་སྐྱེ་བ་དང་རྗེས་སུ་མཐུན་པའི་ཉེ་བའི་རྒྱུ་ཡིན་པའི་ཕྱིར། དེ་ཆོས་ཅན། ཁྱོད་རང་གི་ངོ་བོ་ཁྱད་པར་ཅན་དང་ལྡན་ཏེ། ཁྱོད་ཡུལ་སྟོང་ཉིད་ལ་དམིགས་པའི་ཐེག་ཆེན་གྱི་འཇིག་རྟེན་པའི་བསྒོམས་པ་ལས་བྱུང་བ་གཙོ་བོར་གྱུར་པའི་སྐབས་ཀྱི་ལམ་ཡིན་པའི་ཕྱིར། དེ་ཆོས་ཅན། ཁྱོད་ལ་ངོ་བོའི་སྒོ་ནས་དབྱེ་ན་དུ་མར་ཡོད་དེ། སྟོང་ཉིད་ལ་དམིགས་པའི་དྲོ་བར་གྱུར་པ་ཞེས་བྱ་བའི་དགེ་བའི་རྩ་བ་དང་། དེའི་འོག་ཏུ་དེ་ཉིད་ལས་རབ་ཏུ་གྱུར་པ་རྩེ་མོར་གྱུར་པའི་ངེས་འབྱེད་ཡན་ལག་དང་། དེའི་འོག་ཏུ་སྟོང་པ་ཉིད་ལ་མི་སྐྲག་པའི་བཟོད་པ་དང་པོར་ཐོབ་པས་བཟོད་པར་གྱུར་པའི་ངེས་འབྱེད་ཡན་ལག་དང་། དེའི་འོག་ཏུ་འཇིག་རྟེན་པའི་ཆོས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ཆོས་མཆོག་ཆེན་པོའི་ཡེ་ཤེས་ཞེས་བྱ་བ་དང་བཞི་ཡོད་པའི་ཕྱིར། ཐེག་ཆེན་གྱི་སྦྱོར་ལམ་ཆོས་ཅན། ཁྱོད་ལ་གནས་སྐབས་ཀྱི་དབྱེ་བ་ཡོད་དེ། རྒྱུད་གཅིག་པའི་དབང་དུ་བྱས་ན་དང་པོར་སྐྱེས་པའི་སྦྱོར་ལམ་དེ་ཆུང་ངུ་དང་། ལ་སོགས་པ་བར་འབྲིང་། ཐ་མ་ཆེན་པོར་འཇོག་པ་སོགས་རིམ་གྱིས་སྐྱེ་བའི་དབྱེ་བས་ཁྱད་པར་འཕགས་པའི་ཕྱིར། དེ་ཆོས་ཅན། ཁྱོད་ལ་རྒྱུད་ཐ་དད་པའི་དབྱེ་བ་ཡོད་དེ། བྱང་ཆུབ་སེམས་དཔའ་དང་འབྲེལ་བའི་གང་ཟག་གི་བྱེ་བྲག་གིས་


GLG013_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་ཁྱད་པར་གྱིས་དབང་པོ་རྟུལ་པོའི་རྒྱུད་ཀྱི་སྦྱོར་ལམ་དེ་ཆུང་ངུ་དང་། ལ་སོགས་པས་དབང་འབྲིང་གི་དེ་འབྲིང་དང་། དབང་རྣོན་གྱི་དེ་ཆེན་པོར་འཇོག་པའི་ཕྱིར། རྒྱུད་གཅིག་གི་དབང་དུ་བྱས་ན། ཐོག་མཐའ་བར་གསུམ་དུ་སྐྱེ་བ་ཆུང་ངུ་སོགས་སམ། ཅིག་ཤོས་ལྟར་ན་དབང་རྟུལ་སོགས་ཀྱི་ཁྱད་པར་གྱི་སྦྱོར་ལམ་ཆུང་འབྲིང་ཆེན་པོ་ནི་ཆོས་ཅན། ཁྱོད་ཐེག་དམན་གྱི་སྦྱོར་ལམ་ལས་ཁྱད་ཆོས་ལྔས་ཁྱད་པར་འཕགས་ཏེ། དམིགས་པ་དང་། རྣམ་པ་དང་། རྒྱུ་དང་། ཡོངས་འཛིན་དང་། རྣམ་རྟོག་སྤང་བྱར་ལྡན་པའི་སྒོ་ནས་ཁྱད་པར་དུ་འཕགས་པའི་ཕྱིར། ཐེག་ཆེན་གྱི་སྦྱོར་ལམ་ཆོས་ཅན། ཁྱོད་འོག་ནས་འཆད་པར་འགྱུར་བའི་དམིགས་པའི་ཁྱད་པར་གྱི་ངོ་བོ་ཉིད་བདེན་པ་བཞིའི་དངོས་པོ་མི་རྟག་པ་སོགས་བཅུ་དྲུག་གིས་ཁྱད་པར་དུ་བྱས་པ་ལ་དམིགས་པ་ཡིན་ཏེ། ཁྱོད་དེ་སྒྲོ་འདོགས་གཅོད་པའི་གཞིར་བཟུང་བའི་ཕྱིར། སྟོང་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་ཐེག་ཆེན་གྱི་སྦྱོར་ལམ་ཆོས་ཅན། ཁྱོད་བདེན་པར་མངོན་པར་ཞེན་པ་མེད་པ་དང་། ལ་སོགས་པ་ལྷག་མོས་དང་། ཀུན་ཤེས་ཀྱི་རྣམ་པར་ཞུགས་པ་ཡིན་ཏེ། ཁྱོད་ཀྱིས་གཟུང་འཛིན་བདེན་པར་ཞེན་པའི་ཆོས་སུ་ལྟ་བའི་དངོས་ཀྱི་གཉེན་པོ་ཉིད་ཀྱིས་བདེན་མེད་དུ་དངོས་སུ་རྟོགས་པའི་ཕྱིར། ཐེག་ཆེན་གྱི་སྦྱོར་ལམ་ཆོས་ཅན། འབྲས་བུ་ཁྱད་པར་ཅན་གྱི་རྒྱུ་ནུས་པ་མཐུ་ཅན་ཡིན་པས་ཁྱད་པར་དུ་འཕགས་ཏེ། ཐེག་པ་གསུམ་ཆར་མངོན་སུམ་དུ་རྟོགས་པའི་མཐོང་ལམ་གྱི་རྒྱུའི་ངོ་བོ་ཁྱད་པར་ཅན་དུ་གྱུར་པའི་ཕྱིར། དེ་ཆོས་ཅན། རང་གི་བདག་རྐྱེན་དུ་གྱུར་པའི་ཡོངས་སུ་འཛིན་པ་ཁྱད་པར་ཅན་དང་ལྡན་པ་ཡིན་ཏེ། རང་གི་བདག་རྐྱེན་དགེ་བའི་བཤེས་གཉེན་ཁྱད་པར་ཅན་མཆོག་གི་སྤྲུལ་སྐུས་ཐེག་ཆེན་གྱི་ལམ་རྫོགས་པར་སྟོན་པའི་ཐབས་ལ་མཁས་པའི་མཚན་ཉིད་ཀྱིས་དངོས་སུ་རྗེས་སུ་བཟུང་བའི་ཕྱིར། དེ་ཆོས་ཅན།


