གསུམ་པ་དེ་ལ་རྩོད་པ་སྤོང་བ།
གསུམ་པ་དེ་ལ་རྩོད་པ་སྤོང་བ་ལ།
ཡོད་པ་དང་མེད་པ་གཉིས་ཆོས་ཅན། འགལ་བ་ཡིན་པར་ཐལ། ཐ་དད་ཅིང་གཞི་མཐུན་མི་སྲིད་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། ཡོད་པ་དང་མེད་པ་གཉིས་ཆོས་ཅན། ཐ་དད་ཅིང་གཞི་མཐུན་མི་སྲིད་པ་ཡིན་པར་ཐལ། ཐ་དད་གང་ཞིག གཞི་མཐུན་མི་སྲིད་པའི་ཕྱིར་ཟེར་ན། རྟགས་དང་པོ་མ་གྲུབ་སྟེ། དེ་གཉིས་སོ་སོ་བའི་ཆོས་མ་ཡིན་པའི་ཕྱིར། མ་གྲུབ་ན། ཡོད་པ་དང་མེད་པ་གཉིས་ཆོས་ཅན། སོ་སོ་བའི་ཆོས་མ་ཡིན་པར་ཐལ། ཆོས་མ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། དུ་བ་ཆོས་ཅན། རྟེན་བྱུང་འབྲེལ་ཡིན་པར་ཐལ། མེ་དང་རྟེན་བྱུང་འབྲེལ་ཡིན་པའི་ཕྱིར། མ་ཁྱབ་ན། འོ་ན་དུ་བ་ཆོས་ཅན། རྟེན་འབྲེལ་མ་ཡིན་པར་ཐལ། རྟེན་བྱུང་འབྲེལ་མ་ཡིན་པའི་ཕྱིར། རྟགས་ཁས་ཟེར་ན། ཅུང་ཟད་དཔྱད་རྒྱུ་སྣང༌། ཁ་ཅིག་ན་རེ། མི་རྟག་པ་ཆོས་ཅན། བུམ་པ་དང་བདག་གཅིག་འབྲེལ་ཡིན་པར་ཐལ། བུམ་པ་དང་བདག་ཉིད་གཅིག་པའི་སྒོ་ནས་ཐ་དད་ཡིན་པའི་ཕྱིར་ན་ཁ་ཅིག་མ་ཁྱབ་ཟེར། མ་གྲུབ་ན། མི་རྟག་པ་ཆོས་ཅན། བུམ་པ་དང་བདག་ཉིད་གཅིག་གི་སྒོ་ནས་ཐ་དད་ཡིན་པར་ཐལ། བུམ་པ་དང་བདག་ཉིད་གཅིག་ཡིན་པ་གང་ཞིག ཐ་དད་ཡིན་པའི་ཕྱིར། རྟགས་རེ་རེ་ནས་གྲུབ་སྟེ། བུམ་པའི་སྤྱི་ཡིན་པའི་ཕྱིར་ན་མ་ཁྱབ་སྙམ། ། རྩ་བར་འདོད་ན། མི་རྟག་པ་ཆོས་ཅན། བུམ་པ་དང་བདག་གཅིག་འབྲེལ་མ་ཡིན་པར་ཐལ། བུམ་པ་མེད་ན་ཁྱོད་མེད་པས་མ་ཁྱབ་པའི་ཕྱིར། ཁ་ཅིག་ན་རེ། བུམ་པ་ཆོས་ཅན། ཁྱོད་ཡང་ཡིན་བུམ་པ་ཡིན་པའི་གཞི་མཐུན་པ་ཡོད་པར་ཐལ། ཁྱོད་བུམ་པ་དང་མི་འགལ་བ་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་ན། བུམ་པ་དང་བུམ་པ་གཉིས་ཆོས་ཅན། ཁྱོད་ཀྱི་གཞི་མཐུན་མེད་པར་ཐལ། ཁྱོད་གཅིག་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་བ་ཡོད་པར་ཐལ། ཆོས་དེ་གཉིས་ཀྱི་གཞི་མཐུན་འཇོག་པ་ལ་ཆོས་དེ་གཉིས་ཐ་དད་ཡིན་དགོས་པའི་ཕྱིར་རོ།། །།