Nitartha Digital Library
Tibetan
 
previousདམིགས་པ་བཤད་པ། next

དམིགས་པ་བཤད་པ།

གཉིས་པ་དམིགས་པ་ལ་གསུམ་གྱི། དང་པོ་ནི། ཇི་སྐད་བཤད་པའི་ཞེས་སོ། །རྩ་བ་ལ་དངོས་དང་། ཞར་ལ་གཞན་གྱི་དམིགས་པ་དགག་པ་གཉིས་ཀྱི། དང་པོ་ལ་གསུམ། མདོར་བསྟན་པ། རྒྱས་པར་བཤད་པ། དབྱེ་བ་གསུམ་གྱི་དང་པོ་ནི། རྒྱལ་སྲས་རྣམས་ཀྱིས་མི་སློབ་པའི། །དངོས་དེ་གང་ཡང་ཡོད་མ་ཡིན། །ཞེས་པའི་ཚུལ་གྱིས་དམིགས་པས་ཆོས་རྣམས་ཐམས་ཅད་དེ་ཞེས་བྱའོ། །གཉིས་པ་ནི། དེ་ཡང་དགེ་ལ་སོགས་པ་ཡིན་ཅེས་ཏེ། ཅི་རིགས་པར་སྤང་བ་བླང་བ་དང་བཏང་སྙོམས་སུ་བྱ་བ་ཡིན་པས་སོ། །གསུམ་པ་ལ་དབྱེ་སྒོ་བཞི་སྟེ། ལམ་དང་མི་མཐུན་པས་དང་། གཉེན་པོ་དང་། བདེན་པ་དང་། འབྲས་བུའི་སྒོ་ནས་སྟེ། དེ་ཡང་ཚིག་རྐང་པ་གཉིས་དང་། གཅིག་དང་། གཅིག་དང་། ཡང་གཉིས་དང་གོ་རིམ་བཞིན་ནོ། །དེ་དག་ཀྱང་མདོ་ལས་རབ་འབྱོར་ཆོས་ཐམས་ཅད་ཅེས་བྱ་བ་ནི་དགེ་བ་དང་། མི་དགེ་བ་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། ཟག་བཅས་དང་། འདུས་བྱས་དང་། འདུས་མ་བྱས་དང་། ཁ་ན་མ་ཐོ་བ་མེད་པ་དང་། ཐུན་མོང་དང་ཐུན་མོང་མ་ཡིན་པ་དག་སྟེ། རབ་འབྱོར་དེ་དག་ནི་ཆོས་ཐམས་ཅད་ཅེས་བྱའོ་ཅེས་སོ། །གཉིས་པ་ལ་བཞི། དགག་པ་དངོས། ཞར་ལ་དམིགས་པ་དང་རིགས་ཀྱི་ཁྱད་པར་བསྟན་པའོ། །དང་པོ་ནི། ཉི་སྣང་གི་དགོངས་པ་འགྲེལ་ཆེན་དུ་བླངས་པ། གང་ཡང་ཆོས་ཀྱི་དབྱིངས་རྟག་ཏུ་རྣམ་པ་དག་པ་གཉིས་སུ་མེད་པའི་ཡེ་ཤེས་ནི་དམིགས་པ་ཡིན་སྙམ་དུ་སེམས་པ་དེ་དག་གིས་རྟག་ཏུ་རྣམ་པར་དག་པ་ཉིད་ཡིན་པའི་ཕྱིར་གོང་ནས་གོང་དུ་རྣམ་པར་དག་པ་ཁྱད་པར་དུ་འགྲོ་བ་ཇི་ལྟར་བརྗོད་པར་བྱ་ཞེས་སོ། །དོན་ནི་འདི་ཡིན་ཏེ། སེམས་ཙམ་པ་དག་རྗེས་ཐོབ་དག་པ་འཇིག་རྟེན་པའི་ཡེ་ཤེས་ནི། ཆོས་ཅན་གཞན་དབང་སྒྱུ་མ་ལྟ་བུ་ལ་དམིགས་པ་ཡིན་ལ། མཉམ་གཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་ཆོས་ཉིད་ཡོངས་གྲུབ་གཉིས་སུ་མེད་པའི་ཡེ་ཤེས་ཁོ་ན་ལ་དམིགས་སོ་ཞེས་ཟེར་རོ། །

