Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

65 occurrences of དེའི་འོག་ཏུ་
[Clear Hits]


  
28  collapse section
  
  
  
 
  
  
  
  
  
  
  
  
  
  
 
  
  
  
  
  
  
11   
 
  
ཤེས་སྒྲིབ་ཉོན་མོངས་གཟུང་རྟོག་དང་རྣམ་བྱང་གཟུང་རྟོག་བཤད་པ།
  
 
 
  
  
  
  
  
  
  
expand section
  
17  expand section
expand section
 expand section
expand section
expand section


65 occurrences of དེའི་འོག་ཏུ་
[Clear Hits]

 
previousཤེས་སྒྲིབ་ཉོན་མོངས་གཟུང་རྟོག་དང་རྣམ་བྱང་གཟུང་རྟོག་བཤད་པ།next

ཤེས་སྒྲིབ་ཉོན་མོངས་གཟུང་རྟོག་དང་རྣམ་བྱང་གཟུང་རྟོག་བཤད་པ།


GLG013_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་སྒྲིབ་ཉོན་མོངས་གཟུང་རྟོག་དང་རྣམ་བྱང་གཟུང་རྟོག་བཤད་པ། གཉིས་པ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ལ་གཉིས། གཟུང་རྟོག་བཤད་པ་དང་། འཛིན་རྟོག་བཤད་པའོ། །དང་པོ་ལ། རྩ་བ་དང་། འགྲེལ་པ་གཉིས། དང་པོ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས་ལས། དང་པོ་ནི། ཤེས་སྒྲིབ་གཟུང་བར་རྟོག་པ་དབྱེ་བཞི་རྣམ་པ་གཉིས་ཡོད་དེ། གཞི་ཀུན་ནས་ཉོན་མོངས་པའི་རྟེན་ཅན་དང་། དེའི་གཉེན་པོའི་རྟེན་ཅན་དུ་དབྱེ་བ་ཡིས་དེ་ལྟར་འབྱུང་བའི་ཕྱིར། གཉིས་པོ་དེ་ནི་ཆོས་ཅན། ཁྱོད་སོ་སོར་རྣམ་པ་དགུ་དགུ་ཡོད་དེ། རྨོངས་པ་མ་རིག་པ་ལ་དམིགས་པ་དང་། ཕུང་སོགས་ལ་དམིགས་པའི་བྱེ་བྲག་གིས་ཏེ་ཁྱད་པར་གྱིས་དེ་ལྟར་ཡོད་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། དགག་གཞག་སྤང་གསུམ་ལས། དང་པོ་ལ། ཁ་ཅིག །རང་གི་དམིགས་ཡུལ་དུ་གྱུར་པའི་གཟུང་བ་ལ་དམིགས་ནས་བདེན་པར་ཞེན་པའི་ཞེན་རིག་དེ་ཤེས་སྒྲིབ་གཟུང་རྟོག་གི་མཚན་ཉིད། རང་གི་དམིགས་ཡུལ་དུ་གྱུར་པའི་འཛིན་པ་ལ་དམིགས་ནས་བདེན་པར་ཞེན་པའི་ཞེན་རིག་དེ་ཤེས་སྒྲིབ་འཛིན་རྟོག་གི་མཚན་ཉིད་ཟེར་ན། བུམ་འཛིན་རྟོག་པ་ལ་དམིགས་ནས་ལོངས་སྤྱོད་བྱེད་དུ་བདེན་པར་ཞེན་པའི་ཞེན་རིག་ཆོས་ཅན། མཚོན་བྱ་དང་པོ་དེར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། བུམ་འཛིན་རྟོག་པ་ལ་དམིགས་ནས་བདེན་པར་ཞེན་པའི་ཞེན་རིག་ཡིན་པའི་ཕྱིར་ཏེ། ཆོས་ཅན་དེ་ཡིན་པའི་ཕྱིར། རྩ་བར་འདོད་ན། མ་ཡིན་པར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར། གཞན་ཡང་། ཉོན་མོངས་ཅན་