GLG013_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་རྩེ་སྦྱོར་གྱིས་བསྡུས་པའི་མཐོང་ལམ་དང་སྒོམ་ལམ་གྱི་སྤང་བར་བྱ་བ་གཟུང་བ་འཛིན་པའི་རྣམ་པར་རྟོག་པ་རྣམ་པ་བཞི་པོ་སྤང་བྱར་ལྡན་པས་ཁྱད་པར་དུ་བྱས་པ་ཡིན་ཏེ། དེ་བཞི་པོ་འོག་ནས་འཆད་པར་འགྱུར་བའི་ཚུལ་དང་། ཀུན་ནས་ཉོན་མོངས་བྱེད་དུ་འབྲེལ་པར་འབྱུང་བས་ཁྱད་པར་དུ་བྱས་པའི་ཕྱིར། གཉིས་པ་རྒྱུ་མཚན་ནི། ཐེག་ཆེན་གྱི་སྦྱོར་ལམ་དེ་ཉིད་ཆོས་ཅན། ཁྱོད་དམན་པའི་སྦྱོར་ལམ་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ། ཉན་རང་དེ་དག་གི་སྦྱོར་ལམ་དྲོ་བར་གྱུར་པ་ལ་སོགས་པའི་དགེ་བའི་རྩ་བ་ནི་ཉན་ཐོས་ཀྱི་ཐེག་པའི་ཚུལ་གྱི་རྣམ་གཞག་བྱེད་པའི་ཤིང་རྟ་ཆེན་པོའི་ལུགས་ལས། ཟག་བཅས་ཀྱི་བསྡུས་པའི་གཟུགས་སུ་རུང་བ་དང་ལ་སོགས་པ་ཉམས་མྱོང་དང་མཚན་འཛིན་སོགས་དང་། ལས་ཉོན་གྱིས་བསྡུས་པའི་སྡུག་ཀུན་དག་པ་བ་དང་། འགོག་ལམ་དག་པ་བའི་མཚན་ཉིད་ཀྱི་དངོས་པོའི་བདག་ཉིད་ཀྱི་བདེན་པ་བཞི་ལ་དམིགས་པ་དང་། གང་ཟག་གི་བདག་ཏུ་ལྟ་བའི་གཉེན་པོ་ཙམ་བྱེད་པ་ཉིད་གྱིས་མི་རྟག་པ་དང་ལ་སོགས་པས་སྡུག་བསྔལ་སྟོང་བདག་མེད་ཀྱི་རྣམ་པར་ཞུགས་པ་དང་། ཉན་ཐོས་རང་གི་ཐེག་པ་སྟེ་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་ཉན་ཐོས་ཀྱི་མཐོང་ལམ་དང་། གཉིས་སྟོང་མངོན་སུམ་དུ་རྟོགས་པའི་རང་རྒྱལ་གྱི་མཐོང་ལམ་ཁོ་ནའི་རྒྱུའི་ཆེད་དང་། ཐབས་ཤེས་རྫོགས་པར་སྟོན་པའི་སྒོ་ནས་ཡོངས་སུ་འཛིན་པ་དང་བྲལ་བ་དང་། གཟུང་འཛིན་གྱི་རྣམ་པར་རྟོག་པ་རྣམ་པ་བཞི་གཙོ་བོར་སྤོང་བའི་སྒོ་ནས་སྤང་གཉེན་དུ་མི་ལྡན་པར་འབྱུང་ངོ་ཞེས་འབྱུང་བའི་ཕྱིར། གཉིས་པ་དམིགས་ཚུལ་བཅུ་གཉིས་བཞིར་བསྡུས་པ་ལ། དངོས་དང་། རྣམ་པ་གཞན་གྱི་སྒོ་ནས་དམིགས་པ། དེ་འདིར་དངོས་སུ་མི་སྟོན་པའི་རྒྱུ་མཚན། རྩོད་པ་སྤང་བ་དང་བཞི་


GLG013_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ལས། དང་པོ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ནི་ཆོས་ཅན། རང་གི་རྣམ་པའི་འཛིན་སྟངས་ཇི་ལྟར་སྲིད་པ་བཞིན། བདེན་པ་བཞིའི་དངོས་པོ་ལ་དམིགས་པ་ཡིན་ཏེ། ཁྱོད་ལམ་རྫོགས་པར་ཉམས་སུ་ལེན་པ་ལ་ཐབས་མཁས་པའི་སྟོབས་ཀྱིས་བཟོད་པ་འབྲིང་གི་གནས་སྐབས། ཁ་ཅིག་ཏུ་ནི་རྒྱུའི་སྒོ་ནས་ཆོས་མཆོག་ཆུང་ངུའི་གནས་སྐབས། ཁ་ཅིག་ཏུ་ནི་འབྲས་བུའི་སྒོ་ནས་བཟོད་པ་ཆུང་ངུའི་གནས་སྐབས། ཁ་ཅིག་ཏུ་ནི་བདེན་པ་གཉིས་ཀྱི་ངོ་བོ་ཉིད་ཀྱི་སྒོ་ནས་གཞན་དགུའི་གནས་སྐབས། ཁ་ཅིག་ཏུ་ནི་ཆོས་ཉིད་ཀྱི་རྣམ་པའི་སྒོ་ནས་བདེན་པ་བཞི་ལ་དམིགས་པའི་ཕྱིར། གཉིས་པ་ནི། བྱང་སེམས་སྦྱོར་ལམ་པ་ཆོས་ཅན། ཁྱོད་ཀྱིས་སྔ་མ་ཉན་ཐོས་ཀྱི་སྦྱོར་ལམ་བཞིན་དུ་མི་རྟག་སོགས་རྣམ་པ་གཞན་གྱིས་ཀྱང་བདེན་པ་བཞི་ལ་ཀུན་དུ་དམིགས་སོ་ཞེས་བྱ་བར་ཤེས་པར་བྱ་བ་ཡིན་ཏེ། ཁྱོད་ཀྱིས་སྐབས་དེར་ཉོན་མོངས་དབལ་གཞོམ་པ་དང་། འཁོར་བའི་ཡིད་འབྱུང་བསྐྱེད་པ་དང་། དམན་པའི་རིགས་ཅན་རྗེས་སུ་གཟུང་བའི་ཆེད་དུ་སྐྱེས་བུ་འབྲིང་གི་བསམ་པ་ལ་སྦྱང་དགོས་པའི་ཕྱིར། གསུམ་པ་ནི། ཤེས་བྱ་ཆོས་ཅན། ཐེག་ཆེན་གྱི་སྦྱོར་ལམ་གྱིས་བདེན་བཞི་མི་རྟག་སོགས་བཅུ་དྲུག་ལ་དམིགས་ཚུལ་དེ་སྐབས་འདིར་མ་སྤྲོས་པའི་རྒྱུ་མཚན་ཡོད་དེ། སྐབས་འདིར་མདོར་བསྡུས་ཏེ་རྩ་བའི་ཚིག་དོན་རྣམ་པར་དཀྲོལ་བ་ཙམ་དུ་བརྗོད་པར་འདོད་པའི་ཕྱིར། བཞི་པ་ནི། ཤེས་བྱ་ཆོས་ཅན། བདེན་བཞིའི་རྣམ་པ་བཅུ་དྲུག་ལས་ལྷག་པའི་རྣམ་པ་གཞན་མི་སྒོམ་པའི་ཐེག་པ་གཞན་ལ་བརྟེན་ནས་ནི། སྦྱོར་ལམ་གྱི་སྐབས་འདིར་མ་ཟད། རྒྱན་གྱི་གོང་འོག་གང་དུ་ཡང་སུན་འབྱིན་པ་སྟེ། གནོད་བྱེད་བརྗོད་པར་མི་བྱ་བ་ཡིན་ཏེ། རྒྱུ་མཚན་གང་གི་ཕྱིར་ན་བདེན་པ་བཞིའི་རྣམ་པ་རྫོགས་


