Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

3 occurrences of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


  
 expand section
  
 collapse section
  
  
  
  
  
  
  
  
  
  
  
  
  
  
  
  
ཚད་འགོག་བཤད་པ།
  
  
  
  
  
  
  
  
  
  
  
  
  
  
  
 


3 occurrences of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previousཚད་འགོག་བཤད་པ།next

ཚད་འགོག་བཤད་པ།


GLG012_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་འགོག་བཤད་པ།སྐབས་འདིར་ཚད་མའི་རྣམ་གཞག་ཀྱང་གཞག་ཏུ་ཡོད་དེ།


GLG012_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་འཛིན་སྟངས་ཀྱི་ཡུལ་དུ་གྱུར་པའི་གཞལ་བྱ་ལ་མི་བསླུ་བའི་རིག་པ་དེ་ཚད་མ་ཡིན་པའི་ཕྱིར། དེ་ལ་དབྱེ་ཚུལ་ཡོད་དེ། མངོན་སུམ་གྱི་ཚད་མ། རྗེས་དཔག་གི་ཚད་མ། ལུང་གི་ཚད་མ། དཔེ་ཉེར་འཇལ་གྱི་ཚད་མ་དང་བཞི་ཡོད་པའི་ཕྱིར། དང་པོ་ཡོད་དེ། རང་གི་རྟེན་རྟགས་ཡང་དག་ལ་དངོས་སུ་མ་བརྟེན་པར་རང་གི་འཛིན་སྟངས་ཀྱི་ཡུལ་དུ་གྱུར་པའི་མངོན་སུམ་ལ་མི་བསླུ་བའི་རིག་པ་དེ་ཡིན་པའི་ཕྱིར་ཏེ། ཚིག་གསལ་ལས། རང་གི་མཚནཉིད་དམ་སྤྱིའི་མཚན་ཉིད་ཀྱང་རུང་སྟེ། འཇིག་རྟེན་ན་ཡོད་ན་ནི་ཐམས་ཅད་མངོན་སུམ་དུ་དམིགས་པར་བྱ་བ་ཡིན་པའི་ཕྱིར། ལྐོག་ཏུ་མ་གྱུར་པ་ཡིན་ཏེ། དེའི་ཕྱིར། དེའི་ཡུལ་ཅན་གྱི་རྣམ་པར་ཤེས་པ་དང་ལྷན་ཅིག་ཏུ་མངོན་སུམ་ཉིད་དུ་རྣམ་པར་གཞག་གོ །ཞེས་གསུངས་པའི་ཕྱིར། དབྱེ་ཚུལ་ཡོད་དེ། ཡུལ་གྱི་མངོན་སུམ་དང་ཡུལ་ཅན་མངོན་སུམ་གཉིས་ཡོད་པའི་ཕྱིར། མཚན་གཞི་ཡོད་དེ། བུམ་པ་དང་དེ་འཛིན་པའི་མིག་ཤེས་ལྟ་བུ་ཡིན་པའི་ཕྱིར། རྒྱུ་མཚན་ཡོད་དེ། ལྐོག་ཏུ་མ་གྱུར་པའི་བུམ་པ་ལྟ་བུ་དབང་པོའི་མངོན་དུ་ཕྱོགས་པ་ཡིན་ལ། མིག་ཤེས་ཀྱང་རྒྱུའི་མིང་གིས་འབྲས་བུ་ལ་བཏགས་ནས་མངོན་སུམ་ཞེས་བརྗོད་པའི་ཕྱིར། དཔེར་ན་སོག་མ་བསྲེགས་པའི་མེ་ལ་སོག་མའི་མེ་ཞེས་བརྗོད་པ་བཞིན་ནོ། །ཚིག་གསལ་ལས། མངོན་སུམ་གྱི་སྒྲ་ནི་ལྐོག་ཏུ་མ་གྱུར་པའི་དོན་གྱིས་རྗོད་པར་བྱེད་པ་ཡིན་པའི་ཕྱིར། དབང་པོ་མངོན་དུ་ཕྱོགས་པའི་དོན་ནི་མངོན་སུམ་ཡིན་ནོ། །འདི་ལ་དབང་པོ་མངོན་དུ་ཕྱོགས་པས་ཞེས་བྱས་ནས། བུམ་པ་དང་སྔོན་པོ་ལ་སོགས་པ་ལྐོག་ཏུ་མ་གྱུར་པ་རྣམས་མངོན་སུམ་ཉིད་དུ་གྲུབ་པར་


