Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
  collapse section
དགོས་པ་དེ་ལྡན་གྱི་བསྟན་བཅོས་དངོས་ལས་སྙན་ངག་གི་ལུས་ཀྱི་མཚན་ཉིད་སོགས་བཤད་པ།
   
   
   
  collapse section
   
   
   
   
   
   
   
   
  collapse section
   
   
  collapse section
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
  collapse section
   
   
   
   
   
   
  collapse section
   
   
   
   
   
   


 
previousདགོས་པ་དེ་ལྡན་གྱི་བསྟན་བཅོས་དངོས་ལས་སྙན་ངག་གི་ལུས་ཀྱི་མཚན་ཉིད་སོགས་བཤད་པ།next

དགོས་པ་དེ་ལྡན་གྱི་བསྟན་བཅོས་དངོས་ལས་སྙན་ངག་གི་ལུས་ཀྱི་མཚན་ཉིད་སོགས་བཤད་པ།


GLG020_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པ་དེ་ལྡན་གྱི་བསྟན་བཅོས་དངོས་ལས་སྙན་ངག་གི་ལུས་ཀྱི་མཚན་ཉིད་སོགས་བཤད་པ།གསུམ་པ་དགོས་པ་དེ་ལྡན་གྱི་བསྟན་བཅོས་དངོས་བཤད་པ་ལ། མདོར་བསྟན། རྒྱས་བཤད་གཉིས། དང་པོ་ནི། འཆད་པར་འགྱུར་བའི་སྙན་དངགས་འདི་ནི། སྔོན་གྱི་སློབ་དཔོན་དེ་རྣམས་ཀྱིས་ནི། སྙན་དངགས་ཀྱི་ལུས་དང་། དེའི་རྒྱན་གྱི་མཚན་ཉིད་ཀྱང་རབ་ཏུ་བསྟན་པ་ལྟར་བཤད་དོ། །གཉིས་པ་ལ། ལུས་དང་། རྒྱན་དང་། སྐྱོན་སེལ་བ་དང་གསུམ། དང་པོ་ལ། མཚན་ཉིད་དབྱེ་བ། སྐད་རིགས་བཤད་པ་དང་གསུམ། དང་པོ་ནི་སྙན་དངགས་ཀྱི་ལུས་ནི། རེ་ཞིག་རྩོམ་པ་པོས་(༡༣བ)


GLG020_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པར་འདོད་པ་ཡི་དོན་སྙན་དངགས་རང་ལུགས་ལྟར་གྱི་རྣམ་པར་དཔྱད་པའི་མིང་ཚིག་ཡི་གེ་གསུམ་གྱི་བདག་ཉིད་ཀྱི་ཕྲེང་བར་སྤེལ་བའོ། །གཉིས་པ་ལ་མདོར་བསྟན་པ་དང་རྒྱས་པར་བཤད་པ་གཉིས་ཀྱིས། དང་པོ་ནི། སྙན་དངགས་ཀྱི་ལུས་དེ་ལ་ཡང་། ཚིགས་བཅད་འབའ་ཞིག་དང་། ལྷུག་པ་རྐྱང་པ་དང་། དེ་གཉིས་སྤེལ་བ་སྟེ་རྣམ་པ་གསུམ་ཉིད་དུ་གནས་སོ། །སྐབས་འདིར་འཇམ་མགོན་ས་སྐྱ་པཎྜི་ཏས་སྡེབ་སྦྱོར་མེ་ཏོག་གི་ཆུན་པོར། སྙན་དངགས་ཀྱི་ལུས་ཚིགས་བཅད་རྐྱང་པ་རྒྱུན་ཆགས་གསུམ་དུ་བསྡུས་པ་དང་། རྒྱུན་ཆགས་ལ་རྐང་པར་བཅད་མ་བཅད་སོགས་ཀྱི་རྣམ་གཞག་འགའ་ཞིག་མཛད་པར། མཁས་པའི་དབང་པོ་དཔང་སྟོན་ལོ་ཙཱ་བ་དང་། ཟུར་མཁར་བློ་གྲོས་རྒྱལ་པོ་གཉིས་ཀྱིས་དགག་བཞག་ཅུང་ཟད་མཛད་པར། སྣར་ཐང་ལོ་ཙཱ་བ། རིན་སྤུངས་ས་སྤྱོད་དབང་པོ། མང་ཐོས་ཀླུ་སྒྲུབ་རྒྱ་མཚོ། མཁན་ངག་དབང་ཆོས་གྲགས་པ་སོགས་མཁས་པ་མང་པོས་ས་སྐྱ་པའི་ཐུགས་ཞེན་གྱིས་ལན་སྣ་ཚོགས་ཤིག་མཛད་འདུག་ནའང་། རིགས་པ་རྣམ་དག་གི་སྒྲུབ་བྱེད་དུ་མི་འདུག་ཅིང་། མཁས་འཇུག་ལས། རྒྱུན་ཆགས་མ་བཅད་པ་ནི་སྡེབ་སྦྱོར་རྒྱུན་ཆགས་དང་འདྲ་ལ། ཞེས་པ་ལྟར་ན། སྡེབ་སྦྱོར་རྒྱུན་ཆགས་དང་འདྲ་ན་རྐང་པས་ངེས་པར་གཅོད་དགོས། རྐང་པས་བཅད་ན། མེ་ཏོག་ཆུན་པོར། རྐང་པ་དག་གིས་མ་བཅད་ཅིང་། །གང་ལ་ཡི་གེ་སྦྲེལ་ལེགས་ཡོད། །ཅེས་པའི་ཚིག་དང་དངོས་སུ་འགལ་ཞིང་(༡༤ན)


