ལེའུ་དྲུག་པ། སྐུ་དང་གསུང་དང་ཐུགས་བྱིན་གྱིས་རློབ་པའི་བཤད་པ།
དེ་ལྟར་རྣམ་པར་མི་རྟོག་པའི་སྤྱོད་པ་ལ་གནས་པས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པའི་རིམ་པས་ལྷའི་རྣལ་འབྱོར་རྫོགས་པའི་རྣལ་འབྱོར་བས་ཐུགས་ལ་སོགས་པ་བྱིན་གྱིས་བརླབ་པར་བྱ་བའི་ཕྱིར་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཐུགས་ལ་སོགས་པ་བྱིན་གྱིས་བརླབས་པའི་དོན་དུ་མི་བསྐྱོད་པ་ལ་སོགས་པའི་ཏིང་ངེ་འཛིན་ལ་དམིགས་ནས་བྱ་
ཞེས་བསྟན་པའི་དུས་སུ། མི་བསྐྱོད་པ་ལ་སོགས་པའི་སྒྲས་སྟོན་པ་པོ་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ནི་མི་བསྐྱོད་པའོ། །དེ་ནི་གསང་བའི་རྡོ་རྗེ་སྟེ། ཐུགས་རྡོ་རྗེའི་གཟུགས་ཅན་གང་ལ་ཡོད་པའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ནས། ཐུགས་རྡོ་རྗེ་ལ་སོགས་པ་བྱིན་གྱིས་རློབ་པའོ་ཞེས་བྱ་བ་ནི་ཇི་ལྟ་བ་བཞིན་དུ་རྫོགས་པ་ལ་ཐུགས་རྡོ་རྗེ་བརྟན་པར་བསྐྱེད་པའི་ཕྱིར་རོ། །དེ་ལྟར་སྐུ་ལ་སོགས་པ་བྱིན་གྱིས་བརླབ་པ་ལ་སོགས་པ་ལ་ཡང་ཅི་རིགས་པར་བརྗོད་པར་བྱའོ། །རྡུལ་དང་བྲལ་བའི་གནས་ནི་བག་ཆགས་དང་བཅས་པའི་ཉོན་མོངས་པའི་དྲི་མ་སྤངས་པའི་མེ་ལོང་ལྟ་བུའི་ཡེ་ཤེས་སུ་གྱུར་པ་རྣམ་པར་སྣང་མཛད་དོ། །དེ་ཉིད་རྡོ་རྗེ་སྟེ་སྐུ་རྡོ་རྗེའི་ངོ་བོ་གང་ལ་ཡོད་པ་དེ་ལ་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ནས་ཞེས་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་མཉམ་པ་ཉིད་མི་གཉིས་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཐ་མི་དད་པ་སྣང་བ་མཐའ་ཡས་ཞེས་བྱ་བའི་ཐ་ཚིག་གོ །དེ་ཉིད་རྡོ་རྗེ་སྟེ་གསུང་རྡོ་རྗེའི་ངོ་བོ་གང་ལ་ཡོད་པའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པའོ། །རྡོ་རྗེ་གསུམ་ནི་སྐུ་དང་གསུང་དང་ཐུགས་རྡོ་རྗེའོ། །དེ་བཞིན་གཤེགས་པ་ལས་བྱུང་བས་དེ་བཞིན་གཤེགས་པའོ། །གསང་བ་ནི་རིགས་གསུམ་གྱི་བདག་ཉིད་ཡིན་པའི་ཕྱིར་སྦ་བར་བྱའོ། །གནས་ནི་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་རྣམས་ཀྱི་ཡང་དག་པར་བརྟེན་པ་ཡིན་པའི་ཕྱིར་རོ། །གནས་ཀྱི་རྣམ་པར་བསྒོམ་པར་བྱ་བ་ལ། གནས་ནི་ས་བོན་གྱི་ཡེ་ཤེས་སོ། །རྣམ་པར་སྒོམ་པ་ནི་བསྐྱེད་པ་སྟེ། གང་ལ་དེ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །འདི་ནི་བྱ་བའི་ཁྱད་པར་ཏེ། ས་བོན་གྱི་ཡི་གེ་ལས་རྫོགས་པ་ཡིན་པས་ཇི་ལྟ་བ་བཞིན་དུ་རང་སྐྱེད་པར་བྱེད་དེ་བྱིན་གྱིས་བརླབ་པར་བྱ་ཞེས་བྱ་བའི་དོན་ཏོ། །འདིའི་ཞེས་བྱ་བ་ནི་གསུངས་མ་ཐག་པས་ཐུགས་ལ་སོགས་པའི་བྱིན་གྱིས་རློབ་པའི་སྔགས་ཀྱིས་སོ། །ཇི་ལྟ་བུར་གྱུར་པ་ཡིན་ཞེ་ན་གསུངས་པ། སྔགས་ཀྱི་མཚན་ཉིད་ཀྱིས་ནི་ཤིན་ཏུ་མཚོན་བྱས་ལ། །ཞེས་བྱ་བ་སྟེ་ལམ་ངན་པ་ཐམས་ཅད་ལས་ཡིད་སྐྱོབ་པར་བྱེད་པས་ན་སྔགས་ཏེ། གཉིས་སུ་མེད་པའི་ཡེ་ཤེས་སོ། །དེའི་མཚན་ཉིད་ནི་གཟུང་བ་ལ་སོགས་པ་དང་བྲལ་