GLG012_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ལ། དེ་ཡོངས་སུ་དཔྱོད་པར་བྱེད་པའི་ཤེས་པ་ནི་རྩྭ་དང་སོག་མའི་མེ་བཞིན་དུ་མངོན་སུམ་གྱི་རྒྱུ་ཅན་ཡིན་པའི་ཕྱིར། མངོན་སུམ་ཉིད་དུ་བརྗོད་པར་བྱེད་དོ། །ཞེས་གསུངས་པའི་ཕྱིར། ཕྱི་མ་ལ་དབྱེ་ཚུལ་ཡོད་དེ། དབང་པོའི་མངོན་སུམ། ཡིད་ཀྱི་མངོན་སུམ། རྣལ་འབྱོར་མངོན་སུམ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དབང་པོ་གཟུགས་ཅན་ལས་དངོས་སུ་སྐྱེ་བའི་སྒོ་ནས་རང་གི་འཛིན་སྟངས་ཀྱི་ཡུལ་དུ་གྱུར་པའི་གཞལ་བྱ་མངོན་སུམ་ལ་མི་བསླུ་བའི་རིག་པ་དེ་ཡིན་པའི་ཕྱིར། དབྱེ་ཚུལ་ཡོད་དེ། གཟུགས་འཛིན་དབང་པོའི་མངོན་སུམ་ནས། རེག་འཛིན་གྱི་བར་ལྔ་ཡོད་པའི་ཕྱིར། རིམ་པ་བཞིན་ཡོད་དེ། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་མིག་རྣ་སོགས་ཀྱི་དབང་པོ་གཟུགས་ཅན་པ་ལས་དངོས་སུ་སྐྱེས་པའི་སྒོ་ནས་རང་གི་འཛིན་སྟངས་སོགས་སྔར་ལྟར་ཡིན་པའི་ཕྱིར། ཡིད་ཀྱི་མངོན་སུམ་ཡོད་དེ། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་ཡིད་དབང་ལས་དངོས་སུ་སྐྱེས་ཤིང་། ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་ལ་མ་བརྟེན་པར་རང་གི་འཛིན་སྟངས་སོགས་སྔར་ལྟར་ཡིན་པའི་ཕྱིར། དབྱེ་ཚུལ་ཡོད་དེ། ཕྱི་རོལ་གྱི་དོན་འཛིན་པའི་ཡིད་མངོན་དང་། ནང་བདེ་སོགས་འཛིན་པའི་ཡིད་མངོན་དང་། དེ་ལས་གཞན་པའི་ཡིད་མངོན་དང་གསུམ་ཡོད་པའི་ཕྱིར། དང་པོ་ཡོད་དེ། གཟུགས་འཛིན་དབང་མངོན་གྱིས་དྲངས་པའི་གཟུགས་ངེས་པའི་ངེས་ཤེས་ལྟ་བུ་ཡིན་པའི་ཕྱིར། གཉིས་པ་ཡོད་དེ། ཡིད་ཤེས་འཁོར་གྱི་བདེ་སྡུག་བཏང་སྙོམས་ཅི་


GLG012_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཉམས་སུ་མྱོང་བའི་ཚོར་བ་དེ་ཡིན་པའི་ཕྱིར། གསུམ་པ་ཡོད་དེ། སློབ་པའི་རྒྱུད་ཀྱི་སྙིང་རྗེ་ཆེན་པོ་དེ་ཡིན་པའི་ཕྱིར། རྣལ་འབྱོར་མངོན་སུམ་ཡོད་དེ། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་ཞི་ལྷག་ཟུང་འབྲེལ་གྱི་ཏིང་འཛིན་ལས་དངོས་སུ་སྐྱེས་ཤིང་། རང་གི་འཛིན་སྟངས་ཀྱི་ཡུལ་བདེན་པའི་རྣམ་པའམ་བདག་མེད་ཕྲ་རགས་གང་རུང་མངོན་སུམ་དུ་མཐོང་བའི་སྒོ་ནས་མི་བསླུ་བའི་རྟོག་བྲལ་གྱི་མཁྱེན་པ་དེ་ཡིན་པའི་ཕྱིར། དབྱེ་ཚུལ་ཡོད་དེ། སྐྱེ་འཕགས་ཀྱི་གཉིས་ཡོད་པའི་ཕྱིར། དང་པོ་ཡོད་དེ། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོངས་པར་མངོན་སུམ་དུ་རྟོགས་པའི་སོ་སྐྱེའི་བློ་ལྟ་བུ་དེ་ཡིན་པའི་ཕྱིར། གཉིས་པ་ཡོད་དེ། བདག་མེད་ཕྲ་མོ་མངོན་སུམ་དུ་རྟོགས་པའི་འཕགས་རྒྱུད་ཀྱི་མཁྱེན་པ་དེ་ཡིན་པའི་ཕྱིར། རྗེས་དཔག་ཡོད་དེ། རང་གི་རྟེན་རྟགས་ཡང་དག་ལ་དངོས་སུ་བརྟེན་ནས་འཛིན་སྟངས་ཀྱི་ཡུལ་དུ་གྱུར་པའི་གཞལ་བྱ་ལྐོག་གྱུར་ལ་མི་བསླུ་བའི་རིག་པ་དེ་ཡིན་པའི་ཕྱིར་ཏེ། ཚིག་གསལ་ལས། ལྐོག་ཏུ་གྱུར་པའི་ཡུལ་ཅན་རྟགས་བསྒྲུབ་པར་བྱ་བ་ལ་མི་འཁྲུལ་བ་ལས་སྐྱེས་པའི་ཤེས་པ་ནི་རྗེས་སུ་དཔག་པའོ། །ཞེས་གསུངས་པའི་ཕྱིར། དབྱེ་ཚུལ་ཡོད་དེ། འབྲས་རྟགས། རང་བཞིན་གྱི་རྟགས། མ་དམིགས་པའི་རྟགས་ལ་བརྟེན་པ་གསུམ་ཡོད་པའི་ཕྱིར། དང་པོ་ཡོད་དེ། དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པར་བྱེད་པའི་རྟགས་ལ་བརྟེན་པའི་རྗེས་དཔག་དེ་ཡིན་པའི་ཕྱིར། གཉིས་པ་ཡོད་དེ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ལ་བརྟེན་པའི་རྗེས་དཔག་དེ་ཡིན་པའི་ཕྱིར། གསུམ་པ་ཡོད་དེ། རྟེན་འབྲེལ་གྱི་རྟགས་ཀྱིས་མྱུ་གུ་བདག་མེད་དུ་བསྒྲུབ་པའི་


