Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།

1 occurrence of དགོངས་པ་ཟང་ཐལ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
རྒྱུད་སྡེ་བཞི་དང་འབྲེལ་བའི་སྒྲོལ་མའི་དོན་དབང་སྙིང་པོ་བསྡུས་པའི་ཟིན་ཐོ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of དགོངས་པ་ཟང་ཐལ་
[Clear Hits]

 
previousརྒྱུད་སྡེ་བཞི་དང་འབྲེལ་བའི་སྒྲོལ་མའི་དོན་དབང་སྙིང་པོ་བསྡུས་པའི་ཟིན་ཐོ།next

རྒྱུད་སྡེ་བཞི་དང་འབྲེལ་བའི་སྒྲོལ་མའི་དོན་དབང་སྙིང་པོ་བསྡུས་པའི་ཟིན་ཐོ།


JKT015_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

༈ རྒྱུད་སྡེ་བཞི་དང་འབྲེལ་བའི་སྒྲོལ་མའི་དོན་དབང་སྙིང་པོ་བསྡུས་པའི་ཟིན་ཐོ་བཞུགས། ཏཱཾ། རྒྱུད་སྡེ་བཞི་དང་རྗེས་སུ་འབྲེལ་བའི་སྒྲོལ་མའི་དབང་ལ། སྔོན་གཏོར། བགེགས་བསྐྲད། མཆོད་བརླབ། སྐྱབས་སེམས་ནས་བཟུང་བདག་བསྐྱེད་གཞུང་ལྟར། མདུན་བསྐྱེད་རྣལ་འབྱོར་རྒྱུད་ལྟར་དང་། བུམ་པ་གཟུངས་སྒྲུབ་ལྟར་བྱ། ལས་བུམ་ཀྱང་བསྒྲུབ། བདག་འཇུག་རྒྱས་བསྡུས་གང་རིགས་བྱ། སློབ་མའི་བྱ་བ་ལ། ཁྲུས་བགེགས་བསྐྲད། སྲུང་འཁོར་མཎྜལ། པདྨ་སེམས་གཙོ་སོགས་ཀྱི་གསོལ་བ་གདབ། བུ་ཚུར་སོགས་རྐང་པ་གསུམ་གྱིས་མཐར། གུས་ཤིང་དྭངས་བའི་ཡིད་ཀྱིས་ཟུངས། ཞེས་པས་གནང་བ་བྱིན། དཀོན་མཆོག་གསུམ་ལ་སོགས་རྒྱུན་བཤགས། བདེ་བར་གཤེགས་པ་སོགས་སྡོམ་ཟུང་། དེ་ནས་བུམ་པའི་དབང་དབང་ལྷ་སྒྲོལ་མ་སྤྱན་དྲངས། ཇི་ལྟར་བལྟམས་པ་སོགས་ཀྱིས་སྤང་བྱ་སྤོང་བའི་ས་བོན་དང་། པདྨའི་རིགས་ཀྱི་དམ་ཚིག་མཆོག །ཕྱག་རྒྱུའི་དབང་བསྐུར་བླ་ན་མེད། །སྐལ་ལྡན་ཁྱོད་ལ་སྦྱིན་པ་ཡིས། །རྟོགས་པ་མཆོག་དང་ལྡན་པར་ཤོག །ཨོཾ་པདྨོཏྟཱ་བ་ཨ་བྷི་ཥིཉྩ་མིས་རྟོགས་བྱ་རྟོགས་པའི་ས་བོན་རྒྱུད་ལ་བཞག་པར་མོས་པ་བཀོད་པའི་རིག་པ་གཏད། དེང་བརྟེན་ནས་སྒྲོལ་མའི་སྐུར་གསལ་བ་ལ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཡེ་ཤེས་ཐུགས་དང་གཉིས་སུ་མེད། །རྡོ་རྗེ་ཐུགས་ཀྱི་དབང་བསྐུར་


