Nitartha Digital Library
Tibetan
གསུང་འབུམ་པོད་བདུན་པ། དྲང་ངེས་སོགས།

9 occurrences of ཀུན་གཞི་རྣམ་ཤེས་
[Clear Hits]


collapse section
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
 
  
  
གཉིས་པ་ཐལ་འགྱུར་བའི་ལུགས་ཀྱི་དྲང་ངེས་བཤད་པ།
  
  
  
  
  
 
  
  
  
  
  
  
  
 
  
  
 
  
  
  
  
  
  
  
  
 
  
  
  
 expand section
  
  
 expand section


9 occurrences of ཀུན་གཞི་རྣམ་ཤེས་
[Clear Hits]

 
previousགཉིས་པ་ཐལ་འགྱུར་བའི་ལུགས་ཀྱི་དྲང་ངེས་བཤད་པ།next

གཉིས་པ་ཐལ་འགྱུར་བའི་ལུགས་ཀྱི་དྲང་ངེས་བཤད་པ།

གཉིས་པ་ཐལ་འགྱུར་བའི་ལུགས་ཀྱི་དྲང་ངེས་བཤད་པ་ལ།

རང་སྟོང་སྨྲ་བའི་ཐལ་འགྱུར་བའི་སློབ་དཔོན་སངས་རྒྱས་བསྐྱངས་དང་དཔལ་ལྡན་ཟླ་བ་གྲགས་པ་སོགས་ཡིན་ལ། ཐལ་འགྱུར་བའི་མཚན་ཉིད་ནི། རང་རྒྱུད་ཀྱི་རྟགས་ཁས་མི་ལེན་པར་ཐལ་འགྱུར་ཙམ་གྱིས་གཞན་གྱི་ལོག་རྟོག་འགོག་པའི་དབུ་མ་རང་སྟོང་བ་དེ་ཡིན་ཏེ། བསྟན་པ་སྤྱི་འགྲེལ་གྱི་རྣམ་བཤད་ལས། རང་ལུགས་ལ་རང་རྒྱུད་ཀྱི་རྟགས་ཁས་མི་ལེན་པར་ཐལ་འགྱུར་ཙམ་གྱིས་གཞན་གྱི་ལོག་རྟོག་འགོག་པའི་དབུ་མ་པ་ནི། དབུ་མ་ཐལ་འགྱུར་པ། ཞེས་གསུངས་པས་ཤེས་ནུས་སོ། །ཉ་ཊཱིཀ་ཡིད་ཀྱི་མུན་སེལ་ལས། ཐལ་འགྱུར་བའི་མཚན་ཉིད། གང་ཞིགརང་ལུགས་ལ་རང་རྒྱུད་ཀྱི་སྦྱོར་ངག་མི་འགོད་པར་ཐལ་འགྱུར་ཡང་དག་གིས་དངོས་སྨྲ་འགོག་པའོ། །ཞེས་གསུངས་སོ། །གོང་གི་བསྟན་པ་སྤྱི་འགྲེལ་གྱི་རྣམ་བཤད་ལས་བཤད་པ་དེ་འཁོར་ལོ་བར་བའི་དགོངས་པ་བཀྲལ་ཚུལ་གྱི་སྐབས་ཡིན་པས་དེའི་སྐབས་སུ་ཐལ་འགྱུར་བ་ཞེས་བཤད་པ་དེ་འཁོར་ལོ་བར་བའི་རྗེས་འབྲང་གི་ཐལ་འགྱུར་བ་ཡིན་པ་དང༌། ཐལ་འགྱུར་ཙམ་གྱིས་ཞེས་ཙམ་སྒྲ་སྨོས་པས་ཟླ་གྲགས་ཀྱི་ལུགས་ཡིན་པར་གསལ་ཏེ། རང་གཞུང་དུ་མར་སྦྱོར་ངག་གམ་རྟགས་ཚིག་དུ་མ་བཀོད་ནས་ཐལ་འགྱུར་ཙམ་གྱིས་བསྒྲུབ་བྱ་རྟོགས་ནུས་པར་མ་གསུངས་པས་རང་ལུགས་ཐལ་འགྱུར་བ་མ་ཡིན་ནོ། །ཉ་ཊཱིཀ་གི་སྐབས་སུ་མཚན་ཉིད་བཞག་པ་ཡང་དེའི་དབང་དུ་བྱས་པ་ཡིན་སྙམ་ཏེ། སྐབས་དེར་མཁས་པ་སྤྱི་ལ་གཞན་སྟོང་དབུ་མའི་བཤད་པའི་ཐ་སྙད་ཆེར་མ་དར་བས་ཐུན་མོང་གི་བཤད་པ་དང་མཐུན་ཙམ་མཛད་པ་མང་དུ་མཆིས་སོ། །ཉ་ཊཱིཀ་གི་ཡེ་ཤེས་ཚོགས་ཀྱི་སྐབས་སུ་སྟོང་ཉིད་ཟབ་མོ་འདི་དག་མདོ་དང་བསྟན་བཅོས་དུ་མ་ལས་བཤད་ཚུལ་ཤེས་ཤིང་བྲི་བར་རིགས་ཀྱང༌། མངས་བས་འཇིགས་པ་དང༌། འདིར་རང་སྟོང་བའི་ལུགས་ཉིད་ལ་མོས་པའི་དབང་དུ་བྱས་ནས་ཆ་ཙམ་བསྟན་ནོ། །ཞེས་གསུངས་པ་སོགས་ཀྱི་ཚིག་ཉམས་ལ་རང་སྟོང་བའི་དབང་དུ་བྱས་པ་ཡོད་པས་དབུ་མ་པའི་དབྱེ་བ་ལ་གཞན་སྟོང་བ་མ་བཞག་པ་འདྲའོ། །དབུ་མ་པ་ལ་རང་སྟོང་བར་གྱུར་བའི་ཐལ་རང་ཙམ་བཞག་པ་གསུམ་ལྡན་མར་བཅད་ཀྱི་ལུགས་ཡིན་ཏེ། བཀའ་བསྡུ་བཞི་བ་ལས། དབུ་མ་པ་ནི་རང་རྒྱུད་ཐལ་འགྱུར་ཞེས། །འབྱེད་པ་དབུ་མའི་དབྱེ་བར་མི་རུང་སྟེ། དེ་བཞིན་ཉིད་ཀྱི་དབྱེ་བར་མི་རུང་ཕྱིར། །དེ་འདྲ་རྫོགས་ལྡན་གཞུང་དུ་མ་གསུངས་ཀྱང༌། །གསུམ་ལྡན་མར་བཅད་སྐྱོན་ཅན་གཞུང་དུ་འབྱུང༌། །ཞེས་སོགས་ཀྱིས་སྐབས་སུ་དབུ་མ་པ་དང་དབུ་མའི་དབྱེ་བ་འཇོག་ཚུལ་ལ་དགག་བཞག་གནང་བ་ཡིན་པས་དབུ་མའི་དབྱེ་བ་ལ་རང་རྒྱུད་པ་དང་ཐལ་འགྱུར་བ་ཞེས་འདོད་པ་གསུམ་ལྡན་མར་བཅད་ཀྱི་ལུགས་ཡིན་པར་གསུངས་པ་དང༌། ཁྱད་པར་དུ་རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་གི་སྐབས་མང་པོར་ཐལ་རང་གཉིས་རང་སྟོང་བར་བཞག་ཡོད་པས་གཞན་སྟོང་དབུ་མ་པ་ཐལ་རང་གང་ཡང་མ་ཡིན་པའི་མཐའ་བྲལ་དབུ་མ་གཞན་སྟོང་བ་ཡིན་པར་སྨྲ་ན་ཆོག་གོ། །སྤྱིར་ཐལ་འགྱུར་བ་དང་རང་རྒྱུད་པའི་ཐ་སྙད་བོད་འདིར་དངོས་སུ་བྱུང་བ་ཡིན་ལ། བོད་འདིར་ཆོས་རྗེ་ཀུན་མཁྱེན་དོལ་པོ་པའི་སྔ་རོལ་དུ་གཞན་སྟོང་གི་བཤད་པ་རྒྱ་ཆེར་མ་དར་བས་གཞན་སྟོང་དབུ་མ་པ་དེ་ཐལ་རང་གང་ཡིན་རྩོད་པ་མེད་སྙམ། མདོ་ལས། འོད་སྲུང་གང་སྟོང་བ་ཉིད་ཁོ་ནར་ལྟ་བ་དེ་ནི་གསོ་མི་རུང་ངོ། །ཞེས་དང༌། རྩ་ཤེས་ལས། སྟོང་བ་ཉིད་ལ་ལྟ་ཉེས་ན། །ཤེས་རབ་ཆུང་ལྡན་ཕུང་བར་འགྱུར། །ཞེས་གསུངས་པ་ལྟར་རྗེས་སུ་སྤྲོས་བྲལ་གྱི་བདེན་པར་ཡོད་པ་བློ་ལ་མ་ཤོང་བ་རྣམས་ཀྱིས་གཞན་སྟོང་དབུ་མ་པ་དབུ་མ་པ་ཡིན་པར་འཇོག་མ་ཤེས་ལ། བོད་ཀྱི་ཆོས་བརྒྱུད་སོ་སོའི་ནང་ན་གཞན་སྟོང་དབུ་མ་སྨྲ་མཁན་མང་དུ་བྱུང་ཡང་དེ་དག་གིས་གཞན་སྟོང་བ་ཐལ་རང་གང་ཡིན་དང་དབུ་མ་པ་ཡིན་ན་ཐལ་རང་གང་རུང་ཡིན་པས་ཁྱབ་པ་ཡོད་པར་མ་གསུངས། ལྷག་པར་རྗེ་བཙུན་སྒྲོལ་མགོན་གྱིས་ཐལ་རང་གཉིས་རང་སྟོང་གི་ཕྱོགས་སུ་མཛད་དོ། ། སྤྱིར་དོན་མ་ནོར་ན་ཚིག་ལ་ཁྱད་མེད་པས་གཞན་སྟོང་བ་ཐལ་འགྱུར་བ་བཞག་པར་མོས་ན་ཡང་འགལ་བ་ཆེར་མེད་སྙམ་སྟེ། དབུ་མ་ཡིད་བཞིན་ནོར་བུ་ལས། སྤྲོས་པའི་ཆོས་སྐད་རྣམ་པ་སྣ་ཚོགས་རྣམས། །ལུང་རིགས་གཉིས་དང་མཐུན་ན་གང་དགར་གྱིས། །ཞེས་གསུངས་པ་ལྟར་ཡིན་ནོ། །དེས་ན་རང་རྒྱུད་པ་དང་ཐལ་འགྱུར་བའི་ཁྱད་པར་ནི། དབུ་མ་རང་སྟོང་བ་གང་ཞིག་རང་རྒྱུད་ཀྱི་སྦྱོར་ངག་ཡང་དག་ཁས་ལེན་མི་ལེན་དང༌། རང་གི་མཚན་ཉིད་ཀྱིས་གྲུབ་པ་ཐ་སྙད་དུ་ཁས་ལེན་མི་ལེན་དང༌། རྩོད་པའི་ཚེ་ཁས་ལེན་ཡོད་མེད་ཀྱིས་འཇོག་དགོས་ཏེ། རང་རྒྱུད་པའི་ལུགས་ལ་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཁས་ལེན་པ་སོགས་སྔར་བཀོད་པའི་ཤེས་རབ་སྒྲོན་མེ་དང་དབུ་མ་སྣང་བས་གྲུབ་པ་གང་ཞིག ཐལ་འགྱུར་བའི་ལུགས་ལ་བསྟན་པ་སྤྱི་འགྲེལ་གྱི་རྣམ་བཤད་ལས། བོད་ཀྱི་མཁས་པ་སྔ་མ་མང་པོས། དབུ་མ་ཚིག་གསལ་ལས། དབུ་མ་བ་ཡིན་ན་ནི་རང་གི་རྒྱུད་ཀྱི་རྗེས་སུ་དཔག་པར་འདོད་པ་མ་ཡིན་ཏེ། ཕྱོགས་གཞན་ཁས་བླངས་པ་མེད་པའི་ཕྱིར་རོ། །ཞེས་པ་དང༌། ཐལ་འགྱུར་ཙམ་གྱིས་དངོས་པོ་སྨྲ་བའི་ལོག་རྟོག་འགོག་པར་ཀླུ་སྒྲུབ་བཞེད་ཅེས་ཟླ་གྲགས་གསུངས་པ་ལ་བརྟེན་ནས་དབུ་མ་བ་ལ་ཐལ་འགྱུར་བ་དང་རང་རྒྱུད་པ་གཉིས་སུ་འབྱེད་ཅིང༌། ཞེས་དང༌། གཞན་སྟོང་སྙིང་པོ་ལས། ཁྱད་པར་ཐལ་འགྱུར་བ་རྣམས་ནི་གྲུབ་མཐའི་རྣམ་བཞག་འཇོག་བཞིན་དུ་གཞན་གྱི་རྩོད་པ་ལ་འཛེམ་པའི་ཕྱིར་གང་ཡང་ཁས་མི་ལེན་པ་དང༌། ངེས་ཤེས་མ་སྐྱེས་ཀྱང་ལོག་རྟོག་ཟློག་པར་འདོད་པ་སོགས་འཁྲུལ་བ་ཡིན་ལ། གཟུང་འཛིན་གྱིས་བསྡུས་པའི་ཆོས་ཐམས་ཅད་བདེན་པར་མེད་པ་དང༌། བདེན་མེད་ཙམ་དེ་ཡང་བདེན་པར་མ་གྲུབ་པ་སོགས་ནི་མ་ནོར་བ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །རང་ལུགས་ལ་གང་ཡང་ཁས་མི་ལེན་པའི་དོན་ཞིབ་ཏུ་དཔྱད་པར་བྱའོ། །ཁས་མི་ལེན་པའི་དོན་ཀློང་ཆེན་པས་གཤིས་ལ་ཁས་མི་ལེན་པ་སོགས་ཞིབ་པར་ཡིད་བཞིན་མཛོད་འགྲེལ་ལས། སྐྱོན་གཉིས་པོ་ཁས་བླངས་མ་བླངས་གང་ལའང་ཡོད་པས། ཕྱོགས་གཅིག་ཏུ་ངེས་པའི་དམ་བཅའ་མ་ཡིན་པའི་འདིར་འདི་ལྟར་གོ་བར་བྱ་སྟེ། ཁས་ལེན་མི་ལེན་ཀུན་རྫོབ་ཀྱི་བདེན་པ་ལ་ཡོད་ཀྱི་དབུ་མ་ཐལ་འགྱུར་བ་ལ་དོན་དམ་དུ་ཁས་ལེན་མི་ལེན་གྱི་དཔྱད་ར་མེད་པས་ན་རེ་ཞིག་ཀུན་རྫོབ་ཐ་སྙད་དུ་སྐབས་ཀྱི་དབྱེ་བས་ཁས་ལེན་པ་དང་མི་ལེན་པ་གཉིས་སུ་གོ་བར་བྱའོ། །དེའང་རྩོད་པ་དང༌། དོན་དམ་ཡུལ་དུ་བྱེད་ཚེ་སྣང་བ་གང་ཡང་རང་བཞིན་མེད་པས་གཤིས་ལ་ཡོད་པར་ཁས་ལེན་མེད་པའི་ཕྱིར། ཁས་བླང་བར་བྱ་བ་མ་ཡིན་ནོ། །རྗེས་ཐོབ་པ་ཐ་སྙད་ཡུལ་དུ་བྱེད་དུས་གསུང་རབ་ལས་བཤད་པ་ལྟར་རྣམ་དབྱེ་དང་བཅས་པ་རྨི་ལམ་སྒྱུ་མའི་གྲུབ་མཐའ་ཙམ་དུ་ཤེས་ནས་རང་གིས་ཀྱང་དཔྱད་དེ་བསམ་ཞིང༌། གཞན་ལའང་བསྟན་པས་བླང་དོར་གྱི་དམིགས་ཕྱེད་ནས་ལམ་དབུ་མ་ཚོགས་གཉིས་ལ་ཞུགས་ཏེ། འབྲས་བུ་སྐུ་གཉིས་འགྲུབ་པའི་དགོས་པ་ཡོད་དོ། ། ཞེས་གསུངས་སོ། །སྤྱིར་ཟླ་བས་ཁས་ལེན་ཡོད་པའི་སྐབས་ཡོད་པར་གསུངས་ཏེ། ཚིག་གསལ་ལས། ཆུ་འདོད་པས་སྣོད་ལྟར་ཐོག་མར་ཀུན་རྫོབ་ཀྱི་བདེན་པ་ནི་གདོན་མི་ཟ་བར་ཁས་བླང་བར་བྱའོ། །ཞེས་དང༌། འཇུག་འགྲེལ་ལས། ཕྱོགས་འདི་ནི་མཁས་པ་དག་གིས་སྐྱོན་མེད་ཅིང་ཡོན་ཏན་དང་ལྡན་པའོ་སྙམ་དུ་བསམས་ཏེ། གདོན་མི་ཟ་བར་ཁས་བླང་བར་བྱའོ། །ཞེས་གསུངས་སོ། །ཐལ་རང་གི་ཁྱད་པར་དེ་དག་ལས་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཚད་ནི། ཇི་འདྲ་ཞིག་ཏུ་བཟུང་ན་རང་གི་མཚན་ཉིད་ཀྱིས་གྲུབ་པར་བཟུང་བ་ཡིན་ཞེ་ན། འདི་ལ་ཐོག་མར་གྲུབ་མཐའ་སྨྲ་བའི་ལུགས་བརྗོད་པར་བྱ་སྟེ་གང་ཟག་འདིས་ལས་འདི་བྱས། །འབྲས་བུ་འདི་མྱོང་ཞེས་པའི་ཐ་སྙད་བཏགས་པ་ལ་རང་གི་ཕུང་པོ་འདི་ཉིད་གང་ཟག་ཡིན་ནམ་འོན་ཏེ་དེ་དག་ལས་དོན་གཞན་ཞེས་གང་ཟག་གི་ཐ་སྙད་བཏགས་པ་དེའི་དོན་བཙལ་ཏེ། དོན་གཅིག་པ་ལ་དོན་ཐ་དད་ལ་སོགས་པའི་ཕྱོགས་གང་རུང་ཞིག་རྙེད་ནས་གང་ཟག་དེ་འཇོག་ས་བྱུང་ན་ལས་གསོག་པ་པོ་ལ་སོགས་པར་འཇོག་ནུས་ལ། མ་རྙེད་ན་འཇོག་མི་ནུས་པས་གང་ཟག་གི་ཐ་སྙད་བཏགས་པ་ཙམ་གྱིས་མི་ཚིམ་པར་དེའི་ཐ་སྙད་གང་ལ་བཏགས་པའི་བཏགས་གཞི་དེ་ཇི་ལྟར་ཡིན་དཔྱད་ཅིང་བཙལ་ནས་འཇོག་ན་གང་ཟག་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཇོག་པ་ཡིན་ཏེ། རང་སྡེ་དུ་མས་དེ་ལྟར་འདོད་དོ། ། གཞན་སྟོང་རང་ལུགས་ལ་ཡང་མདོར་ན་རྟོག་པས་བཏགས་པ་མ་ཡིན་པའི་ཆོས་ཞིག་ཡོད་ན་དེ་ནི་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཡིན་ནོ། །དེ་ཡིན་ན་རང་ངོས་ནས་གྲུབ་པ་དང་རང་བཞིན་གྱིས་གྲུབ་པ་དང་བདེན་པར་གྲུབ་པ་ཡིན་མི་དགོས་པ་ཤེས་པར་བྱའོ། །སྐབས་ཐོབ་ཀྱིས་གོ་བ་མི་འདྲ་བ་ནི། ཉེ་བར་འཁོར་གྱི་ཞུས་པའི་མདོ་ལས། གང་དག་རལ་གྲི་འདའ་ཆེན་མཚོན་འབྱིན་པའི། །གནོད་པ་བྱེད་པ་ཡོད་པ་མ་ཡིན་ཏེ། །རྟོག་པའི་དབང་གིས་ངན་སོང་དེ་དག་ན། །ལུས་ལ་འབབ་མཐོང་དེ་ན་མཚོན་ཆ་མེད། །སྣ་ཚོགས་ཡིད་དགའ་མེ་ཏོག་ཁ་བྱེ་ཞིང༌། །གསེར་གྱི་ཁང་མཆོག་འབར་བ་ཡིད་འོང་བ། །འདི་ན་དེ་ལའང་བྱེད་པ་འགའ་མེད་དེ། །དེ་དག་རྟོག་པའི་དབང་གིས་བཞག་པ་ཡིན། །རྟོག་པའི་དབང་གིས་འཇིག་རྟེན་རྣམ་བརྟགས་ཏེ། །ཞེས་དང༌། རིགས་པ་དྲུག་ཅུ་པ་ལས། འཇིག་རྟེན་མ་རིག་རྐྱེན་ཅན་དུ། །གང་ཕྱིར་སངས་རྒྱས་རྣམས་གསུངས་པ། །འདི་ཡི་ཕྱིར་ན་འཇིག་རྟེན་འདི། །རྣམ་རྟོག་ཡིན་ཞེས་ཅིས་མི་འཐད། །ཅེས་གསུངས་པ་ལྟར་ཀུན་རྫོབ་ཀྱི་ཆོས་ཀུན་རྣམ་རྟོག་གིས་བཞག་པ་ཡིན་ཞེས་པའི་སྐབས་སུ་རྣམ་རྟོག་གིས་སྤྱོད་ཡུལ་ལམ་རྣམ་ཤེས་ཀྱིས་བཞག་པ་ལས་གནས་ལུགས་ལ་མ་གྲུབ་པར་གོ་དགོས། ཀུན་བཏགས་རྣམས་རྟོག་པས་བཏགས་པ་ཡིན་ཞེས་པས་སྐབས་སུ་རང་གི་མཚན་ཉིད་ཀྱིས་གྲུབ་པ་གཅོད་པ་ཡིན་ཏེ། དགོངས་འགྲེལ་ལས། མིང་དང་བརྡས་རྣམ་པར་བཞག་པ་ཡིན་གྱི་རང་གི་མཚན་ཉིད་ཀྱིས་རྣམ་པར་གནས་པ་མ་ཡིན་པས་དེའི་ཕྱིར་དེ་ནི་མཚན་ཉིད་ངོ་བོ་ཉིད་མེད་པ་ཅེས་བྱའོ། །ཞེས་གསུངས་སོ། །དངོས་མེད་ཀྱིས་ཆོས་རྣམས་རྟོག་པའི་བཏགས་ཙམ་ཡིན་ཞེས་པས་རང་གི་མཚན་ཉིད་ཀྱིས་གྲུབ་པ་དང་དོན་བྱེད་ནུས་པ་ཡིན་པར་སེལ་བ་ཡིན་ཏེ། རང་ལུགས་ལ་ཐེག་མཆོག་དབུ་མར་དངོས་པོ་ལ་རྫས་ཡོད་ཀྱི་དངོས་པོ་དང་བཏགས་ཡོད་ཀྱི་དངོས་པོ་གཉིས་ཡོད་ལ། བཏགས་ཡོད་ཀྱི་དངོས་པོ་རྣམས་བཏགས་ཡོད་ཡིན་ཀྱང་བཏགས་ཡོད་འབའ་ཞིག་པ་མ་ཡིན་ལ། བཏགས་ཡོད་འབའ་ཞིག་པ་ནི་དངོས་མེད་རྣམས་ཡིན་པས་རྟོག་པས་བཏགས་ཙམ་ལ་དངོས་མེད་རྣམས་བཞག་པ་ཡིན་ནོ། །རྟོག་གེའི་གཞུང་ནས་དོན་བྱེད་ནུས་པ་ཁོ་ན་ལ་རང་མཚན་དང༌། མངོན་པའི་མདོ་ལ་སོགས་པར་གཞན་དང་ཐུན་མོང་མ་ཡིན་པར་མཚོན་པ་མེའི་ཚ་བ་ལྟ་བུ་ལ་རང་གི་མཚན་ཉིད་དུ་བཤད་པ་དང༌། རང་གི་མཚན་ཉིད་ཀྱིས་གྲུབ་པའི་རང་མཚན་ནི་ཆེས་ཤིན་ཏུ་མི་འདྲའོ། །


previousགཉིས་པ་ཐལ་འགྱུར་བའི་ལུགས་ཀྱི་དྲང་ངེས་བཤད་པ།next