GLG013_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཉམས་སུ་ལེན་པ་འདི་ནི་ཐེག་ཆེན་གྱི་རིགས་ཅན་ལ་དེའི་སྡེ་སྣོད་ཚད་མར་བྱས་པའི་རྣམ་པར་གཞག་པ་སྔ་མ་ལས་གཞན་ཁོ་ན་ཡིན་པ་དེའི་ཕྱིར། གཉིས་པ་རྒྱས་པར་བཤད་པ་ལ། ཁྱད་ཆོས་སྔ་མ་གསུམ་བཤད་པ་དང་། རྟོགས་པའི་ཁྱད་ཆོས་དང་ཡོངས་འཛིན་བཤད་པའོ། །དང་པོ་ལ། སྤྱིའི་མཚམས་སྦྱར་བ། སོ་སོའི་དོན་བཤད་པ། བརྗོད་ཚུལ་ལ་རྩོད་པ་སྤང་བའོ། །དང་པོ་ནི། ཁོ་ན་རེ། དེ་ཐེག་དམན་གྱི་སྦྱོར་ལམ་ལས་དམིགས་པ་དང་རྣམ་པ་ལ་སོགས་པའི་སྒོ་ནས་ཁྱད་པར་འཕགས་ན་འཕགས་ཚུལ་ཇི་ལྟ་བུ་ཡིན་ཞེས་དྲི་བ་འགོད་པ་ལ། དམིགས་པ་དང་རྣམ་པའི་ཁྱད་པར་ཡོད་ཚུལ་དག་ནི། དམིགས་པ་མི་རྟག་སོགས་བར་སྐབས་ཀྱི་ཚིགས་སུ་བཅད་པ་བདུན་གྱིས་བཤད་པ་སྟེ་འཆད་འགྱུར་དེའི་ཕྱིར། གཉིས་པ་སོ་སོའི་དོན་བཤད་པ་ལ། ཐེག་ཆེན་གྱི་སྦྱོར་ལམ་དྲོད་ཀྱི་དམིགས་རྣམ་རྒྱུ་གསུམ་གྱི་ཁྱད་པར་བཤད་པ་སོགས་བཞི་ལས། དང་པོ་ལ། རྩ་བ་དང་། འགྲེལ་པ་གཉིས། དང་པོ་ནི། བདེན་པའི་རྟེན་ཅན་མི་རྟག་པ་ལ་སོགས་པ་བཅུ་དྲུག་ཆོས་ཅན། ཐེག་ཆེན་གྱི་སྦྱོར་ལམ་དྲོད་ཆུང་ངུའི་དམིགས་པ་ཡིན་ཏེ། དེའི་སྒྲོ་འདོགས་གཅད་པར་བྱ་བའི་གཞི་ཡིན་པའི་ཕྱིར། རྟགས་འདི་འོག་མ་ཀུན་ལ་སྦྱར་རོ། །རྣམ་པ་ནི་བདེན་པ་བཞི་པོ་དེ་ཡི་ནི། ཁྱད་ཆོས་བཅུ་དྲུག་ལ་བདེན་པར་མངོན་པར་ཞེན་པ་དང་། ལ་སོགས་པ་ལྷག་གནས་དང་ཀུན་ཤེས་སོགས་ལ་བདེན་ཞེན་འགོག་པའི་སྦྱོར་ལམ་དྲོད་ཆུང་ངུའི་ཡེ་ཤེས་ཆོས་ཅན། དེའི་རྣམ་པ་ཡིན་ཏེ། དེའི་དམིགས་པའི་ཆོས་ལ་ལོག་ཕྱོགས་སུ་སྒྲོ་འདོགས་པ་འགོག་པའི་དྲོད་ཆུང་ངུའི་ཡེ་ཤེས་ཡིན་པའི་ཕྱིར། རྟགས་འདི་ཡང་འོག་མ་ཀུན་ལ་སྦྱར་རོ། །རྒྱུ་ནི། ཐེག་ཆེན་གྱི་སྦྱོར་ལམ་དྲོད་ཆུང་ངུའི་ཡེ་ཤེས་ཆོས་ཅན། འབྲས་བུ་ཁྱད་པར་ཅན་


GLG013_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རྒྱུ་བྱེད་དེ། ཐེག་པ་གསུམ་ཆར་འཐོབ་པའི་ཐེག་ཆེན་མཐོང་ལམ་གྱི་རྒྱུ་བྱེད་པའི་ཕྱིར། འབྲིང་གི་དམིགས་པ་ནི། གཟུགས་དང་སོགས་པའི་སྒྲས་བསྡུས་པ་ཚོར་སོགས་འདུ་འགོད་བདེན་པ་བ་དང་བྲལ་བས་ཁྱད་པར་དུ་བྱས་པའི་བདེན་པ་བཞི་ཆོས་ཅན། ཐེག་ཆེན་གྱི་སྦྱོར་ལམ་དྲོད་འབྲིང་གི་དམིགས་པ་ཡིན་ཏེ། དེའི་སྒྲོ་འདོགས་ཞེས་སོགས་སྔར་བཞིན་ནོ། །རྣམ་པ་ནི། མིང་རྒྱུན་དོན་དམ་པར་གནས་པ་དང་བྲལ་བ་དང་གནས་པ་དེར་མེད་པར་རྟོགས་པའི་དྲོད་འབྲིང་གི་ཡེ་ཤེས་ཆོས་ཅན། དེའི་རྣམ་པ་ཡིན་ཏེ་དམིགས་པའི་ཆོས་སོགས་སྔར་བཞིན་ནོ། །ཆེན་པོའི་དམིགས་པ་ནི། གཟུགས་སོགས་བརྡར་བཏགས་པས་ཁྱད་པར་དུ་བྱས་པའི་བདེན་པ་བཞི་ཆོས་ཅན། དྲོད་ཆེན་པོའི་དམིགས་པ་ཡིན་ཏེ། དེའི་སྒྲོ་འདོགས་ཞེས་སོགས། རྣམ་པ་ནི། གཟུགས་སོགས་དོན་དམ་པར་བརྗོད་དུ་མེད་པར་རྟོགས་པའི་དྲོད་ཆེན་པོའི་ཡེ་ཤེས་ཆོས་ཅན། དེའི་རྣམ་པ་ཡིན་ཏེ། དེའི་དམིགས་པ་སོགས་སོ། །གཉིས་པ་འགྲེལ་པ་ལ། རྒྱས་པར་བཤད་པ་དང་། དོན་བསྡུ་བའོ། །དང་པོ་ལ། དམིགས་རྣམ་རྒྱུ་གསུམ་ལས། དང་པོ་ནི། སྡུག་བསྔལ་ལ་སོགས་པའི་བདེན་པ་བཞི་པོ་ལ་བརྟེན་པ་མི་རྟག་པ་ལ་སོགས་པའི་རྣམ་པ་བཅུ་དྲུག་ཆོས་ཅན། ཐེག་ཆེན་གྱི་སྦྱོར་ལམ་དྲོད་དེ་ལ་གསུམ་ཡོད་པའི་ནང་ནས་ཆུང་ངུའི་དམིགས་པ་ཡིན་ཏེ། དེའི་སྒྲོ་འདོགས་ཞེས་སོགས། རྣམ་པ་ནི། སྡུག་བསྔལ་ལ་སོགས་པའི་བདེན་པ་བཞི་ལ། དང་པོར་བདེན་པར་མངོན་པར་ཞེན་པ་དང་། ལ་སོགས་པ་བདེན་པར་ལྷག་པར་དམིགས་པ་དང་། ཕྱིན་ཅི་ལོག་གི་ཀུན་ཤེས་སོགས་ལ་ཞེན་པ་འགོག་པའི་དྲོད་ཆུང་ངུའི་ཡེ་ཤེས་ཆོས་ཅན། དེའི་རྣམ་པ་ཡིན་ཏེ། རྟགས་སྔར་བཞིན་ནོ། །རྒྱུ་ནི། ཐེག་ཆེན་གྱི་སྦྱོར་ལམ་དྲོ་བ་ལ་སོགས་པ་བཞི་པོ་


