ཞེ་བརྒྱད་པ། བསླབ་པ་མཉམ་པའི་ལེའུ།
དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་སེམས་པར་གྱུར་ཏེ་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སྤྱད་བཞིན་དུ། སེམས་ཅན་ཐམས་ཅད་ཟིལ་གྱིས་ནོན་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ན་ལྟ་ཅི་སྨོས་ཞེས་བྱ་བའི་བར་གྱིས་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམ་པར་བྱང་བའི་ཆོས་རྣམས་ལ་སྤྱད་པ་ཕན་ཡོན་ཆེ་བ་བསྟན་པའོ། །སེམས་ཅན་གང་གིས་སེམས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འཇུག་པ་དེ་དག་ཀྱང་ཐོབ་པ་ལེགས་པར་འཐོབ་ཅིང་ཞེས་བྱ་བ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉན་པ་དེ་དག་ནི། ཀུན་གྱིས་ཡིད་དུ་འོང་བར་བྱ་བ་ཡིན་ནོ་ཞེས་བྱ་བའི་བར་
གྱིས་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སེམས་པ་ཙམ་དང༌། བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཕན་ཡོན་ཆེ་བ་བསྟན་པའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་མེ་ཏོག་མན་དཱ་ར་བ་མང་པོ་བླངས་ཏེ་ཞེས་བྱ་བ་ནས་བཅོམ་ལྡན་འདས་བདག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སླར་ལོག་སྟེ། ཉན་ཐོས་སམ་རང་སངས་རྒྱས་སུ་འགྱུར་བར་སེམས་འགའ་ཙམ་ཡང་སྐྱེ་བ་མ་མཆིས་ཀྱི་ཞེས་བྱ་བའི་བར་གྱིས་ནི་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཕན་ཡོན་ཆེ་བ་བརྒྱ་བྱིན་གྱིས་རྟོགས་ནས། དད་པ་ལྷག་པར་སྐྱེས་ཏེ། བཅོམ་ལྡན་འདས་ལ་མཆོད་པ་དང༌། དེ་ལྟར་མཆོད་པའི་དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ། ཕྱིར་ལྡོག་པར་གྱུར་དུ་དོགས་པ་མེད་པ་བསྟན་པའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མོས་པ་བསྐྱེད་ཅིང་ཞེས་བྱ་བ་ནས་ཅི་བདག་ཡོངས་སུ་མྱ་ངན་ལས་འདས་ནས། སེམས་ཅན་ཡོངས་སུ་མྱ་ངན་ལས་མ་འདས་པ་ཡོངས་སུ་མྱ་ངན་ལས་ཟློ་བར་འགྱུར་རམ་ཞེས་རྟོགས་པར་བགྱིད་ཅེས་བྱ་བའི་བར་གྱིས་ནི། དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་བྱ་བའི་བསམ་པ་དང་ལྡན་པ་བསྟན་པའོ། །བཅོམ་ལྡན་འདས་དེ་ལྟར་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སེམས་བསྐྱེད་པ་དེ་དག་ལ་རྗེས་སུ་ཡི་རང་བར་བགྱིད་པ་དང་ཞེས་བྱ་བ་ནས་སྐྲའི་རྩེ་མོ་བརྒྱར་གཤེགས་པའི་ཆ་གཅིག་གིས་ཆུའི་ཐིགས་པ་བླང་བའི་ཚད་ཀྱིས་ཚད་གཟུང་བར་རུང་ཡང་སྲིད་ཀྱི། དེ་དག་གི་རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་བསྐྱེད་པའི་བསོད་ནམས་ལ་ནི་ཚད་མེད་དོ་ཞེས་བྱ་བའི་བར་གྱིས་ནི། དེ་ལྟར་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་བསམ་པ་དང་ལྡན་པ་དེ་ལྟ་བུ་ལ་རྗེས་སུ་ཡི་རང་བ་བསོད་ནམས་ཆེ་བ་བསྟན་པའོ། །དེ་སྐད་ཅེས་བཀའ་སྩལ་པ་དང༌། ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་སེམས་བསྐྱེད་པ་དེ་དག་ལ་རྗེས་སུ་ཡི་རང་བར་མི་བགྱིད་པའི་སེམས་ཅན་དེ་དག་ནི།
བདུད་ཀྱིས་བྱིན་གྱིས་བརླབས་པ་ལགས་སོ་ཞེས་འབྱུང་བ་ནས་ཞེས་བྱ་བ་ནས་སེམས་ཅན་དེ་དག་ནི་བདུད་ཀྱི་གནས་ནས་ཤི་འཕོས་པའོ་ཞེས་བྱ་བའི་བར་གྱིས་ནི་དེ་ལྟ་བུའི་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་སེམས་བསྐྱེད་པ་ལ་རྗེས་སུ་ཡི་རང་བར་མི་བྱེད་པ་སྨད་པ་བསྟན་པའོ། །དེ་ཅིའི་སླད་དུ་ཞེ་ན་བཅོམ་ལྡན་འདས་གང་སེམས་ཞུམ་པ་མེད་ཅིང་འགོང་བ་མེད་པ་དེ་ནི། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་ཞེས་བྱ་བའི་བར་གྱིས་ནི། ཆོས་