GLG020_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུག་པ་དང་འདྲ་བ་སྡེབ་སྦྱོར་གྱི་པྲསྟཱར་མི་འབྱུང་སྟེ། རིན་ཆེན་འབྱུང་གནས་སུ་བྲིཏྟ་ཛ་ཏི་གང་ལ་ཡང་རྐང་པ་མེད་པ་ལ་སྡེབ་སྦྱོར་གྱི་རྣམ་གཞག་མ་མཛད་པས་སོ། །གཞན་ཡང་ཚིགས་བཅད་རྐང་པ་བཞིའི་རྐང་པ་རེ་ལ་ཡི་གེ་ཉི་ཤུ་རྩ་བདུན་ཡན་ཆད་ཡོད་པ་ལ་རྒྱུན་ཆགས་སམ། རབ་བསགས་སུ་བཤད་པས། རྒྱུན་ཆགས་དང་ཚིགས་བཅད་སོ་སོར་འཆད་པ་ཡང་མི་རིགས་ལ་ཚིགས་བཅད་ལ་རྐང་བཞི་མི་དགོས་པའི་ཁུངས་སུ་མངོན་པ་ཀུན་ལས་བཏུས་ལས། ཚིགས་སུ་བཅད་པ་ནི་རྐང་པ་གཅིག་པ་དང་གཉིས་པ་དང་། གསུམ་པ་དང་། བཞི་པ་དང་། ལྔ་པ་དང་། དྲུག་པ་རྣམས་སུ་ཡོད་དོ། །ཞེས་འདྲེན་པ་ནི་མི་རིགས་ཏེ། སྡེབ་སྦྱོར་གྱི་ལུགས་ལ། རྐང་པ་གཅིག་པ་ནི་བློ། མཆོག །རྒྱལ། གྱུར། ཞེས་པ་ལྟ་བུ། །གཉིས་པ་ནི། དཔལ་ལྡན། ཤེས་བྱ། ཀུན་མཁྱེན། ཁྱོད་ནི། གསུམ་པ་ནི། ཤེས་བྱའི་གནད། མ་ལུས་པ། ཐུགས་སུ་ཆུད། རྫོགས་སངས་རྒྱས། བཞི་པ་ནི། མཁྱེན་དང་བརྩེ་བ། མཚུངས་པ་མེད་པས། འགྲོ་བ་ཀུན་གྱི། འདྲེན་པ་གཅིག་པུ། ལྔ་པ་ནི། རིག་པའི་གནས་རྣམས་ཀུན། ཐོགས་པ་མེད་པར་མཁྱེན། ཞ་ལུ་ལོ་ཙཱ་བ། བཀའ་དྲིན་མཚུངས་པ་མེད། དྲུག་པ་ནི། གངས་ཀྱི་ས་འཛིན་དབང་པོ། ཉིན་བྱེད་སྟོང་གིས་འཁྱུད་འདྲའི། མཛེས་སྡུག་ཡིད་འོང་ལྷ་མོ། དབྱངས་ཅན་མགྲིན་པར་བཞུགས་ཤིག །ཅེས་པ་ལྟ་བུ་ཡིན་གྱི། བྲམ་ཟེ་ཆུ་ལ་ཇི་ཙམ་ཞིག །ཅེས་པ་ལྟ་བུ་ནི་ཀུན་ལས་བཏུས་ཀྱི་དགོངས་དོན་ཡིན་ཀྱང་དེ་སྡེབ་སྦྱོར་ལ་རྒྱས་འགེབས་པ་ནི་ཞྭ་དཔེ་(༡༤བ)
ལྷམ་ལ་འགེབས་པ་ལྟ་བུ་ཡིན་པས་མི་རིགས་སོ། །འོན་ཀྱང་རྗེ་བཙུན་དེ་ཉིད་དང་། ས་ལོ་ཐམས་ཅད་མཁྱེན་པ་གཉིས་ལ། དཔའ་བོ་གཙུག་ལག་དང་། དྲུང་པ་སི་ཏུ་དག་གིས། མུ་ཏོ་བས་རྒྱལ་པོ་ལ་འཐབ་པ་ལྟར་ངན་སྨྲས་ཀྱི་སྨྲེ་སྔགས་ཕྱོགས་བཅུར་སྒྲོགས་པ་ལྟ་བུ་མིན་གྱི། རྒྱལ་བའི་བཀའ་ལྟར་དྲང་ངེས་སོ་སོར་དབྱེ་བ་དང་། ཕྱོགས་འདི་ལ་ཤོང་དཔང་ཡབ་སྲས་ཐུགས་རྒྱུས་ཆེ་བར་གདའ་བས། དེའི་རྗེས་སུ་འབྲངས་ཀྱི། རྗེ་བཙུན་ས་པཎ་ལ་འཇམ་དཔལ་དབྱངས་དང་གཉིས་སུ་མ་མཆིས་པའི་སྣང་བ་ནི་རྒྱུན་མི་ཆད་པའོ། །

ཚིགས་བཅད་ཀྱི་སྐོར་བཤད་པ།


GLG020_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ཚིགས་བཅད་ཀྱི་སྐོར་བཤད་པ།གཉིས་པ་ལ་ཚིགས་བཅད་བཤད། ལྷུག་པ་བཤད། སྤེལ་མ་བཤད་པ་དང་གསུམ། དང་པོ་ལ་སྡེབ་སྦྱོར་གྱི་སྒོ་ནས་གཉིས་སུ་ཕྱེ་བ། རིགས་ཀྱི་སྒོ་ནས་བཞིར་ཕྱེ་བ། སརྒྷ་ཆེན་པོའི་མཚན་ཉིད་བཤད་པ་དང་གསུམ། དང་པོ་ལ་དངོས་དང་། ཁ་འཕངས་པ། རིགས་པ་དེ་དགོས་པར་བསྟན་པ་དང་གསུམ། དང་པོ་ནི། སྙན་དངགས་ཀྱི་ཚིགས་བཅད་རྐང་པ་བཞི་པ་དེ་ཡང་ནི། ཡི་གེ་བགྲང་བ་བྲྀཏྟ་དང་། ཕྱི་མོ་བགྲང་བ་ཛཱ་ཏི་ཞེས་རྣམ་པ་གཉིས་ཡོད་དོ། །གཉིས་པ་ནི། སྡེབ་སྦྱོར་དེ་དག་གི་རྣམ་གཞག་ཇི་ལྟ་བུ་སྙམ་ན། བྲྀཏྟ་ཛཱ་ཏི་དེ་ཡི་སྤྲོས་པ་མཐའ་དག་ནི། རིན་ཆེན་འབྱུང་གནས་དང་། དམར་སེར་དང་། རྒྱལ་བའི་ལྷའི་གཞུང་རྣམས་སུ་མེད་པར་བསྟན་པ་ལྟར་རོ། །གསུམ་པ་ནི། སྡེབ་སྦྱོར་གྱི་རིག་པ་དེ་ནི་སྐབས་འདིར་མི་དགོས་པ་མིན་ཏེ། སྙན་དངགས་རྒྱ་མཚོ་ཆེན་པོ་ལྟར་ཟབ་ཅིང་བརླིང་བ་དག་ནི་བརྒལ་པར་འདོད་པ་རྣམས་ཀྱི་གྲུ་ལྟ་བུ་ཡིན་པས་སོ། །(༡༥ན)


GLG020_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་རིགས་ཀྱི་སྒོ་ནས་བཞིར་ཕྱེ་བ་ནི། གྲོལ་བ་ནི། ཤློ་ཀ་གཅིག་གིས་བརྗོད་བྱའི་དོན་གང་ཡིན་པ་དེ་རྫོགས་པར་སྟོན་ནུས་པ། རིགས་ནི་བསྔགས་བརྗོད་ཀྱི་ཡུལ་གཅིག་ལ་ཤློ་ཀ་དུ་མ་ཡོད་པ་བྱ་བའི་ཚིག་གཅིག་གིས་ཐམས་ཅད་གསལ་ནུས་པ། མཛོད་ནི། གཅོད་མཚམས་སྣ་ཚོགས་པའི་ངོས་ནས་ཤློ་ཀ་བྱ་ཚིག་སོགས་མང་ཉུང་ངེས་བཟུང་མེད་ཅིང་། བརྗོད་བྱ་དུ་མས་ཕྱུག་པ། འདུས་པ་ཞེས་བྱ་བ་ནི། བརྗོད་བྱའི་དོན་གཅིག་ལ། ཤློ་ཀ་དུ་མ་ཡོད་པ་ལ་བྱ་ཚིག་ཀྱང་དུ་མ་ཡོད་པ་སྟེ། དེ་འདྲ་བའི་ཚིགས་བཅད་རྒྱ་ཆེ་བ་ནི། སརྒྷས་བཅིངས་པའི་སྙན་དངགས་ཀྱི་ཆ་ཤས་ཏེ། དེའི་ནང་དུ་འདུས་པའི་རང་བཞིན་ཡིན་པའི་ཕྱིར་ན། དཔེར་བརྗོད་ལོགས་སུ་མ་བརྗོད་དོ། །སྔོན་གྱི་འགྲེལ་པ་རྣམས་སུ་འདི་བཞི་ལ་དཔེར་བརྗོད། རྟོགས་བརྗོད་རིན་པོ་ཆེ་སོགས་གཞུང་ཆེན་མོ་རྣམས་ནས་འདྲེན་པར་མཛད་འདུག་ནའང་། འདིར་ལས་དང་པོ་པ་རྣམས་ལ་ཕན་པའི་ཕྱིར་དུ་རང་བློས་ཅུང་ཟད་བསྐྲུན་ཚེ། གྲོལ་བ་ནི། རབ་དཀར་ཆུ་སྐྱེས་རྒྱས་པའི་ལྟེ་བ་ལ། །ཚངས་པའི་བུ་མོ་ཡིད་འཕྲོག་འཇོ་སྒེག་ཅན། །རྒྱུད་མང་སྒྲ་ལས་ངག་གི་དཔལ་སྟེར་བ། །དཔག་བསམ་འདོད་འཇོ་སྙིང་གི་དཔྱིད་དེར་འདུད། །ཅེས་པ་ལྟ་བུ། རིགས་ནི། འཇམ་མཉེན་རབ་དཀར་པདྨ་ཡི། །བརྟན་པ་ཅི་ཡང་འཕྲོག་བྱེད་པའི། །བཞིན་གྱི་ཟླ་བ་གསར་པ་འདི། །གཞན་ཡིད་འགུགས་པའི་ལྕགས་ཀྱུ་བཞིན། །འཇའ་ཚོན་འཁྱུག་འདྲའི་མིག་གི་དཀྱུས། །ཟུར་གྱིས་རིང་(༡༥བ)


GLG020_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

པོར་བལྟ་བ་ཡིས། །རྣ་གོང་ཨུཏྤལ་ཕོན་པོ་ལ། །ཕྲག་དོག་བྱེད་པའི་ཆོམ་རྐུན་མ། །ཨུ་དུམ་ཝཱ་ར་འཛུམ་པའི་ཞལ། །ཚེམས་ཕྲེང་ཟེའུ་འབྲུ་རྒོད་པ་ཅན། །ཧ་རི་ཙན་དན་དྲི་བྲོ་བའི། །དགའ་མ་མཐོང་བས་འདོད་འཕེལ་གྱུར། །ཅེས་བརྗོད་བྱ་མཛེས་མའི་གདོང་གཅིག་པུ་ལ་བསྟོད་པ་ལ། འདོད་འཕེལ་གྱུར་ཅེས་པའི་བྱ་ཚིག་ཅིག་གིས་གསལ་བ་ལྟ་བུ། མཛོད་ནི། དྲི་མ་དང་བྲལ་རབ་ཏུ་དཀར། །འདོད་པའི་གདུང་བ་འཕྲོག་པར་བྱེད། །མཛེས་པའི་ཆ་ཤས་མ་ལུས་གང་། །ཟུར་མིག་བསིལ་ཟེར་སྤྲོས་པ་ཡིས། །སྙིང་གི་ཀུནྡ་ཅི་ཡང་འཛུམ། །ཁ་ཡི་དྲི་ཞིམ་ཟླ་ཤེལ་གྱིས། །རབ་དགའི་ཆུ་སྒྲོས་བརླན་པར་གྱུར། །ལང་ཚོ་རྒྱས་པའི་འདོད་པའི་ཉམས། །རི་དྭགས་མཚན་མ་རྣམ་པར་ངོམ། །ཡིད་འོང་མ་འདི་ལྷའི་བུ་མོ། །ཞེས་པ་ལྟ་བུ། འདུས་པ་ནི། ཡིད་འོང་རི་དྭགས་མིག་ཅན་གྱི། །འཇམ་ཞིང་མཉན་པའི་ལག་པ་ཡིས། །ཆུ་སྐྱེས་གསར་པའི་འདབ་མ་དག །སྐད་ཅིག་ཉིད་ལ་ཕམ་བྱེད་བཞིན། །སྙིམ་པའི་རྨད་བྱུང་རེག་བྱ་ཅན། །འདོད་པས་མྱོས་པའི་ཡིད་ཅན་གྱི། །ལུས་ལ་རེག་པའི་བདེ་བ་ཡིས། །སྔོན་མེད་སྙིང་གི་བདུད་རྩི་བྱས། །འཛམ་བུའི་གསེར་སྦྱངས་གདུ་བུ་ལ། །སྣ་ཚོགས་རིན་ཆེན་འཕྲས་མཛེས་པའི། །འདྲེན་བྱེད་ཡུལ་གྱི་དགའ་སྟོན་འདི། །འཇིག་རྟེན་བྱེད་པོས་བསྒྲུབ་པར་བྱས། །ཞེས་བརྗོད་བྱ་མཛེས་མའི་ལག་པ་གཅིག་བུ། བྱ་ཚིག བྱེད་བཞིན། བདུད་རྩིར་བྱས། བསྒྲུབ་པར་བྱས། ཞེས་པ་ལྟ་བུའོ། །འདི་སྐོར་ལ་དཔའ་བོ་གཙུག་ལག་པའི་མཆན་ལ་བརྗོད་བྱ་ཅི་ཡང་མི་(༡༦ན)


GLG020_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་པས་རྟོག་དཔྱོད་བྱེད་མ་དགོས་སོ། །གསུམ་པ་སརྒ་ཆེན་པོའི་མཚན་ཉིད་བཤད་པ་ལ། དམ་བཅའ་བ་དང་དངོས་གཉིས། དང་པོ་ནི། སརྒ་སྟེ་ལེའུ་གཉིས་ཡོད་པ་ཡན་ཆད་ཀྱིས་བཅིངས་པ་ནི་སྙན་དངགས་ཆེན་པོ་སྟེ། དེས་མཚོན། ཨརཤྭཱ་ས་དང་ཨངྐ་དང་ཨཱ་ཝ་དང་གཱི་ཏིས་བཅིངས་པའང་སྙན་ངག་ཆེན་པོར་འཆད་ཅིང་སྙན་ངག་ཆེན་པོ་འདིའི་མཚན་ཉིད་ནི་བརྗོད་པར་བྱའོ། །གཉིས་པ་ལ། སྒོ། སྲོག་རྩོམ་ཚུལ། རིང་དུ་གནས་ཚུལ། དམིགས་བསལ། མཁས་པས་བཞེད་ཚུལ་སོ་སོར་བཤད་པ་དང་དྲུག །དང་པོ་ནི། སྙན་ངག་ཆེན་པོ་ལ་སྔོན་དུ་ཤིས་པ་བརྗོད་པ། ཕྱག་བྱ་བ། དངོས་པོ་ངེས་པ་བསྟན་པ་གསུམ་པོ་གང་རུང་དེ་ཡི་སྒོ་ནས་འཇུག་གོ །དཔེར་ན། ཤིས་བརྗོད་ནི་གུར་ཀུམ་ཚོས་ཀྱི་ལེགས་བྲན་པའི། །མཚན་དཔེའི་ལང་ཚོ་རྒྱས་པ་ཅན། །འཇམ་མགོན་ཟུར་ཕུད་ལྔ་པ་ཡི། །བློ་གྲོས་མཆོག་དེས་ཤིས་པར་མཛོད། །ཅེས་པ་ལྟ་བུ། ཕྱག་ནི། རིན་ཆེན་རྒྱན་གྱི་གདུ་བུ་དག །སིལ་སིལ་ཁྲོལ་བ་ཙམ་གྱིས་ཀྱང་། །ཡིད་ལ་དགའ་བའི་དཔལ་སྟེར་བ། །དབྱངས་ཅན་ལྷ་དེར་སྙིང་ནས་འདུད། །ཅེས་པ་ལྟ་བུ། ངེས་བསྟན་ནི། བཅད་ལྷུག་སྤེལ་མའི་ལང་ཚོ་དར་ལ་བབ། སྡེ་བཞིའི་གཏམ་གྱི་སྲོག་ཅན་རིག་ལྡན་མ། །སྒྲ་དོན་གབ་ཚིག་ནོར་བའི་རྒྱན་གྱིས་སྤུད། །ཉམས་འགྱུར་སྙན་པའི་གླུ་དབྱངས་མགྲིན་པར་ལེན། །ཞེས་མེ་ལོང་ལ་སྦྱར་ན་བརྗོད་བྱ་ཀུན་བསྡུས་ནས་བསྟན་པ་ལྟ་བུ། (༡༦བ)


GLG020_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ལ་མདོར་བསྟན། རྒྱས་བཤད་གཉིས། དང་པོ་ནི། སྔོན་བྱུང་བའི་སྐྱེས་རབས་རིག་བྱེད་སོགས་གཏམ་ལས་གྱུར་པའམ། ཡང་ན་དེའི་ཅིག་ཤོས་སྡེ་བཞི་ལ་བརྟེན་པའི་བརྗོད་བྱ་ལེགས་པ་གཞན་དག་ལ་བསྟེན་པ་གང་རུང་བྱའོ། །སྐབས་འདིར་འཇམ་ཁ། སྣར་ཐར་པ། རོང་པ་སོགས་མཁས་པ་མང་པོ་དང་། དཔལ་དཔའ་བོ་གཙུག་ལག་སོགས་རྨོངས་པ་མཁས་པའི་གོ་སར་འགྱེད་པ་མང་པོ་དག་གིས། གཏམ་རྒྱུད་དང་སྡེ་བཞི་སོགས་སྙན་ངག་གི་ལུས་སུ་འཆད་ཅིང་། ལ་ལ་དོན་གྱི་ལུས་དང་། ཚིག་གི་ལུས་ཞེས་འཁྱོག་པོར་འགྲེལ་པ་སོགས་ནི། ཆུ་ཤིང་ལ་སྙིང་པོར་འདོད་པ་ཁོ་ནར་སྣང་བས། དེས་ན་གོང་དུ་ལུས་དང་རྒྱན་ཡང་རབ་ཏུ་བསྟན། ཞེས་པས་སྲོག་ཤུགས་ལ་བསྟན་ཡོད་དེ། དཔེར་ན་སྲོག་ལྡན་གྱི་སྐྱེས་བུ་ལུས་མཛེས་པ་ལ་རྒྱན་གྱིས་སྤྲས་པ་བཞིན་དུ། སྡེ་བཞི་སོགས་ཀྱི་བརྗོད་བྱའི་སྲོག་དང་ལྡན་པའི་སྙན་ངག་གི་ལུས་བཅད་ལྷུག་སྤེལ་མ་ལ། དོན་རྒྱན་སྒྲ་རྒྱན་གབ་ཚིག་གི་རྒྱན་གྱིས་རྣམ་པར་སྤྲོས་སོ་ཞེས་ཁོ་བོའི་སློབ་དཔོན་གྱིས། གྲངས་ཅན་ལོ་ཙཱ་བ་འཇམ་དཔལ་རྡོ་རྗེའི་བཞེད་པ་ཡིན་ནོ་ཞེས་ངོམ་བཤད་དུ་མཛད་ལ། ཟུར་མཁར་བློ་གྲོས་རྒྱལ་པོས་ཀྱང་དེ་དང་མཐུན་པར་བཤད་དོ། །སྙན་ངག་ཆེན་པོའི་ལུས་ཀྱང་སྔར་བཤད་པའི་ལུས་ལས་ལོགས་སུ་མེད་ཅིང་། སྐབས་འདིར་སྲོག་བཤད་པ་ཡང་སྙན་ངག་ཐམས་ཅད་ལ་ཁྱབ་བོ། །གཉིས་པ་ནི་ཆོས་ནི་མངོན་མཐོ་ངེས་ལེགས་བསྒྲུབ་པའི་རྒྱུ། དོན་རིག་(༡༧ན)


GLG020_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་མང་དུ་ཐོས་པ་དང་། ས་གཞི་རིན་པོ་ཆེ་སོགས་སོག་པ་དང་བསྲུང་བ། འདོད་པ་ནི་ལྷ་མིའི་ཡུལ་ལ་ལོངས་སྤྱོད་པ། ཐར་པ་ནི་གཏན་གྱི་བདེ་བ་བྱང་ཆུབ་སྒྲུབ་པས། སྡེ་བཞི་པོ་ནི་སྐྱེས་བུའི་དོན་གྱི་འབྲས་བུ་ཡིན་ལ། དེའི་དབང་དུ་གྱུར་པའི་ཚུལ་བརྗོད་པའི་སྔོན་གྱི་གཙུག་ལག་གི་བསྟན་བཅོས་དུ་མ་དང་། ཤེས་བྱ་ཀུན་ལ་མཁས་ཤིང་། འགྲོ་བ་རྣམས་ཀྱི་ཡིད་དུ་འོང་བའི་འདྲེན་པ་དམ་པ་རྣམས་ལ་བསྔགས་པ་བརྗོད་པ་རྟོགས་བརྗོད་རིན་པོ་ཆེ་དཔག་བསམ་འཁྲི་ཤིང་ལྟ་བུ། གྲོང་ཁྱེར་རྒྱ་མཚོས་རི་གསུམ་ལ་བསྔགས་པའི་དཔེར་བརྗོད་ནི། གནམ་སྔོན་ཞུན་མར་འཁྱིལ་འདྲའི་རྒྱ་མཚོ་ལས། །བརྒལ་ཏེ་གསེར་དངུལ་རི་ཡི་ཕྲེང་འདས་ཚེ། །རིན་ཆེན་རྡུལ་མང་བརྩེགས་པའི་གྲོང་ཁྱེར་དབུས། །བཻཌཱུར་སེར་པོའི་རྒྱ་ཕིབས་འོད་དུ་འཚེར། །ཞེས་པ་ལྟ་བུ་དུས་དང་ཉི་ཟླ་འཆར་བ་དང་། །སྐྱེད་ཚལ་ཆུ་ཡི་རོལ་རྩེད་རྣམས་ཀྱི་བསྔགས་པ་ནི། །འབྲས་ལྡན་སྟོན་གྱི་མཁའ་དབྱིངས་དྭངས་པ་ལ། །ཚ་ཟེར་འོད་གསལ་གཟི་ཡིས་ཆུ་སྐྱེས་ཚོགས། །འཛུམ་པའི་སྐྱེད་ཚལ་དབུས་སུ་འཁྱིལ་བའི་མཚོར། །འདོད་ལྡན་སྐྱེ་བོ་ཁྲུས་ཀྱི་རྩེད་འཇོར་རོལ། །ཞེས་པ་ལྟ་བུ། ཆང་འཐུང་བའི་དགའ་སྟོན་དང་། འཁྲིགས་པ་ལ་སྤྱོད་པའི་དགའ་སྟོན་དང་། སྐྱེས་པ་དང་བུད་མེད་ལ་བཏབ་ནས་མ་ཚོགས་པ་གསུམ་ནི། རྒྱན་གོས་རྣམ་བཀྲ་གྲོགས་དང་ལྷན་ཅིག་པར། །ཆང་གིས་མྱོས་ཤིང་སྨིན་ལེགས་ཆུ་སྐྱེས་ལ། །རྩེ་དགར་རོལ་ཚེ་འགའ་ཞིག་གཡོན་མ་དང་། །དུས་བཏབ་ལས་འདས་མི་ཟད་འདོད་པས་གདུངས། །ཞེས་པ་ལྟ་བུ། (༡༧བ)


GLG020_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

བག་མ་གཏོང་ལེན་དང་། གཞོན་ནུ་སྐྱེ་བ་དང་འཕེལ་བ་གསུམ་ནི། ལུས་ཕྲ་མཆིལ་འབྲང་ལ་ཁུགས་དགྱེས་དགུ་ལ། སྤྱད་པས་ཀུནྡ་དར་བའི་དཔྱིད་ཀྱི་བུ། །བཙས་ནས་རིང་པོར་མ་ཐོགས་གཞོན་ནུ་དེ། །བསོད་ནམས་བཞིན་དུ་ལུས་སྟོབས་བསྐྱེད་ནས་འཕེལ། །ཞེས་པ་ལྟ་བུ། བྱ་བ་རྩོམ་པའི་གྲོས་དང་། ཕོ་ཉའི་འགྲོ་འོང་དང་། ཡུལ་ཐག་རིང་པོར་བགྲོད་པ་གསུམ་ནི། རྒྱལ་གསུང་རྒྱུད་མང་གྲོས་ཀྱིས་ཉོན་མོངས་རྫིངས། །བཤིག་ཚེ་སེམས་ཀྱི་ཕོ་ཉ་ཐར་པའི་སར། །བཏང་བས་གཏན་གྱི་བདེ་བའི་མཛའ་ན་མོ། །ཐག་རིང་ཡུལ་ནས་སྐར་མདའ་ལྟ་བུར་འོངས། །ཞེས་པ་ལྟ་བུ། གཡུལ་བཤམས་པ་དང་། འདྲེན་པ་སྟེ་རྒྱལ་པོའི་མངའ་ཐང་དར་བའི་ཚུལ་དག་ཀྱང་དཔེར་བརྗོད་ན། གནམ་ས་འགུལ་འདྲའི་སྤྲུལ་པའི་དཔའ་བོའི་དཔུང་། །འཇིགས་རུང་གཡུལ་གྱི་སྦྱོར་བས་དགྲ་སྡེའི་ཚོགས། །ཕྱེ་མར་འཐག་ཚེ་ས་དབང་རྒྱལ་པོ་ཡི། །སྡེ་བཞིའི་མངའ་ཐང་དབྱར་གྱི་མཚོ་ལྟར་འཕེལ། །ཞེས་པ་ལྟ་བུའོ། །དེ་རྣམས་ཀྱིས་ཀྱང་བསྟན་བཅོས་བརྒྱན་པར་གྱུར་ཅིང་། མདོར་བསྡུས་པ་མིན་པར་སྐབས་དང་འཚམ་པར་བརྩམ་མོ། གསུམ་པ་ནི། བརྩམ་བྱའི་སྙན་ངག་དེ་ཡང་སྒེག་པ་སོགས་ཉམས་དོད་པས་ཡིད་འགྱུར་ཞིང་ཚིག་སྦྱོར་ཕུན་སུམ་ཚོགས་པ་དག་གིས་གཏམས་པ། བློ་ཆུང་བ་རྣམས་ངལ་བ་སྤང་སླད། སརྒ་ཤིན་ཏུ་རྒྱ་ཆེ་བ་སྟེ་མང་བ་ཡང་མིན་ལ་ཉུང་སྐྱོན་དང་ཡང་བྲལ་བའི་མཉན་པར་འོས་པ་དེ་ཉིད། དབང་པོ་རྡོ་རྗེ་སོགས་བྲྀཏྟ་དང་། འཕགས་མ་སོགས་ཛཱ་ཏིས་ལེགས་པར་མཚམས་ཀྱང་སྦྱར་ལ། རྣམ་པ་ཀུན་ཏུ་སརྒ་དག་ལ། དཔེར་ན་ཚིག་རྐང་ཕལ་ཆེར་ཡི་གེ་ཉེར་གཅིག་(༡༨ན)


GLG020_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་ཡོད་ན། དེ་དག་གི་མཐའ་རྫོགས་མཚམས་སུ་བཅོ་ལྔ་དགུ་བདུན་སོགས་སུ་འབེབས་ཤིང་། དངོས་གཞི་བདུན་བསྒྲིགས་ལྟ་བུ་ལ། དགུ་བཅུ་གཅིག་སོགས་ཡར་འཕེལ་ཞིང་། བཅད་མཐར་ལྷུག་པ་དང་། ལྷུག་མཐར་བཅད་པས་གཞུང་དཀྱུས་མ་ལས་ཐ་དད་པ་སྟེ། ཁྱད་ཆོས་དང་ལྡན་པས་འཇིག་རྟེན་ན་མཁས་པ་རྣམས་ཀྱི་ཁ་ལས་མཛེས་སོ། །བཞི་པ་ནི། དེ་ལྟ་བུའི་སྙན་ངག་དམ་པ་ཕུན་སུམ་ཚོགས་པའི་རྒྱན་དང་ལྡན་པ་དེ་ནི་བློ་ལྡན་རྣམས་ཀྱིས་ངོ་མཚར་དུ་འཛིན་པས་བསྐལ་པའི་བར་དུ་སྙན་པའི་གྲགས་པ་དང་བཅས་ཏེ་གནས་པར་འགྱུར་རོ། །ལྔ་པ་ནི་གང་ཞིག་གྲོང་ཁྱེར་ལ་བསྔགས་པ་ལྟ་བུའི་ཡན་ལག་འགས་དམན་ཡང་། གལ་ཏེ་སྦྱར་བའི་ཚིག་དོན་རྣམས་ཕུན་ཚོགས་ཀྱིས་ཚུལ་དེ་རིག་པའི་མཁས་པ་རྣམ་མགུ་བར་བྱེད་ནུས་ཤིང་། ལེའུ་གསུམ་ཡན་དང་ལྡན་ཕྱིན། འདིར་ནི་སྙན་ངག་ཆེན་པོ་མ་ཡིན་པའི་སྐྱོན་མེད་དེ། ཡོན་ཏན་དེ་རྣམས་ཚང་ཕྱིན། སྐྱེད་ཚལ་གྱི་བསྔགས་བརྗོད་ཙམ་སྲོག་ཏུ་བྱས་པས་ཀྱང་རུང་ངོ་། དཔའ་བོ་གཙུག་ལག་པས། རིག་པ་དེས་གཞན་མགུ་བར་བྱེད་ཅེས་འབྲུ་ཕྱིན་ཅི་ལོག་ཏུ་འབད་པས་རྒྱག་གོ །དྲུག་པ་ལ། བྷཱ་མ་ཧའི་བཞེད་པ་དང་། དབྱུག་པ་ཅན་གྱི་བཞེད་པ་གཉིས། དང་པོ་ནི་ཐོག་མ་རང་ཕྱོགས་ཀྱི་འདྲེན་པ་སྟེ། རྒྱལ་པོ་ལྟ་བུ་ལ་དཔའ་བ་སོགས་ཀྱི་ཡོན་ཏན་གྱི་བསྔགས་པ་ཉེ་བར་བཀོད་ནས། རྒྱལ་པོ་དེ་ཡིས་ནི་ཕ་རོལ་གྱི་དགྲ་སྡེ་ལ་གནོད་པ་སྟེ་ཚར་གཅོད་པར་བྱེད་དོ་ཞེས་བསྟོད་པའི་སྙན་ངག་གི་ལམ་འདི་(༡༨བ)
འཇིག་རྟེན་ན་རང་བཞིན་གྱིས་མཛེས་པ་ཡིན་ནོ། །གཉིས་པ་ནི། རིགས་མཐོ་བ་དང་། བརྩོན་འགྲུས་ཆེ་བ་དང་། ཐོས་པ་མང་བ་སོགས་ཡོན་ཏན་དུ་མས་ཕ་རོལ་གྱི་དགྲ་བོ་ལ་ཡང་བསྔགས་པར་བྱས་ཤིང་བསྟོད་ནས། དེ་ལས་ཀྱང་རྒྱལ་བར་ནུས་པའི་ཕྱིར་རང་ཅག་གི་འདྲེན་པ་འདི་ནི་ཞེས་བསྟོད་པས། ཕ་རོལ་གྱི་ཡོན་ཏན་ཕུན་སུམ་ཚོགས་པ་ལས་ཀྱང་ཕུན་སུམ་ཚོགས་པའི་ཁྱད་པར་དུ་འཕགས་པར་བརྗོད་པ་ལ་བདག་དགའ་བ་བསྐྱེད་ཀྱི། ལུགས་སྔ་མའང་མི་འདོད་པ་ནི་མིན་ནོ། །

ཚིག་ལྷུག་བཤད་པ།


GLG020_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་ལྷུག་བཤད་པ།གཉིས་པ་ལྷུག་པ་བཤད་པ་ལ། མཚན་ཉིད་དང་། དབྱེ་བ་གཉིས། དང་པོ་ནི། ཚིག་རྐང་བཞི་སོགས་སུ་བཅད་པ་མེད་པའི་ཚིག་གི་རྒྱུན་ནི་ལྷུག་པ་ཞེས་བྱའོ། །གཉིས་པ་ལ། མིང་ཙམ་གྱི་དབྱེ་བ་བསྟན་པ་དང་། དོན་གྱི་དབྱེ་བ་དགག་པ་གཉིས། དང་པོ་ནི་བྷཱ་མ་ཧས། ལྷུག་པ་ལ་བརྗོད་པ་དག་དང་། གཏམ་ཞེས་པ་དེ་ཡི་རབ་དབྱེ་གཉིས་བཤད་དོ། །གཉིས་པ་ལ་དགག་བྱ་བྷཱ་མ་ཧའི་འདོད་པ་རེ་རེ་འགོད་པ། དགག་བྱེད་དབྱུག་པ་ཅན་གྱི་རིགས་པ་རེ་རེ་འཕངས་པ་གཉིས། དང་པོ་ནི། དེ་ལ་བྷཱ་མ་ཧས། འདྲེན་པ་སྟེ་རྒྱལ་པོ་རང་ཉིད་ཀྱིས་རང་ལ་བསྟོད་པ་བྱས་པ་ལྟ་བུ་ནི་བརྗོད་པར་བྱ་བ་ཡིན་ལ། བརྗོད་པ་དེ་ལས་གཞན་གཏམ་ནི་ཕ་རོལ་གྱི་འདྲེན་པ་སྟེ་རྒྱལ་པོའམ། དེ་ལས་གཞན་བྲམ་ཟེ་ལྟ་བུས་ཀྱང་འདྲེན་པ་ལ་བསྟོད་པ་དེ་ཡིན་ནོ། །དེའི་རྒྱུ་མཚན། ཟློས་གར་གྱི་མཚན་ཉིད་ཀྱང་སྙན་ངག་གི་རྒྱན་དུ་བསྟན་པའི་སྒོ་དང་། གཞན་སྒོ་དང་ཡིད་བརྟན་ལྡན་པ་གསུམ་བརྗོད་པ་ལ་ཡོད་ཀྱི། གཏམ་ལ་མེད་དོ། །བརྗོད་པ་(༡༩ན)


GLG020_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

རང་གིས་རང་ལ་ཡོན་ཏན་བསྒྲགས་པ་ལ་སྐབས་འདིར་སྐྱོན་ཡོད་པ་མིན་ཏེ། ཡང་དག་པ་སྟེ་ཇི་ལྟ་བའི་དོན་ཅན་སྒྲོ་བསྐུར་མེད་པར་བསྔགས་པའི་ཕྱིར། གཞན་ཡང་། ལམྦྷ་ལ་སོགས་པ་དང་། ཨ་ཤྭཱ་ས་དང་། བུ་མོ་འཕྲོག་པ། གཡུལ། སླུ་བ། དར་བ་སོགས་དང་། སྙན་ངག་མཁན་གྱི་དགོངས་པས་བྱས་པའི་རྟོགས་རྣམས་བརྗོད་པ་ལ་ཡོད་ཀྱི། གཏམ་ལ་མེད་པའི་ཕྱིར། གཉིས་པ་ནི། འོན་ཀྱང་ཁྱོད་ཀྱིས་ཟེར་བ་དེ་ལ་ངེས་པ་ཡོད་པར་མ་མཐོང་སྟེ། བརྗོད་པ་དེར་ཡང་རྒྱལ་པོ་ལས་གཞན་པ་དག་གིས་བརྗོད་པའི་ཕྱིར། ཕན་ཚུན་གཉིས་ཀས་བརྗོད་པར་མཉམ་པ་ལ་གཞན་གྱིས་བརྗོད་ན་གཏམ་དང་། རང་གིས་བརྗོད་ན་བརྗོད་པ་ཞེས་དབྱེ་བའི་རྒྱུ་མཚན་ནི་ཅི་ཞིག་ཡོད་དེ་མེད་དོ། །གལ་ཏེ་སྒོ་ཞེས་པ་ཕར་སྨྲས་པ་དང་། གཞན་སྒོ་ཞེས་པ་སྨྲས་པའི་ལན་དང་། ཕན་ཚུན་དུ་གཏམ་སྨྲས་པ་དེ་ལ་བརྟེན་ནས་ཡིད་གཏན་ལྡན་པ་སྟེ་ངེས་པ་རྙེད་པ་དེ་གསུམ་བརྗོད་པ་ལ་ཡོད་ཅིང་གཏམ་ལ་མེད་པས་ཐ་དད་པ་ཡི་རྟགས་ཡིན་པར་སྨྲ་ན། གཏམ་ལ་དེ་གསུམ་མ་ཚང་བར་འགྱུར་ཞིང་། དེས་ན་རྒྱལ་པོས་སྨྲས་པའི་གཏམ་ལ་གཏམ་ལན་འཇལ་མཁན་མེད་པར་འགྱུར་རོ། །སྐབས་འདིའི་བརྗོད་པ་དང་གཏམ་ནི་ལྷུག་པའི་དབང་དུ་བྱས་ཀྱི་ཚིགས་སུ་བཅད་པ་ལ་དེ་ལྟར་འཇུག་གོ་ཞེ་ན། བརྗོད་བྱ་ཚིགས་བཅད་ལ་དེ་གསུམ་ཚང་བ་ལྟར། ཞར་གྱི་གཏམ་རྣམ་དག་སྟེ་གཏམ་ཚིགས་བཅད་ལ་ཡང་དེ་གསུམ་ཚང་(༡༩བ)