GLG012_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་ལ་བརྟེན་པའི་རྗེས་དཔག་དེ་ཡིན་པའི་ཕྱིར། ལུང་གི་ཚད་མ་ཡོད་དེ། ལུང་རྣམ་དག་གི་རྟགས་ལ་བརྟེན་ནས་བསྒྲུབ་བྱ་ལུང་དོན་ལ་མི་བསླུ་བའི་ཞེན་རིག་དེ་ཡིན་པའི་ཕྱིར། དེ་ཡང་། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །ཞེས་པ་ལྟ་བུ་སྟེ། ཚིག་གསལ་ལས། དབང་པོ་ལས་འདས་པའི་དོན་མངོན་སུམ་དུ་རིག་ཅིང་ཡིད་ཆེས་པར་གྱུར་པ་དག་གི་ཚིག་གང་ཡིན་པ་དེ་ནི་ལུང་ངོ་། །ཞེས་གསུངས་པའི་ཕྱིར། དཔེ་ཉེར་འཇལ་གྱི་ཚད་མ་ཡོད་དེ། མཐོང་བའི་དཔེ་རྟགས་ལ་བརྟེན་ནས་མ་མཐོང་བའི་དོན་ལ་འདྲ་བའི་ཆ་འཇལ་བའི་ཞེན་རིག་དེ་ཡིན་པའི་ཕྱིར། བ་མེན་ལ་བརྟེན་ནས་བ་འཇལ་བའི་དཔེ་བཞིན་ཏེ། ཚིག་གསལ་ལས། འདྲ་བ་ལས་ཉམས་སུ་མྱོང་བའི་དོན་རྟོགས་པ་ནི་ཉེ་བར་འཇལ་བ་སྟེ། དཔེར་ན་བ་མེན་ནི་བ་ལང་དང་འདྲའོ་སྙམ་པ་ལྟ་བུའོ། །ཞེས་གསུངས་པའི་ཕྱིར། གསུམ་པ་ནི། ཁ་ཅིག །རང་ལ་མངོན་དུ་གྱུར་པའི་ཡུལ་གྱི་གཙོ་བོ་མངོན་གྱུར་ལ་མི་བསླུ་བའི་རིག་པ་དེ་མངོན་སུམ་གྱི་ཚད་མའི་མཚན་ཉིད་ཟེར་ན། ཚུར་མཐོང་གི་རྒྱུད་ཀྱི་སྟོང་ཉིད་དྲན་པའི་དྲན་ཤེས་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། དེར་ཐལ། དེ་ཚད་མ་གང་ཞིག་རྗེས་དཔག་མ་ཡིན་པའི་ཕྱིར། དང་པོ་དེར་ཐལ། རང་ཡུལ་གྱི་གཙོ་བོ་ལ་མི་བསླུ་བའི་རིག་པ་ཡིན་པའི་ཕྱིར། དེར་ཐལ། སྟོང་ཉིད་ལ་མི་བསླུ་བའི་རིག་པ་ཡིན་པའི་ཕྱིར། ཆོས་ཅན་དེ་ཡིན་པའི་ཕྱིར། ཕྱི་མ་མ་གྲུབ་ན། བྱང་སེམས་སྦྱོར་ལམ་པའི་རྒྱུད་ཀྱི་སྟོང་ཉིད་དྲན་པའི་དྲན་ཤེས་དེ་རྗེས་དཔག་ཡིན་པར་ཐལ་ལོ། །འདོད་མི་ནུས་ཏེ། སྒོམ་བྱུང་གི་བློ་ཡིན་པའི་