དེ་ལྟར་ན་བྱང་ཆུབ་སེམས་དཔའི་ས་བཅུ་དག་ཏུ་སྒྲུབ་པ་སྔ་མ་ལས་ཕྱི་མ་མི་མཐུན་ཕྱོགས་སྤངས་པའི་སྒོ་ནས་དམིགས་པ་དག་པ་གོང་ནས་གོང་དུ་ཁྱད་པར་དུ་འགྲོར་མེད་པར་ཐལ། ཐམས་ཅད་ཀྱང་ཤིན་ཏུ་རྣམ་པར་དག་པའི་ཆོས་དབྱིངས་ཁོ་ན་ལ་དམིགས་པའི་ཕྱིར། འདོད་ན་སྒྲུབ་པ་བསྒོམ་པ་དོན་མེད་པར་འགྱུར་ཏེ། རྣལ་འབྱོར་པ་སྒྲུབ་པ་བསྒོམ་པ་ནི་དམིགས་པ་རྣམ་པར་དག་པའི་ཆེད་ཁོ་ན་ཡིན་པའི་ཕྱིར་རོ། །འདི་ལྟ། ཇི་སྲིད་དུ་རྣལ་འབྱོར་པའི་རྒྱུད་དམིགས་པ་ལ་བརྟེན་ནས་སྒྲིབ་གཉིས་ཀྱི་རྣམ་རྟོག་སྐྱེ་བ་དེ་སྲིད་དུ་ཕྱི་རོལ་དམིགས་པ་དང་རང་གི་རྒྱུ་གཉིས་ཀ་མ་དག་པ་ཡིན་ལ། གང་གི་ཚེ་རྣལ་འབྱོར་པའི་རྒྱུད་དམིགས་པ་ལ་བརྟེན་ནས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་རྣམ་རྟོག་ཅུང་ཟད་ཀྱང་མི་སྐྱེ་བ་དེའི་ཚེ་སྒྲིབ་གཉིས་སྤངས་ཤིང་དམིགས་པ་དག་པ་མཐར་ཐུག་པ་ཡིན་ནོ། །དེ་ཡང་ས་བཅུ་དག་ཏུ་སྒྲུབ་པ་བསྒོམས་པས་མི་མཐུན་ཕྱོགས་ཀྱི་དྲི་མ་རིམ་གྱི་སྤངས་ཏེ་དམིགས་པ་དག་པ་གོང་ནས་གོང་དུ་འགྱུར་པ་ལས་ཡིན་ནོ། །ཉེས་པ་དེ་སྤང་བར་འདོད་ནས་སྨྲསཔ། ཆུ་ཁམས་གསེར་དང་ནམ་མཁའ་བཞིན། །དག་པ་བཞིན་དུ་དག་པར་འདོད། །ཅེས་བྱ་བ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་དག་པ་ནི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཡིན་ནོ་ཞེས་གཉེན་པོའི་ཕྱོགས་ལ་མངོན་པར་ཞེན་པ་ཡིན་པའི་ཕྱིར་མི་མཐུན་པའི་ཕྱོགས་ལ་མངོན་པར་ཞེན་པ་དོན་གྱིས་འཕང་པ་ཡིན་ནོ། །དེ་བས་ན་མི་མཐུན་པ་དང་གཉེན་པོའི་ཕྱོགས་ཀྱི་རྣམ་པར་རྟོག་པ་སྤངས་པ་མེད་པས་ཕྱོགས་གཅིག་པའི་དག་པར་ཐལ་བར་འགྱུར་རོ་ཞེས་སོ། །དོན་ནི། དཔེར་ན། ཆུ་དང་ནམ་མཁའ་རང་བཞིན་གྱིས་དྭངས་ཤིང་དྲི་མ་མེད་པ་ཡིན་ན་ཡང་རྡུལ་དང་རྙོག་པ་སོགས་དང་བྲལ་ན་རྣམ་པར་དག་པའི་ཐ་སྙད་ཐོབ་པ་ལྟར། ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་ཡིན་ཡང་ཆོས་ཅན་དྲི་མས་དག་པ་ན་དེ་ཡང་རྣམ་པར་དག་པའི་ཐ་སྙད་བྱེད་པས་དག་པ་ཁྱད་པར་དུ་མི་འགྲོ་བའི་ཉེས་པ་མེད་དོ་ཞེ་ན། དེ་ལྟར་ན་ཤིན་ཏུ་རྣམ་པར་དག་པའི་གནས་སྐབས་ན་ཡང་དག་པ་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཡིན་ནོ་ཞེས་གཉེན་པོའི་ཕྱོགས་ལ་མངོན་ཞེན་མ་སྤངས་པར་འགྱུར་ཏེ། ཡུལ་དག་པ་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་བདེན་པར་ཡོད་པའི་ཕྱིར། ཁྱབ་སྟེ། ཡུལ་བདེན་པར་ཡོད་ན་དེ་ལ་བདེན་འཛིན་གྱི་བློ་སྤོང་བའི་ཐབས་མེད་པའི་ཕྱིར་རོ། །གཉེན་པོ་ལ་ཞེན་པ་ཡོད་ན་མི་མཐུན་ཕྱོགས་ལ་ཞེན་པ་ཡང་དོན་གྱིས་འཕེན་སྟེ། མི་མཐུན་ཕྱོགས་མེད་ན་གཉེན་པོའི་རྣམ་རྟོག་མི་འཇུག་པའི་ཕྱིར་རོ། །དེ་ལྟ་ན་ཁྱེད་ཀྱི་རྣམ་དག་ནི་དྲི་མ་ཕྱོགས་གཅིག་གིས་དག་པ་ཙམ་དུ་འགྱུར་ཏེ། མི་མཐུན་པ་དང་གཉེན་པོའི་ཕྱོགས་ཀྱི་རྣམ་རྟོག་མ་སྤངས་པའི་ཕྱིར་རོ། །གཉིས་པ་ནི། ཁྱེད་ཀྱི་ཕྱོགས་ལྟར་ན་ཡང་། རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དམིགས་པ་ནི་དངོས་པོ་མེད་པ་ཡིན་ནོ་ཞེས་བྱ་བས་དམིགས་པ་དག་པ་མཐར་ཐུག་པ་ཇི་ལྟར་ཡིན་ཞེ་ན། ཉེས་པ་མེད་དེ། གང་གི་ཕྱིར་རིགས་པའི་རྗེས་སུ་འགྲོ་བའི་དངོས་པོ་མེད་པ་ཡིན་པའི་ཕྱིར་ན་དངོས་པོ་མེད་པ་ནི་ཡང་དག་པའི་ཀུན་རྫོབ་ཡིན་པར་བརྗོད་ལ། དེ་ཁོ་ན་ཉིད