GLG020_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་ཏེ། དཔེར་ན་སྡེབ་སྦྱོར་འཕགས་མ་སོགས་ཀྱིས་བཅིངས་པའི་བརྗོད་པ་ལ་དེ་གསུམ་ཚང་བ་བཞིན། གཏམ་ལ་ཡང་སྒོ་དང་། གཞན་གྱི་སྒོ་དག་ཅིས་མི་འཇུག་སྟེ་འཇུག་རིགས་པའི་ཕྱིར། རྒྱུ་མཚན་ཡོད་དེ། འཕགས་མས་བཅིངས་པའི་བརྗོད་པ་དང་གཏམ་གཉིས་ཀ་ལ་ཕྱེད་ཕྱི་མའི་དྲུག་པ་ལ་ཀ་དང་། གཉིས་ཀའི་བརྒྱད་པ་ལ་ད། མི་མཉམ་པ་ལ་ཛ་སྤངས་པ་སོགས་མཚན་ཉིད་མཐའ་དག་མཚུངས་པའི་ཕྱིར། སོགས་ཀྱི་སྒྲས་འཕགས་མ་དཔེར་མཚོན་པ་སྟེ་བྲྀཏྟ་ཛཱ་ཏི་ཐམས་ཅད་ལ་ཤེས་དགོས་སོ། །རིན་སྤུངས་པས། ལེགས་བཤད་ཉི་མ་གསར་པས་བསླང་ཞེས་གསུངས་འདུག་ཀྱང་། འགྲེལ་པ་གཞན་ལ་ལྟོས་ན་སྐྱ་རེངས་ཙམ་ཤར་བ་ཡིན་མཆི། ཉི་མ་དངོས་གཞི་ནི་ད་ལམ་ཤར་བ་ཡིན་ནོ། །གཞན་ཡང་ལམྦྷ་སྟེ་གཞོན་ནུ་མ་རྙེད་པ་དང་། སོགས་ཀྱིས་ངལ་སོ་བ་དང་། དུས་བཏབ་པ་ལས་མ་ཚོགས་པ་དང་། ཨ་ཤྭཱ་ས་ནི་ཡིད་གཏན་དང་ལྡན་པ་སྟེ། དེ་དག་བརྗོད་པ་ཡོད་ཅིང་གཏམ་ལ་མེད་པའི་དབྱེ་བ་མཐོང་ཡང་། དེས་པདྨ་དང་ཀུ་མུ་ཏ་བཞིན་རིགས་ཐ་དད་པའི་རྒྱུ་མཚན་ཅི་ཡང་མེད་ཅིང་དེའི་ཕྱིར་གཏམ་དང་བརྗོད་པ་ཞེས་པ་ནི། དཔེར་ན་གདོང་ལྔ་པ་དང་ཁ་ལྔ་པ་ཞེས་པའི་མིང་གཉིས་དག་གིས་སེང་གེའི་རིགས་གཅིག་མཚོན་པས་སོ། །དངོས་སུ་མ་བཤད་པའི་ལྷག་མ་བརྗོད་པའི་རིགས་རྣམས་ཀྱང་ཆད་པའི་སྐྱོན་མེད་དེ། བརྗོད་པ་དང་གཏམ་འདི་ཉིད་ཀྱི་ནང་དུ་འདུ་བར་འགྱུར་བས་སོ། །(༢༠ན)
གཞན་ཡང་ཁྱོད་ཀྱིས་བུ་མོ་འཕྲོག་པ་དང་། གཡུལ་འགྱེད་པ་དང་ནི། ཕོ་མོ་དུས་བཏབ་པ་ལས་ཡོལ་ཏེ་སླུ་བ་དང་། རྒྱལ་པོ་མངའ་ཐང་དར་བ་ལ་སོགས་པ་བརྗོད་པ་དང་གཏམ་དེ་དག་གི་ཁྱད་པར་འབྱེད་པའི་ཡོན་ཏན་མིན་ཏེ། བརྗོད་བྱ་དེ་རྣམས་སརྒས་བཅིངས་པའི་བརྗོད་པ་དང་གཏམ་གཉིས་ཀ་ལ་མཚུངས་པ་ཉིད་ཡིན་ནོ། །གཞན་ཡང་སྙན་ངག་མཁན་གྱི་བསམ་པས་བྱས་པའི་རྟགས་དེ་འདྲ་བ་ནི་བརྗོད་པ་ལས་གཞན་དུ་གཏམ་ལ་ཡང་ནི་ཡོད་པར་སྐྱོན་དུ་མི་འགྱུར་ཏེ། འདོད་དོན་ཚིག་སྦྱོར་གྱིས་བསྒྲུབ་པའི་སྒོ་རུ་མཁས་པ་རྣམས་ལ་ཅི་ཡང་མི་འགྱུར་བ་མེད་པས་སོ། །དཔེར་ན་སྨན་པ་མཁས་པས་དུག་བདུད་རྩིར་བསྒྱུར་བ་བཞིན་ནོ། །

སྤེལ་མ་བཤད་པ།


GLG020_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

སྤེལ་མ་བཤད་པ།གསུམ་པ་སྤེལ་མ་བཤད་པ་ནི། བཅད་ལྷུག་སྤེལ་མ་འཇིག་རྟེན་ཀུན་ཏུ་དགའ་བ་སོགས་སྐད་རིགས་བཞི་ཀ་འདུས་པའི་རྣམ་གཞག་ཡོད་པ་ནི་ཟློས་གར་ཏེ། དེ་དག་གི་ཚུལ་རྣམས་ནི་བྷ་ར་ཏ་སོགས་གཞན་ལས་རྒྱས་པར་བཤད་དོ། །སྤེལ་མ་ལ་ཟློས་གར་ཁོ་ནར་མི་སེམས་ཏེ། ལྷུག་པ་དང་ཚིགས་བཅད་སྤེལ་བའི་རང་བཞིན་གང་ལ། སྐད་གཅིག་ལ་བརྟེན་པ་སྐྱེས་རབས་སོ་བཞི་པ་ལྟ་བུ་ལ་ཙམྦཱུ་ཞེས་པར་མངོན་པར་བརྗོད་དོ། །གསུམ་པ་སྐད་རིགས་བཤད་པ་ལ། དབྱེ་བ། སོ་སོར་གཏན་ལ་དབབ་པ། དེ་དག་གི་བྱས་པའི་བསྟན་བཅོས་བཤད་པ། གཏམ་སོགས་སྐད་རིགས་ཀྱིས་བཅིངས་ཚུལ་དང་བཞི། དང་པོ་ནི། སྙན་ངག་གི་ལུས་བཅད་ལྷུག་སྤེལ་མའི་རང་(༢༠བ)


