Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།

3 occurrences of འབེན་
[Clear Hits]


  
  
  
 
  
 
  
  
  
  
 expand section
  
  
  
 
  
  
  
  
  
  
  
  
སློབ་བུ་པད་མ་དྲི་མེད་ལ་གསུངས་པ།
  
  
  
  
  
  
  
  


3 occurrences of འབེན་
[Clear Hits]

 
previousསློབ་བུ་པད་མ་དྲི་མེད་ལ་གསུངས་པ།next

སློབ་བུ་པད་མ་དྲི་མེད་ལ་གསུངས་པ།

ཀ་བཞི་གདུང་བརྒྱད་ཁང་བཟངས་མ་ལགས་ཀྱང་། །ཁ་ཏོག་མིག་སྨན་མདངས་འཛིན་སྦྲ་ནང་དུ། །ག་ཛ་ཇི་བཞིན་དཀའ་ཐུབ་ཁུར་ཐོག་བློས། །ང་བདག་རྣམ་གཉིས་རྩད་གཅོད་ཐབས་བརྩོན་འཚལ། །ཅ་ཏིའི་རྩེར་བབས་འདབས་ཆགས་སྤུ་སྡུག་བཞིན། །ཆ་མཐུན་ལྟར་སྣང་མཛེས་ཙམ་མ་གཉེར་བར། །ཇ་སིག་ནོར་རྫས་ཙམ་བཞག་ཆོས་ལ་འབུངས། །ཉ་རུས་ཀུ་ཤར་འགོས་དགོས་གྲོགས་ངན་སྤོང་། །ཏ་ན་གྷ་ནའི་བརྡུལ་ཞུགས་འཚུན་དཀའ་བས། །ཐ་མལ་མིག་འབྲིད་འདུལ་བའི་སྤྱོད་ཚུལ་སློབས། །ད་དུས་སྔགས་སྤྱོད་ལམ་དུ་རྒྱུག་དཀའ་བའི། །ན་རས་སྒྲོ་སྐུར་མེད་པའི་སྤྱོད་ལམ་གལ། །པཱ་ལའི་གྲོགས་འགར་སྣ་ཐག་མ་ཤོར་ལ། །ཕ་མའི་དྲིན་ལན་ད་རེས་འཁོར་ཐབས་སོམ། །བཱ་ལའི་བཟའ་བ་མྱོང་བྱེད་བཏུང་བ་ཟུང་། །མ་དག་ཟས་ཡིན་བག་མེད་མི་སྤྱོད་གལ། །ཙ་རྒྱུའི་བཟའ་བཏུང་ཉེས་བྲལ་ཁོ་ན་རྡེན། །ཚ་གྲང་ཅུང་ཟད་མི་བཟོད་བསྲན་ཆུང་དང་། །ཛ་ར་སྔ་ཕྱིའི་དགའ་སྡུག་སྙོམ་ལ་སློབ། །ཝ་ལྟར་རུ་བས་གལ་རུ་ཟིན་དགོས་གཟོབ། །ཞ་རེངས་ཇི་བཞིན་མལ་ས་མནན་གྱུར་ན། །ཟ་འདྲེ་རྒྱུ་ལྟའི་རྒྱུག་མདུར་ཇེ་ཉུང་འགྱུར། །འ་ཇུར་ལས་ཀྱིས་རང་སེམས་མ་ལྷོངས་དང་། །ཡ་རབས་སྤྱོད་ཚུལ་ཞི་དེས་དུལ་བ་འབྱུང་། །རཱ་རྨིག་གོ་ས་འཕྱུགས་པ་མེད་མཛོད་དང་། །ལ་ལ་ཙམ་མིན་སུས་ཀྱང་བརྙས་སྨོད་ཉུང་། །ཤ་ཚའི་གྲོགས་ཀྱི་ཁ་ལ་རྟག་ཉོན་དང་། །ས་ཆ་གང་དུ་བསྡད་ཀྱང་ཉམས་ཉེས་མེད། །ཧ་ཅང་མཐུན་ཆེས་འཁོན་ཆེས་མཐའ་སྤོངས་དང་། །ཨ་དོན་ཆགས་སྡང་བྲལ་བཞིན་མཛའ་མཐུན་རྟག །ཨ་རོགས་ཁྱོད་ཀྱིས་སྣ་ཐག་མགོར་དཀྲིས་ལ། །ཨ་ཏིའི་རྒྱལ་ས་འཇིགས་མེད་ཟིན་པར་མཛོད། ཅེས་པའང་དཔལ་ལག་ན་རྡོ་རྗེས་བོ་ཆུང་པདྨ་དྲི་མེད་ལ་གདམས་པའོ། །ཨེ་མ་ཧོ། སྐྱབས་ཀུན་འདུས་ཀྱི་ངོ་བོ་རྡོ་རྗེས་འཆང་། །མཚན་བརྗོད་ན་མཁྱེན་བརྩེའི་འོད་ཟེར་ཞེས། །དུས་ད་ལྟ་སྙིང་དབུས་ཆུ་སྐྱེས་དལ། །ཡོངས་བཞད་པའི་རྟེན་དུ་གང་ཁྱོད་ཤར། །བདག་སྔོན་ནས་ལུགས་ཟུང་དཔལ་ཐོབ་པའི། །ཆོས་འཇིག་རྟེན་འཛོམས་ས་མ་ལེགས་ཀྱང་། །དཔལ་ཡོན་ཏན་ཀུན་ལྡན་དམ་པའི་མགོན་པའི། །སྐྱབས་རྣམ་པ་ཉི་ཤུའི་གྲངས་ལྡན་པ། །དེ་ཀུན་གྱི་སྤྱི་གཞི་བླ་ན་མེད། །ཕ་བླ་མ་ནམ་མཁའི་རྣལ་འབྱོར་མཆོག །མི་བདག་གི་སྐྱབས་སུ་ཐོབ་ཕྱིན་ནས། །རྫས་ཡིད་བཞིན་དབང་མཆོག་རྙེད་ལས་འཕགས། །དོན་དེ་ཕྱིར་ན་བསམ་དགུ་འགྲུབ་དེའི་ཕྱིར། །ཅི་ཕྱོད་རང་གི་སྔོན་ལས་མ་ཡིན་ནམ། །ཞེས་ཚོམ་གྱུར་ན་དེ་ཡང་བདེན་མོད་དེ། །ཅི་ང་རང་གི་སྔོན་སྨོན་མཐུ་བཙན་པས། །རྗེ་དམ་པ་དེ་བླ་མ་རྙེད་ནས་སླར། །ཚེ་འདི་ཕྱི་ཟུང་འགྱོད་པས་མ་བཅིངས། །དོན་དེ་ཕྱིར་ན་རིགས་བདག་བླ་མ་དེ། །གནས་སྤྱི་གཙུག་གི་རྒྱན་དུ་ལེགས་བཀོད་ནས། །བུ་ཁྱོད་རང་ལ་བརྩེ་བའི་ལུང་འདི་རྨེད། །སྤྱིར་ཁྱོད་རང་གི་ཉེ་རུ་ལྟོས་བཅས་སོགས། །དུས་རེ་ཞིག་ལ་དགའ་སྐྱོའི་མངོན་རྟོགས་ཟུང་། །ཡུན་མ་ངེས་པ་ངོམ་པའི་རྟེན་འབྱུང་དང་། །ཉེ་སྐུ་སྲོག་ལ་ཉེར་འཚེ་མ་ཡིན་ཀྱང་། །སྙེལ་ཅུང་ཟད་ཅིག་འབྱུང་ངམ་འཕྱང་མོ་ཉུགས། །ཡང་ན་ནི་ཟློ་གཞི་གསར་རྙིང་གིས། །ཚོས་ཅུང་ཟད་ཅིག་བཤོལ་ན་གེགས་སུ་ཆེ། །དོན་དེ་ཕྱིར་ན་དེ་ལ་སྒྲིམ་པ་གནད། །ལར་ཁྱོད་རང་ནི་རབ་ཀྱིས་གཉན་པ་དང་། །གནས་དགོན་དང་རི་འགྲམས་ལ་སོགས། །རོ་སྙོམས་ཀྱི་སྤྱོད་པ་བྱེད་ནུས་སམ། །འབྲིང་དུ་ན་རི་བྲག་གངས་ནགས་ཀྱི། །དབེན་པ་ལ་ལེ་གསུམ་སྡོད་པ་འམ། །ཐ་མའང་རང་ཡུལ་བློས་བཏང་ནས། །གནས་སྐོར་རམ་སྒྲུབ་ཚུགས་ཟིན་གེས་ན། །ཆོས་ཉིད་ཀྱི་རང་ཞལ་འཇལ་ངེས་དང་། །བསྟན་འགྲོ་ཡི་ཕན་བདེའི་བྱེད་པོ་རུ། །འགྱུར་བ་ལ་ཐེ་ཚོམ་མི་དགོས་ཞེས། །འཇིགས་མེད་ཀྱི་མགོན་དེས་དེ་སྐད་གསུངས། །གསུངས་པ་བཞིན་ཡོངས་ལ་ཕན་ནུས་ཤོག །ཚིག་དེ་སྐད་ཅེས་སྨྲ་མཁན་བྱ་བྲལ་བ། །ཕ་བླ་མ་ཡི་བུ་གཅེས་དེས་བྲིས་དགོས། །ཀུན་བླ་མ་ཡི་དམ་ཚིག་ལ་གནས་ཤོག །ཅེས་པའང་རིག་འཛིན་ལག་ན་རྡོ་རྗེས་རབ་བྱུང་བཅུ་བཞི་པའི་སྦྲུལ་གྱི་ཟླ་༩ཚེས་༡༡ལ་སློབ་བུ་པད་མ་དྲི་མེད་ལ་གསུངས་པ་སརྦ་ཛ་ཡན་ཏུ།


previousསློབ་བུ་པད་མ་དྲི་མེད་ལ་གསུངས་པ།next