་ཀྱི་རང་བཞིན་སྒྲིབ་པ་དེ་རིམ་གྱིས་སྒྲུ་མ་ལྟ་བུར་རྟོགས་པ་ཉིད་ནི་རྣམ་པར་དག་པ་ཡིན་ནོ་ཞེས་སོ། །དོན་ནི། ཁྱེད་ཀྱིས་ཀྱང་རྣམ་མཁྱེན་གྱི་དམིགས་པ་དངོས་པོ་མེད་པར་བཤད་པས་དངོས་པོ་མེད་པ་ལ་དྲི་མ་སྤང་དུ་མེད་པས་དམིགས་པ་དག་པ་ཁྱད་པར་དུ་མི་འགྱུར་བ་མཚུངས་སོ་ཞེ་ན། ཁོ་བོ་ཅག་གི་རྣམ་མཁྱེན་གྱི་དམིགས་པ་ནི་རིགས་པས་རྣམ་པར་དཔྱད་ན་བདེན་པའི་དངོས་པོ་མེད་པའི་རྟེན་འབྲེལ་སྒྱུ་མ་ལྟ་བུ་འདི་ཉིད་ཡིན་གྱི། དངོས་པོ་བཀག་པའི་དངོས་མེད་མ་ཡིན་ལ། ཇི་སྲིད་འདི་སྒྱུ་མ་ལྟ་བུར་མ་རྟོགས་པ་དེ་སྲིད་དུ་འདི་ལ་དམིགས་པའི་མངོན་ཞེན་སྐྱེ་བས་དམིགས་པ་མ་དག་པ་ཞེས་བྱ་ལ། གང་གི་ཚེ་འདི་ལ་མཐའ་གང་དུ་ཡང་མི་རྟོག་པ་སྒྱུ་མ་ལྟ་བུའི་བདག་ཉིད་དུ་སྣང་བའི་ཡེ་ཤེས་སྐྱེས་པ་དེའི་ཚེ་སྒྲོ་འདོགས་པ་དང་སྐུར་བ་འདེབས་པའི་རྣམ་རྟོག་མཐའ་དག་སླར་མི་སྐྱེ་བའི་ཚུལ་གྱིས་སྤངས་པ་ན་དམིགས་པ་དག་པ་མཐར་ཐུག་པ་ཞེས་བྱའོ། །གསུམ་པ་ནི། དེ་ལྟར་བྱས་ན་རང་བཞིན་གཙོ་བོར་གྱུར་པ་ནི་རིགས་ཡིན་པ་དང་། རྣམ་འགྱུར་གཙོ་བོར་གྱུར་པ་ནི་དམིགས་པ་ཡིན་ལ། གཉི་ག་ཡང་གཉི་ཀ་ཡིན་པ་བཀག་པ་མེད་དོ་ཞེས་བྱ་བ་ནི་རྟེན་དང་དམིགས་པའི་མཚན་ཉིད་ཀྱི་དབྱེ་བ་ཡིན་ནོ་ཞེས་སོ། །དོན་ནི་འདི་ཡིན་ཏེ། རིགས་ཀྱི་གནས་སྐབས་སུ་ནི་རང་བཞིན་ཆོས་དབྱིངས་གཙོ་བོ་ཡིན་ཏེ། རིགས་ནི་རྟེན་དང་རྒྱུས་རབ་ཏུ་ཕྱེ་བ་ཡིན་ལ། ཆོས་ཐམས་ཅད་ཀྱང་ཡང་དག་པར་ན་ཆོས་ཀྱི་དབྱིངས་ཀྱི་རྩ་བ་ཅན་དང་རྟེན་ཅན་དུ་འཐད་པས་སོ། །དམིགས་པའི་གནས་སྐབས་སུ་ནི་རྣམ་འགྱུར་ཀུན་རྫོབ་པ་ཉིད་གཙོ་བོ་ཡིན་ཏེ། འདི་ལྟར། མི་མཐུན་ཕྱོགས་ཀྱི་དམིགས་པ་གང་ཡིན་པ་དེ་ཉིད་གཉེན་པོའི་ཡང་དམིགས་པ་ཡིན་ཏེ། གཞི་ཐ་དད་པ་ལ་དམིགས་པ་ནི་སྤང་བྱ་དང་གཉེན་པོར་མི་རུང་བའི་ཕྱིར་རོ། །མི་མཐུན་ཕྱོགས་ཉོན་མོངས་དང་རྣམ་རྟོག་དག་ཀྱང་ཀུན་རྫོབ་ཁོ་ན་ལ་དམིགས་ནས་སྐྱེ་བར་མཐོང་སྟེ། དེའི་ཕྱིར་སྒྲུབ་པའི་དམིགས་པ་ཡང་ཀུན་རྫོབ་ཉིད་གཙོ་བོ་ཡིན་ནོ། །རྣམ་འགྱུར་ཆོས་ཅན་དང་ཡ་མ་བྲལ་བའི་ཆོས་དབྱིངས་སྒྲུབ་པའི་རྟེན་དང་རྒྱུ་ཡིན་པས་དེའི་ཕྱིར་རྣམ་འགྱུར་ཡང་རིགས་ཀྱི་ཁྱད་པར་ཡིན་པ་མ་བཀག་ལ། རང་བཞིན་སྟོང་པ་ཉིད་ཀྱི་ཁྱད་པར་དུ་བྱས་པའི་རྣམ་འགྱུར་ལ་དམིགས་པ་བྱས་པའི་སྒྲུབ་པས་སྒྲིབ་གཉིས་ཀྱི་མི་མཐུན་ཕྱོགས་སྤོང་བར་ནུས་ཀྱི་རྣམ་འགྱུར་ཡན་གར་བ་ལ་དམིགས་པས་ནི་མི་མཐུན་ཕྱོགས་སྤོང་མི་ནུས་པའི་ཕྱིར་རང་བཞིན་ཡང་དམིགས་པའི་ཁྱད་པར་དུ་འགྱུར་བ་ལ་བཀག་པ་ཡིན་ནོ། །གསུམ་པ་འགྲེལ་པ་ལ་སྤྱིར་བསྟན་པ། སོ་སོར་བཤད་པ། དོན་བསྡུ་བ་གསུམ་གྱི་དང་པོ་ནི། བདེན་གཉིས་ལས་མི་འདའ་བར་ཡང་དག་པར་དམིགས་པས་དམིགས་པ་རྣམ་པར་དག་པ་རྟོགས་པ་ན་བླ་མེད་རྫོགས་བྱང་དུ་འཚང་རྒྱ་བར་འགྱུར་གྱི་གཞན་ནི་མ་ཡིན་པས། དེའི་ཕྱིར་བྱང་ཆུབ་སེམས་དཔའ་རེ་ཤིག་དང་པོར་ཆོས་རྣམས་ལ་སྤྱིར་དམིགས་ནས་འདི་རྣམས་ལས་བླང་བར་བྱ་བ་དགེ་བ་ནི་གང་། སྤང་བར་བྱ་བ་མི་དགེ་བ་ནི་གང་། བཏང་སྙོམས་སུ་བྱ་བ་ལུང་དུ་མ་བསྟན་པ་ནི་གང་ཞེས་སོ་སོར་བརྟག་ཅིང་། ཚུལ་བཞིན་དུ་བསམ་པར་བྱའོ། །དེ་ལྟར་དཔྱད་པ་ན་གོ་རིམ་བཞིན་དུ་དགེ་སྦྱོང་གི་ཚུལ་ཉིད་ཀྱི་འབྲས་བུ་བཞི་ལ་སོགས་པ་ནི་དགེ་བ་ཡིན་ཏེ། འབྲས་བུ་འདོད་པ་དོན་དུ་གཉེར་བ་རྣམས་ཀྱིས་བརྟེན་པར་བྱ་བ་ཡིན་པའི་ཕྱིར་རོ། །བསམ་བཞིན་དུ་སྲོག་གཅོད་པ་ལ་སོགས་པ་ལས་ཀྱི་ལམ་བཅུ་ནི། མི་དགེ་བ་ཡིན་ཏེ་སྡུག་བསྔལ་འདོར་བའི་ཐབས་སུ་གནས་སྐབས་ཐམས་ཅད་དུ་སྤང་བྱ་ཡིན་པའི་ཕྱིར་རོ ། །སེམས་ལུང་མ་བསྟན་གྱིས་ཀུན་ནས་སླང་བའི་བཟོ་དང་སྤྱོད་ལམ་སོགས་ལུང་ཀྱི་ལས་ལ་སོགས་པ་ནི། ལུང་མ་བསྟན་ཡིན་ཏེ། བླང་དོར་བཏང་སྙོམས་སུ་བྱ་བ་ཡིན་པའི་ཕྱིར་རོ་ཞེས་རྟོགས་པར་འགྱུར་རོ། །གཉིས་པ་ནི། དེ་ལྟར་ཆོས་གསུམ་སྤྱིར་རྟོགས་པ་དེའི་འོག་ཏུ་དམིགས་པ་ལྷག་མ་རྣམས་ཚུལ་བཞིན་དུ་དཔྱད་དོ། །ཚུལ་གང་གིས་ཞེ་ན། ཆོས་གསུམ་པོ་དེ་དག་ཉིད་དབྱེ་གཞིར་བྱས་པ་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ལ་སོགས་པ་རྣམ་པ་གཉིས་གཉིས་ཀྱིས་དབྱེ་བ་བཞི་ཉིད་ཀྱིས་སོ། །བཞི་པོ་འོག་ནས་འབྱུང་བ་དང་། གྲངས་བཞིན་དུ་སྦྱར་ན། བླང་དོར་བཏང་སྙོམས་སུ་བྱ་བའི་ཆོས་གསུམ་སོ་སོར་རྟོགས་པ་ན་དགེ་བ་བསྟེན་པར་བྱ་བའི་ཕྱིར་བླང་བྱ་ནས་གཟུང་སྟེ། བྱིས་པའི་སྐྱེ་བོ་ཐམས་ཅད་ཀྱི་རྒྱུད་དང་འབྲེལ་བ་འཇིག་རྟེན་པའི་ལམ་གྱིས་བསྡུས་པའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་འཇིག་རྟེན་པ་ཡིན་ཏེ། ཐོག་མ་མེད་པའི་འཁོར་བར་འདྲིས་པའི་ཁམས་གསུམ་པའི་ཆོས་ཡིན་པའི་ཕྱིར། འཕགས་པའི་སྐྱེ་བོ་ཐམས་ཅད་ཀྱི་རྒྱུད་ཀྱི་ཡང་དག་པ་འཕགས་པའི་ལམ་གྱིས་བསྡུས་པའི་བསམ་གཏན་བཞི་ནི་འཇིག་རྟེན་ལས་འདས་པ་ཡིན་ཏེ། ཁམས་གསུམ་པའི་གཉེན་པོ་ཉིད་ཀྱིས་འཁོར་བར་མ་འདྲིས་པའི་ཆོས་ཡིན་པའི་ཕྱིར་རོ་ཞེས་ཚུལ་བཞིན་དུ་སེམས་པར་བྱེད་དོ། །

དེ་ནས་མི་མཐུན་ཕྱོགས་སྤང་བར་བྱ་བའི་ཕྱིར་དུ་སྤང་བར་བྱ་བའི་ཟག་བཅས་ནི་གང་། སྤོང་བྱེད་ཀྱི་གཉེན་པོ་ཟག་མེད་ནི་གང་ཞེས་རྟོགས་པ་ནི་མ་འོངས་པའི་སྐྱེ་བོས་དོན་དུ་གཉེར་བའི་འདུན་པ་དང་། ད་ལྟར་གྱི་ཕུང་པོ་ལ་ལྷག་པར་ཆགས་པའི་འདོད་ཆགས་ནི་ཉེ་བར་ལེན་པ་ཞེས་བྱ་ལ། དེ་ལས་བྱུང་བའི་གཟུགས་སོགས་ཕུང་པོ་ལྔ་ནི་ཟག་བཅས་ཡིན་ཏེ། ཟག་པའི་རྩ་བ་བདག་ཏུ་ལྟ་བ་དང་མི་འགལ་བས་དེའི་གཉེན་པོ་ཡང་ཡིན་པ་ཉིད་ཀྱིས་སོ། །འཇིག་རྟེན་ལས་འདས་པས་བསྡུས་པའི་དྲན་པ་ཉེར་བར་བཞག་པ་བཞི་ལ་སོགས་པ་ནི་ཟག་མེད་ཡིན་ཏེ། བདག་དང་བདག་གི་བ་དེར་ལྟ་བའི་གཉེན་པོ་བྱེད་པས་སོ་ཞེས་ཚུལ་བཞིན་དུ་རྟོག་པར་བྱེད་དོ། །དེ་ནས་གཉེན་པོ་ཟག་མེད་དེ་ཉིད་ལ་རྒྱུ་དང་འབྲས་བུའི་ཆར་གྱུར་པ་འགོག་ལམ་གཉིས་ཡོད་པས་དེ་གང་ཞེས་དཔྱོད་པ་ན་འདོད་པའི་ཁམས་དང་སོགས་པས་གཟུགས་ཀྱི་ཁམས་ལ་སོགས་པས་བསྡུས་པའི་བྱང་ཕྱོགས་སོགས་ནི་ཀུན་རྫོབ་ཏུ་འདུས་བྱས་ལམ་གྱི་ཆ་ཡིན་ཏེ། རྒྱུ་དང་རྐྱེན་ལ་རག་ལས་པའི་ཟག་མེད་ཡིན་པས་སོ། །དེ་བཞིན་ཉིད་དང་ཡང་དག་པའི་མཐའ་ལ་སོགས་པ་ནི་དོན་དམ་པར་འདུས་མ་བྱས་འགོག་པའི་ཆ་ཡིན་ཏེ། རྒྱུ་ལ་མི་ལྟོས་པའི་རྣམ་བྱང་ཡིན་པས་སོ་ཞེས་ཚུལ་བཞིན་དུ་སེམས་པར་བྱེད་དོ། །དེ་ནས་རྒྱུ་ལམ་གྱི་བདེན་པ་དེས་ཐོབ་བྱའི་འབྲས་བུ་གང་ཡིན་ཞེས་དཔྱོད་པ་ན། བསམ་གཏན་ནི། ཐུན་མོང་མ་ཡིན་པའི་ཡོན་ཏན་ཡིན་ཏེ། ཐེག་པ་གསུམ་གྱི་འཕགས་པའི་སྐྱེ་བོ་ཐམས་ཅད་ཀྱི་རྒྱུད་ལ་འབྱུང་བའི་ཡོན་ཏན་ཡིན་པའི་ཕྱིར་རོ། །སྟོབས་བཅུ་ནི། ཐུན་མོང་མ་ཡིན་པའི་ཡོན་ཏན་ཡིན་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཁོ་ནའི་རྒྱུད་ལ་འབྱུང་བའི་ཕྱིར་ཞེས་སེམས་པར་བྱེད་དོ། །འདིར་ཆོས་ཅན་ཞེས་སྨོས་པ་ནི། སྟོབས་བཅུ་ཉིད་ཀྱིས་སངས་རྒྱས་ཀྱི་ཡོན་ཏན་མ་ལུས་པར་ཤེས་པའི་ཕྱིར་ཡིན་ཏེ། སྟོབས་རེ་རེས་ཀྱང་སངས་རྒྱས་ཀྱི་ཆོས་ཚད་མེད་པའི་རྟེན་བྱེད་པའི་ཕྱིར་རོ། །གསུམ་པ་ནི། དེ་ལྟ་བུ་ལ་སོགས་པའི་རྟོགས་པའི་རིམ་གྱི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་དམིགས་པས་ན་དམིགས་པ་ནི་རྣམ་པ་བཅུ་གཅིག་པོ་འདི་ཁོ་ན་ཡིན་པ་ཤེས་པར་བྱའོ། །


previousདམིགས་པ་བཤད་པ། next