བའོ། །དེས་མཚོན་པ་ནི་ལྡན་པའོ། །ཡང་ན་སྔགས་ནི་དེ་རྣམས་ཀྱི་ཡི་གེ་ཧཱུཾ་ལ་སོགས་པ་ས་བོན་གྱི་ཡི་གེ་སྟེ་སྔགས་ཉིད་མཚན་ཉིད་དེ། དེས་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་བསྟན་པའི་ཕྱིར་རོ། །འདི་ལྟར་རྒྱུ་དང་དཔྱོད་པ་དང་བྲལ་བའི་ཕྱིར་དངོས་པོ་འདི་ཐམས་ཅད་སྒྱུ་མ་ལྟ་བུའོ་ཞེས་བྱ་སྟེ་ཧཱུཾ་ངོ༌། །ཐོག་མ་ནས་སྐྱེ་བ་མེད་པའི་ཕྱིར་ཆོས་ཐམས་ཅད་རྡུལ་དང་བྲལ་བ་ཞེས་བྱ་བ་ནི་ཨོའོ། །ཐོག་མ་ནས་ཞི་བའི་ཕྱིར་དང༌། སྐྱེ་བས་སྟོང་པ་དེས་ཆོས་ཐམས་ཅད་དང་འཆི་བ་དང་བྲལ་བ་ནི་ཨོཾ་སྟེ་ལྷག་མ་ནི་སྔ་མ་བཞིན་ནོ། །ཁ་ཅིག་ནི་ཐུགས་ཀར་ཟླ་བ་ལ་གནས་པའི་མཚན་མ་ལ་གནས་པའི་ས་བོན་གྱི་མཚན་མ་ཞེས་ཟེར་རོ། །ཐུགས་རྡོ་རྗེ་ལ་སོགས་པ་རྫོགས་པ་རྣམས་ཀྱི་དབང་བསྐུར་བའི་རྗེས་ལ་ཇི་ལྟ་བ་བཞིན་རང་སྣང་བའི་རིག་མ་བསྐྱེད་པ་དང༌། ལྷན་ཅིག་གཉིས་སུ་མེད་པའི་སྙོམས་པར་འཇུག་པའི་སྒོ་ནས་གསང་བའི་མཆོད་པ་བྱ་བའི་ཕྱིར་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། སྒྲོན་མ་ནི་འདིས་གསལ་བར་བྱེད་པས་ན་སྒྲོན་མའོ། །ཡེ་ཤེས་ནི་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་མཚན་ཉིད་དེ་ཡེ་ཤེས་སྒྲོན་མའོ། །དེ་ནི་རྡོ་རྗེ་སྟེ་མི་ཕྱེད་པའི་ཕྱིར་རོ། །གང་ལ་ཏིང་ངེ་འཛིན་ཡོད་པ་དེ་ལ་སྙོམས་པར་འཇུག་པ་ནི་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་སྙོམས་པར་འཇུག་པ་བྱས་ནས་ཞེས་བྱ་བའི་དོན་ཏོ། །ཕྱིའི་མཆོད་པ་ཉེ་བར་བསྟན་པའི་ཕྱིར་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། རྟག་ཏུ་འདོད་པའི་ཡོན་ཏན་ལྔས། །སངས་རྒྱས་ཆོ་ག་བཞིན་དུ་མཆོད། །ཅེས་བྱ་བ་ནི་འདིའི་ཆོ་ག་ནི་པདྨའི་ནང་དུ་རང་གི་ས་བོན་གྱི་འོད་ཀྱིས་བཀུག་པ་ལ་སོགས་པའི་ཀུན་དུ་བཟང་པོའི་སྒྲུབ་ཐབས་ཀྱི་ཆོ་ག་ལས་གསུངས་པ་བཞིན་དུ་ཤེས་པར་བྱའོ། །ཡང་ན་མཆོད་པ་དང་མཆོད་པར་བྱ་བ་དང༌། མཆོད་པར་བྱེད་པའི་མངོན་པར་ཞེན་པ་མེད་པས་མཆོད་པར་བྱ་བ་ཞེས་བྱ་བའི་དོན་ཏོ། །གང་ཡང་གསུངས་པ། དགོངས་པ་ལུང་བསྟན་པ་ལས། །གཟུགས་དང་སྒྲ་དང་དེ་བཞིན་དྲི། །རོ་དང་རེག་བྱའི་ཆོས་རྣམས་ཏེ། །རང་བཞིན་མེད་པར་བྱས་ནས་ཀྱང༌། །རྟག་ཏུ་སངས་རྒྱས་མཆོད་པ་མཆོག །ཅེས་སོ། །དཔལ་སྣང་བ་རྡོ་རྗེ་འཆར་བ་ལས་ཀྱང་གསུངས་པ། ཇི་སྲིད་གཟུགས་