JKT015_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

བས། །མཁྱེན་པ་གཉིས་ལྡན་དབང་ཐོབ་ཤོག །ཙིཏྟ་བཛྲ་ཨ་བྷི་ཥིཉྩ་མི། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཡེ་ཤེས་གསུང་དང་གཉིས་སུ་མེད། །དྲིལ་བུ་གསུང་གི་དབང་བསྐུར་བས། །ཆོས་ཀྱི་སྒྲ་དབྱངས་སྒྲོགས་པར་ཤོག །ཝཱ་ཀ་གནྡྷེ་ཨབྷི་ཥིཉྩམི། །འདི་ནི་སངས་རྒྱས་ཐམས་ཅད་ཀྱིས། །ཡེ་ཤེས་སྐུ་དང་གཉིས་སུ་མེད། །རྡོ་རྗེ་མིང་གི་དབང་བསྐུར་བས། མཚན་གྱིས་ས་གསུམ་ཁྱབ་པར་ཤོག །ཀཱ་ཡ་ན་མ་ཨ་བྷི་ཥིཉྩ་མི། །ནམ་མཁའ་བཞུགས་པའི་དབང་ལྷ་ཡེ་ཤེས་པ་ཕྱག་རྒྱ་བཞིས་བསྟིམ་པས་དམ་ཡེ་དབྱེར་མེད་དུ་གྱུར་པ་ལ། དབང་བསྐུར་རྡོ་རྗེ་སོགས་ནས། ཨོ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཊི་ཀ་ཏེ་ས་མ་ཡ་ཤྲཱི་ཧཱུཾ། ཞེས་དབང་བསྐུར། འོད་དཔག་མེད་གཙོར་གྱུར་རིགས་ལྔས་དབུར་བརྒྱན། མཆོད་ཅིང་ཤིས་པ་བརྗོད། ནང་ནུས་པ་འཇུག་པའི་སླད། སྐུ་སྤྱི་བོར་བཞུག །ཨོཾ་རྗེ་བཙུན་སྒྲོལ་མའི་སྐུ་ཡི་དབང་། །དེང་འདིར་ཁྱོད་ལ་སྦྱིན་པ་ཡིས། །སྣོད་བཅུད་ཕུང་ཁམས་སྐྱེ་མཆེད་ཀུན། །ཡེ་ཤེས་སྐུ་རུ་དག་པར་ཤོག །ཀཱ་ཡ་ཛྷཱ་ན་ཨབྷི་ཥིཉྩ་ཨོཾ། སྔགས་རྣམས་ཀྱིས་བཟླས་ལུང་བྱ། སྔགས་ཕྲེང་མགྲིན་པར་བཞག་ལ། ཨ རྗེ་བཙུན་སྒྲོལ་མའི་གསུང་གི་དབང་། །དེང་འདིར་ཁྲོད་ལ་སྦྱིན་པ་ཡིས། །ཕྱི་ནང་བརྟན་གཡོའི་སྒྲ་སྐད་ཀུན། །རྡོ་རྗེའི་


JKT015_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་སུ་རྫོགས་པར་ཤོག །ཝཱ་ཀ་ཛཱ་ན་ཨབྷི་ཥིཉྩ་ཨཱ༔ །དགོངས་པ་ངོ་སྤྲད་ཅིང་མེ་ལོང་སྙིང་གར་བཞག་ལ་ཧཱུྃ༔ རྗེ་བཙུན་སྒྲོལ་མའི་ཐུགས་ཀྱི་དབང་། །དེང་འདིར་ཁྱེད་ལ་སྦྱིན་པ་ཡིས། །གཟུང་ཁམས་རྟོག་ཚོགས་ཇི་སྙེད་ཀུན། །འོད་གསལ་དབྱིངས་སུ་སྨིན་པར་ཤོག །ཙིཏྟ་ཛྷཱ་ན་ཨ་བྷི་ཥིཉྩ་ཧཱུྃ། དེ་རྣམས་ཡན་གྱི་ཕྱི་བུམ་པའི་དབང་། ཟབ་མོ་གསང་བའི་དབང་ནི། ཨཱ ཡབ་ཡུམ་སྙོམས་པར་ཞུགས་པ་ཡི། །དཀར་དམར་ལྷག་པའི་བྱང་ཆུབ་སེམས། །ཁྱོད་ཀྱི་ལྕེ་ལ་བཞག་པ་ཡིས། །གསལ་སྟོང་ཡེ་ཤེས་ཉམས་མྱོང་ཤོག །བོ་དྷི་ཙིཏྟ་གུ་རྒྱ་ཨ་བྷི་ཥིཉྩ་ཨཱ ཤེར་དབང་ནི༔ ཧཱུྃ༔ དགའ་བའི་སྒྱུ་རྩལ་ཡིད་དུ་འོང་། །སྣ་ཚོགས་གཟུགས་ཅན་འདི་ཁྱེར་ལ། །འདུ་ཤེས་གསུམ་གྱི་སྦྱོར་བ་ཡིས། །དཔེ་ཡི་ཡེ་ཤེས་མཚོན་པར་གྱིས། །པྲ་ཛྙཱ་ཛྷཱ་ན་མུ་དྲ་ཨ་བྷི་ཥིཉྩ་ཧཱུྃ། བཞི་པ་ནི། ཧོ༔ རྟག་ཏུ་སྙིང་ལ་གནས་པ་ཡི། །མི་ཤིགས་ཐིག་ལེ་བདེ་བ་ཆེ། །རྣམ་ཀུན་སྟོང་པ་ཟུང་འཇུག་པའི། །དོན་གྱི་ལྷན་སྐྱེ་མངོན་གྱུར་ཤོག །དྷརྨ་དྷཱ་ཏུ་ཛྙཱ་ན་ཨབྷི་ཥིཉྩ་ཨ་ཨ༔ མཐའ་རྟེན་བཀྲ་ཤིས་རྫས་རྟགས་སྣ་བདུན་སྦྱིན་ཞིང་མངའ་གསོལ། །དམ་ཚིག་ཁས་བླངས་སོགས་རྗེས་རིམ་སྤྱི་ལྟར་བྱའོ། །རྗེ་བླ་མ་འོད་གསལ་སྤྲུལ་པའི་རྡོ་རྗེའི་ཟབ་མོ་དགོངས་པའི་གཏེར་ལས་བྱུང་བ་མངྒ་ལཾ།


previousརྒྱུད་སྡེ་བཞི་དང་འབྲེལ་བའི་སྒྲོལ་མའི་དོན་དབང་སྙིང་པོ་བསྡུས་པའི་ཟིན་ཐོ།next