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་དག་པས། དེ་སྣོད་ཡོངས་སུ་དག་པ་ཐོབ་པར་བྱ་བ་མེད་པ་བདེན་ཏེ། དེ་ལྟ་བུའི་དོན་ཟབ་མོ་ལ་སེམས་ཞུམ་པ་མེད་ཅིང་འགོང་བ་མེད་པ་ཉིད་ཡོངས་སུ་དག་པ་ཐོབ་པ་ཡིན་ནོ་ཞེས་བསྟན་པའོ། །བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱིས་ནི། ཆོས་ཉིད་དེ་མི་ཤེས་མི་མཐོང་བ་ཞེས་བྱ་བ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྤྱོད་དེ་ཞེས་བྱ་བའི་བར་གྱིས་ནི། བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་ལ་སྤྱོད་པ་ཡང༌། སེམས་ཅན་སོ་སོའི་སྐྱེ་བོ་རྣམས་ཡང་དག་པའི་དོན་ལ་གཟུད་པའི་ཕྱིར་ཀུན་རྫོབ་ཏུ་ཐབས་མཁས་པས་སྤྱོད་པ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཞེས་བྱ་བ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་མི་སྐྱེའོ་ཞེས་བྱ་བའི་བར་གྱིས་ནི། དེ་ལྟར་ཐབས་མཁས་པ་ལ་སློབ་པའི་ཕན་ཡོན་དང༌། དེ་ལྟར་སློབ་པ་ཉུང་བ་དཔེ་དང་བཅས་པར་བསྟན་པ་སྟེ། ཚིག་གཉེར་རྣམས་ནི་རང་ལོག་ཏུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པའི་ཚེ། ཆོས་གང་ཡང་དམིགས་པ་མེད་དེ། མི་དམིགས་པས་ཆོས་གང་ལ་ཡང་སེམས་བསྐྱེད་པ་མ་ཡིན་ནོ་ཞེས་བྱ་བས་ནི་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལ་དམིགས་པ་དང་བཅས་པའི་སེམས་མི་སྐྱེ་བའི་གཏན་ཚིགས་བསྟན་པ་སྟེ། དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་སྟེ། གང་ཡང་དམིགས་སུ་མེད་པའི་ཕྱིར་དམིགས་པ་དང་བཅས་པའི་སེམས་མི་སྐྱེའོ་ཞེས་བསྟན་པའོ། །རབ་འབྱོར་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཕ་རོལ་ཏུ་ཕྱིན་པ་
ཐམས་ཅད་ཡོངས་སུ་འདུས་པར་འགྱུར་རོ་ཞེས་བྱ་བ་ནས་རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་ལ་སློབ་པ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱད་ན་ཕ་རོལ་ཏུ་ཕྱིན་པས་ཐམས་ཅད་ལ་སྤྱད་པ་ལ་སོགས་པའི་ཕན་ཡོན་དང༌། ཕ་རོལ་ཏུ་ཕྱིན་པ་འདིའི་ནང་ཏུ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་འདུས་པ་དཔེ་དང་བཅས་པར་བསྟན་པ་སྟེ། ལྟ་བའི་རྣམ་པ་དྲུག་ཅུ་རྩ་གཉིས་ནི་སྔར་བཤད་ཟིན་ཏོ། །རབ་འབྱོར་དེ་ཇི་སྙམ་དུ་སེམས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། སེམས་ཅན་གང་ཇི་སྙེད་ཅིག་འཁོད་པ་དེ་དག་མང་བ་ཡིན་ནམ་ཞེས་བྱ་བ་ནས་རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕུན་སུམ་ཚོགས་པ་གང་ཐོབ་པར་བྱ་བ་དེ་དག་ལས་མི་ཐོབ་པ་གང་ཡང་མེད་དོ་ཞེས་བྱ་བའི་བར་གྱིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཛིན་ཅིང་འཆང་བ་ལ་སོགས་པའི་བསོད་ནམས་ཆེ་བ་དང༌། དེ་ལ་བསླབ་པར་བྱ་བའི་གདམས་ངག་བསྟན་པ་སྟེ། དེ་ལ་སངས་རྒྱས་ཀྱི་ཡུལ་ཁོང་དུ་ཆུད་པར་འདོད་པ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་རྟོགས་པར་འདོད་པ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་ཀྱི་རྔ་བརྡུང་བར་འདོད་པ་དང༌། སངས་རྒྱས་ཀྱི་གཏམ་བྱ་བར་འདོད་པ་ཞེས་བྱ་བ་ནི་དམ་པའི་ཆོས་ཀྱི་རྔ་བརྡུང་བ་དང༌། དམ་པའི་ཆོས་ཀྱི་དུང་འབུད་པ་དང༌། ཆོས་ཀྱི་གཏམ་བྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བསླབ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཉན་ཐོས་ཀྱི་ཕུན་སུམ་ཚོགས་པ་ཡང་དེས་ཐོབ་པར་བགྱི་བ་ལགས་སམ་ཞེས་བྱ་བ་ནས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཆུད་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི་གོང་དུ་ཕུན་སུམ་ཚོགས་པ་གང་ཐོབ་པར་བྱ་བ་དེ་དག་ལས་མི་ཐོབ་པ་གང་ཡང་མེད་དོ་ཞེས་བསྟན་པ་ལ། འཁོར་གྱི་ནང་ན་ཁ་ཅིག་ཉན་ཐོས་དང་རང་སངས་རྒྱས་ཀྱི་འབྲས་བུ་ཕུན་སུམ་ཚོགས་པ་ཡང་ཐོབ་པར་བྱ་བའམ་སྙམ་དུ་རྟོག་པ་བསལ་བའི་ཕྱིར་ཞུས་པ་དང༌། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཕུན་སུམ་ཚོགས་པ་