GLG013_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་མ་རིག་པ་ལ་དམིགས་ནས། ལོངས་སྤྱད་བྱར་བདེན་པར་ཞེན་པའི་ཞེན་རིག་ཆོས་ཅན། མཚོན་བྱ་ཕྱི་མ་དེར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། ཉོན་མོངས་ཅན་གྱི་མ་རིག་པ་ལ་དམིགས་ནས་བདེན་པར་ཞེན་པའི་ཞེན་རིག་ཡིན་པའི་ཕྱིར་ཏེ། ཆོས་ཅན་དེ་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། ཤེས་སྒྲིབ་གཟུང་རྟོག་ཡིན་པའི་ཕྱིར་ཏེ། ཆོས་ཅན་དེ་ཡིན་པའི་ཕྱིར། ཁ་ཅིག །རང་གི་དམིགས་ཡུལ་དུ་གྱུར་པའི་སྡུག་བདེན་ལ་དམིགས་ནས་ལོངས་སྤྱད་བྱར་བདེན་པར་ཞེན་པའི་ཞེན་རིག་དེ། ཤེས་སྒྲིབ་ཀུན་ནས་ཉོན་མོངས་གཟུང་རྟོག་གི་མཚན་ཉིད་ཟེར་ན། སྡུག་བདེན་དུ་གྱུར་པའི་དད་པའི་དབང་པོ་ལ་དམིགས་ནས་ལོངས་སྤྱད་བྱར་བདེན་པར་ཞེན་པའི་ཞེན་རིག་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན། མ་ཡིན་པར་ཐལ། སྡུག་བདེན་དུ་གྱུར་པའི་དད་པའི་དབང་པོ་དེ་ཀུན་ནས་ཉོན་མོངས་ཕྱོགས་ཀྱི་བདེན་པ་མ་ཡིན་པའི་ཕྱིར། དེར་ཐལ། དེ་རྣམ་བྱང་གི་དབང་པོ་ཡིན་པའི་ཕྱིར། ཁ་ཅིག །ཉོན་མོངས་ལ་དམིགས་ནས་ལོངས་སྤྱད་བྱར་བདེན་པར་ཞེན་པའི་རིག་དེ། ཤེས་སྒྲིབ་ཀུན་ནས་ཉོན་མོངས་གཟུང་རྟོག་གི་མཚན་ཉིད་ཟེར་ན། ཀུན་ནས་ཉོན་མོངས་ཕྱོགས་ཀྱི་བསྡུས་པའི་རྣམ་ཤེས་ཀྱི་ཕུང་པོ་ལ་དམིགས་ནས་ལོངས་སྤྱད་བྱར་བདེན་པར་ཞེན་པའི་ཞེན་རིག་ཆོས་ཅན། མཚན་ཉིད། དེར་ཐལ། མཚོན་བྱ་དེའི་ཕྱིར། དེར་ཐལ། དེ་ཡོད་པའི་ཕྱིར། ཀུན་ནས་ཉོན་མོངས་ཕྱོགས་ཀྱིས་བསྡུས་པའི་རྣམ་ཤེས་ཀྱི་ཕུང་པོ་ཉོན་མོངས་མ་ཡིན་པའི་ཕྱིར་ཏེ། ཉོན་མོངས་ཡིན་ན་སེམས་བྱུང་ཡིན་དགོས་པའི་ཕྱིར། ཁ་ཅིག །འཕགས་པའི་ལུགས་ལ་ཤེས་སྒྲིབ་ཀུན་ནས་ཉོན་མོངས་གཟུང་རྟོག་ཡིན་ན་རྣམ་བྱང་གཟུང་རྟོག་ཡིན་པས་ཁྱབ་སྟེ། ཉི་ཁྲི་སྣང་བ་ལས་གཟུང་བའི་རྣམ་པར་རྟོག་པ་དང་པོ་གང་ཡིན་པ་གཉིས་པའང་


GLG013_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །ཞེས་གསུངས་པའི་ཕྱིར་ན། མི་འཐད་པར་ཐལ། དེའི་ལུགས་ལ་ཤེས་སྒྲིབ་ཀུན་ནས་ཉོན་མོངས་གཟུང་རྟོག་དང་། རྣམ་བྱང་གཟུང་རྟོག་གི་ཐ་སྙད་མི་འཐད་པའི་ཕྱིར། ཁ་ཅིག །ཤེས་སྒྲིབ་གཟུང་རྟོག་དང་པོ་ཡིན་ན། དེ་གཉིས་པ་ཡིན་པས་ཁྱབ་པ་དེ། ལུང་དེའི་དོན་ཡིན་ཟེར་ན། དེའི་ལུགས་ལ་དེ་གཉིས་མི་འགལ་བར་ཐལ། དམ་བཅའ་འཐད་པའི་ཕྱིར། འགལ་བར་ཐལ། དེའི་ལུགས་ལ་དང་པོ་དེ་ཡིན་ན་རང་གི་དམིགས་ཡུལ་དུ་གྱུར་པའི་ཀུན་ནས་ཉོན་མོངས་ཕྱོགས་ཀྱི་ཆོས་དང་རྣམ་བྱང་གི་ཆོས་གཉིས་ཀ་ཡོད་པས་ཁྱབ། གཉིས་པ་དེ་ཡིན་ན་རྣམ་བྱང་གི་ཆོས་ཁོ་ན་ཡོད་པས་ཁྱབ་པའི་ཕྱིར། དེར་ཐལ། ཉི་ཁྲི་སྣང་བ་ལས། གཟུང་བའི་རྣམ་པར་རྟོག་པ་དང་པོ་ནི་དངོས་པོ་ཐམས་ཅད་པ་ཁོ་ན་ཡིན་ལ། གཉིས་པ་ནི་རྣམ་པར་བྱང་བའི་དངོས་པོ་ཁོ་ན་ཡིན་ཏེ། འདི་ནི་གཟུང་བའི་རྣམ་པར་རྟོག་པ་འདི་དག་གི་ཁྱད་པར་རོ། །ཞེས་གསུངས་པའི་ཕྱིར། ལུང་སྔ་མའི་དོན་ཡོད་དེ། ཤེས་སྒྲིབ་གཟུང་རྟོག་དང་པོའི་དམིགས་ཡུལ་ལ་ཀུན་ནས་ཉོན་མོངས་ཕྱོགས་ཀྱི་ཆོས་དང་། རྣམ་བྱང་ཕྱོགས་ཀྱི་ཆོས་གཉིས་ཡོད་པའི་ནང་ནས། ཕྱི་མ་ལ་དམིགས་ནས་ལོངས་སྤྱད་བྱར་བདེན་པར་ཞེན་པའི་ཞེན་རིག་དེ་ཤེས་སྒྲིབ་གཟུང་རྟོག་གཉིས་པ་ཡིན་ཞེས་པའི་དོན་ཡིན་པའི་ཕྱིར། ཁ་ཅིག་རྫས་ཡོད་དང་རྫས་འཛིན་གང་རུང་ལ་དམིགས་ནས་ལོངས་སྤྱོད་བྱེད་དུ་བདེན་པའི་ཞེན་རིག་དེ། ཤེས་སྒྲིབ་རྫས་འཛིན་རྟོག་པའི་མཚན་ཉིད། བཏགས་ཡོད་དང་བཏགས་འཛིན་རུང་ལ་དམིགས་ནས་ལོངས་སྤྱོད་བྱེད་དུ་བདེན་པར་ཞེན་པའི་ཞེན་རིག་དེ། ཤེས་སྒྲིབ་བཏགས་འཛིན་རྟོག་པའི་མཚན་ཉིད་ཟེར་ན། མི་འཐད་པར་ཐལ། རྫས་ཡོད་ལ་དམིགས་ནས་དེ་ལྟར་ཞེན་པའི་ཞེན་རིག་དེ་ཤེས་སྒྲིབ་རྫས་འཛིན་རྟོག་པ་མ་ཡིན། བཏགས་