GLG013_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱང་ཆོས་ཅན། ཐེག་པ་གསུམ་ཆར་གྱི་རྟོགས་རིགས་ཚང་བར་འཐོབ་པའི་མཐོང་ལམ་གྱི་རྒྱུའི་ངོ་བོ་ཉིད་ཡིན་པར་ཁོང་དུ་ཆུད་པར་བྱ་བ་ཡིན་ཏེ། དེའི་ཐོབ་པ་དང་རྗེས་སུ་མཐུན་པའི་ཐབས་དམ་པ་ཡིན་པའི་ཕྱིར། འབྲིང་གི་དམིགས་པ་ནི། གཟུགས་ལ་སོགས་པ་སྒྲུབ་པ་དང་དགག་པ་དག་དོན་དམ་པར་མོས་པ་ཡིད་བྱེད་ཀྱིས་གྲངས་བཞིན་དུ་མི་དམིགས་ཤིང་། དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་དག་གིས་མ་མཐོང་བས་ཁྱད་པར་དུ་གཟུགས་སོགས་ཆོས་ཅན། དྲོད་འབྲིང་གི་དམིགས་པ་ཡིན་ཏེ། རྟགས་སྔར་བཞིན་ནོ། །རྣམ་པ་ནི་དོན་དམ་པར་མིང་ཐམས་ཅད་མེད་པ་ཉིད་ཀྱིས་མིང་གི་རྒྱུན་མི་འདྲ་བ་དང་། རིགས་རྒྱུན་འདྲ་བར་འཇུག་པའི་མཚན་ཉིད་དག་མེད་པར་རྟོགས་པའི་དྲོད་འབྲིང་གི་ཡེ་ཤེས་ཆོས་ཅན། དེའི་རྣམ་པ་ཡིན་ཏེ། རྟགས་སྔར་བཞིན། དྲོད་ཆེན་པོའི་དམིགས་པ་ནི། གཟུགས་ནས་སངས་རྒྱས་ཞེས་བྱ་བའི་བར་ཆོས་ཐམས་ཅད་བརྡར་བཏགས་པའི་ཆོས་མིང་གི་ཐ་སྙད་པ་ཙམ་གྱིས་ཁྱད་པར་དུ་བྱས་པ་ཆོས་ཅན། དྲོད་ཆེན་པོའི་དམིགས་པ་ཡིན་ཏེ། རྟགས་སྔར་བཞིན། དེའི་རྣམ་པ་ནི། དོན་དམ་པར་དགེ་བ་དང་། ལ་སོགས་པ་མི་དགེ་བ་དང་། ལུང་མ་བསྟན་ཉིད་ཀྱི་ཆོས་གང་དུ་ཡང་བརྗོད་དུ་མེད་པར་རྟོགས་པའི་དྲོད་ཆེན་པོའི་ཡེ་ཤེས་ཆོས་ཅན། ཁྱོད་ཐེག་ཆེན་གྱི་སྦྱོར་ལམ་དྲོད་ཆེན་པོའི་རྣམ་པ་ཡིན་ཏེ། རྟགས་སྔར་བཞིན། གཉིས་པ་དོན་བསྡུ་ནི། ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་དང་པོ་ཆོས་ཅན། ཁྱོད་ལ་དྲོད་ཅེས་བརྗོད་པའི་རྒྱུ་མཚན་ཡོད་དེ། མཐོང་ལམ་མཉམ་གཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་མེ་འབྱུང་བའི་སྔ་ལྟས་སུ་འབྱུང་བའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པ་ཡིན་པའི་ཕྱིར། ཐེག་ཆེན་གྱི་སྦྱོར་ལམ་དྲོ་བར་གྱུར་པ་ཞེས་བརྡ་སྦྱར་བའི་ལམ་ཆོས་ཅན། ཁྱོད་ལ་དམིགས་པ་


GLG013_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྣམ་པ་ཟུང་དང་ལྡན་པ་རྣམ་པ་གསུམ་ཡོད་དེ། ཁྱོད་ཆེ་ཆུང་རེ་རེ་ལ་གསུམ་གསུམ་ཡོད་པ་སྔར་བཤད་པ་དེ་ལྟར་ཡིན་པའི་ཕྱིར། གཉིས་པ་རྩེ་མོའི་དམིགས་རྣམ་རྒྱུ་གསུམ་བཤད་པ་ལ། རྩ་བ་དང་འགྲེལ་པ་གཉིས་ལས། དང་པོ་ནི། གཟུགས་སོགས་དོན་དམ་པར་མི་གནས་པ་དེ་དག་ནི། དོན་དམ་པར་དེའི་ངོ་བོར་རང་བཞིན་མེད་པས་ཁྱད་པར་དུ་བྱས་པའི་བདེན་པ་བཞི་ཆོས་ཅན། རྩེ་མོ་ཆུང་ངུའི་དམིགས་པ་ཡིན་ཏེ། རྟགས་སྔར་བཞིན། རྣམ་པ་ནི། གཟུགས་སོགས་དང་དེའི་ཆོས་ཉིད་དེ་དག་བདེན་སྟོང་གཅིག་གི་རང་བཞིན་གཅིག་ཏུ་རྟོགས་པའི་རྩེ་མོ་ཆུང་ངུའི་ཡེ་ཤེས་ཆོས་ཅན། དེའི་རྣམ་པ་ཡིན་ཏེ། རྟགས་སྔར་བཞིན་བདེན་པ་རྣམ་པར་མ་བཞག་པའི་ལུགས་སོ། །དམིགས་པ་ནི། གཟུགས་སོགས་དེ་རྣམས་དེའི་ངོ་བོར་བདེན་གྲུབ་ཀྱིས་སྟོངས་པས་དོན་དམ་པར་མི་རྟག་པ་ལ་སོགས་པར་མི་གནས་པར་ཁྱད་པར་དུ་བྱས་པའི་བདེན་པ་བཞི་ཆོས་ཅན། རྩེ་མོ་ཆུང་ངུའི་དམིགས་པ་ཡིན་ཏེ། སྔར་བཞིན། རྣམ་པ་ནི། མི་རྟག་སོགས་དང་། དེའི་ཆོས་ཉིད་དེ་དག་བདེན་སྟོང་གཅིག་གི་རང་བཞིན་གཅིག་ཏུ་རྟོགས་པའི་རྩེ་མོ་ཆུང་ངུའི་ཡེ་ཤེས་ཆོས་ཅན། དེའི་རྣམ་པ་ཡིན་ཏེ། སྔར་བཞིན་བཞག་པའི་དབང་དུ་བྱས་སོ། །རྒྱུའི་ཁྱད་པར་ནི། ཐེག་པ་གསུམ་ཆར་འཐོབ་པའི་རྒྱུ། །ཞེས་པས་བསྟན་ཏོ། །འབྲིང་གི་དམིགས་པ་ནི། ཆོས་རྣམས་བདེན་གྲུབ་ཀྱི་མཚན་མར་མི་འཛིན་པ་གང་ཡིན་པས་ཁྱད་པར་དུ་བྱས་པའི་བདེན་བཞི་ཆོས་ཅན། རྩེ་མོ་འབྲིང་གི་དམིགས་པ་


GLG013_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། སྔར་བཞིན། རྣམ་པ་ནི། ཆོས་དེ་དག་བདེན་པའི་མཚན་མར་མི་མཐོང་བར་བདེན་མེད་རྟོགས་པའི་རྩེ་མོ་འབྲིང་གི་ཡེ་ཤེས་ཆོས་ཅན། དེའི་རྣམ་པ་ཡིན་ཏེ། སྔར་བཞིན། ཆེན་པོའི་དམིགས་པ་ནི། དོན་དམ་ལ་དཔྱོད་པའི་ཤེས་རབ་ཀྱིས་ཡོངས་སུ་རྟོག་པ་བརྟགས་པས་ཁྱད་པར་དུ་བྱས་པའི་བདེན་བཞི་ཆོས་ཅན། རྩེ་མོ་ཆེན་པོའི་དམིགས་པ་ཡིན་ཏེ། སྔར་བཞིན། རྣམ་པ་ནི། འཁོར་གསུམ་ཐམས་ཅད་བདེན་པར་དམིགས་སུ་མེད་པར་རྟོགས་པའི་རྩེ་མོ་ཆེན་པོའི་ཡེ་ཤེས་ཆོས་ཅན། དེའི་རྣམ་པ་ཡིན་ཏེ། སྔར་བཞིན། གཉིས་པ་ལ་གཉིས། བཤད་པ་དང་། བསྡུ་བའོ། །དང་པོ་ནི། གཟུགས་ལ་སོགས་པ་ལ་དོན་དམ་པར་མི་གནས་པས་ཁྱད་པར་དུ་བྱས་པའི་བདེན་བཞི་ཆོས་ཅན། རྩེ་མོ་ཆུང་ངུའི་དམིགས་པ་ཞེས་བྱ་བ་ཡིན་ཏེ། སྔར་བཞིན་ནོ། །ཤེས་བྱ་ཆོས་ཅན། གཟུགས་ལ་སོགས་པ་དོན་དམ་པར་རང་གི་ངོ་བོས་གྲུབ་པས་སྟོང་པ་ཉིད་ཀྱིས་ཁྱད་པར་དུ་བྱས་ཏེ། གཟུགས་ལ་སོགས་པ་དོན་དམ་པར་རང་གི་ངོ་བོ་དང་བྲལ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར། རྩེ་མོ་ཆུང་ངུའི་རྣམ་པ་ནི། གཟུགས་ལ་སོགས་པ་དེ་དག་ལ་དོན་དམ་པར་རྟག་པ་དང་མི་རྟག་པ་ལ་སོགས་པ་ཉིད་དུ་མི་གནས་པར་རྟོགས་པའི་རྩེ་མོ་ཆུང་ངུའི་ཡེ་ཤེས་ཆོས་ཅན། དེའི་རྣམ་པ་ཡིན་ཏེ། སྔར་བཞིན་ནོ། །སྟོང་པ་ཉིད་ལ་དོན་དམ་པར་མི་རྟག་པ་དང་ལ་སོགས་པ་རྟག་པ་མེད་པ་ཉིད་ཀྱིས་ཁྱབ་སྟེ། དོན་དམ་པར་གཟུགས་ལ་སོགས་པ་ཆོས་ཐམས་ཅད་དང་། སྟོང་པ་ཉིད་དག་ཕན་ཚུན་ངོ་བོ་གཅིག་པ་ཡིན་པའི་ཕྱིར། འབྲིང་གི་དམིགས་པ་ནི། མི་རྟག་པ་ཉིད་ལ་སོགས་པའི་སྟོང་པ་ཉིད་དག་ཕན་ཚུན་བདག་ཉིད་གཅིག་པས་ཁྱད་པར་དུ་བྱས་པའི་བདེན་བཞི་ཆོས་ཅན། རྩེ་མོ་འབྲིང་གི་དམིགས་པ་ཡིན་ཏེ། སྔར་བཞིན། མི་རྟག་པ་ལ་སོགས་པ་དང་། དེའི་སྟོང་པ་ཉིད་རྣམས་ནི་ཆོས་ཅན། དོན་དམ་པར་རང་གི་ངོ་བོ་ཉིད་མེད་པ་ཡིན་པས་ཁྱབ་སྟེ། བདེན་པར་གྲུབ་པསསྟོང་པ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར། རྣམ་པ་ནི། ངོ་བོ་ཉིད་བཀག་པས་གཟུགས་ལ་སོགས་པ་ལ་དོན་དམ་པར་རང་གིར་མི་བྱེད་པར་རྟོགས་པའི་རྩེ་མོ་འབྲིང་གི་ཡེ་ཤེས་གང་ཡིན་པ་དེ་ཆོས་ཅན། དེའི་རྣམ་པ་ཡིན་ཏེ། སྔར་བཞིན་ནོ། །ཆེན་པོའི་དམིགས་པ་ནི།