ཡང་ཐོབ་པར་ནི་བྱའི། ཉན་ཐོས་དང་རང་སངས་རྒྱས་ལྟར་དེ་ལ་གནས་པར་མི་བྱ་བར་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཆུད་པར་བྱའོ་ཞེས་བསྟན་པའོ། །རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རྣམ་པ་གང་གིས་སེམས་བསྐྱེད་པ་འདི་བསྒྲུབས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི་སེམས་ཅན་དེ་དག་ནི་བདུད་ཀྱི་གནས་འཇིག་པར་བགྱིད་པ་སྟེ་ཞེས་བྱ་བ་ནི་དེ་ལྟར་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་བསམ་པ་དང་ལྡན་པ་སྟེ། གདོན་མི་ཟ་བར་བདུད་ལས་རྒྱལ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་བས་ན་དེ་ལྟ་བུ་ལ་རྗེས་སུ་ཡི་རང་བ་མི་བྱེད་པ་ནི་བདུད་ཀྱི་ཕྱོགས་སུ་གཏོགས་པ་ཡིན་ནོ་ཞེས་བསྟན་པའོ། །གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྐྱེད་པའི་སེམས་དེ་དག་ནི་རྗེས་སུ་ཡི་རང་བར་བགྱི་བ་སྟེ་ཞེས་བྱ་བ་ནས་ཇི་ལྟར་གཉིས་ཀྱི་འདུ་ཤེས་སུ་འགྱུར་བ་དང༌། གཉིས་སུ་མ་མཆིས་པའི་འདུ་ཤེས་སུ་ཡང་མི་འགྱུར་ལ། དེ་ལྟར་ཡོངས་སུ་བསྔོ་བར་བགྱིའོ་ཞེས་བྱ་བའི་བར་གྱིས་ནི་སེམས་བསྐྱེད་པ་དེ་ལ་རྗེས་སུ་ཡི་རང་བར་མི་བྱར་མི་རུང་བ་དང༌། རྗེས་སུ་ཡི་རང་བ་བྱས་ནས་ཀྱང་བསྔོ་བའི་ཐབས་བསྟན་པའོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ ་ཞེས་བྱ་བ་ནས་ཕྱིར་མི་ལྡོག་པ་དང་སྐྱེ་བ་གཅིག་གིས་ཐོགས་པ་རྣམས་ཀྱི་དགེ་བའི་རྩ་བ་དེ་དག་ལ་ཡང་རྗེས་སུ་ཡི་རང་བར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ་ཞེས་བྱ་བའི་བར་གྱིས་ནི་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་སེམས་བསྐྱེད་པ་ལ་རྗེས་སུ་ཡི་རང་བའི་ཕན་ཡོན་དང༌། ཇི་ལྟར་རྗེས་སུ་ཡི་རང་བར་བྱས་པ་དང༌། རྗེས་སུ་ཡི་རང་བ་བྱས་ནས། ཇི་ལྟར་བསྔོ་བའི་ཐབས་བསྟན་པ་སྟེ། ཅི་ནས་ཀྱང་སེམས་མེད་པ་དང༌། སེམས་མ་ཡིན་པ་གཞན་ཡང་མེད་པར་ཞེས་བྱ་བ་ནི་རྗེས་སུ་ཡི་རང་བར་བྱ་བའི་སེམས་བསྐྱེད་པ་དེ་ལ་དངོས་པོ་ཡོད་པའམ། དངོས་པོ་མེད་པའི་མཚན་མར་མི་གཟུང་བར་རྗེས་སུ་ཡི་རང་ཞིང༌། ཡོངས་སུ་བསྔོ་བར་བྱའོ་ཞེས་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་
ལྡན་འདས་ཇི་ལྟར་ན་སྒྱུ་མ་ལྟ་བུའི་སེམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་ལགས་ཞེས་བྱ་བ་ནི་གོང་དུ་ཅི་ནས་ཀྱང་སེམས་མེད་པ་དང༌། སེམས་མ་ཡིན་པ་གཞན་ཡང་མེད་པར་རྗེས་སུ་ཡི་རང་བར་བྱས་ཤིང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ་ཞེས་བཤད་པ་དང་སྦྱར་ན། དེ་ལྟར་དོན་དམ་པར་ནི་སེམས་དེ་དངོས་པོ་མེད་པས་རྗེས་སུ་ཡི་རང་བ་དང༌། ཡོངས་སུ་བསྔོ་བ་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་ཡང་མེད་དེ། དེ་དག་ཀྱང་ཀུན་རྫོབ་ཏུ་ཡོད་གྲང་ན། ཀུན་རྫོབ་ཏུ་ཡོད་པའི་སེམས་ནི་ཡང་དག་པར་ཡོད་པ་མ་ཡིན་ཏེ། སྒྱུ་མ་དང་འདྲ་ན། སྒྱུ་མ་ལྟ་བུའི་སེམས་དེ་ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞེས་གལ་བཟུང་སྟེ་ཞུས་པའོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ ། རབ་འབྱོར་དེ་ཇི་སྙམ་དུ་སེམས། སྒྱུ་མ་ལྟ་བུའི་སེམས་དེ་ཁྱོད་ཀྱིས་ཡང་དག་པར་རྗེས་སུ་མཐོང་ངམ་ཞེས་བྱ་བ་ནི་སྒྱུ་མ་ལྟ་བུའི་སེམས་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་བའི་དོན་ཞིབ་ཏུ་བསྟན་པའི་ཕྱིར་རབ་འབྱོར་གྱིས་སྨྲས་པའོ། །གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། བཅོམ་ལྡན་འདས་བདག་གིས་སྒྱུ་མ་ཡང་དག་པར་རྗེས་སུ་མ་མཐོང༌། སྒྱུ་མ་ལྟ་བུའི་སེམས་དེ་ཡང་དག་པར་རྗེས་སུ་མ་མཐོང་ངོ་ཞེས་བྱ་བ་ནི་སྒྱུ་མ་ཉིད་དང་སྒྱུ་མ་ལས་དཔེ་བླངས་པའི་སེམས་དེ་གཉི་ག་ཡང༌། ཀུན་རྫོབ་ཏུ་བརྗོད་པ་ཙམ་དུ་ཟད་ཀྱི། དོན་དམ་པར་ཡོད་པ་མ་ཡིན་ནོ་ཞེས་གསོལ་པའོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ ། རབ་འབྱོར་དེ་ཇི་སྙམ་དུ་སེམས། དེ་ལྟར་སྒྱུ་མ་ཡང་མ་མཐོང་སྒྱུ་མ་ལྟ་བུའི་སེམས་ཀྱང་མ་མཐོང་ན། སེམས་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བའི་སེམས་དེ་ཁྱོད་ཀྱིས་ཡང་དག་པར་རྗེས་སུ་མཐོང་ངམ་ཞེས་བྱ་བ་ནི་དེ་ལྟར་སྒྱུ་མ་དང༌། སྒྱུ་མ་ལྟ་བུའི་སེམས་གཉིས་ཀ་མེད་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བའི་སེམས་དེ་ག་ལ་ཡོད་སྙམ་དུ་དགོངས་ནས་སྨྲས་པའོ། །གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ་
ཞེས་བྱ་བ་ནི་དེ་ལྟ་བུ་མ་མཐོང་ངོ་ཞེས་བྱ་བའི་དོན་ཏོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ ། རབ་འབྱོར་དེ་ཇི་སྙམ་དུ་སེམས། སྒྱུ་མ་དང་སྒྱུ་མ་ལྟ་བུའི་སེམས་ལས་གུད་ན་ཞེས་བྱ་བ་ནས། བཅོམ་ལྡན་འདས་སྒྱུ་མ་དང་སྒྱུ་མ་ལྟ་བུའི་སེམས་ལས་གུད་ན་ཆོས་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་དེ། བདག་གིས་ཡང་དག་པར་རྗེས་སུ་མ་མཐོང་ངོ་ཞེས་བྱ་བའི་བར་གྱིས་ནི་སྒྱུ་མ་དང་སྒྱུ་མ་ལྟ་བུའི་སེམས་ལ་མ་གཏོགས་པའི་ཆོས་གཞན་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དེ་ལྟ་བུ་དོན་དམ་པར་གང་ཡང་མེད་དོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་དེ་ལྟར་བདག་གིས་ཆོས་གཞན་ཡང་ཡང་དག་པར་རྗེས་སུ་མ་མཐོང་ན། མཆིས་པ་འམ་མ་མཆིས་པའི་ཆོས་གང་ཞིག་བདག་གིས་བསྟན་པར་བགྱི་ཞེས་བྱ་བ་ནི་དེ་ལྟར་གོང་དུ་བཤད་པའི་ཚུལ་གྱིས། སྒྱུ་མ་དང་སྒྱུ་མ་ལྟ་བུའི་སེམས་ལས་གུད་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བའི་ཆོས་གང་ཡང་མེད་ན། དེ་ལས་གཞན་པ་ཡོད་པ་དང༌། མེད་པ་གཉི་གར་ཡང་བསྟན་དུ་མེད་དོ་ཞེས་བྱ་བའི་དོན་ཏོ། །ཆོས་གང་ཤིན་ཏུ་དབེན་པ་དེ་ནི་མཆིས་པ་འམ་མ་མཆིས་པར་མི་འགྱུར་རོ་ཞེས་བྱ་བ་ནི་ཡོད་པ་དང༌། མེད་པ་གཉི་གར་བསྟན་དུ་མེད་པའི་གཏན་ཚིགས་བསྟན་པ་སྟེ། དོན་དམ་པར་ཆོས་ཐམས་ཅད་ཡོད་པ་དང་མེད་པའི་མཐའ་གཉིས་དང་བྲལ་ཏེ། ཤིན་ཏུ་དབེན་པའི་ཕྱིར་ཡོད་པ་དང་མེད་པར་གདགས་ཤིང་བསྟན་དུ་མེད་དོ་ཞེས་བྱ་བའི་དོན་ཏོ། །ཆོས་གང་དབེན་པ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ་ཞེས་བྱ་བ་ནི་དེ་ལྟར་མཐའ་གཉིས་དང་བྲལ་ཞིང་དབེན་པ་དེ་མངོན་པར་རྫོགས་པར་འཚང་མི་རྒྱའོ་ཞེས་བསྟན་པའོ། །མ་མཆིས་པའི་ཆོས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱའོ་ཞེས་བྱ་བ་ནི་ཤིན་ཏུ་དབེན་པའི་དོན་དེ་ཉིད་དངོས་པོ་མེད་པར་བསྟན་པ་སྟེ། དངོས་པོ་མེད་པ་ནི་མངོན་པར་རྫོགས་པར་འཚང་རྒྱར་ཡང་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་གང་ཉོན་མོངས་པར་འགྱུར་བ་འམ། རྣམ་པར་བྱང་བར་འགྱུར་བའི་ཆོས་