GLG013_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་ལ་དམིགས་ནས་དེ་ལྟར་ཞེན་པའི་ཞེན་རིག་ཤེས་སྒྲིབ་བཏགས་འཛིན་རྟོག་པ་མ་ཡིན་པའི་ཕྱིར། དང་པོ་དེར་ཐལ། རྫས་ཡོད་ལོངས་སྤྱོད་པ་པོ་མ་ཡིན་པའི་ཕྱིར། གཉིས་པ་དེར་ཐལ། བཏགས་ཡོད་ལོངས་སྤྱོད་པ་པོ་མ་ཡིན་པའི་ཕྱིར། གཉིས་ཀ་དེར་ཐལ། ཡུལ་ཅན་མ་ཡིན་པའི་ཕྱིར། ཁ་ཅིག །སྐྱེས་བུ་བདེན་སྟོང་སྒྱུ་མ་ལྟ་བུ་ལ་དམིགས་ནས་ལོངས་སྤྱོད་བྱེད་དུ་བདེན་པར་ཞེན་པའི་ཞེན་རིག་དེ། ཤེས་སྒྲིབ་བཏགས་འཛིན་རྟོག་པ་ཡིན་ཟེར་ན། སྐྱེས་བུ་བདེན་སྟོང་ལ་དམིགས་ནས་དེར་ཞེན་པའི་ཞེན་རིག་དེ་ཤེས་སྒྲིབ་བཏགས་འཛིན་རྟོགས་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། སྐྱེས་བུ་བདེན་སྟོང་ལོངས་སྤྱོད་པ་པོ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་སོ། ཁ་ཅིག །ཤེས་སྒྲིབ་ཡིན་ན་ཤེས་སྒྲིབ་རྟོག་པ་ཡིན་པས་ཁྱབ་ཟེར་ན། བདེན་འཛིན་གྱི་བག་ཆགས་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། ཐར་པ་དང་ཐམས་ཅད་མཁྱེན་པ་གཉིས་ཀྱི་ནང་ནས་ཐམས་ཅད་མཁྱེན་པ་འཐོབ་པ་ལ་བར་དུ་གཅོད་བྱེད་ཀྱི་སྒྲིབ་པ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཤེས་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། བག་ཆགས་ཡིན་པའི་ཕྱིར། ཁ་ཅིག །འདིར་བསྟན་ཤེས་སྒྲིབ་རྟོག་པ་ཡིན་ན་དགག་རྟོག་ཡིན་པས་ཁྱབ་ཟེར་ན། མི་འཐད་པར་ཐལ། སྐབས་འདི་དང་རྩེ་སྦྱོར་གྱི་སྐབས་གཉིས་ཀར་ཤེས་སྒྲིབ་རྟོག་པ་དང་སྒྲུབ་རྟོག་གི་གཞི་མཐུན་བསྟན་པའི་ཕྱིར། དེར་ཐལ། འདིར་ཀུན་ནས་ཉོན་མོངས་ལ་དམིགས་ནས་ལོངས་སྤྱད་བྱར་བདེན་པར་ཞེན་པའི་ཞེན་རིག་དེ། ཤེས་སྒྲིབ་ཀུན་ནས་ཉོན་མོངས་གཟུང་རྟོག་ཏུ་བསྟན། རྩེ་སྦྱོར་གྱི་སྐབས་སུ་ཐེག་ཆེན་གྱི་ལམ་འབྲས་ལ་དམིགས་ནས་ལོངས་སྤྱད་བྱར་བདེན་པར་ཞེན་པའི་ཞེན་རིག་དེ། ཤེས་སྒྲིབ་འཇུག་པ་གཟུང་རྟོག་ཏུ་བསྟན་པའི་ཕྱིར། ཁ་ཅིག །འདིར་བསྟན་ཤེས་སྒྲིབ་རྟོག་པ་ཡིན་ན་སྒྲུབ་རྟོག་ཡིན་པས་ཁྱབ་ཟེར་ན། གཟུང་འཛིན་བདེན་སྟོང་བདེན་གྲུབ་ཏུ་ཞེན་པའི་