GLG013_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དམ་པར་ངོ་བོ་ཉིད་མེད་པ་ཉིད་ཀྱིས་གཟུགས་ལ་སོགས་པ་དེ་དག་དོན་དམ་པར་གྲུབ་པའི་སྔོན་པོ་དང་ལ་སོགས་པ་དཀར་དམར་སོགས་ཀྱི་མཚན་མར་མི་མཐོང་བས་ཁྱད་པར་དུ་བྱས་པའི་བདེན་བཞི་ཆོས་ཅན། རྩེ་མོ་ཆེན་པོའི་དམིགས་པ་ཡིན་ཏེ། སྔར་བཞིན་ནོ། །རྣམ་པ་ནི། ཤེས་རབ་ཀྱིས་ཡང་དག་པར་ཆོས་རབ་ཏུ་རྣམ་པར་འབྱེད་པ་དང་ལྡན་པས་དངོས་པོ་ཐམས་ཅད་འཁོར་གསུམ་དུ་བདེན་པར་མི་དམིགས་པར་ངེས་པར་རྟོགས་པའི་རྩེ་མོ་ཆེན་པོའི་ཡེ་ཤེས་ཆོས་ཅན། རྩེ་མོ་ཆེན་པོའི་རྣམ་པ་ཡིན་ཏེ། སྔར་བཞིན་ནོ། །གཉིས་པ་བསྡུ་བ་ནི། ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་གཉིས་པ་ཆོས་ཅན། ཁྱོད་ལ་རྩེ་མོ་ཞེས་བྱ་བའི་རྒྱུ་མཚན་ཡོད་དེ། དྲོད་མན་ཆད་དུ་ལོག་ལྟས་དགེ་བའི་རྩ་བ་གཡོ་བ་ཡིན་ལ། ཁྱོད་ཐོབ་ནས་དེ་མི་འབྱུང་བས་ན་གཡོ་བའི་རྩེ་མོ་ཡིན་པའི་ཕྱིར། ཐེག་ཆེན་གྱི་སྦྱོར་ལམ་རྩེ་མོར་གྱུར་པ་ཞེས་བརྡ་སྦྱར་བའི་ལམ་ཆོས་ཅན། ཁྱོད་ལ་དམིགས་པ་དང་རྣམ་པ་ཟུང་དང་ལྡན་པ་རྣམ་པ་གསུམ་ཡོད་དེ། ཁྱོད་ཆུང་འབྲིང་ཆེ་གསུམ་ལ་དམིགས་རྣམ་ཟུང་རེ་རེ་ཡོད་པའི་ཕྱིར། གསུམ་པ་བཟོད་པའི་དམིགས་རྣམ་རྒྱུ་གསུམ་གྱི་ཁྱད་པར་ལ། རྩ་བ་དང་། འགྲེལ་པའོ། །དང་པོ་ནི། གཟུགས་ལ་སོགས་པ་དོན་དམ་པར་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ཁྱད་པར་དུ་བྱས་པ་ཆོས་ཅན། བཟོད་པ་ཆུང་ངུའི་དམིགས་པ་ཡིན་ཏེ། སྔར་བཞིན་ནོ། །རྣམ་པ་ནི། དོན་དམ་པར་གཟུགས་སོགས་དེ་མེད་པ་ཉིད་ཡིན་ཡང་། དེ་ཐ་སྙད་པའི་ངོ་བོ་ཉིད་དུ་རྟོགས་པའི་བཟོད་པ་ཆུང་ངུའི་ཡེ་ཤེས་ཆོས་ཅན། བཟོད་པ་ཆུང་ངུའི་རྣམ་པ་ཡིན་ཏེ། སྔར་བཞིན། འབྲིང་གི་དམིགས་པ་ནི། གཟུགས་ལ་སོགས་པ་དེ་དག་དོན་དམ་པར་སྐྱེ་བ་མེད་ངེས་འབྱུང་མེད་པས་ཁྱད་པར་དུ་བྱས་པ་ཆོས་ཅན། འབྲིང་གི་དམིགས་པ་ཡིན་ཏེ། སྔར་བཞིན་ནོ། །རྣམ་པ་ནི། བདེན་བཞི་ལ་དེ་ལྟར་བསྒོམས་པས་ལུས་ངག་ཡིད་བདེན་གྲུབ་ཀྱིས་རྣམ་པར་དག་པ་རྟོགས་པའི་འབྲིང་གི་ཡེ་ཤེས་