ཐམས་ཅད་ནི་མ་མཆིས་ཤིང་ཡོངས་སུ་མ་མཆིས་པའོ་ཞེས་བྱ་བ་ནི་དངོས་པོ་མེད་པ་མངོན་པར་རྫོགས་པར་འཚང་མི་རྒྱ་བའི་གཏན་ཚིགས་བསྟན་པ་སྟེ། མངོན་པར་རྫོགས་པར་འཚང་རྒྱ་བ་ནི་ཉོན་མོངས་པའི་ཕྱོགས་སུ་གཏོགས་པའི་ཆོས་རྣམས་སྤངས་ཤིང༌། རྣམ་པར་བྱང་བའི་ཆོས་རྣམས་བསྒོམ་པ་ལས་འགྱུར་ན། ཆོས་དེ་དག་ཐམས་ཅད་དོན་དམ་པར་དངོས་པོ་མེད་དེ། སྤང་བར་བྱ་བ་དང་བསྒོམ་པར་བྱ་བ་གཉིས་ཀ་མེད་པས། མངོན་པར་འཚང་རྒྱར་ཡང་མེད་དོ་ཞེས་བསྟན་པའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་དབེན་པའོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་ཤིན་ཏུ་དབེན་པའོ་ཞེས་བྱ་བའི་བར་གྱིས་ནི་དེ་ལྟར་གོང་དུ་ཆོས་ཐམས་ཅད་ཤིན་ཏུ་དབེན་ཞིང་དངོས་པོ་མེད་པར་མདོར་བསྟན་ནས། དེའི་འོག་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་རྣམ་པར་བྱང་བའི་ཆོས་ཐམས་ཅད་རེ་རེ་ནས་སྨོས་ཏེ། ཤིན་ཏུ་དབེན་ཞིང་དངོས་པོ་མེད་པར་བསྟན་པའོ། །ཆོས་གང་ཤིན་ཏུ་དབེན་པ་དེ་ནི་བསྒོམ་པར་བགྱི་བ་ཡང་མ་ལགས། རྣམ་པར་བསྒོམ་པར་བགྱི་བ་ཡང་མ་ལགས་ཏེ་ཞེས་བྱ་བ་ནི་དེ་ལྟར་ཤིན་ཏུ་དབེན་ཞིང་དངོས་པོ་མེད་པ་ལ་ནི་བསྒོམ་ཞིང་བསྒྲུབ་པར་བྱ་བ་ཡང་མེད། གཞིག་ཅིང་སྤང་བར་བྱ་བ་ཡང་མེད་དོ་ཞེས་བསྟན་པ་སྟེ། རྣམ་པར་བསྒོམ་པ་ཞེས་བྱ་བ་ནི་སུན་དབྱུང་བའམ་གཞིག་པ་ཞེས་བྱ་བའི་དོན་ཏོ། །དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་དབེན་པའི་སླད་དུ། ཆོས་གང་ཡང་སྒྲུབ་པ་མ་མཆིས་སོ་ཞེས་བྱ་བ་ནི་གོང་དུ་བཤད་པའི་དོན་དེ་ཉིད་གསལ་བར་གོ་བར་བྱ་བའི་ཕྱིར་བསྟན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་དབེན་པ་ལགས་ན་ཞེས་བྱ་བ་ནས་ཇི་ལྟར་དབེན་པས་དབེན་པ་འཚང་རྒྱ་བར་འགྱུར་ཞེས་བྱ་བའི་བར་གྱིས་ནི་དེ་ལྟར་ཆོས་ཐམས་ཅད་ཤིན་ཏུ་དབེན་ཞིང༌། རང་བཞིན་གྱིས་སྟོང་པས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་རྒྱུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བླ་ན་མེད་པའི་བྱང་ཆུབ་ཉིད་ཀྱང་དོན་དམ་པར་དངོས་པོ་མེད་དེ་ཤིན་ཏུ་དབེན་པས་གང་ཡང་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་མེད་དོ་ཞེས་བསྟན་པའོ། །
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ ། རབ་འབྱོར་ལེགས་སོ་ལེགས་སོ་ཞེས་བྱ་བ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་ཤིན་ཏུ་དབེན་པའོ་ཞེས་བྱ་བའི་བར་གྱིས་ནི། རབ་འབྱོར་གྱིས་བཤད་པའི་དོན་འཁོར་རྣམས་ཀྱིས་བསྟན་པར་ཡིད་ཆེས་པར་བྱ་བའི་ཕྱིར་ལེགས་སོ་ཞེས་བསྟོད་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམ་པར་བྱང་བའི་ཆོས་ཐམས་ཅད་ཤིན་ཏུ་དབེན་པ་དཔེན་ནོ་ཞེས་བཀའ་སྩལ་པའོ། །རབ་འབྱོར་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པ་དང་ཞེས་བྱ་བ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཤིན་ཏུ་དབེན་པ་དེ་བཞིན་དུ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་ཡང་ཤིན་ཏུ་དབེན་པའོ་ཞེས་བྱ་བའི་བར་གྱིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའོ། །རྣམ་པར་བྱང་བའི་ཆོས་ཐམས་ཅད་དོན་དམ་པར་དངོས་པོ་མེད་དེ། ཤིན་ཏུ་དབེན་པ་དེ་བཞིན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་ཡང་དངོས་པོ་མེད་དེ། ཤིན་ཏུ་དབེན་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་གང་ཡང་མེད་དོ་ཞེས་བསྟན་པའོ། །རབ་འབྱོར་གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་དབེན་པར་མ་གྱུར་ན་ཞེས་བྱ་བ་ནས་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མི་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི། ཤིན་ཏུ་དབེན་པའི་དོན་བཤད་པ་སྟེ། ཤིན་ཏུ་དབེན་པ་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པ་རྣམ་པར་སྤངས་ཤིང༌། འཁོར་གསུམ་ཡོངས་སུ་དག་པ་ལ་བྱ་སྟེ། དེ་ལྟར་འཁོར་གསུམ་ཡོངས་སུ་དག་པར་སྤྱད་ན། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་རྣམ་པར་བྱང་བའི་ཆོས་རྣམས་ཀྱི་མིང་ཐོབ་པར་འགྱུར་གྱི། གཟུང་བ་དང་འཛིན་པ་མ་སྤངས་ཏེ། ཤིན་ཏུ་དབེན་པར་མ་གྱུར་ཅིང་འཁོར་གསུམ་ཡོངས་སུ་མ་དག་ན་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པའི་མིང་ཐོབ་པར་མི་འགྱུར་རོ་ཞེས་བསྟན་པ་པའོ། །རབ་འབྱོར་དེ་བས་ན་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་དབེན་པ་དང་ཞེས་བྱ་བ་ནས་ཇི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཤིན་ཏུ་དབེན་པ་དེ་ལྟར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་བརྟེན་པར་ཡང་བླ་ན་མེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་ཞེས་བྱ་བའི་བར་གྱིས་ནི། དེ་ལྟར་དོན་དམ་པར་ཆོས་ཐམས་ཅད་དངོས་པོ་མེད་དེ། ཤིན་ཏུ་དབེན་ཡང་ཀུན་རྫོབ་ཏུ་ཤིན་ཏུ་དབེན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་བརྟེན་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་གྱི། དེ་ལ་བརྟེན་ན་རྟེན་ཅིང་འབྲེལ་པར་འབྱུང་བའི་ཚུལ་གྱིས་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་བསྟན་པའོ། །དབེན་པས་དབེན་པ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ་ཞེས་བྱ་བ་ནི་དོན་དམ་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དངོས་པོ་མེད་པས་དབེན་ཏེ། དེ་བས་ན་དངོས་པོ་མེད་པས་དངོས་པོ་མེད་པ་མི་འགྲུབ་བོ་ཞེས་བྱ་བའི་དོན་ཏོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་ཡང་རྒྱ་བ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་བརྟེན་པར་མངོན་པར་རྫོགས་པར་འཚང་མི་རྒྱའོ་ཞེས་བྱ་བ་ནི་དེ་ལྟར་དོན་དམ་པར་རྒྱུ་དང་འབྲས་བུ་གཉི་ག་དངོས་པོ་མེད་དེ་དབེན་པས་མངོན་པར་རྫོགས་པར་འཚང་མི་རྒྱ་ཡང༌། ཀུན་རྫོབ་ཏུ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཚུལ་གྱིས། མངོན་པར་རྫོགས་པར་འཚང་མི་རྒྱ་བ་ཡང་མ་ཡིན་ཏེ། དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས། མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་བྱ་བའི་དོན་ཏོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དོན་ཟབ་མོ་ལ་སྤྱོད་པའོ་ཞེས་བྱ་བ་ནི་དེ་ལྟར་གོང་དུ་བཤད་པའི་ཚུལ་གྱིས། དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་སྟེ། ཤིན་ཏུ་དབེན་པས་སྒྲུབ་པར་བྱེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསྒྲུབ་པར་བྱ་བའི་ཡང་དག་པར་རྫོགས་པའི་བྱང་ཆུབ་གཉི་ག་དངོས་པོ་མེད་པས། མངོན་པར་རྫོགས་པར་འཚང་མི་རྒྱ་ལ། ཀུན་རྫོབ་ཏུ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཚུལ་གྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས། མངོན་པར་རྫོགས་པར་འཚང་རྒྱ་བར་ཡང་འགྱུར་བའི་དོན་ཟབ་མོ་དམིགས་པ་ཅན་རྣམས་ཀྱིས་རྟོགས་པར་དཀའ་བ་དེ་ལྟ་བུ་ལ་སྤྱོད་པའི་ཕྱིར་དོན་ཟབ་མོ་ལ་སྤྱོད་པའོ་ཞེས་རབ་འབྱོར་གྱིས་གསོལ་པའོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་