GLG012_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། རྩ་བར་འདོད་ན། དེ་ལ་སྟོང་ཉིད་མངོན་སུམ་དུ་སྣང་བར་ཐལ། དེ་རང་ལ་མངོན་དུ་གྱུར་པའི་ཡུལ་གྱི་གཙོ་བོ་མངོན་གྱུར་ལ་མི་བསླུ་བའི་རིག་པ་གང་ཞིག །དེ་ལ་སྟོང་ཉིད་དུ་སྣང་བ་དེའི་ཡུལ་གྱི་གཙོ་བོ་མ་ཡིན་པའི་ཕྱིར་ཏེ། དེའི་ཞེན་ཡུལ་དེའི་ཡུལ་གྱི་གཙོ་བོ་ཡིན་པའི་ཕྱིར་ཏེ། དེ་རྟོག་པ་ཡིན་པའི་ཕྱིར། ཁ་ཅིག །བསམ་གཏན་དང་པོའི་དངོས་གཞིའི་སེམས་ལ་བརྟེན་ནས་རང་ཡུལ་ལ་གོམས་སྟོབས་ཀྱིས་འཇུག་པའི་ཤེས་པ་དེ་རྣལ་འབྱོར་མངོན་སུམ་གྱི་མཚན་ཉིད་ཟེར་ན། རྒྱུན་ཞུགས་ཀྱི་རྒྱུད་ཀྱི་མཐོང་ལམ་རྣམ་གྲོལ་ལམ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། རྒྱུན་ཞུགས་ཀྱིས་བསམ་གཏན་དང་པོའི་དངོས་གཞིའི་སེམས་ཐོབ་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས། ཁ་ཅིག །རང་ལ་ལྐོག་ཏུ་གྱུར་པའི་ཡུལ་གྱི་གཙོ་བོ་ལྐོག་གྱུར་ལ་མི་བསླུ་བའི་རིག་པ་རྗེས་དཔག་གི་མཚན་ཉིད་ཟེར་ན། མྱུ་གུ་བདེན་མེད་རྟོགས་པའི་རྗེས་དཔག་གིས་དྲངས་པའི་མྱུ་གུ་བདེན་མེད་དུ་ངེས་པའི་ངེས་ཤེས་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། མྱུ་གུ་བདེན་མེད་དེའི་ཡུལ་གྱི་གཙོ་བོ་གང་ཞིག །དེ་ལ་མི་བསླུ་བའི་རིག་པ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། མྱུ་གུ་བདེན་མེད་དེ་མྱུ་གུ་བདེན་མེད་དུ་རྟོགས་པའི་རྗེས་དཔག་གི་ཡུལ་གྱི་གཙོ་བོ་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། དེ་དྲན་པའི་དྲན་ཤེས་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། རང་གི་རྟེན་དུ་གྱུར་པའི་རྟགས་ལ་བརྟེན་ནས་དངོས་སུ་སྐྱེས་པར་ཐལ། རྗེས་དཔག་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། མྱུ་གུ་བདེན་མེད་དུ་རྟོགས་པའི་རྗེས་དཔག་དེ་རང་གི་རྟེན་དུ་གྱུར་པའི་རྟགས་ལ་བརྟེན་ནས་དངོས་སུ་སྐྱེས་པའི་ཕྱིར། ཁ་ཅིག །