ལ་ལོངས་སྤྱོད་པ། །གཟུགས་བརྙན་ཆོས་ཀྱི་གོ་འཕང་གནས། །ཇི་སྲིད་སྒྲ་ལ་ལོངས་སྤྱོད་པ། །སྒྲ་བརྙན་གོ་འཕང་ལ་གནས་བྱ། །ཇི་སྲིད་དྲི་ལ་ལོངས་སྤྱོད་པ། །སྒྱུ་མའི་ཆོས་ཀྱི་གོ་འཕང་གནས། །ཇི་སྲིད་རོ་ལ་ལོངས་སྤྱོད་པ། །ཤེས་རབ་ཡེ་ཤེས་གོ་འཕང་གནས། །ཇི་སྲིད་རེག་ལ་ལོངས་སྤྱོད་པ། །ཆོས་ཀྱི་དབྱིངས་ཀྱི་གོ་འཕང་གནས། །ཞེས་སོ། །མཆོད་པ་རྣམ་པ་ལྔ་རྣམས་ཀྱིས། །ཞེས་བྱ་བ་ནི་ཟླ་བ་དང་ཉི་མ་ལ་སོགས་པ་དང༌། ཕྱིའི་མེ་ཏོག་དང་སྤོས་ལ་སོགས་པ་རྣམས་ཀྱིའོ། །འདིས་ནི་འདི་སྐད་གསུངས་པ་ཡིན་ཏེ། སྦྱོར་བ་དང་པོ་ཙམ་སྒོམ་པ་པོས་ཀྱང་གསང་བ་དང༌། །ཅིག་ཤོས་ཀྱི་མཆོད་པ་བྱས་ནས་བསྒོམ་པར་བྱ་ཞེས་བྱ་བའི་དོན་ཏོ། །ད་ནི་རྡོ་རྗེ་གསུམ་གྱི་སྔགས་ཀྱི་གསང་བ་ཉེ་བར་བསྟན་པའི་ཕྱིར་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། སྔགས་ལ་དམིགས་པ་ནི་གཏད་པ་སྟེ། དེ་ཁོ་ན་ཉིད་སྤྱོད་པར་བྱེད་པ་ཞེས་བྱ་བའི་བར་དུའོ། །སྔགས་ནི་སྔགས་ཞེས་བྱ་བར་བརྗོད། །དེ་ཉིད་བསྐུལ་བར་སྨྲ་བའོ། །ཞེས་བྱ་བའི་ཚིག་ལས་སོ། །དཔལ་བདེ་བ་རྟོགས་པ་ལས་ཀྱང་གསུངས་པ། མ་སྐྱེས་པ་དང་སྣང་བ་མེད། །མཚོན་བྱ་མཚན་ཉིད་རྣམ་པར་སྤངས། །གསང་བའི་དོན་ནི་རྟོགས་བྱེད་པས། །འདིས་ན་སྔགས་ཞེས་བྱ་བར་བརྗོད། །ཅེས་སོ། །སྔགས་ལ་དམིགས་པ་ཇི་ལྟར་ཡིན་པ་དེ་བཞིན་དུ་ལུས་དང་ངག་དང་ཡིད་ལ་ཞེས་རྐྱེན་འཁྲུགས་པས་གསུམ་པའི་དོན་ལ་བདུན་པ་སྟེ་ཡིད་ཀྱིས་ཀྱང་ངོ༌། །སྐུ་རྡོ་རྗེ་ལ་སོགས་པའི་ངོ་བོས་ལུས་ལ་སོགས་པའི་དྲན་པས་རྣམ་པར་གཞག་པའོ། །བསྒྲུབ་པར་བྱ་བ་ནི་བསྐྱེད་པར་བྱ་བ་སྟེ་དངོས་གྲུབ་རབ་མཆོག་གོ །ཡིད་ནི་དགའ་ཞིང་མགུ་བ་ཡིས། །ཞེས་པ་ནི་མངོན་པར་འདོད་པའོ། །དེས་ན་དེའི་རྗེས་སུ་དྲན་པ་མངོན་པར་བྱ་བ་དེའི་ཕྱིར་འདི་གསུངས་པ། སེམས་ཞེས་བྱ་བ་ལ་སོགས་པ་ལ། སེམས་པ་དམིགས་པ་ནི་གཟུང་བ་ལ་སོགས་པས་སྟོང་པ་ཉིད་རང་རིག་པ་ཙམ་དུའོ། །སེམས་ལ་དམིགས་པ་བཞིན་བདག་མེད་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །གང་ཡིན་ཞེ་ན་གསུངས་པ། ངག་དང་ལུས་ཀྱང་རྣམ་པར་བསྒོམ་པའོ། །དབྱིབས་ལ་སོགས་པ་མེད་
པའི་ཕྱིར་ངག་དང་ལུས་ཀྱང་རང་རིག་པ་ཙམ་གྱི་ངོ་བོའོ། །ནམ་མཁའ་བཞིན་དུ་མཉམ་པའི་གནས། །ཞེས་བྱ་བ་ནི་ནམ་མཁའ་དང་མཉམ་པ་དེ་བཞིན་ཉིད་དེའི་བདག་ཉིད་ཡིན་པའི་ཕྱིར་དེ་ལ་བརྟེན་པའོ། །དེའི་ཕྱིར་སྦྱོར་བ་རྣམ་པ་གསུམ་བསྒྲུབ་པར་བྱ་ཞེས་བྱ་བ་ནི་སྐུ་རྡོ་རྗེ་ལ་སོགས་པ་གསུམ་ཡང་དག་པར་སྦྱོར་བ་སྟེ་ཐབས་དང་ཤེས་རབ་གཉིས་སུ་མེད་པ་ཉིད་དོ། །འདི་ཉིད་རིག་པས་རྟོགས་པར་བྱ་བའི་ཆེད་དུ་གསུངས་པ། ལུས་ཞེས་བྱ་བ་ལ་སོགས་པ་ལ། གང་གི་ཕྱིར་ལུས་ལ་སོགས་པ་སྐུ་རྡོ་རྗེ་ལ་སོགས་པའི་ངོ་བོར་བརྟགས་པའི་རང་བཞིན་སྐུ་ལ་སོགས་པའི་རང་བཞིན་དེ་ཁོ་ན་ཉིད་མ་ཡིན་ནོ། །དེའི་ཕྱིར་སྔགས་ཀྱི་ལུས་སུ་སྦྱོར་བ་ལ། བྱང་ཆུབ་མེད་ཅིང་སྒོམ་པ་མེད་པ་སྟེ། སྐུ་དང་ལྡན་པས་མཆོག་ཏུ་སྦྱོར་བ་ནི་སྐུའི་སྦྱོར་བ་སྟེ་ཐབས་དང་ཤེས་རབ་སྙོམས་པར་འཇུག་པའོ། །གསང་སྔགས་ནི་ཧཱུཾ་ཡིག་ལ་སོགས་པ་བྱས་པའི་ལུས་སུ་སྦྱོར་བས་ཏེ་དེའི་ངོ་བོས་བྱང་ཆུབ་པ་མ་ཡིན་ཏེ། བྱང་ཆུབ་ནི་རྟོག་པ་ཐམས་ཅད་ཟད་པའི་ཕྱིར་རོ། །དེ་གསུངས་པ། དེ་ཁོ་ན་ཉིད་བསྡུས་པ་ལ། །དེ་ནི་གཟུགས་ཅན་མ་ཡིན་གཟུགས་མེད་མིན། །བདེན་པ་མ་ཡིན་བརྫུན་མིན་མི་གཙང་མིན། །འདི་ནི་སངས་རྒྱས་བྱང་ཆུབ་ཡེ་ཤེས་ཏེ། །འདི་རྟོགས་པ་ལས་རྒྱལ་བར་འགྱུར་བ་ཡིན། །ཞེས་སོ། །ཡང་གསུངས་པ། །འོད་གསལ་ལ་རྟོག་ལས་རྣམ་པར་གྲོལ། །འདོད་ཆགས་ལ་སོགས་ཉེས་དྲི་བྲལ། །བཟུང་འཛིན་མེད་པའི་སེམས་དཔའ་མཆོག །དེ་ཉིད་མྱང་འདས་གོ་འཕང་བརྗོད། །ཅེས་སོ། །དེས་ན་སྒོམ་པ་ཡང་དོན་དམ་པ་ཡོད་པ་མ་ཡིན་པ་དེས་ན་འབྲས་བུ་ལ་དམིགས་པ་བསལ་བ་ཟིན་ནོ། །མཇུག་བསྡུ་བ་གསུངས་པ། རྣམ་པར་སྤྱད་ཅེས་བྱ་བ་ལ་སོགས་པ་ལ། གསུངས་མ་ཐག་པའི་ལུས་ལ་སོགས་པའི་མཚན་ཉིད་རྟོག་པ་ལ་གནས་ཏེ། སྒྱུ་མ་ལྟ་བུར་མོས་མ་བྱས་ནས། ཆོ་ག་བཞིན་དུ་ཐབས་དང་ཤེས་རབ་གཉིས་སུ་མེད་པའོ། །སྔགས་ཀྱིས་བརྟགས་པའི་ཏིང་ངེ་འཛིན་ནི་སྔགས་ལས་བྱུང་བར་བསྒོམ་པར་བྱའོ་ཞེས་ཁ་ཅིག་གོ །ཡང་ན། སྔགས་ལ་དམིགས་པའི་ལུས་ཞེས་བྱ་བ་ནི་སྙིང་གའི་ས་བོན་གྱི་འོད་ཟེར་ལས་བྱུང་བའི་མཆོད་པའི་ལྷ་མོའི་ཚོགས་ཀྱིས་སོ། །ངག་ཅེས་བྱ་བ་ནི། རྡོ་རྗེ་
ཐུགས་འཛིན་ཞེས་བྱ་བ་ལ་སོགས་པ་ཡང་དག་པར་བསྐུལ་བའི་གསུང་ངོ༌། །ཡིད་ལ་བསྐུལ་བ་ཞེས་བྱ་བ་ནི། །དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཡང་དག་པར་བསྐུལ་བའོ། །དེས་ཀྱང་བྱིན་གྱིས་བརླབས་ནས་བྱང་ཆུབ་སྒྲུབ་པར་བྱེད་དོ། །དེ་ལྟ་ན་ཡང་བློ་ཡིས་ཐ་དད་པར་བྱ་བ་མ་ཡིན་ནོ་ཞེས་གསུངས་པ། སེམས་ཞེས་བྱ་བ་ལ་སོགས་པ་ལ། སེམས་ཡང་དག་པར་རིག་པ་ནི་དམིགས་པ་གང་ཡིན་པ་སྟེ། གསུང་མ་ཐག་པའི་རིམ་པས་དམིགས་པའོ། །དེའི་ངོ་བོ་ནི་བདག་མེད་པའོ། །དེའི་རྗེས་ལ་ངག་གི་ཞེས་བྱ་བ་ནི་བྱིན་གྱིས་བརླབ་པའི་སྔགས་སོ། །ལུས་ཀྱང་རྣམ་པར་སྒོམ་ཞེས་བྱ་བ་ནི། །ལུས་ཀྱི་རྣམ་པས་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམ་པར་བསྒོམ་པ་སྟེ་བྱིན་གྱིས་བརླབ་ཅིང་བསྐྱེད་པར་བྱའོ། །སྦྱོར་བ་རྣམ་གསུམ་བསྒྲུབ་པར་བྱ། །ཞེས་བྱ་བ་ནི། །སྐུ་ལ་སོགས་པ་ཐབས་དང་ཤེས་རབ་ཏུ་སྦྱོར་བའོ། །ནམ་མཁའི་བཞིན་དུ་མཉམ་པའི་ངོ་བོར་རོ། །གང་ལ་ལུས་ལ་སོགས་པ་དམིགས་པ་སྟེ། རྟག་པའི་རང་བཞིན་མི་དམིགས་པའོ། །དེ་བས་ན་སྔགས་ཀྱི་ལུས་སུ་སྦྱོར་བ་ནི་ཐ་མི་དད་པའི་རྒྱུར་གྱུར་བའོ། །བྱང་ཆུབ་མེད་ཅིང་སྒོམ་པ་མེད་པ་ནི་དེའི་རང་བཞིན་ཉིད་དུ་གྱུར་ཞེས་བྱ་བར་དགོངས་སོ། །སྔགས་ཀྱིས་བརྟགས་པ་ཞེས་བྱ་བ་ནི། གསུངས་མ་ཐག་པའི་རྣམ་པས། སྔགས་ཀྱིས་བྱིན་གྱིས་བརླབ་པར་བྱ། །ཞེས་བྱ་བར་ཁ་ཅིག་འཆད་དེ། དེ་ལྟར་ན་འདིའི་དོན་ནི་ལན་གཉིས་སུ་བཟླས་པར་འགྱུར་ཏེ། གང་གི་ཕྱིར་འདིའི་དོན་བཅུ་པ་ལས། རང་སྔགས་སྐྱེས་བུ་བསྒོམས་པ་ཡིས། །ཞེས་བྱ་བས་དྲག་ཤུལ་སྒྲུབ་པར་བྱེད་པ་ཞེས་བྱ་བས་འཆད་པ་ན་སྟོན་ཏོ། །ཕྲ་མོའི་རྣལ་འབྱོར་བསྒོམས་པས་སེམས་བརྟན་ཅིང་ཏིང་ངེ་འཛིན་ཐམས་ཅད་མཉམ་པར་གསལ་བར་གྱུར་པའི་ཕྱིར་ལེའུ་གསུམ་པ་ལས་གསུངས་པའི་ཕྲ་མོའི་རྣལ་འབྱོར་སྒོམ་པའི་རིམ་པ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་འཛིན་ཞེས་བྱ་བ་ལ་སོགས་པའི་ཚིག་ལྔས་བཅོམ་ལྡན་འདས་ཡེ་ཤེས་ལྔའི་བདག་ཉིད་དུ་གསུངས་སོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཞེས་བྱ་བ་ནི་ཆོས་འབྱུང་གི་ནང་དུ་ཆུད་པའི་གཞན་ཡས་ཁང་གི་དབུས་ཀྱི་
གདན་ལ་གནས་པའོ། །སངས་རྒྱས་སྐུ་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པ་ཆེན་པོ་སྟེ། །སངས་རྒྱས་རྡོ་རྗེ་འཛིན་པར་གསུངས། །ཞེས་ཚིག་གསུངས་པས་སོ། །ཕྲ་མོའི་རྣལ་འབྱོར་ཞེས་བྱ་བ་ནི་རིགས་པ་མ་ཡིན་པའི་རང་བཞིན་གྱི་ཏིང་ངེ་འཛིན་གྱི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ཡུངས་ཀར་ཞེས་བྱ་བ་ནི་དེ་ཙམ་གྱི་ཐིག་ལེའོ། །འགྲོ་དང་མི་འགྲོ་ཡུངས་ཀར་ལ། །ཞེས་བྱ་བ་ནི་བརྟན་པ་དང་གཡོ་བའི་བདག་ཉིད་རྡོ་རྗེ་འཛིན་པའོ། །ཇི་ལྟར་བསྒོམ་པར་བྱ་ཞེ་ན་གསུངས་པ། བསྒོམ་པར་བྱ་ཞེས་བྱ་བ་ལ་སོགས་པ་ལ། ཡེ་ཤེས་ནི་རྡོ་རྗེ་འཛིན་པ་ཆེན་པོའོ། །དེའི་གནས་ནི་ས་བོན་གྱི་ཡི་གེ་སྟེ། ས་བོན་ཡི་གེ་གནས་ཞེས་བཤད། །ཅེས་བྱ་བའི་ཚིག་ལས་སོ། །དེ་ཉིད་ཉམས་དགའ་བ་སྟེ་རྣམ་པ་ཐམས་ཅད་ཀྱི་མཆོག་ལྡན་པའོ། །གསང་བའི་རྡོ་རྗེ་འཛིན་པར་སྒོམ་པ་སྟེ་ལྷག་པའི་ལྷ་ནི་གསང་ཆེན་ཏེ་ཞེས་བྱ་བའི་ཚིག་ལས་སོ། །ཡེ་ཤེས་ཀྱིས་བརྟགས་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ལས་ཡང་དག་པར་བྱུང་བའི་ཕྱིར་རོ། །འདི་སྐད་བསྟན་པ་ཡིན་ཏེ། སྙིང་གའི་ས་བོན་ལས་བྱུང་བའི་སངས་རྒྱས་རྣམས་ཀྱིས་འགྲོ་བ་མ་ལུས་པ་རྫོགས་པའི་སངས་རྒྱས་སུ་བྱས་ནས་རང་ལ་འགྲོ་བ་མ་ལུས་པ་བཅུག་སྟེ། ཟླ་བ་ཞུ་བའི་ངོ་བོ་ཉིད་ཀྱིས་རིག་མའི་པདྨའི་ནང་དུ་གཞུག་པར་བྱས་ལ། དེའི་པདྨའི་སྣའི་རྩེ་མོར་རིན་པོ་ཆེ་ཁ་དོག་སྣ་ལྔ་པ་དང་མཚུངས་པའི་ཐིག་ལེ་ཡུངས་ཀར་ཙམ་གྱི་ནང་དུ་གཅིག་བུའམ། དཀྱིལ་འཁོར་གྱི་འཁོར་ལོ་རང་གི་ས་བོན་ལས་བྱུང་བའི་རྡོ་རྗེ་འཆང་ཆེན་པོ་དགའ་བ་སྐྱེད་པའི་ཆོ་གས་གནས་པར་བསྒོམ་པར་བྱ་ཞེས་བྱའོ། །ལྷ་ཐམས་ཅད་སྒོམ་པའི་རྣལ་འབྱོར་བས་མངོན་པའི་དགའ་བའི་ཐིག་ལེ་རང་གི་མཚན་མའི་ནང་དུ་བསམ་པར་བྱ་ཞེས་ཁ་ཅིག་ཟེར་རོ། །ད་ནི་རིགས་ཀྱི་དབྱེ་བས་ཕྲ་མོའི་རྣལ་འབྱོར་བསྟན་པའི་ཕྱིར་རེ་ཞིག་ལྷའི་རྣལ་འབྱོར་གསུངས་པ། ནམ་མཁའི་ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་གཟུགས་ནི་རྣམ་བསྒོམས་ནས། །དེ་ཡི་སྟེང་དུ་གནས་གཞག་གོ །ཞེས་བྱ་བ་ནི་ལྷ་མོའི་གླུས་བསྐུལ་བའི་རྗེས་ཐོགས་ལ་མི་བསྐྱོད་པའི་ས་བོན་ཉི་མ་ལ་གནས་པ་བསྒོམ་པར་བྱའོ། །རྡོ་རྗེ་སེམས་དཔའི་ཡང་ས་བོན་དེ་ཉིད་དོ། །གང་ཡང་གསུངས་པ་བཅོ་ལྔ་པ་ལས། ཧཱུཾ་ནི་རབ་ཏུ་འབར་