GLG013_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཅན། དེའི་རྣམ་པ་ཡིན་ཏེ། སྔར་བཞིན་ནོ། །བཟོད་པ་ཆེན་པོའི་དམིགས་པ་ནི། སྒོ་གསུམ་པོ་དེ་དག་བདེན་གྲུབ་ཀྱི་མཚན་མ་མེད་པས་ཁྱད་པར་དུ་བྱས་པ་ཆོས་ཅན། བཟོད་པ་ཆེན་པོའི་དམིགས་པ་ཡིན་ཏེ། སྔར་བཞིན་ནོ། །རྣམ་པ་ནི། དོན་དམ་པར་སྒོ་གསུམ་དེའི་མཚན་མར་མི་རྟེན་པས། ཡིད་བྱེད་གཉིས་ཀྱིས་མོས་པ་མིན་པ་དང་འདུ་ཤེས་མེད་པར་རྟོགས་པའི་བཟོད་པ་ཆེན་པོའི་ཡེ་ཤེས་ཆོས་ཅན། དེའི་རྣམ་པ་ཡིན་ཏེ། སྔར་ལྟར། གཉིས་པ་འགྲེལ་པ་ལ། རྒྱས་བཤད། དོན་བསྡུ་གཉིས་ལས། དང་པོ་ལ་དྲུག་ཡོད་པའི་བཟོད་པ་ཆུང་ངུའི་དམིགས་པ་ལ། གཟུགས་ལ་སོགས་པ་དོན་དམ་པར་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ཁྱད་པར་དུ་བྱས་པ་ཆོས་ཅན། བཟོད་པ་ཆུང་ངུའི་དམིགས་པ་ཡིན་ཏེ། སྔར་བཞིན། ཤེས་བྱ་ཆོས་ཅན། གཟུགས་སོགས་དོན་དམ་པར་གྲུབ་པའི་ངོ་བོ་ཉིད་མེད་དེ། །འདིས་མཚོན་བྱེད་མཚན་ཉིད་ཀྱི་ངོ་བོ་ཉིད་དང་མཚོན་བྱ་ངོ་བོ་ཉིད་ཀྱི་མཚན་ཉིད་དག་དོན་དམ་པར་བདེན་གྲུབ་ཀྱིས་སྟོང་པ་ཉིད་དུ་ངོ་བོ་གཅིག་པ་ཉིད་ཡིན་པའི་ཕྱིར། རྣམ་པ་ནི། གཟུགས་ལ་སོགས་པ་དོན་དམ་པར་དངོས་པོ་མེད་པ་ཉིད་ཡིན་ཡང་། བདེན་པར་ཞེན་པའི་སྐྱེ་བོ་དམིགས་པ་ཅན་གྱི་ངོར་གཟུགས་ལ་སོགས་པའི་ངོ་བོ་ཉིད་དོ་ཞེས་རྟོགས་པའི་བཟོད་པ་ཆུང་ངུའི་ཡེ་ཤེས་ཆོས་ཅན། དེའི་རྣམ་པ་ཡིན་ཏེ། སྔར་བཞིན། འབྲིང་གི་དམིགས་པ་ནི། གཟུགས་ལ་སོགས་པ་ལ་དོན་དམ་པར་སྐྱེ་བ་འཁོར་བ་ཡང་མེད། མྱང་ངན་ལས་འདས་པ་ཡང་མེད་པ་ཆོས་ཅན། བཟོད་པ་འབྲིང་གི་དམིགས་པ་ཡིན་ཏེ། སྔར་ལྟར། ཤེས་བྱ་ཆོས་ཅན། དོན་དམ་པར་འཁོར་འདས་མེད་དེ། དེ་རང་བཞིན་གྱིས་མ་སྐྱེས་པ་ཉིད་ཀྱི་ཕྱིར། རྣམ་པ་ནི། ཆོས་ཐམས་ཅད་ཀྱི་རང་གི་ངོ་བོ་དོན་དམ་པར་མ་གྲུབ་པར་རྟོགས་ནས་གོམས་པར་བྱས་པ་ཁོ་ནས་ལུས་ལ་སོགས་པ་སྒོ་གསུམ་དང་། མཚན་བཟང་དང་ཞིང་སོགས་རྣམ་པ་ཐམས་ཅད་དུ་རྣམ་པར་


GLG013_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

དག་པ་ཐོབ་འགྱུར་རྟོགས་པའི་བཟོད་པ་འབྲིང་གི་ཡེ་ཤེས་ཆོས་ཅན། དེའི་རྣམ་པ་ཡིན་ཏེ། སྔར་ལྟར། ཆེན་པོའི་དམིགས་པ་ནི། དོན་དམ་པར་རང་དང་སྤྱིའི་མཚན་ཉིད་མི་འཐད་པས། ཆོས་ཐམས་ཅད་མཚན་ཉིད་མེད་པ་ཉིད་ཀྱིས་ཁྱད་པར་དུ་བྱས་པའི་བདེན་བཞི་ཆོས་ཅན། བཟོད་པ་ཆེན་པོའི་དམིགས་པ་ཡིན་ཏེ། སྔར་བཞིན། རྣམ་པ་ནི། མཚན་མ་རྣམས་ཀྱི་རྟེན་བདེན་པ་སྟོང་ཉིད་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་མོས་པ་ཡིད་ལ་བྱེད་པས་མཚན་མར་མི་མོས་ཤིང་མངོན་སུམ་དུ་རྟོགས་པའི་དེ་ཁོ་ན་ཉིད་ཡིད་ལ་བྱེད་པས་མཚན་མར་ཡོངས་སུ་ཤེས་པ་མེད་པར་རྟོགས་པའི་བཟོད་པ་ཆེན་པོའི་ཡེ་ཤེས་ཆོས་ཅན། དེའི་རྣམ་པ་ཡིན་ཏེ། སྔར་བཞིན་ནོ། །དེ་ན་གཟུགས་ལ་སོགས་པའི་རང་སྤྱིའི་མཚན་མ་རྣམས་ཀྱི་རྟེན་བདེན་པར་གྲུབ་པ་དང་བྲལ་བ་ཉིད་ཀྱིས་ཁྱབ་སྟེ། དོན་དམ་པར་མ་གྲུབ་པ་རང་བཞིན་ཡིན་པ་ཁོ་ན་ཡིན་པའི་ཕྱིར། གཉིས་པ་བསྡུ་བ་ནི། ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་གསུམ་པ་ཆོས་ཅན། ཁྱོད་ལ་བཟོད་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཁྱོད་ཀྱིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཆུང་ངུ་ཐོབ་ཅིང་། ལས་ཉོན་གྱིས་ངན་འགྲོར་སྐྱེ་བ་ལ་སོ་སོར་བརྟགས་མིན་གྱི་འགོག་པ་ཐོབ་པས་ངན་འགྲོ་མེད་པས་ཆོས་ཆེན་པོ་མི་སྐྱེ་བའི་ཆོས་ལ་སྐྲག་པ་མངོན་གྱུར་དང་བྲལ་བས་བཟོད་པའི་ཕྱིར། བཟོད་པར་གྱུར་པ་ཞེས་བརྡ་སྦྱར་བའི་ལམ་ཆོས་ཅན། ཁྱོད་ལ་དམིགས་པ་དང་རྣམ་པ་ཟུང་ལྡན་རྣམ་པ་གསུམ་ཡོད་དེ། ཁྱོད་ཆུང་འབྲིང་ཆེ་གསུམ་ལ་དམིགས་རྣམ་ཟུང་རེ་རེ་ཡོད་པ་གོང་དུ་བསྒྲུབས་ཟིན་པ་དེ་ལྟར་ཡིན་པའི་ཕྱིར། བཞི་པ་ཆོས་མཆོག་གི་དམིགས་རྣམ་རྒྱུ་གསུམ་བཤད་པ་ལ་གཉིས། རྩ་བ་དང་། འགྲེལ་པའོ། །དང་པོ་ལ། དེའི་དམིགས་རྣམ་བྱེ་བྲག་ཏུ་བཤད་པ་དང་། སྤྱི་དོན་བསྡུ་བའོ། །དང་པོ་ནི། བསྒོམ་བྱ་ཏིང་ངེ་འཛིན་གྱི་ངོ་བོར་གྱུར་པ་ཆོས་ཅན། ཆོས་མཆོག་ཆུང་ངུའི་དམིགས་པ་ཡིན་ཏེ། སྔར་བཞིན། རྣམ་པ་ནི། བསྒོམ་བྱ་ཏིང་འཛིན་དེའི་བྱེད་