GLG013_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

བློ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། ཤེས་སྒྲིབ་གཟུང་འཛིན་རྣམ་པར་རྟོག་པའི་གཙོ་བོ་ཀུན་སྐབས་འདི་དང་རྩེ་སྦྱོར་གི་སྐབས་གཉིས་ཀར་བསྟན་པའི་ཕྱིར། དེར་ཐལ། མངོན་རྟོགས་རྒྱན་གྱིས་དེ་རྣམས་བསྟན་པའི་ཕྱིར། དེར་ཐལ། མངོན་རྟོགས་རྒྱན་ལ་བརྟེན་ནས་དེ་རྣམས་ཀྱི་གཉེན་པོ་ཁོང་དུ་ཆུད་ནུས་པའི་ཕྱིར། རྩ་བར་འདོད་ན། མ་ཡིན་པར་ཐལ། དགག་རྟོག་ཡིན་པའི་ཕྱིར། དེར་ཐལ། གཟུང་འཛིན་བདེན་སྟོང་ཡོད་པར་འཛིན་པའི་རྟོག་པ་དེ་དགག་རྟོག་ཡིན་པའི་ཕྱིར། དེར་ཐལ། གཟུང་འཛིན་བདེན་སྟོང་ཡོད་པ་དགག་པ་ཡིན་པའི་ཕྱིར། དེར་ཐལ། གཟུང་འཛིན་བདེན་སྟོང་དགག་པ་ཡིན་པའི་ཕྱིར། ཊཱི་ཀར་གཟུང་བར་རྟོག་པ་དང་འཛིན་པར་རྟོག་པ་ཞེས་བཤད་པ་ནི་ཕྱོགས་ཙམ་མཚོན་པར་བྱེད་པ་ཡིན་གྱི། སྤང་བྱ་རྟོག་པ་ཐམས་ཅད་འཛིན་སྟངས་དེ་དང་འདྲ་བར་ཟད་པ་མ་ཡིན་ཏེ། ཉན་ཐོས་ཀྱི་ལམ་འབྲས་ལྡོག་བྱར་བདེན་པར་ཞེན་པ་ཡང་འདིར་བསྟན་པའི་སྤང་བྱ་རྟོག་པ་ཡིན་པའི་ཕྱིར་རོ། །ཞེས་དང་། དེས་ན་ལོངས་སྤྱད་བྱར་བདེན་པར་ཞེན་པ་དང་། ལོངས་སྤྱོད་བྱེད་དུ་བདེན་པར་ཞེན་པ་ནི་གཟུང་བར་རྟོག་པ་དང་འཛིན་པར་རྟོག་པའི་དོན་ནོ་ཞེས་སོགས་ཀྱི་དོན་ལ། ཁ་ཅིག །ཉན་རང་གི་ལམ་འབྲས་ལ་དམིགས་ནས་ཐེག་ཆེན་ལམ་གྱི་ལྡོག་བྱར་བདེན་པར་ཞེན་པའི་ཞེན་རིག་ཆོས་ཅན། ལོངས་སྤྱད་བྱར་བདེན་པར་ཞེན་པའི་ཞེན་རིག་ཡིན་པར་ཐལ། ཤེས་སྒྲིབ་གཟུང་རྟོག་ཡིན་པའི་ཕྱིར། ལུང་དང་པོའི་སྐབས་སུ་རྟགས་ཁས་བླངས། ལུང་གཉིས་པའི་སྐབས་སུ་ཁྱབ་པ་ཁས་བླངས་ཟེར་བ་མི་འཐད་དེ། དང་པོའི་སྐབས་སུ་ཉན་རང་གི་ལམ་འབྲས་ལ་དམིགས་ནས་བྱང་སེམས་ལམ་གྱི་ལྡོག་བྱར་བདེན་པར་ཞེན་པའི་ཞེན་རིག་དེ། འདིར་བསྟན་ཤེས་སྒྲིབ་རྟོག་པར་བསྟན་གྱི། འདིར་བསྟན་ཤེས་སྒྲིབ་གཟུང་རྟོག་ཏུ་མ་བསྟན་པའི་ཕྱིར། དེར་ཐལ། ལུང་དང་པོས་འདིར་


GLG013_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ཤེས་སྒྲིབ་གཟུང་རྟོག་ཡིན་ན། ལོངས་སྤྱད་བྱར་བདེན་པར་ཞེན་པའི་ཞེན་རིག་ཡིན་པས་ཁྱབ་པར་བསྟན་པ་གང་ཞིག །དེས་ཉན་རང་གི་ལམ་འབྲས་ལ་དམིགས་ནས་བྱང་སེམས་ལམ་གྱི་ལྡོག་བྱར་བདེན་པར་ཞེན་པའི་ཞེན་རིག་དེ་ལོངས་སྤྱད་བྱར་བདེན་པར་ཞེན་པའི་ཞེན་རིག་མ་ཡིན་པའི་མཚན་གཞིར་བསྟན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། ཉན་རང་གི་ལམ་འབྲས་ལ་དམིགས་ནས། བྱང་སེམས་ལམ་གྱི་ལྡོག་བྱར་བདེན་པར་ཞེན་པའི་ཞེན་རིག་དེ་ཆོས་ཅན། ཤེས་སྒྲིབ་གཟུང་རྟོག་ཡིན་པར་ཐལ། ཤེས་སྒྲིབ་ལྡོག་པ་གཟུང་རྟོག་ཡིན་པའི་ཕྱིར། དེར་ཐལ། འཇུག་པ་དང་ནི་ལྡོག་པ་ལ། ཞེས་པའི་ནང་ཚན་གྱི་ལྡོག་པ་ལ་ཞེས་པའི་གཞུང་གི་སྐབས་ནས་བསྟན་པའི་ཤེས་སྒྲིབ་རྟོག་པ་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། ལྡོག་པ་ལ་ཞེས་པའི་གཞུང་གི་སྐབས་ནས་བསྟན་པའི་ཤེས་སྒྲིབ་རྟོག་པ་ཡིན་ན། དེའི་སྐབས་ནས་དངོས་སུ་བསྟན་པའི་ཤེས་སྒྲིབ་རྟོག་པ་ཡིན་པས་མ་ཁྱབ་པའི་ཕྱིར། དེར་ཐལ། རྩེ་སྦྱོར་གྱི་སྐབས་ནས་བསྟན་པའི་ཤེས་སྒྲིབ་རྟོག་པ་ཡིན་ན། དེའི་སྐབས་ནས་དངོས་སུ་བསྟན་པའི་ཤེས་སྒྲིབ་རྟོག་པ་ཡིན་པས་མ་ཁྱབ་པའི་ཕྱིར། ཁ་ཅིག །དེ་ཤེས་སྒྲིབ་ལྡོག་པ་གཟུང་རྟོག་ཡིན་པར་ཐལ། དེའི་མཚན་གཞི་ཡོད་པའི་ཕྱིར་ན་མ་ཁྱབ་སྟེ། བྱང་སེམས་ལམ་གྱི་ལྡོག་བྱར་གྱུར་པའི་ཉན་རང་གི་ལམ་འབྲས་ལ་དམིགས་ནས་ལོངས་སྤྱད་བྱར་བདེན་པར་ཞེན་པའི་ཞེན་རིག་དེ། དེའི་མཚན་གཞི་ཡིན་པའི་ཕྱིར་ཏེ། དེ་ཡོད་པའི་ཕྱིར། གཞན་ཡང་། ཉན་རང་གི་དེ་ལ་དམིགས་ནས་བྱང་སེམས་ལམ་གྱི་ལྡོག་བྱར་བདེན་པར་ཞེན་པའི་ཞེན་རིག་དེ་ཆོས་ཅན། ལོངས་སྤྱད་བྱར་བདེན་པར་ཞེན་པའི་ཞེན་རིག་ཡིན་པར་ཐལ། ཤེས་སྒྲིབ་གཟུང་རྟོག་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། ཉན་རང་གི་ལམ་འབྲས་ལ་དམིགས་ནས་ལོངས་སྤྱད་བྱར་བདེན་པར་ཞེན་པའི་ཞེན་རིག་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ལ་དམིགས་ནས་གཟུང་བར་བདེན་


GLG013_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཞེན་པའི་ཞེན་རིག་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། རྟོག་པ་སེལ་འཇུག་མ་ཡིན་པར་ཐལ། འདོད་པའི་ཕྱིར། ཁ་ཅིག །ཉན་རང་གི་ལམ་འབྲས་ལ་དམིགས་ནས་བྱང་སེམས་ལམ་གྱི་ལྡོག་བྱར་གཟུང་བ་བདེན་པར་ཞེན་པའི་ཞེན་རིག་དེ་ཤེས་སྒྲིབ་ལྡོག་པ་གཟུང་རྟོག་ཡིན་ཟེར་ན། མི་འཐད་པར་ཐལ། དེ་འདྲའི་ཞེན་རིག་དེ་ཉན་རང་གི་ལམ་འབྲས་ལ་དམིགས་ནས་གཟུང་བ་བདེན་པར་ཞེན་པའི་རྟོག་པ་མ་ཡིན་པའི་ཕྱིར། དེར་ཐལ། ཉན་རང་གི་ལམ་འབྲས་ལ་དམིགས་ནས་ལོངས་སྤྱོད་བྱེད་དུ་བདེན་པར་ཞེན་པའི་ཞེན་རིག་དེ། དེ་མ་ཡིན་པའི་ཕྱིར། མ་གྲུབ་ན། ཞེན་རིག་དེ་ཉན་རང་གི་ལམ་འབྲས་ལ་དམིགས་ནས་ལོངས་སྤྱོད་བྱེད་དུ་བདེན་པར་ཞེན་པའི་ཞེན་རིག་ཡིན་པར་ཐལ། མ་གྲུབ་པ་དེའི་ཕྱིར། འདོད་ན། དེ་ཆོས་ཅན། ཤེས་སྒྲིབ་འཛིན་རྟོག་ཡིན་པར་ཐལ། ལོངས་སྤྱོད་བྱེད་དུ་བདེན་པར་ཞེན་པའི་ཞེན་རིག་ཡིན་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། ཤེས་སྒྲིབ་གཟུང་རྟོག་ཡིན་པའི་ཕྱིར། དེར་ཐལ། ལོངས་སྤྱད་བྱར་བདེན་པར་ཞེན་པའི་ཞེན་རིག་ཡིན་པའི་ཕྱིར། དེར་ཐལ། གཟུང་བར་བདེན་པར་ཞེན་པའི་ཞེན་རིག་ཡིན་པའི་ཕྱིར། རྟགས་ཁས། གཉིས་པ་རང་ལུགས་ནི། ལོངས་སྤྱད་བྱར་བདེན་པར་ཞེན་པའི་ཞེན་རིག་དེ། ཤེས་སྒྲིབ་གཟུང་རྟོག་གི་མཚན་ཉིད། དེ་ལ་དབྱེ་ན། ཉོན་མོངས་གཟུང་རྟོག་དང་། རྣམ་བྱང་གཟུང་རྟོག་གཉིས། རང་གི་དམིགས་ཡུལ་དུ་གྱུར་པའི་ཀུན་ནས་ཉོན་མོངས་ཕྱོགས་ཀྱི་བདེན་པ་ལ་དམིགས་ནས། ལོངས་སྤྱད་བྱར་བདེན་པར་ཞེན་པའི་ཞེན་རིག་དེ་དང་པོའི་མཚན་ཉིད། རང་གི་དམིགས་ཡུལ་དུ་གྱུར་པའི་རྣམ་བྱང་ཕྱོགས་ཀྱི་བདེན་པ་ལ་དམིགས་ནས་ལོངས་སྤྱད་བྱར་བདེན་པར་ཞེན་པའི་ཞེན་རིག་དེ་གཉིས་པའི་མཚན་ཉིད། ལོངས་སྤྱོད་བྱེད་དུ་བདེན་པར་ཞེན་པའི་ཞེན་རིག་ཤེས་སྒྲིབ་འཛིན་རྟོག་གི་མཚན་ཉིད། དེ་ལ་


GLG013_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེ་ན། ཤེས་སྒྲིབ་རྫས་འཛིན་རྟོག་པ་དང་། བཏགས་འཛིན་རྟོག་པ་གཉིས། རང་གི་དམིགས་ཡུལ་དུ་གྱུར་པའི་རྫས་འཛིན་ལ་དམིགས་ནས། ལོངས་སྤྱོད་བྱེད་དུ་བདེན་པར་ཞེན་པའི་ཞེན་རིག་དེ་དང་པོའི་མཚན་ཉིད། རང་གི་དམིགས་ཡུལ་དུ་གྱུར་པའི་བཏགས་འཛིན་ལ་དམིགས་ནས་ལོངས་སྤྱོད་བྱེད་དུ་བདེན་པར་ཞེན་པའི་ཞེན་རིག་དེ་གཉིས་པའི་མཚན་ཉིད། གསུམ་པ་རྩོད་པ་སྤོང་བ་ལ། ཁ་ཅིག་ན་རེ། བུམ་འཛིན་རྟོག་པ་ལ་དམིགས་ནས་ལོངས་སྤྱད་བྱ་སྤྱོད་བྱེད་གཉིས་ཀར་བདེན་པར་ཞེན་པའི་ཞེན་རིག་ཆོས་ཅན། ཤེས་སྒྲིབ་གཟུང་རྟོག་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། བུམ་འཛིན་རྟོག་པ་ལ་དམིགས་ནས་ལོངས་སྤྱད་བྱར་བདེན་པར་ཞེན་པའི་ཞེན་རིག་ཡིན་པའི་ཕྱིར། དེར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར་ན་མ་ཁྱབ། ཡང་དེ་ཆོས་ཅན། ཤེས་སྒྲིབ་འཛིན་རྟོག་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར་སོགས་སྔར་ལྟར་ཟེར་ན་ཡང་མ་ཁྱབ། འོ་ན། བུམ་འཛིན་རྟོག་པ་ལ་དམིགས་ནས་རྟག་མི་རྟག་གཉིས་ཀར་ཞེན་པའི་ཞེན་རིག་ཆོས་ཅན། བུམ་འཛིན་རྟོག་པ་ལ་དམིགས་ནས་མི་རྟག་པར་ཞེན་པའི་ཞེན་རིག་ཡིན་པ་ཐལ། དེ་ལ་དམིགས་ནས་རྟག་མི་རྟག་གཉིས་ཀར་ཞེན་པའི་ཞེན་རིག་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། དེ་ཆོས་ཅན། བདེན་འཛིན་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། བུམ་འཛིན་རྟོག་པ་རྟག་མི་རྟག་གཉིས་ཀར་བདེན་པར་གྲུབ་པས་སྟོང་པ་སྟོང་ཉིད་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། སེམས་ཙམ་པས་རྟག་མི་རྟག་གཉིས་ཀར་དུ་མ་གྲུབ་པར་རྟོགས་པའི་ཕྱིར། གཞན་ཡང་། བུམ་འཛིན་རྟོག་པ་ལ་དམིགས་ནས་ལོངས་སྤྱད་བྱ་སྤྱོད་བྱེད་གཉིས་ཀར་དུ་བདེན་པར་ཞེན་པའི་ཞེན་རིག་གི་ཞེན་ཡུལ་ཡིན་ན། བུམ་འཛིན་རྟོག་པ་ལ་དམིགས་ནས་ལོངས་སྤྱད་བྱར་བདེན་པར་ཞེན་པའི་ཞེན་རིག་གི་ཞེན་ཡུལ་ཡིན་དགོས་པར་ཐལ། བུམ་འཛིན་རྟོག་པ་ལོངས་སྤྱད་བྱར་བདེན་པར་གྲུབ་པ་དེ། དེ་ལ་དམིགས་ནས་ལོངས་སྤྱད་བྱ་སྤྱོད་


GLG013_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་གཉིས་ཀར་དུ་བདེན་པར་ཞེན་པའི་ཞེན་རིག་གི་ཡུལ་ཡིན་པའི་ཕྱིར། དེར་ཐལ། ཞེན་རིག་དེ་རྟོག་པ་དེ་ལ་དམིགས་ནས་ལོངས་སྤྱད་བྱར་བདེན་པར་ཞེན་པའི་ཞེན་རིག་ཡིན་པའི་ཕྱིར། རྟགས་ཁས། རྩ་བར་འདོད་ན། བུམ་འཛིན་རྟོག་པ་ལོངས་སྤྱོད་བྱེད་དུ་བདེན་པར་གྲུབ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེར་ཐལ། ཞེན་རིག་དེ་རྟོག་པ་དེ་ལ་དམིགས་ནས་ལོངས་སྤྱོད་བྱེད་དུ་བདེན་པར་ཞེན་པའི་ཞེན་རིག་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། མ་ཡིན་པར་ཐལ། བུམ་འཛིན་རྟོག་པ་ལ་དམིགས་ནས་ལོངས་སྤྱོད་བྱེད་དུ་བདེན་པར་ཞེན་པའི་ཞེན་རིག་གི་ཞེན་ཡུལ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། རྟོག་པ་རྣམས་སེལ་འཇུག་ཡིན་པའི་ཕྱིར། ཡང་ཁ་ཅིག །གང་ཟག་གི་བདག་ལ་དམིགས་ནས། ལོངས་སྤྱད་བྱར་བདེན་པར་ཞེན་པའི་ཞེན་རིག་ཆོས་ཅན། ཤེས་སྒྲིབ་གཟུང་རྟོག་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། གང་ཟག་གི་བདག་ལ་དམིགས་ནས། ལོངས་སྤྱད་བྱར་བདེན་པར་ཞེན་པའི་ཞེན་རིག་ཡིན་པའི་ཕྱིར། ཟེར་ན་མ་ཁྱབ་སྟེ། དེ་ལ་དམིགས་ནས། ལོངས་སྤྱད་བྱར་བདེན་པར་ཞེན་པའི་ཞེན་རིག་དེ་བདེན་འཛིན་མ་ཡིན་པའི་ཕྱིར། དེར་ཐལ། གང་ཟག་གི་བདག་ལོངས་སྤྱད་བྱ་མ་ཡིན་པའི་ཕྱིར་ཏེ། ཡུལ་མ་ཡིན་པའི་ཕྱིར། གཉིས་པ་འགྲེལ་པ་ནི། གཟུང་བར་རྣམ་པར་རྟོག་པ་ཆོས་ཅན། རྣམ་པ་གཉིས་ཡོད་དེ། ཀུན་ནས་ཉོན་མོངས་པའི་གཞིའི་རྟེན་ཅན་དང་། གཉེན་པོའི་རྟེན་ཅན་ཉིད་ཀྱིས་གཉིས་ཡོད་པའི་ཕྱིར། ཤེས་བྱ་ཆོས་ཅན། དེ་རེ་རེ་ལ་ཡང་རྣམ་པ་དགུ་དགུ་ཡོད་དེ། མ་རིག་པ་དང་རྣམ་པར་བྱང་བའི་ཕུང་པོ་ལ་སོགས་པའི་དམིགས་པའི་རབ་ཏུ་དབྱེ་བས་དེ་ལྟར་ཡོད་པའི་ཕྱིར། གཉིས་པ་འཛིན་རྟོག་ལ། རྩ་བ་དང་། འགྲེལ་པ་གཉིས་ལས། དང་པོ་ནི། གཟུང་རྟོག་ཏུ་མ་ཟད། འཛིན་པར་རྟོག་པ་ལའང་ཆོས་ཅན། རྣམ་པ་གཉིས་སུ་འདོད་དེ། གང་ཟག་རྫས་ཡོད་དང་སྐྱེས་བུ་བཏགས་པའི་རྟེན་ཅན་