དང་བཅས། །རྡོ་རྗེ་འབར་བ་རབ་ཏུ་བསྒོམ། །ཕྱག་ན་རྡོ་རྗེའི་རིགས་ལ་ནི། །གདུག་པ་ཐམས་ཅད་འཇིགས་པར་བཤད། །ཅེས་གསུངས་སོ། །འདི་ནི་ཉེ་བར་མཚོན་པ་སྟེ་ཐམས་ཅད་རང་གི་གདན་ལ་གནས་པའི་རང་གི་ས་བོན་བལྟ་བར་བྱའོ། །འཁོར་ལོའི་དཀྱིལ་འཁོར་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་རོ། །སྤྱན་གྱི་ཚུལ་དུ་སྦྱོར་བ་ལ། །ཞེས་བྱ་བ་ནི་ཁ་དོག་དང་མཚན་མ་ལ་སོགས་པ་རྣམས་ཀྱིས་སྤྱན་གྱི་རྗེས་སུ་འབྲངས་ནས་རང་སྣང་བ་དང་ཡང་དག་པར་ལྡན་པའི་བདག་ཉིད་བསྒོམ་པར་བྱའོ། །སྦྱོར་བ་རྟོགས་པར་བྱ་བའི་ཕྱིར་གསུངས་པ། རྡོ་རྗེ་པདྨ་རྣམ་པར་བསྒོམ། །ཞེས་པ་ནི་གཡས་གཡོན་དུ་གནས་པ་མ་ཡིན་ཞེས་བྱ་བའི་དོན་ཏོ། །འདི་ནི་སྔ་མ་དང་ཕྱི་མ་གཉིས་ཀ་ལ་ཡང་སྦྱར་རོ། །དང་པོའི་སྦྱོར་བ་ཞེས་བྱ་བ་ནི། བསྙེན་པ་ལ་སོགས་པ་ནས་རྗེས་སུ་ཆགས་པའི་ཏིང་ངེ་འཛིན་གྱི་བར་དུའོ། །འདི་ཡང་སྔ་མ་དང་ཕྱི་མ་གཉིས་ཀར་སྦྱར་རོ། །པདྨ་རཱ་གའི་འོད་འདྲ་བ། །ཞེས་བྱ་བ་ནི་དམར་པོ་དྲི་མ་མེད་པ་སྟེ། འདི་ཡང་ལྷ་ཐམས་ཅད་ཀྱི་རང་གི་ཁ་དོག་ཉེ་བར་མཚོན་པའོ། །འོད་ཀྱི་དཀྱིལ་འཁོར་ཞེས་བྱ་བ་ནི་དོན་ཡོད་གྲུབ་པའི་དཀྱིལ་འཁོར་རོ། །སངས་རྒྱས་གོ་འཕང་སྤྲོ་ཞེས་བྱ་བ་ནི། རང་སྣང་བའི་ཆུ་སྐྱེས་བུ་དཀྱིལ་འཁོར་སྤྲུལ་ཞེས་བྱ་བའི་དོན་དུ་ཆོ་ག་བཞིན་དུ་སངས་རྒྱས་རྣམས་ས་བོན་ལས་བསྐྱེད་པར་བྱའོ། །ཞི་བ་ཞེས་བྱ་བ་ནི་ཟླ་བ་ཞུ་བ་ལས་ཡང་དག་པར་བྱུང་བའི་ཕྱིར་རོ། །འཁོར་ནི་ཁྱད་པར་ཞེས་བྱ་བ་ནི། ས་བོན་དེ་ལས་དཀྱིལ་འཁོར་པ་མཐའ་དག་གི་ལྷའི་གཟུགས་ཡོངས་སུ་གྱུར་པ་བསྒོམ་པར་བྱ་ཞེས་བྱ་བའི་ཐ་ཚིག་གོ །འདི་ནི་སྔ་མ་ལ་ཡང་སྦྱར་བར་བྱའོ། །དེ་ལྟར་ན་དང་པོའི་སྦྱོར་བ་རྣམ་པར་བསྒོམ་པར་བྱས་ནས། དཀྱིལ་འཁོར་རྒྱལ་པོ་མཆོག་བསྒོམ་པ་སྔོན་དུ་སོང་བས་ཕྲ་མོའི་རྣལ་འབྱོར་བསྒོམ་པར་བྱ་བ་གསུངས་པ། སྔོན་པོ་ཞེས་བྱ་བ་ལ་སོགས་པ་ལ། ནས་ཀྱི་འབྲུ་ཙམ་ཞེས་བྱ་བ་ནི་ཆུ་ཞེང་ནས་ཀྱི་ཚད་དོ། །འཁོར་ལོ་ལ་སོགས་པ་ཁྱད་པར་དུ་ཞེས་བྱ་བ་ནི། མཚན་མ་ཟླུམ་པོ་རྣམས་པདྨ་དང་འདྲ་བར་བལྟ་བར་བྱ་སྟེ། རིང་པོ་རྣམས་ནི་རྡོ་རྗེ་བཞིན་ནོ། །འབྲས་བུ་གསུངས་པ།
དངོས་གྲུབ་ནི་བྱང་ཆུབ་ཀྱི་རྒྱུ་དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པའོ། །དེ་ཇི་ལྟ་བུར་གྱུར་པ་ཡིན་ཞེ་ན་གསུངས་པ། ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། དངོས་གྲུབ་ཐམས་ཅད་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པའོ། །དེ་ཉིད་ཡོན་ཏན་ཏེ་གོམས་པར་བྱ་བའི་ཕྱིར་རོ། །དེ་རྣམས་ཀྱི་གཞི་ནི་གནས་སོ། །དེ་བསྒོམས་པའི་སྟོབས་ལས་ཕྱག་རྒྱ་ཆེན་པོ་མངོན་དུ་བྱེད་པའི་ཕྱིར་རོ། །དེ་ཡང་གསུངས་པ། དེ་ཁོ་ན་ཉིད་བསྡུས་པ་ལས། དེ་ལ་སོགས་པ་གང་ཅུང་ཟད། །མཉམ་པར་གཞག་པས་བསྒོམ་པར་བྱ། །དེ་དག་ཐམས་ཅད་བརྟན་པ་ཡིན། །ཏིང་ངེ་འཛིན་ཡེ་ཤེས་ཀྱིས་བརྟགས་པའོ་ཞེས་སོ། །སྤྲོ་ཞེས་བྱ་བ་ལ་སོགས་པས་ནི་མཚན་མ་ཕྲ་མོའི་ནང་དུ་དཀྱིལ་འཁོར་བསྒོམ་པར་བྱ་བར་སྟོན་ཏོ། །ཆོས་ཀྱི་གནས་རྣམས་རབ་ཏུ་སྤྲོ། །ཞེས་པ་ནི་ཆོས་ཐམས་ཅད་དེ་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་དོ། །གནས་ནི་རྟེན་ཏོ། །གང་གི་དེ་བཞིན་གཤེགས་པ་ལ་སོགས་པའི་ཚིག་འབྱིན་པ་སྟེ་སྤྲོ་བར་བྱ་ཞེས་བྱ་བའི་དོན་ཏོ། །འདི་སྐད་གསུངས་པ་ཡིན་ཏེ། ཕྲ་མོའི་རྣལ་འབྱོར་བརྟན་པའི་མཚན་མ་ཐོབ་ནས་དེའི་འོད་ཟེར་ལས་སྤྲུལ་བའི་དེ་བཞིན་གཤེགས་པ་ལ་སོགས་པ་རྣམས་སྤྲོ་བར་བྱ་ཞེས་བྱ་བའོ། །ད་ནི་ཕྲ་མོའི་རྣལ་འབྱོར་གྱི་སྔོན་དུ་བསྙེན་པ་ལ་འཇུག་པའི་ཆོ་ག་གསུངས་པ་དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཐམས་ཅད་དེ་ཉིད་དོན་སྟོན་པ། །ཞེས་བྱ་བ་ནི་རྫོགས་པའི་བྱང་ཆུབ་ཀྱི་ལམ་ཕྱིན་ཅི་མ་ལོག་པ་སྟོན་པའི་ཕྱིར་རོ། །སྤྱོད་པ་ཀུན་མཆོག་རྫོགས་སངས་རྒྱས། །ཞེས་བྱ་བ་ནི། སྤྱོད་པ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་ནི་སྔགས་ཀྱི་སྤྱོད་པའོ། །དེས་རྫོགས་སངས་རྒྱས་ཏེ་བླ་ན་མེད་པའི་ཡེ་ཤེས་མངོན་དུ་བྱེད་པའོ། འདིས་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པ་དང་སྙིང་རྗེ་དང་ཤེས་རབ་དང་ལྡན་པའི་བཅོམ་ལྡན་འདས་བསྟན་ཏོ། །དེ་སྟོན་པ་ནི་ཕྱིན་ཅི་མ་ལོག་པ་ཉིད་ཡིན་པར་སྟོན་ཏོ། །གཟུགས་དང་སྒྲ་དང་རོར་ལྡན་པ། །ཞེས་བྱ་བ་ནི་རྣལ་འབྱོར་དང་རྗེས་སུ་མཐུན་པ་ཇི་ལྟར་རྙེད་པའི་ཡུལ་གྱིས་ཆོ་ག་བཞིན་དུ་མཆོད་པའོ། །ཤེས་རབ་ཅན་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་རིག་པས་སོ། །གསང་བའི་དེ་ཁོ་ན་ཉིད་མཆོད་རྟེན་གྱི་ཞེས་པ་ནི།
རིགས་གསུམ་གྱི་སྤྱན་ལ་སོགས་པ་རྣམས་ཀྱི་ཇི་ལྟ་བ་བཞིན་དུ་གསང་བའི་མཆོད་པ་བྱས་ནས་བསྒོམ་པར་བྱ་ཞེས་བྱའོ། །དེ་ཡང་གསུངས་པ། དེ་ཁོ་ན་ཉིད་བསྡུས་པ་ལས། སྐུ་ནི་སྐུ་ཡི་རང་བཞིན་དང༌། །ཐུགས་ནི་ཐུགས་ཀྱི་རང་བཞིན་དང༌། །གསུང་ནི་གསུང་གི་རང་བཞིན་གྱིས། །མཆོད་པས་མཆོད་པ་ཐོབ་པ་ཡིན། །ཞེས་སོ། །དངོས་གྲུབ་འབྲས་བུ་ཐོབ་པ་ཡིས། །ཞེས་བྱ་བ་ནི་དངོས་གྲུབ་འབྲས་བུ་དོན་དུ་གཉེར་བའོ། །ཤ་ཡང་ཁ་ཟས་དོན