GLG012_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་སྣང་ཡུལ་གྱི་གཙོ་བོ་ལ་མི་བསླུ་བའི་རིག་པ་ཚད་མའི་མཚན་ཉིད་ཟེར་ན། ཟླ་བ་གཉིས་སྣང་གི་དབང་ཤེས་ཆོས་ཅན། རང་གི་སྣངཡུལ་གྱི་གཙོ་བོ་ལ་མི་བསླུ་བའི་རིག་པར་ཐལ། ཁྱོད་རང་གི་ཡུལ་གྱི་གཙོ་བོ་ལ་མི་བསླུ་བའི་རིག་པ་གང་ཞིག །ཁྱོད་ཀྱི་ཡུལ་གྱི་གཙོ་བོ་ཁྱོད་ཀྱི་སྣང་ཡུལ་ལ་བྱེད་རིགས་པའི་ཕྱིར། རྟགས་གཉིས་ཁས་བླངས། འདོད་ན། དེའི་སྣང་ཡུལ་གྱི་གཙོ་བོ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། ཟླ་གཅིག་ཟླ་གཉིས་ཡིན་པ་ཡོད་པར་ཐལ་ལོ། ཁ་ཅིག །སྔོན་འཛིན་དབང་མངོན་གྱིས་སྔོན་འཛིན་དབང་མངོན་རྟོགས་ཟེར་ན། ཁོས་ཁོ་རང་མྱོང་བར་ཐལ། འདོད་པའི་ཕྱིར། འདོད་ན། ཁོའི་དུས་སུ་ཁོ་རང་མྱོང་བྱེད་ཀྱི་ཤེས་པ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། རང་རིག་ཡོད་པར་ཐལ། འདོད་པའི་ཕྱིར། གཞན་ཡང་། ཤེས་པ་ཡིན་ན་རང་ཉིད་ཀྱིས་རང་ཉིད་རྟོགས་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། བདེན་འཛིན་ལོག་ཤེས་ཡིན་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དེས་བདེན་འཛིན་གྱི་ཞེན་ཡུལ་མེད་པར་རྟོགས་པར་ཐལ། འདོད་པའི་ཕྱིར། འདོད་ན། བདེན་མེད་རྟོགས་པར་ཐལ་ལོ། །འདོད་པའི་ཕྱིར། ཁ་ཅིག །རྣམ་མཁྱེན་གྱིས་རྣམ་མཁྱེན་ཤུགས་ལ་རྟོགས་ཟེར་ན། མི་འཐད་པར་ཐལ། སངས་རྒྱས་ཀྱི་སར་དེ་འདྲ་མེད་པའི་ཕྱིར། དེར་ཐལ། རྣམ་བཤད་ལས། མི་སྣང་ཡང་རྟོགས་པའི་ཤུགས་རྟོགས་སངས་རྒྱས་ལ་གཞག་ཏུ་མི་རུང་བའི་ཕྱིར་སྣང་ནས་མཁྱེན་དགོས་པས། ཞེས་གསུངས་པའི་ཕྱིར། ཁ་ཅིག །གཞི་གྲུབ་ན་མངོན་སུམ་ཡིན་པས་ཁྱབ་ཟེར་ན། སྒྲིབ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར།


GLG012_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ན། མ་ཡིན་པར་ཐལ། ལྐོག་གྱུར་ཡིན་པའི་ཕྱིར། ཁ་ཅིག །ཟླ་བ་གཉིས་སྣང་གི་དབང་ཤེས་ཆོས་ཅན། ཚད་མ་ཡིན་པར་ཐལ། རང་གི་འཛིན་སྟངས་ཀྱི་ཡུལ་དུ་གྱུར་པའི་གཞལ་བྱ་ལ་མི་བསླུ་བའི་རིག་པ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ལོག་ཤེས་ཡིན་པའི་ཕྱིར། རྟགས་དེར་ཐལ། རང་ཉིད་ཀྱི་ཡུལ་གྱི་གཙོ་བོ་ལ་མི་བསླུ་བའི་རིག་པ་ཡིན་པའི་ཕྱིར། དེར་ཐལ། རང་ཉིད་ཡུལ་གྱི་གཙོ་བོ་སྣང་ཡུལ་གང་ཞིག །རང་གི་སྣང་ཡུལ་ལ་མི་བསླུ་བའི་རིག་པ་ཡིན་པའི་ཕྱིར། ཟླ་བ་གཉིས་སུ་སྣང་བའི་སྣང་བ་ལ་མི་བསླུ་བའི་རིག་པ་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་དེར་ཐལ། དེ་ཟླ་བ་གཉིས་སུ་སྣང་བའི་སྣང་བ་ལ་ཚད་མ་ཡིན་པའི་ཕྱིར། དེར་ཐལ། དེ་རང་གི་ཡུལ་གྱི་སྣང་བ་ལ་ཚད་མ་ཡིན་པའི་ཕྱིར། དེར་ཐལ། གཉིས་སྣང་ཅན་གྱི་ཤེས་པ་ཡིན་པའི་ཕྱིར། རྟགས་གང་ཞིག་གྲུབ་སྟེ། རྟོག་མེད་ཀྱི་ཤེས་པ་ཡིན་པའི་ཕྱིར། ཟེར་ན། མི་འཐད་དེ། སྤྱིར་རྟོག་མེད་ཀྱི་ཤེས་པའི་ཡུལ་གྱི་གཙོ་བོ་སྣང་ཡུལ་ཡིན་ཀྱང་། དེ་འདྲའི་དབང་ཤེས་དེ། རང་གི་ཡུལ་གྱི་གཙོ་བོ་ལ་ཚད་མ་མ་ཡིན་པའི་ཕྱིར། དེར་ཐལ། ཟླ་གཅིག་ཟླ་གཉིས་སུ་སྣང་བའི་སྣང་བ་དེ། དེའི་སྣང་ཡུལ་གྱི་གཙོ་བོ་མ་ཡིན་ཞིང་། སྣང་གཞི་ཟླ་གཉིས་ཉིད་དེའི་ཡུལ་གྱི་གཙོ་བོ་གང་ཞིག །དེ་ལ་ཚད་མ་མ་ཡིན་པའི་ཕྱིར། དེར་ཐལ། དཔེར་ན་སྣང་གཞི་སྔོན་པོ་ཉིད་སྔོན་འཛིན་མིག་ཤེས་ཀྱི་ཡུལ་གྱི་གཙོ་བོ་ཡིན་ཀྱང་སྔོན་པོ་སྣང་བའི་སྣང་བ་དེ་དེའི་ཡུལ་གྱི་གཙོ་བོ་མ་ཡིན་པའི་ཕྱིར། དེར་ཐལ། སྟོང་ཐུན་དུ། རྟོག་མེད་ཤེས་པའི་ཡུལ་གྱི་གཙོ་བོ་སྣང་ཡུལ་ཡིན་ཀྱང་