GLG020_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དེ་དག་ཀྱང་། ལེགས་སྦྱར་གྱི་སྐད་དང་། དེ་བཞིན་དུ་རང་བཞིན་གྱི་སྐད་དང་། ཟུར་ཆག་གི་སྐད་དང་། དེ་གསུམ་བསྲེས་པའི་འདྲེས་མ་ཞེས་པ་སྟེ་རྣམ་པ་བཞི་རུ་རཱ་མ་ཤརྨ་སོགས་མཁས་པས་གསུངས་སོ། །གཉིས་པ་ལ་ལེགས་སྦྱར། རང་བཞིན། ཟུར་ཆག་དང་གསུམ་ལས། དང་པོ་ནི། ལེགས་སྦྱར་ཞེས་བྱ་བ་ནི། བྱིངས་ལས་ཀྲྀ་ཏ་རྐྱེན་གྱིས་སྒྲུབ་པའི་མིང་དང་ཀུན་བཤད་ཀྱིས་སྒྲུབ་པའི་ཚིག་དང་མིང་ལས་ཚིག་ཏུ་གྲུབ་པས། སྐད་རྣམས་ཀྱི་མཆོག་སཾ་སྐྲྀ་ཏ་ལྷའི་སྐད་ཅེས་དྲང་སྲོང་ཆེན་པོ་སརྦ་ཛྙཱ་གསུང་ངོ་། །གཉིས་པ་ནི། སྤྱི་དང་། ཁྱད་པར་བ། དེའི་ཡུལ་ངོས་བཟུང་བ་དང་གསུམ། དང་པོ་ནི། ལེགས་སྦྱར་དེ་ལས་སྐྱེས་ཤིང་དེ་དང་མཚུངས་པའི་ཡུལ་ཅན་ཞེས་གྲགས་པའི་རང་བཞིན་གྱི་རིམ་པའི་སྐད་རིགས་དུ་མ་ཞིག་ཡོད་དོ། །གཉིས་པ་ནི། བཟོ་གནས་བཅོ་བརྒྱད་སོགས་ཚང་བའི་ཡུལ་འཁོར་ཆེན་པོ་ལ་བརྟེན་པའི་སྐད་དེ་ནི། ལེགས་སྦྱར་མ་ཡིན་ཀྱང་། ལེགས་པར་བཤད་པ་མང་དུ་སྨྲ་བའི་སྐད་རིན་པོ་ཆེ་དག་གི་འབྱུང་ཁུངས་ཀྱི་རྒྱ་མཚོ་ཡིན་པ་དང་། སེ་རུ་སྟེ་ལེའུས་བཅིངས་པ་དང་། སོགས་ཁོངས་ནས་མ་ཐ་ན་ཞེས་བྱ་བ་དེ་འདྲའི་རིགས་ཅན་གྱི་རང་བཞིན་གང་ཡིན་པའི་སྙན་ངག་ཀྱང་སྐད་དེ་ལས་མཐོང་བའི་ཕྱིར། རང་བཞིན་གྱི་སྐད་རྣམས་ཀྱི་ནང་ན་མཆོག་ཏུ་གྱུར་པར་རིག་གོ །གསུམ་པ་ནི། སཽ་ར་སེ་ན་དབང་པོའི་སྡེ་དང་། གཽ་ཌ་ཤར་ཕྱོགས་དང་། ལཱ་ཌྷཱིི་རོལ་བ་དང་། གཞན་ཡང་དེ་འདྲའི་ཡུལ་དབུས་འགྱུར་སོགས་ཀྱི་སྐད་རྣམས་རང་བཞིན་གྱི་སྐད་ཉིད་ཅེས་(༢༡ན)


GLG020_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ཡི་མིང་གིས་ཐ་སྙད་ཟློས་གར་ལ་སོགས་པ་རྣམས་ལ་ཉེ་བར་བསྟན་ཅིང་སྦྱོར་བར་འགྱུར་རོ། །དཔའ་བོ་གཙུག་ལག་གིས། སཽ་ར་སེ་ན་ལྔ་ལེན་དུ་འགྲེལ་པའི་ཐ་ཆད་ཀྱི་གཏམ་སྨྲའོ། །གསུམ་པ་ནི། བ་ལང་རྫི་ལ་སོགས་པའི་གྲོང་ཚིག་རྣམས་སྙན་ངག་གི་སྐབས་འདི་ལ་ཟུར་ཆག་ཏུ་གནས་ཤིང་། ཀ་ཙན་སོགས་ཀྱི་བསྟན་བཅོས་རྣམས་ལ་ལེགས་སྦྱར་ལས་གཞན་པ་ཀུན་ཟུར་ཆག་ཉིད་དུ་བརྗོད་དོ། །གསུམ་པ་དེ་དག་གིས་བྱས་པའི་བསྟན་བཅོས་ནི། ལེགས་སྦྱར་འབའ་ཞིག་ལས་བྱས་པ་སརྒས་བཅིངས་པ་ལ་སོགས་པ་དང་། རང་བཞིན་གྱི་སྐད་འབའ་ཞིག་ལས་བྱས་པ་སྐན་དྷ་ཀ་སོགས་དང་། ཟུར་ཆག་གི་སྐད་འབའ་ཞིག་ལས་བྱས་པ་ཨོ་ས་ར་སོགས་དང་། འདྲེས་མའི་སྐད་འབའ་ཞིག་ལས་བྱས་པ་ཟློས་གར་སོགས་སོ། །བཞི་པ་ལ་དངོས་དང་། དོགས་སེལ་གཉིས། དང་པོ་ནི། སྔོན་བྱུང་གི་གཏམ་སོགས་སྐད་རིགས་བཞི་པོ་གང་རུང་ངམ། གཉིས་གསུམ་དང་། ཐམས་ཅད་འདྲེས་པས་བཅིངས་པ་དང་། གཙོ་བོར་ནི་ལེགས་སྦྱར་འབའ་ཞིག་གིས་ཀྱང་བཅིངས་སོ། །གཉིས་པ་ནི། ཤ་ཟའི་སྐད་འབའ་ཞིག་ལས་བྱས་པའང་མེད་པ་མིན་ཏེ། རྨད་དུ་བྱུང་བའི་དོན་ཅན་བརྗོད་བྱ་སྟོན་པ་རྒྱ་ཆེན་ཞེས་པའི་གཏམ་དང་རིན་ཆེན་རབ་སྣང་ཞེས་བྱ་བ་ཡང་འབྱུང་པོའི་སྐད་ཀྱི་རང་བཞིན་དུ་བརྗོད་དོ། །གཉིས་པ་རྒྱན་ལ། མདོར་བསྟན། རྒྱས་བཤད་གཉིས། དང་པོ་ནི། ལུས་སྒེག་པ་དང་། ཉམས་ཀྱི་རོལ་པ་དང་། རྐང་ལག་གི་སྟབས་ལ་སོགས་(༢༡བ)
པའི་ཉམས་བརྗོད་པ་ནི་གཙོ་བོ་མིག་གིས་བལྟ་བྱའི་དོན་ཡིན་ལ། དེའི་ཅིག་ཤོས་རྒྱུད་མང་དང་ཚངས་དབྱངས་སོགས་ཀྱི་ཉམས་བརྗོད་པ་ཡང་། གཙོ་བོར་མཉན་པ་སྟེ་རྣ་བས་མཉན་པར་བྱ་བ་ཉིད་ཅེས་བྱ་བའི་དོན་ཀྱང་ཡིན་ལ། སྐབས་འདིར་ཡང་རྒྱན་གྱི་སྦྱོར་ལུགས་གཉིས་དག་ཏུ་བརྗོད་དོ། །ལེའུ་དང་པོ།


previousདགོས་པ་དེ་ལྡན་གྱི་བསྟན་བཅོས་དངོས་ལས་སྙན་ངག་གི་ལུས་ཀྱི་མཚན་ཉིད་སོགས་བཤད་པ།next