་དུ་གཉེར། །ཞེས་བྱ་བ་ནི་ལུས་འཚོ་བར་བྱ་བའི་དོན་དུ་སྟེ། ཇི་སྐད་གསུངས་པའི་ཤ་ལ་སོགས་པ་ཆོ་ག་བཞིན་དུ་ཉེ་བར་ལོངས་སྤྱོད་པའོ། །ཟས་གཞན་དག་ནི་བཟའ་མི་བྱ། །ཞེས་བྱ་བ་ནི་བཟའ་བར་བྱ་བ་ཐམས་ཅད་དེར་མོས་པ་ཉིད་ཀྱིས་བཟའ་བར་བྱ་ཞེས་བྱ་བའི་དོན་ཏོ། །ཡང་ན་མིག་ལ་སོགས་པ་རྣམས་ཀྱིས་ལན་ཅིང་འཛིན་པས་ཟས་ཏེ་ཡུལ་ལོ། །དེ་རྣམས་ཀྱི་བྱ་བ་བྱེད་པ་ནི་ཉེ་བར་ལེན་པ་དང་ཁས་ལེན་པ་ཞེས་བྱ་བའི་ཐ་ཚིག་གོ །དོན་གྱི་སྒྲ་ནི། འདིར་ལྡོག་པར་བྱ་བའི་ཐ་ཚིག་གོ །ཡུལ་ལ་མངོན་པར་ཞེན་པ་ཟློག་པར་བྱེད་པའོ། །ཤ་ཆེན་དག་ནི་རབ་བརྟགས་ནས། །ཞེས་བྱ་བ་ནི། །གང་ཟག་དང་ཆོས་ལ་བདག་མེད་པར་བསྒོམ་པར་བྱ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན་གསུངས་པ། ཟས་གཞན་དག་ནི་བཟའ་མི་བྱ། །ཞེས་བྱ་བ་ལ། ནིའི་སྒྲ་ནི་རྒྱུ་སྟེ། གང་གི་ཕྱིར་བདག་མེད་པ་ལས་གཞན་གྱིས་དམིགས་པ་ལ་ཆགས་པ་དང་བྲལ་བར་བྱ་བ་མ་ཡིན་ཏེ། དེས་ན་འདིར་བདག་མེད་པ་ཉིད་བསྒོམ་པར་བྱའོ། །དེ་ཉིད་རྡོ་རྗེ་རྩེ་མོ་ལས། །ཆོས་དང་གང་ཟག་པ་བདག་མེད་པ། །འདུས་བྱས་རྣམས་ནི་འཁྲུལ་པ་ཙམ། །བློ་དང་ལྡན་པས་སོ་སོར་རྟོགས། །འདུས་བྱས་ཐམས་ཅད་ལ་མི་རྨོངས། །ཞེས་སོ། །ཡང་གསུངས་པ། བདེ་བ་དམ་པ་རྟོགས་པ་ལས། །གང་ཞིག་དངོས་པོ་ཐམས་ཅད་ཉམས། །ཤ་ཞེས་རབ་ཏུ་བསྟན་པ་ཡིན། །དམིགས་པ་མེད་པའི་སྦྱོར་བ་ཡིས། །བཟའ་བ་ཉིད་དུ་བརྗོད་པར་བྱ། །ཞེས་སོ། །སངས་རྒྱས་རྣམས་ནི་མཉེས་པར་འགྱུར། །ཞེས་བྱ་བ་ནི་དེའི་བཀའ་ལ་ཡང་དག་པར་གནས་པའི་ཕྱིར་རོ། །འདི་ལྟ་བུ་ཡི་སྦྱོར་བ་ཡིས། །ཞེས་བྱ་བ་ནི་ཕྲ་མོའི་རྣལ་འབྱོར་བསྒོམ་པའི་མཚན་ཉིད་ཀྱིས་སོ། །
མྱུར་དུ་སངས་རྒྱས་ཐོབ་པར་འགྱུར། །ཞེས་བྱ་བ་ནི་སེམས་དབང་དུ་བྱས་པ་ལ་ཏིང་ངེ་འཛིན་སྐྱེད་པ་ལ་ནུས་པ་ཐོབ་པའི་ཕྱིར་རོ། །འདོད་ཁམས་དབང་ཕྱུག་འཇིག་རྟེན་ན། །ཞེས་བྱ་བ་ནི། དམྱལ་བ་ཡི་དགས་དུད་འགྲོ་དང༌། །མི་རྣམས་དང་ནི་ལྷ་རིགས་དྲུག །འདོད་པའི་ཁམས་སོ། །དེ་ལ་འདོད་པའི་ཁམས་དབང་ཕྱུག་ནི་གཙོ་བོ་སྟེ། ཐབས་དང་ཤེས་རབ་ཀྱི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་འདོད་པ་ལས་རྒྱལ་ནས་སེམས་ཅན་གྱི་ལ་རབ་ཏུ་གནས་པའི་ཕྱིར་རོ། །གོ་འཕང་ལས་ནི་བྱེད་པར་འགྱུར། །ཞེས་བྱ་ལ་གོ་འཕང་ནི་ཡེ་ཤེས་ཀྱི་ཞི་བ་ལ་སོགས་པའི་དོན་དུ་ལས་ཐམས་ཅད་བྱེད་དེ། སེམས་བརྟན་པའི་ཕྱིར་ཡིད་ཙམ་གྱིས་ཐམས་ཅད་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ལུས་ངག་སེམས་ལས་འདའ་བའོ། །ཞེས་བྱ་བ་ནི། སྐུ་རྡོ་རྗེ་ལ་སོགས་པ་ཉིད་ཐོབ་ནས་ཐ་མལ་བའི་ལུས་ལ་སོགས་པ་ལས་འདའ་བར་བྱེད་དོ་ཞེས་བྱ་བར་འབྲེལ་ཏོ། །དཔལ་གསང་བ་འདུས་པའི་དཀའ་འགྲེལ་རྒྱལ་བ་བྱིན་པས་མཛད་པ་ལས་ལེའུ་དྲུག་པའི་བཤད་པའོ།། །།