GLG012_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་ཙམ་སྣང་ཡུལ་གྱི་གཙོ་བོ་མ་ཡིན་གྱི། སྣང་བ་དེའི་སྣང་གཞིར་གྱུར་པའི་སྣང་ཡུལ་ཉིད་སྣང་ཡུལ་གྱི་གཙོ་བོ་ཡིན་ཏེ། དཔེར་ན། སྔོན་པོའི་སྣང་བ་ཙམ་སྔོན་འཛིན་མིག་ཤེས་ཀྱི་སྣང་ཡུལ་གྱི་གཙོ་བོ་མིན་གྱི། དེའི་སྣང་གཞིར་གྱུར་པའི་སྔོན་པོ་དེའི་སྣང་ཡུལ་གྱི་གཙོ་བོ་ཡིན་པ་ལྟ་བུའོ། །ཞེས་གསུངས་པའི་ཕྱིར། ཁ་ཅིག །ཚུར་མཐོང་གི་རྒྱུད་ཀྱི་སྔོན་འཛིན་མིག་ཤེས་ཀྱིས་ཡུལ་སྔོན་པོ་གྲུབ་པ་ལ་ལྟོས་ནས་ཡུལ་ཅན་རང་ཉིད་གྲུབ་པར་ཐལ། ཚད་མས་རང་གི་གཞལ་བྱ་གྲུབ་པ་ལ་ལྟོས་ནས་ཡུལ་ཅན་རང་ཉིད་གྲུབ་པའི་ཕྱིར། རྟགས་དངོས། འདོད་ན། དེས་རང་ཉིད་གྲུབ་པར་ཐལ། འདོད་པའི་ཕྱིར། ཞེ་ན། དེ་འདྲའི་མངོན་སུམ་གྱིས་རང་ཉིད་ཤུགས་ལ་རྟོགས་པར་འདོད་པ་ལྟར་ན་འདོད་མོད་ཀྱང་། སྤྱིར་ཁྱབ་པ་མ་ངེས་ཏེ། བྱས་པས་སྒྲ་མི་རྟག་པར་གྲུབ་པར་ཐལ། དེས་དེ་བསྒྲུབ་པའི་ཕྱིར། ཁྱབ་པ་ཁས། རྟགས་དེར་ཐལ། བྱས་པ་སྒྲ་མི་རྟག་པར་བསྒྲུབ་པའི་སྒྲུབ་བྱེད་ཡང་དག་ཡིན་པའི་ཕྱིར། འདོད་ན། བྱས་པས་སྒྲ་མི་རྟག་པར་རྟོགས་པར་ཐལ། འདོད་པའི་ཕྱིར། རྩ་བའི་བསལ་བ་སྔ་མ་ལ་འདོད་ན། དེ་ལྟ་བུའི་སྔོན་འཛིན་གྱིས་རང་ཉིད་རྟོགས་པར་ཐལ། འདོད་པའི་ཕྱིར། འདོད་ན། ཤུགས་ལ་རྟོགས་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། མངོན་སུམ་ལ་དེ་ལྟ་བུའི་ཤུགས་རྟོགས་མེད་པ་སྟོང་ཐུན་ལས་བཤད་པའི་ཕྱིར། ཁ་ཅིག །སྔོན་འཛིན་མིག་ཤེས་ཀྱིས་དྲངས་པའི་སྔོན་པོ་ངེས་པའི་ངེས་ཤེས་དེ་སྔོན་པོ་ལ་མངོན་སུམ་གྱི་ཚད་མ་ཡིན་པར་ཐལ། དེ་ཡིད་ཀྱི་མངོན་སུམ་