GLG013_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་དེ་ལྟར་ཡོད་པའི་ཕྱིར། དེ་བཞིན་དུ་གཉིས་པོ་དེ་ལ་ཡང་སོ་སོར་དགུ་དགུ་ཡོད་དེ། རང་དབང་གི་བདག་དང་སོགས་པས་བསྡུས་པ། གང་ཟག་སོགས་ངོ་བོ་ལ་དམིགས་པ་དང་ཕུང་སོགས་ལ་བརྟེན་པ་དགུ་ཡོད་པ་ལས་ཏེ་ཡོད་པའི་ཕྱིར། གཉིས་པ་ནི། འཛིན་པར་རྣམ་པར་རྟོག་པ་ཡང་ཆོས་ཅན། ཁྱོད་ལ་དབྱེ་ན་རྣམ་པ་གཉིས་ཡོད་དེ། གང་ཟག་རྫས་སུ་ཡོད་པ་དང་། སྐྱེས་བུ་བཏགས་པར་ཡོད་པ་ལ་དམིགས་པས། དེ་ལྟར་ཡོད་པའི་ཕྱིར། དེ་སོ་སོར་གཟུང་རྟོག་ལ་དབྱེ་བ་དེ་ལྟར་རྣམ་པ་དགུ་དགུ་ཡོད་དེ། བདག་རང་དབང་ཅན་དང་། ཕུང་པོ་ལ་སོགས་པ་ལ་དམིགས་པ་ཉིད་ཀྱིས་དེ་ལྟར་ཡོད་པའི་ཕྱིར། གཉིས་པ་རྒྱས་པར་བཤད་པ་ལ། མཚམས་སྦྱར་བ་དང་། སོ་སོའི་དོན་གཉིས། དང་པོ་ནི། ཤེས་བྱ་ཆོས་ཅན། འདིར་བསྟན་རྟོག་པ་སོ་དྲུག་ཡོད་པ་དེ་ལ་མདོར་བསྡུས་པའི་དོན་ནི་བཤད་པ་འདི་ཡིན་ཏེ། དེ་ལྟར་འོག་ནས་འཆད་པར་འགྱུར་བའི་ཕྱིར། གཉིས་པ་ལ། གཟུང་རྟོག་དང་། འཛིན་རྟོག་གཉིས། དང་པོ་ལ། ཉོན་མོངས་གཟུང་རྟོག་དང་། རྣམ་བྱང་གཟུང་རྟོག་གཉིས་ལས། ཀུན་ནས་ཉོན་མོངས་པའི་གཞི་རྟེན་ཅན་གྱི་གཟུང་རྟོག་ཆོས་ཅན། ཁྱོད་ལ་ལོངས་སྤྱད་བྱའི་སྒོ་ནས་དབྱེ་ན། གཟུང་བར་བདེན་པར་རྣམ་པར་རྟོག་པ་དགུ་ཡོད་དེ། སྡུག་བསྔལ་ཀུན་སྤྱི་དང་བྱེ་བྲག་ལ་དམིགས་པ་དམིགས་པའི་སྒོ་ནས་དེ་ལྟར་ཡོད་པའི་ཕྱིར། ཤེས་བྱ་ཆོས་ཅན། སྡུག་ཀུན་སྤྱི་ལ་དམིགས་པའི་སྒོ་ནས་གཉིས་སུ་ཡོད་དེ། ཉོན་མོངས་ཀྱི་སྤྱི་ཉོན་མོངས་ཅན་གྱི་མ་རིག་པ་དང་། སྡུག་བསྔལ་གྱི་སྤྱི་ཟག་བཅས་ཀྱི་གཟུགས་ལ་སོགས་པའི་ཕུང་པོ་ལ་ལོངས་སྤྱད་བྱར་བདེན་པར་ཞེན་པ་གཉིས་ཡོད་པའི་ཕྱིར། ཤེས་བྱ་ཆོས་ཅན། ཉོན་མོངས་ཀྱི་བྱེ་བྲག་ལ་དམིགས་པའི་སྒོ་ནས་བཞི་ཡོད་དེ། མིང་དང་གཟུགས་ལ་མངོན་པར་ཞེན་པ་འབྲས་བུ་ཕྱིན་ཅི་ལོག་ལ་སྲེད་པ་དམིགས་པར་བྱས་པ་དང་། རྟག་ཆད་ཀྱི་མཐའ་གཉིས་ལ་ཆགས་པ་ཤེས་བྱ་ཕྱིན་ཅི་ལོག་ལ་སྲིད་པ་དང་། ཀུན་ནས་ཉོན་མོངས་