པ ། རབ་འབྱོར་དེ་དེ་བཞིན་ནོ་ཞེས་བྱ་བ་ལ་སོགས་པས་ནི། རབ་འབྱོར་གྱིས་སྨྲས་པ་བདེན་ནོ་ཞེས་བཀའ་སྩལ་པའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་དོན་ཟབ་མོ་ལ་སྤྱོད་ཅིང༌། འདི་ལྟ་སྟེ་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་འགྱུར་བའི་དོན་དེ་མངོན་དུ་མི་བྱེད་པ་ནི་དཀའ་བ་བྱེད་པའོ་ཞེས་བྱ་བ་ནི་དེ་ལྟར་སྟོང་པ་ཉིད་ཀྱི་དོན་ཟབ་མོ་ཡང་བསྒོམས་ལ། ཐབས་མཁས་པས་ཀུན་རྫོབ་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱེད་ཀྱི། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ཐོབ་པར་འགྱུར་བའི་སྟོང་པ་ཉིད་མངོན་དུ་མི་བྱེད་པ་དེ་ལྟ་བུ་དམིགས་པ་ཅན་རྣམས་ཀྱིས་མི་ནུས་པའི་ཕྱིར། དཀའ་བ་བྱེད་པའོ་ཞེས་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་བདག་གིས་འཚལ་བ་ལྟར་ན། དཀའ་བ་ཅུང་ཟད་ཀྱང་མི་བགྱིད་ན། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དཀའ་བ་བགྱིད་པ་ལགས་ཞེས་བྱ་བ་ནི་དངོས་པོ་ཡོད་པ་ལས་མངོན་དུ་མི་བྱ་བ་ནི་དཀའ་ཡང་སྲིད་ཀྱི། དངོས་པོ་མེད་པ་ལ་མངོན་དུ་བྱར་ཡང་མེད་དེ། དེ་ལྟར་དངོས་པོ་མེད་ཅིང་མངོན་དུ་བྱར་མེད་པ་ལ། མངོན་དུ་མི་བྱེད་པ་ལྟ་དཀའ་ཡང་ཅི་ཡོད་ཅེས་བྱ་བའི་དོན་ཏོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་གང་མངོན་དུ་བགྱི་བའི་དོན་དེ་ཡང་མི་དམིགས། གང་གིས་མངོན་དུ་བགྱི་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་མི་དམིགས་པ། གང་མངོན་དུ་བགྱི་བའི་ཆོས་དེ་ཡང་མི་དམིགས་ཏེ་ཞེས་བྱ་བ་ནི་མངོན་དུ་བྱ་བའི་དོན་སྟོང་པ་ཉིད་དང༌། མངོན་དུ་བྱེད་པའི་རྒྱུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། མངོན་དུ་བྱེད་པའི་གང་ཟག་ཀྱང་དོན་དམ་པར་དམིགས་སུ་མེད་པའི་ཕྱིར་མངོན་དུ་མི་བྱ་བ་ནི་དཀའོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་མི་དམིགས་ན་གང་མངོན་དུ་བགྱིས་པས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་བར་འགྱུར་བའི་དོན་མངོན་དུ་བགྱི་བ་དེ་ལྟ་བུ་ཡང་གང་ཞིག་མཆིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་གང་ཞིག་གིས་མངོན་དུ་བགྱི། ཆོས་མངོན་དུ་བགྱི་བ་དེ་ལྟ་བུ་གང་ཞིག་གིས་ཞེས་བྱ་བའི་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ལྟུང་བར་འགྱུར་བའི་
སྟོང་པ་ཉིད་འབའ་ཞིག་མངོན་དུ་བྱར་མེད་ཅིང༌། མི་དམིགས་པར་མ་ཟད་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་དོན་དེ་ལྟ་བུ་ཡང་གང་ཡང་དམིགས་སུ་མེད་དོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་འདི་ནི་མི་དམིགས་པའི་སྤྱོད་པ་སྟེ། དེ་ལ་སྤྱད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ལ་མུན་པ་མ་མཆིས་པ་ཐོབ་པའོ་ཞེས་བྱ་བ་ནི་དེ་ལྟར་ཆོས་གང་མངོན་དུ་མི་བྱེད་ཅིང༌། མི་དམིགས་པར་སྤྱོད་ན། དམིགས་པ་ལས་གྱུར་པའི་སྒྲིབ་པ་ཐམས་ཅད་བྱང་བར་འགྱུར་རོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་གལ་ཏེ་དེ་སྐད་དུ་བསྟན་པ་ལས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་མི་འཛུམ་ཞེས་བྱ་བ་ནས་བཅོམ་ལྡན་འདས་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དོན་གང་གི་སླད་དུ་བརྗོད་པའི་དོན་དེ་བགྱིད་ཀྱང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་རྣམ་པར་མི་རྟོག་གོ་ཞེས་བྱ་བའི་བར་གྱིས་ནི་དེ་ལྟ་བུའི་དོན་ཟབ་མོ་བསྟན་པ་ལ། ཉན་ཐོས་དང་རང་སངས་རྒྱས་ལྟར་སྟོང་པས་འཇིགས་ཤིང་སྐྲག་པར་མ་གྱུར་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཡོན་ཏན་བསྟན་པ་དང༌། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་རློམ་སེམས་མི་སྐྱེ་བ་དང༌། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ན། བདག་གིས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ནི་རིང་དུ་གྱུར་པར་བྱ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་ཉེ་བར་གྱུར་པར་བྱའོ་སྙམ་དུ་སེམས་པ་ལ་སོགས་པའི་རྣམ་པར་རྟོག་པ་མེད་པ་དཔེ་དང་བཅས་པར་བསྟན་པ་སྟེ། ཚིག་གཉེར་ནི་རང་ལོག་ཏུ་ཟད་དོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ་ཞེས་བྱ་བ་ནས་རབ་འབྱོར་གྱིས་སྨྲས་པ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ཆོས་ཐམས་ཅད་ནི་རྣམ་པར་མི་རྟོག་པའོ་ཞེས་བྱ་བའི་བར་གྱིས་ནི་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་མི་རྟོག་པ་དེ་བཞིན་དུ། ཕ་རོལ་ཏུ་ཕྱིན་པ་ལྔ་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང༌། འདུས་བྱས་དང་འདུས་མ་བྱས་ཀྱི་ཁམས་ལ་
ཐུག་གི་བར་དུ། ཆོས་ཐམས་ཅད་སྟོང་པ་ཉིད་དུ་རོ་གཅིག་པས་རྣམ་པར་མི་རྟོག་པའོ་ཞེས་བསྟན་པའོ། །སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་གལ་ཏེ་དེ་ལྟར་ཆོས་ཐམས་ཅད་རྣམ་པར་མི་རྟོག་པ་ཡིན་ན་ཞེས་བྱ་བ་ནས། སངས་རྒྱས་བཅོམ་ལྡན་འདས་སུ་བརྗོད་པ་ཡང་ཅི་ལས་གྱུར་ཞེས་བྱ་བའི་བར་གྱིས་ནི་དེ་ལྟར་གོང་དུ་ཆོས་ཐམས་ཅད་རྣམ་པར་མི་རྟོག་པར་བསྟན་པ་ལས། འཁོར་གྱི་ནང་ན་ཁ་ཅིག་དེ་ལྟར་ཆོས་ཐམས་ཅད་སྟོང་པར་རོ་གཅིག་ན། འཁོར་བ་དང་མྱ་ངན་ལས་འདས་པ་ཡང་སྟོང་པ་ཉིད་དུ་རོ་གཅིག་པས། ཅི་ཡང་བྱ་མི་དགོས་སོ་སྙམ་དུ་རྟོག་པ་བསལ་བའི་ཕྱིར་ཤཱ་རིའི་བུས་རབ་འབྱོར་ལ་དྲིས་པའོ། །རབ་འབྱོར་གྱིས་སྨྲས་པ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ཞེས་བྱ་བ་ནས་རྣམ་པར་མི་རྟོག་པ་ལས་སངས་རྒྱས་སུ་བརྗོད་དོ། །རྣམ་པར་མི་རྟོག་པ་ལས་བྱང་ཆུབ་ཏུ་བརྗོད་དོ་ཞེས་བྱ་བའི་བར་གྱིས་ནི། དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་སྟེ། རྣམ་པར་མི་རྟོག་ཀྱང་ཀུན་རྫོབ་ཏུ་ལས་ལེགས་ཉེས་ཅི་བྱས་པའི་འབྲས་བུ་སྐྱེད་སྡུག་མེད་པ་མ་ཡིན་པ་བསྟན་པ་སྟེ། སེམས་ཅན་སོ་སོའི་སྐྱེ་བོ་ཡང་དག་པར་མ་མཐོང་ཞིང༌། ཕྱིན་ཅི་ལོག་ཏུ་རྟོག་ཅིང་དཔྱོད་པ་རྣམས་ནི་འཁོར་བའི་རྒྱུར་འགྱུར་བའི་ལས་སྤྱད་པས། འབྲས་བུ་ཡང་འཁོར་བ་ཉིད་དུ་རྣམ་པར་སྨིན་ཏེ། འགྲོ་བ་ལྔའི་ནང་དུ་སྐྱེ། སེམས་ཅན་གང་བློ་ཕྱིན་ཅི་ལོག་ཏུ་མ་གྱུར་ཏེ། འཁོར་བའི་ཆོས་རྣམས་ལ་མ་ཆགས་ཤིང༌། རྣམ་པར་མི་རྟོག་པ་རྣམས་ནི་འཁོར་བ་ལས་ཐར་ཏེ། འཕགས་པའི་ས་ཐོབ་པར་འགྱུར་རོ་ཞེས་བསྟན་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདས་པའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཇི་སྙེད་བྱུང་བ་ཞེས་བྱ་བ་ནས་རྣམ་པར་མི་རྟོག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པས། རྣམ་པར་མི་རྟོག་པའི་ཆོས་ཐམས་ཅད་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་བྱ་བའི་བར་གྱིས་ནི། རྣམ་པར་མི་རྟོག་པ་བསྒོམས་པ་ལས་འཕགས་པའི་ས་ཐོབ་པར་འགྱུར་བའི་གཏན་ཚིགས་བསྟན་པ་སྟེ། དུས་གསུམ་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་རྣམ་པར་རྟོག་པ་སྤངས་པ་ལ། མངོན་པར་རྫོགས་པར་སངས་རྒྱས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་རྣམ་པར་མི་རྟོག་པ་བརྩན་པར་བྱ་སྟེ། རྣམ་པར་མི་རྟོག་
པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣམ་པར་མི་རྟོག་པར་སྤྱད་པར་བྱའོ་ཞེས་བསྟན་པའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་ལས་ལེའུ་བཞི་བཅུ་བརྒྱད་པའོ།། །།