GLG012_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པའི་ཕྱིར། འདོད་ན། དེས་སྔོན་པོ་མངོན་སུམ་དུ་རྟོགས་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། ཁ་ཅིག །དམན་ལམ་སྔོན་མ་སོང་གི་ཆོས་ཉིད་རྟོགས་པའི་ཐེག་ཆེན་གྱི་སྦྱོར་ལམ་ཆོས་ཅན། ཚད་མ་མ་ཡིན་པར་ཐལ། མངོན་རྗེས་གང་རུང་མ་ཡིན་པའི་ཕྱིར། དང་པོ་མ་ཡིན་པར་ཐལ། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་སོ་སྐྱེ་མེད་པའི་ཕྱིར། གཉིས་པ་གྲུབ་སྟེ། སྒོམ་བྱུང་གི་བློ་ཡིན་པའི་ཕྱིར་ཟེར་ན་སྐྱོན་མེད་དེ། དེས་དེ་དངོས་སུ་མ་རྟོགས་ཀྱང་དེ་ལ་མངོན་སུམ་གྱི་ཚད་མ་ཡིན་པ་མི་འགལ་ཏེ། རྟགས་ལ་དངོས་སུ་མ་བརྟེན་པར་རང་གི་འཛིན་སྟངས་ཀྱི་ཡུལ་དུ་གྱུར་པའི་ཆོས་ཉིད་སྣང་བ་ལ་མི་བསླུ་བའི་རིག་པ་ཡིན་པའི་ཕྱིར། སྨྲས་པ། རིགས་པའི་ཟེའུ་འབྲུ་གཡུར་དུ་ཟ་བ་ཡི། །ཚད་མའི་རྣམ་གཞག་བནྡྷུ་ཛི་ཝ་ཀ །ཤེས་ལྡན་ཀ་ཤི་མཛེས་དགའི་རྣ་བའི་རྒྱན། །འདི་འདྲ་བློ་གྲོས་དཔྱིད་ཀྱི་མངལ་ལས་སྦྲུམ། །དོན་མེད་ཚིག་གི་སྤྲོས་པའི་ལོ་འདབ་དང་། །ཧ་ཅང་ཉུང་ངུའི་མགལ་དུམ་མ་ཡིན་པའི། །དོན་བཟང་མེ་ཏོག་རྣམ་པར་བཀྲ་བ་ཡིས། །སྔོན་མེད་རྐང་འཐུང་དབང་པོའི་འགྲན་ཟླར་བྱས། །ཆོས་གྲགས་ཞལ་ལུང་ཚད་མ་རིག་པ་ལ། །ཅུང་ཟད་ཐོས་ཤིང་སྦྱངས་པའི་རྣམ་དཔྱོད་ཀྱིས། །གྲུབ་མཐའ་འགལ་ཡང་འདི་འདྲའི་རིགས་པ་དག །སྨྲ་བའི་ཚིག་ལ་ཟད་པའི་ཕ་མཐའ་མེད། །ཅེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གསུམ་པ་ནི། སེམས་ཙམ་པ་ཁྱོད་ཀྱི་གཞན་དབང་གི་ཤེས་པ་གང་གིས་འཛིན་པར་མི་འགྱུར་ཏེ། དེ་གྲུབ་ན་རང་རིག་གིས་འཛིན་དགོས་པ་ལ་དེ་མེད་པའི་ཕྱིར། རང་རིག་དེ་ཉིད་ཀྱིས་ཤེས་