GLG013_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྷུན་གྲུབ་ཏུ་འཇུག་པར་རྟོགས་པའི་ཆོས་མཆོག་ཆུང་ངུའི་ཡེ་ཤེས་ཆོས་ཅན། དེའི་རྣམ་པ་ཡིན་ཏེ། སྔར་ལྟར། འབྲིང་གི་དམིགས་པ་ནི། ལྐོག་ཏུ་ལུང་སྟོན་པའི་རྒྱུ་ཁྱད་པར་ཅན་ཆོས་མཆོག་འབྲིང་དང་། དོན་དམ་པར་ངོ་བོ་ཉིད་མེད་པའི་གཟུགས་ལ་སོགས་པ་ཆོས་ཅན། འབྲིང་གི་དམིགས་པ་ཡིན་ཏེ། སྔར་ལྟར། རྣམ་པ་ནི། དོན་དམ་པར་འཁོར་གསུམ་དུ་རློམ་པ་རགས་པ་ཟད་པའི་ཆོས་མཆོག་འབྲིང་གི་ཡེ་ཤེས་ཆོས་ཅན། དེའི་རྣམ་པ་ཡིན་ཏེ། སྔར་བཞིན། ཆེན་པོའི་དམིགས་པ་ནི། འཁོར་གསུམ་པོ་བདེན་པས་སྟོང་པའི་ཆོས་ཉིད་ཀྱི་རང་བཞིན་དུ་ཕན་ཚུན་བདེན་སྟོང་ངོ་བོ་གཅིག་པ་ཆོས་ཅན། ཆེན་པོའི་དམིགས་པ་ཡིན་ཏེ། སྔར་བཞིན། ཆོས་མཆོག་ཆེན་པོའི་ཏིང་འཛིན་མཐའ་གང་དུ་ཡང་རྣམ་པར་མི་རྟོག་པ་བདེན་མེད་དུ་རྟོགས་པའི་ཆོས་མཆོག་ཆེན་པོའི་ཡེ་ཤེས་ཆོས་ཅན། ཡང་དེའི་རྣམ་པ་ཡིན་ཏེ། སྔར་བཞིན། གཉིས་པ་ན། དེ་ལྟར་ངེས་འབྱེད་ཅེས་སོགས་རྐང་པ་གཉིས་ཀྱིས་བསྟན་ཏོ། །གཉིས་པ་འགྲེལ་པ་ལ། རྒྱས་བཤད་དང་། དོན་བསྡུ་བའོ། །དང་པོ་ལ་དྲུག་ལས། ཆུང་ངུའི་དམིགས་པ་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པ་དང་། དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་བསྒོམ་པར་བྱའོ་ཞེས་དངོས་སུ་བསྟན་པའི་ཏིང་ངེ་འཛིན་དང་། དེ་ཁོ་ནར་ངོ་བོ་དབྱེར་མེད་པའི་གཟུགས་ལ་སོགས་པ་ཆོས་ཅན། ཆོས་མཆོག་ཆུང་ངུའི་དམིགས་པ་ཡིན་ཏེ། སྔར་ལྟར། རྣམ་པ་ནི། སངས་རྒྱས་པ་ན་ལྷུན་གྱིས་གྲུབ་པར་འཇིག་རྟེན་གྱིས་གྲུབ་པར་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གདུལ་བྱའི་སྐལ་བ་ཇི་ལྟ་བ་བཞིན་དུ་ཏིང་ངེ་འཛིན་གྱི་བྱེད་པ་འཇུག་པར་རྟོགས་པའི་ཆོས་མཆོག་ཆུང་ངུའི་ཡེ་ཤེས་ཆོས་ཅན། དེའི་རྣམ་པ་ཡིན་ཏེ། སྔར་ལྟར། ཤེས་བྱ་ཆོས་ཅན། སངས་རྒྱས་པ་ན་འཕྲིན་ལས་ལྷུན་གྲུབ་ཏུ་འཇུག་སྟེ། སྔོན་རང་གི་སྨོན་ལམ་བཏབ་པ་དང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་མཐར་ཕྱིན་པའི་མཐུ་དང་ཆོས་ཀྱི་དབྱིངས་


GLG013_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པ་ཉིད་ཀྱི་སྟོབས་ཀྱིས་ཡིན་པའི་ཕྱིར། འབྲིང་གི་དམིགས་པ་ནི། ལུང་སྟོན་པའི་རྒྱུ་ཁྱད་པར་ཅན་ཆོས་མཆོག་འབྲིང་དང་དོན་དམ་པར་ངོ་བོ་དབྱེར་མེད་པའི་གཟུགས་ལ་སོགས་པ་ཆོས་ཅན། འབྲིང་གི་དམིགས་པ་ཡིན་ཏེ། སྔར་བཞིན། ཤེས་བྱ་ཆོས་ཅན། དེ་ལྟར་ལུང་སྟོན་པའི་རྒྱུ་མཚན་ཡོད་དེ། གཟུང་འཛིན་དོན་དམ་པར་རང་བཞིན་མེད་པ་སྒོམ་པ་ལ་ཡང་དག་པར་ཞུགས་པའི་ཏིང་ངེ་འཛིན་དང་ལྡན་པའི་རྣལ་འབྱོར་པ་ལ་སངས་རྒྱས་རྣམས་བླ་ན་མེད་པའི་བྱང་ཆུབ་ཏུ་ལུང་སྟོན་པར་མཛད་པ་འདི་ནི་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་པའི་ཕྱིར། རྣམ་པ་ནི། འཁོར་གསུམ་དུ་བདེན་པར་མི་རྟོག་པ་སྟེ་བདེན་མེད་དུ་རྟོགས་པའི་ཆོས་མཆོག་འབྲིང་གི་ཡེ་ཤེས་ཆོས་ཅན། དེའི་རྣམ་པ་ཡིན་ཏེ། སྔར་བཞིན། བྱང་ཆུབ་སེམས་དཔའ་ཆོས་མཆོག་འབྲིང་གི་ཏིང་ངེ་འཛིན་དེ་རང་གི་ངོ་བོར་རྟོགས་ཤིང་ཐོབ་པ་ལ་མཉམ་པར་བཞག་པའི་ཚེ། བདག་ནི་ད་ལྟ་མཉམ་པར་བཞག་པའོ་སྙམ་པ་ལ་སོགས་པའི་འཁོར་གསུམ་བདེན་པར་འཛིན་པའི་ཤེས་པ་མི་འབྱུང་བ་ཡིན་ཏེ། དེའི་ཚེ་བདེན་རྫུན་གྱི་རྣམ་པར་རྟོག་པ་མངོན་གྱུར་ཐམས་ཅད་མི་འཐད་པ་ཡིན་པའི་ཕྱིར། ཆེན་པོའི་དམིགས་པ་ནི། བདེན་པར་གྲུབ་པས་སྟོང་པའི་ཆོས་ཉིད་ཀྱི་ཏིང་ངེ་འཛིན་དང་བྱང་ཆུབ་སེམས་དཔའ་དང་བསྒོམ་བྱ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། དོན་གསུམ་ཕན་ཚུན་ངོ་བོ་གཅིག་པས་ཁྱད་པར་དུ་བྱས་པའི་བདེན་པ་བཞི་ཆོས་ཅན། ཐེག་ཆེན་སྦྱོར་ལམ་ཆོས་མཆོག་ཆེན་པོའི་དམིགས་པ་ཡིན་ཏེ། དེའི་སྒྲོ་འདོགས་གཅད་པར་བྱ་བའི་གཞི་ཡིན་པའི་ཕྱིར། རྣམ་པ་ནི། དོན་དམ་པར་ཏིང་ངེ་འཛིན་དུ་རྣམ་པར་མི་རྟོག་པ་སྟེ་དོན་དམ་པར་མེད་པར་རྟོགས་པའི་ཡེ་ཤེས་ནི་སངས་རྒྱས་འཐོབ་པའི་ཐབས་དམ་པར་རྟོགས་པའི་ཆོས་མཆོག་ཆེན་པོའི་ཡེ་ཤེས་ཆོས་ཅན། དེའི་རྣམ་པ་ཡིན་ཏེ། དེའི་དམིགས་པའི་ཁྱད་ཆོས་ལ་ལོག་པར་སྒྲོ་འདོགས་པའི་