GLG012_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་འཛིན་པར་རིགས་པ་མིན་ཏེ། བྱེད་པོ་དང་ལས་དང་བྱ་བ་གཅིག་མ་ཡིན་པའི་ཕྱིར། བཞི་པ་ནི། སེམས་ཙམ་པ་ཆོས་ཅན། རྒྱུ་མཚན་གང་གིས་ན་མོ་ཤམ་གྱི་བུ་འདི་ཡོད་པར་མི་རིགས་པར་འདོད་པའི་གཞན་སེམས་ཙམ་པ་ཁྱོད་ལ་མོ་ཤམ་གྱི་བུས་གནོད་པ་ཅི་ཞིག་བསྐྱལ་ནས་ཡོད་པར་ནི་འདོད་དེ་ཡོད་པར་འདོད་དགོས་པར་ཐལ། གལ་ཏེ་སྐྱེ་བ་མེད་ཅིང་ཚད་མས་མ་ཤེས་པའི་བདག་ཉིད་ཅན་གྱི་གཞན་དབང་རང་གི་ངོ་བོས་གྲུབ་པའི་དངོས་པོ་ཡོད་པར་འདོད་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། ཀུན་རྫོབ་པའི་འཁྲུལ་རྒྱུར་ནི་གཞན་དབང་གི་ཤེས་པ་གྲུབ་པར་གང་ཞིག་འགྱུར་ཏེ་མི་འགྱུར་བར་ཐལ། གང་གི་ཚེ་གཞན་དབང་གི་ཤེས་པ་རང་བཞིན་གྱིས་གྲུབ་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། གཞན་གྱི་ལྟར་ན་འཇིག་རྟེན་ལ་གྲགས་པའི་བྱ་བྱེད་རྣམ་གཞག་ཀུན་ཀྱང་བརླག་པ་སྟེ་མེད་པར་ཐལ། གཞན་དབང་གི་རྫས་ལ་བདེན་པར་ཆགས་པ་ཡིས་ཕྱི་རོལ་བཀག་པའི་ཕྱིར། གསུམ་པ་ནི། ཤེས་བྱ་ཆོས་ཅན། སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱི་ལམ་ལས་ནི་ཕྱི་རོལ་ཏུ་གྱུར་པ་ལ་ཞི་བ་མྱང་འདས་འཐོབ་པའི་ཐབས་ཀྱི་གཙོ་བོ་མེད་དེ། དེ་དག་ནི་ཀུན་རྫོབ་དེ་ཉིད་དེ་བདེན་གཉིས་ལས་ཉམས་པ་གང་ཞིག །དེ་ལས་ཉམས་པས་དེ་མ་བཏང་གི་བར་དུ་ཐར་པ་འགྲུབ་པ་ཡོད་པ་མ་ཡིན་པའི་ཕྱིར། ཐ་སྙད་བདེན་པའི་རྣམ་གཞག་རྟོགས་པ་དོན་དམ་རྟོགས་པའི་ཐབས་སུ་གྱུར་པ་དང་། དོན་དམ་བདེན་པ་རྟོགས་པ་ནི་ཐ་སྙད་ཤེས་པའི་ཐབས་ལས་བྱུང་བར་གྱུར་པ་སྟེ། བདེན་པ་དེ་གཉིས་ཀྱི་རྣམ་དབྱེ་གང་གིས་མི་ཤེས་པ་དེ་ནི་རྣམ་རྟོག་ལོག་པས་ལམ་ངན་པ་སྲིད་ལམ་དུ་ཞུགས་པའི་ཕྱིར། བཞི་པ་ནི།
གཞན་དབང་རང་བཞིན་གྱིས་མ་གྲུབ་པས་འཇིག་རྟེན་གྱི་ཐ་སྙད་ལ་མི་གནོད་དེ། ཇི་ལྟར་ཁྱོད་ཀྱི་གཞན་དབང་དངོས་པོར་ཏེ་རང་བཞིན་གྱིས་གྲུབ་པར་འདོད་པ་ལྟར་ཀུན་རྫོབ་ཀྱང་ནི་བདག་གིས་ཁས་མ་བླངས་ཤིང་། འབྲས་བུ་སྟེ་དགོས་པའི་ཕྱིར་དུ་གཟུགས་སོགས་འདི་དག་རང་བཞིན་གྱིས་མེད་ཀྱང་ཡོད་དོ་ཞེས་འཇིག་རྟེན་གྱི་ངོར་བྱས་ནས་བདག་ནི་སྨྲ་བར་བྱེད་པའི་ཕྱིར། འཇིག་རྟེན་ལ་མ་ལྟོས་པར་ཀུན་རྫོབ་མེད་དེ། ཇི་ལྟར་ཁྱོད་ལྟར་ན་ཕུང་པོ་སྤངས་ནས་ཞི་བར་ཞུགས་པའི་དགྲ་བཅོམ་པ་རྣམས་ལ་ཟག་བཅས་ཀྱི་ཕུང་པོ་ཡོད་པ་མིན་པ་དེ་ལྟར་འཇིག་རྟེན་ལ་ཡང་ཀུན་རྫོབ་མེད་ན་ལྷག་མེད་པའི་ཕུང་པོ་དེ་བཞིན་དུ་འཇིག་རྟེན་གྱི་ཐ་སྙད་ལས་ཀྱང་ཀུན་རྫོབ་པ་འདི་ཡོད་ཅེས་བདག་མི་སྨྲ་བའི་ཕྱིར། གལ་ཏེ་ཁྱོད་ཀྱིས་འཇིག་རྟེན་གྱི་ཀུན་རྫོབ་དགག་མི་ནུས་པར་ཐལ། ཁྱོད་ལ་དེས་མི་གནོད་ན་འཇིག་རྟེན་ཉིད་ལ་ལྟོས་ནས་ཀུན་རྫོབ་འདི་ནི་དགག་པར་གྱིས་ལ། ཁྱོད་དང་འཇིག་རྟེན་གཉིས་རྩོད་པར་གྱིས་དང་། ཕྱིས་ནས་གང་སྟོབས་དང་ལྡན་པ་ལ་བདག་གིས་བརྟེན་པར་བྱ་བས་འཇིག་རྟེན་སྟོབས་ཆེ་བའི་ཕྱིར་རོ། །


previousཚད་འགོག་བཤད་པ།next