GLG013_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་པོ་བྱེད་པའི་ཆོས་མཆོག་ཆེན་པོའི་ཡེ་ཤེས་ཡིན་པའི་ཕྱིར། ཆོས་མཆོག་ཆེན་པོའི་ཡེ་ཤེས་དེ་ཁོ་ནར་ཏིང་ངེ་འཛིན་དུ་གདགས་བྱར་མ་གྲུབ་སྟེ། དོན་དམ་པར་ཆོས་ཐམས་ཅད་ཡོད་པ་མ་ཡིན་པ་ཉིད་ཀྱི་ཕྱིར། གཉིས་པ་དོན་བསྡུ་ནི། ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་བཞི་པ་ཆོས་ཅན། ཆོས་ཀྱི་མཆོག་ཅེས་བྱ་བའི་རྒྱུ་མཚན་ཡོད་དེ། ཟག་པ་མེད་པའི་ཡེ་ཤེས་སུ་གྱུར་པའི་ཐེག་ཆེན་གྱི་མཐོང་ལམ་བར་ཆད་མེད་ལམ་དངོས་སུ་སྐྱེད་པས་ན་འཇིག་རྟེན་པའི་ཆོས་ཐམས་ཅད་ཀྱི་མཆོག་ཡིན་པའི་ཕྱིར། གསུམ་པ་རྗོད་ཚུལ་ལ་རྩོད་པ་སྤོང་བ་ལ། རྩོད་པ་དང་། ལན་ནོ། །དང་པོ་ནི། དྲོད་ཆུང་ངུའི་དམིགས་པ་སྟོན་པའི་ཚེ། དམིགས་པ་མི་རྟག་ལ་སོགས་པ། །བདེན་པའི་རྟེན་ཅན་ཞེས་བྱ་བ་མ་གཏོགས་པར་རྩེ་མོ་ཡན་ཆད་ལྷག་མ་རྣམས་ཀྱི་དམིགས་པ་དང་རྣམ་པ་སྟོན་པ་ན་ཁྱད་པར་ཅན་གྱི་ཆོས་བརྗོད་པ་འབའ་ཞིག་གིས་ཐམས་ཅད་དུ་བརྗོད་པ་ནི་མི་རིགས་ཏེ། དམིགས་པ་ཁྱད་པར་ཅན་གྱི་ཆོས་ཅན་དང་། རྣམ་པ་དེའི་སྟེང་དུ་ཆོས་བརྗོད་པར་བྱ་བ་རིགས་པ་ཡིན་ཡང་སྟེ། རིགས་པའི་ཕྱིར། ཞེས་རྩོད་དོ། །གཉིས་པ་ལ། ཆོས་ཅན་བདེན་བཞི་ལ་བརྟེན་པར་དངོས་སུ་མ་བརྗོད་པས། དེ་ལྟར་མི་རྟོགས་པའི་སྐྱོན་མེད་པ་དང་། དེ་ལྟར་དངོས་སུ་མ་བརྗོད་ཀྱང་དོན་གྱིས་གོ་བར་བྱ་བའོ། །དང་པོ་ནི། ཤེས་བྱ་ཆོས་ཅན། སྦྱོར་ལམ་རྩེ་མོ་སོགས་དམིགས་རྣམ་ལྷག་མ་རྣམས་བདེན་བཞི་ལ་བརྟེན་ནས་དངོས་སུ་མ་བརྗོད་ཀྱང་། དེ་ལ་བརྟེན་པར་མི་རྟོགས་པའི་སྐྱོན་མེད་པར་ཐལ། གཞི་གཅིག་ལ་ལྟོས་པའི་ཆོས་དང་ཆོས་ཅན་བརྗོད་པའི་སྒྲ་གཉིས་ལ། ཁྱད་པར་གཞན་སྤོང་བ་དང་མི་སྤོང་བ་མ་གཏོགས་པར་འདི་དག་ལ་དོན་གྱི་ཁྱད་པར་ནི་འགའ་ཡང་མེད་དོ་ཞེས་ཤིང་རྟ་ཆེན་པོའི་ལུགས་ལས་འབྱུང་བའི་ཕྱིར། གཉིས་པ་ནི། ཤེས་


GLG013_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ཆོས་ཅན། ལན་གྱི་རྣམ་པ་གཅིག་ཏུ་ན་སྡུག་བསྔལ་ལ་སོགས་པ་བདེན་པར་རྟོགས་པ་ཁོ་ན་དྲོད་ཆུང་ངུའི་རྣམ་པར་གོ་བར་བྱ་བ་ཡིན་ཏེ། ཆོས་བདེན་བཞི་ལ་བདེན་པར་མངོན་པར་ཞེན་པ་དང་། ལྷག་པར་གནས་པ་དང་། ལ་སོགས་པས་ཀུན་ཤེས་ལ་ཞེན་པ་བཀག་པ་དང་ལྡན་པ་དག་ཏུ་རྟོགས་པའི་དྲོད་ཆུང་ངུའི་ཡེ་ཤེས་དེ་དེའི་རྣམ་པ་ཡིན་པའི་ཕྱིར། དྲོད་འབྲིང་སོགས་འོག་མ་དག་ལ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །སྡུག་བསྔལ་ལ་སོགས་པའི་བདེན་པར་གཏོགས་པ་དྲོད་འབྲིང་གི་དམིགས་པར་བྱ་བ་ཡིན་ཏེ། དེ་ཁོ་ནར་སྒྲུབ་པ་དང་དགག་པ་དང་བྲལ་བས་ཁྱད་པར་དུ་བྱས་པའི་བདེན་བཞི་དྲོད་འབྲིང་གི་དམིགས་པར་འགྱུར་བའི་ཕྱིར། ཤེས་བྱ་ཆོས་ཅན། དམིགས་རྣམ་ལྷག་མ་རྣམས་རྟེན་ཆོས་ཅན་བདེན་བཞི་ལ་བརྟེན་པར་གྲུབ་ཀྱང་། བདེན་པའི་རྟེན་ཅན་ཞེས་ལྷག་མ་རྣམས་ལ་དངོས་སུ་མི་བརྗོད་པའི་རྒྱུ་མཚན་ཡོད་དེ། རྒྱན་གྱི་ཚིག་ལེའུར་བྱས་པ་སྡེབ་པའི་ངོར་ཐ་དད་པར་བརྗོད་པ་ཙམ་དུ་ཟད་པའི་ཕྱིར། གཉིས་པ་ལ། སྤྱིའི་མཚམས་སྦྱར་བ། སོ་སོའི་དོན་བཤད་པ། དོན་བསྡུ་བའོ། །དང་པོ་ནི། ཐེག་ཆེན་གྱི་སྦྱོར་ལམ་དྲོད་སོགས་བཞི་གཟུང་འཛིན་གྱི་རྣམ་པར་རྟོག་པ་བཞི་དང་ལྡན་པ་ཡང་། བར་སྐབས་ཀྱི་ཚིགས་སུ་བཅད་པས་གསུངས་པ་ལ་དགོས་པ་ཡོད་དེ། རྟོགས་པའི་ངོ་བོ་དང་དབྱེ་བའི་དོན་གསལ་བར་བྱ་བའི་ཕྱིར་དུ་ཡིན་པའི་ཕྱིར། སྨྲས་པ། མཐོང་སྤང་ས་མོས་མཐའ་དག་གཟུམ་བྱེད་པའི། །སྦྱོར་ལམ་དྲོད་ཀྱི་རྟ་བདུན་དབང་པོ་ཡིས། །མཐོང་ལམ་པུཎྜ་རི་ཀའི་འདབ་སྟོང་དེ། །བཞད་བྱེད་སོས་ཀྱི་ཚ་གདུང་འབྱུང་སྙམ་བྱེད། །ལོག་པར་ལྟ་བའི་ནམ་མཁའི་གླང་པོ་ལས། །རིང་བརྒལ་རྣམ་པར་དགེ་བའི་ཀུན་གསལ་གྱི། །རྩེ་མོར་འགོད་པའི་ལམ་གྱི་འོད་དཀར་ཅན། །བགྲོད་པའི་ཚུལ་ལས་ནམ་ཡང་གཡོ་བ་མེད། བཏགས་མིང་འགོག་པའི་འཇུག་པ་བཅུ་པ་ཡིས། །ངན་འགྲོར་འཕེན་པའི་འགྲོ་སྐྱབས་གསེར་ཅན་གྱི། །ལས་ཉོན་ལྟོ་བ་བྲལ་ཚེ་ཕྱོགས་ཀུན་ལས། །རྒྱལ་
བའི་བཟོད་པའི་གོ་ཆ་རྨད་དུ་བྱུང་། །ཟག་པའི་སྐྱོན་བྲལ་ཡེ་ཤེས་མྱུ་གུའི་ཆོས། །སྐྱེད་བྱེད་ཞིང་ས་མཆོག་ཏུ་གཤིན་པ་གང་། །ཀུན་མཁྱེན་འབྲས་བུར་སྤྱོད་ལ་རིངས་པ་ཡི། །བྱང་སེམས་ཞིང་པའི་དགའ་སྟོན་ཚར་དུ་མངར། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །


previousཐེག་ཆེན་གྱི་སྦྱོར་ལམ་བཤད་པ།next