GLG013_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

པ་དོར་བྱ་དང་རྣམ་པར་བྱང་བ་བླང་བྱར་མི་ཤེས་པ་མ་དད་པ་ལ་དམིགས་པ་དང་། འཕགས་པའི་ལམ་ལ་མངོན་པར་སྤྲོ་བའི་ཚུལ་གྱིས་མི་གནས་པ་ལེ་ལོ་ལ་དམིགས་ནས་ལོངས་སྤྱད་བྱར་བདེན་པར་ཞེན་པ་ཡོད་པའི་ཕྱིར། ཀུན་ནས་ཉོན་མོངས་པའི་གཞིའི་རྟེན་ཅན་གྱི་གཟུང་རྟོག་ཆོས་ཅན། ཁྱོད་ལ་སྡུག་བསྔལ་གྱི་བྱེ་བྲག་ལ་དམིགས་པའི་སྒོ་ནས་དབྱེ་ན་གསུམ་ཡོད་དེ། ཟག་བཅས་ཀྱི་ཚོར་བའི་དམིགས་པ་རྣམ་སྨིན་སིམ་གདུང་བར་མ་གསུམ་དང་། ཚོར་བའི་རྟེན་བདག་དང་། ལ་སོགས་པ་གཞན་དང་། ཚོར་བ་སྡུག་བསྔལ་གྱི་རང་བཞིན་ཤེས་པས་ཡིད་འབྱུང་ནས། རྣམ་པར་དག་པ་བསྐྱེད་པ་ལ་སོགས་པ་ལ་དམིགས་ནས་ལོངས་སྤྱད་བྱར་བདེན་པར་ཞེན་པ་ཡོད་པའི་ཕྱིར། གཉིས་པ་ནི། གཉེན་པོའི་རྟེན་ཅན་གཟུང་བར་རྣམ་པར་རྟོག་པ་རྣམས་ཆོས་ཅན། ཁྱོད་ལ་དབྱེ་ན་དགུ་ཡོད་དེ། རྣམ་བྱང་གི་ཤེས་བྱ་ལ་དམིགས་པ་ལྔ་དང་། སྤྱོད་པ་ལ་དམིགས་པ་གཅིག་དང་། ངོ་བོ་ལ་དམིགས་པ་གསུམ་ཡོད་པའི་ཕྱིར། དེ་ཆོས་ཅན། ཁྱོད་ལ་རྣམ་བྱང་གི་ཤེས་བྱ་ལ་དམིགས་པ་ལྔ་ཡོད་དེ། རྣམ་བྱང་གི་ཕུང་པོ་དང་། བདག་རྐྱེན་སྐྱེ་མཆེད་ཀྱིས་བསྡུས་པ་སྐྱེ་བའི་སྒོ་དང་། ཉེར་ལེན་ཁམས་ཀྱིས་བསྡུས་པ་རིགས་དང་། རྣམ་བྱང་གི་སྐྱེ་བ་རྟེན་འབྲེལ་ལུགས་བཟློག་ཤེས་བྱ་ཇི་སྙེད་པས་བསྡུས་པ་བཞི་དང་། ཇི་ལྟ་བ་སྟོང་པ་ཉིད་ལ་དམིགས་ནས་སྔར་ལྟར་ཞེན་པ་ཡོད་པའི་ཕྱིར། དེ་ཆོས་ཅན། ཁྱོད་ལ་སྤྱོད་པ་ལ་དམིགས་པ་ཡོད་དེ། སྤྱོད་པ་ཕ་རོལ་ཏུ་ཕྱིན་པའི་དོན་ལ་དམིགས་ནས་དེ་ལྟར་ཞེན་པ་ཡོད་པའི་ཕྱིར། དེ་ཆོས་ཅན། ཁྱོད་ལ་ངོ་བོ་ལ་དམིགས་པ་གསུམ་ཡོད་དེ། རྣམ་བྱང་གི་ངོ་བོ་མཐོང་བའི་ལམ་དང་། སྒོམ་པའི་ལམ་དང་། མི་སློབ་པའི་ལམ་ལ་དམིགས་ནས། ལོངས་སྤྱད་བྱར་བདེན་པར་མངོན་པར་ཞེན་པ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ལ། རྫས་འཛིན་རྟོག་པ་དང་། རྟག་འཛིན་རྟོག་པ་གཉིས་ལས། དང་པོ་ནི། གང་ཟག་རྫས་སུ་ཡོད་པའི་རྟེན་ཅན་གྱི་འཛིན་པ་ལ་ལོངས་


GLG013_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་བྱེད་དུ་བདེན་པར་ཞེན་པའི་འཛིན་པར་རྣམ་པར་རྟོག་པ་ཆོས་ཅན། ཁྱོད་ལ་དབྱེ་ན་དགུ་ཡོད་དེ། ཁྱོད་ལ་དམིགས་པ་རྫས་འཛིན་དེའི་ཞེན་ཚུལ་གཅིག་དང་། ཞེན་ཡུལ་གྱི་སྒོ་ནས་ཕྱེ་བ་བརྒྱད་ཡོད་པའི་ཕྱིར། དང་པོ་ཡོད་དེ། བདག་རང་དབང་ཅན་དུ་འཛིན་པ་ལ་དམིགས་ནས་ལོངས་སྤྱོད་བྱེད་དུ་བདེན་པར་ཞེན་པ་ཡོད་པའི་ཕྱིར། དེ་ཆོས་ཅན། ཁྱོད་ལ་ཞེན་ཡུལ་གྱི་སྒོ་ནས་ཕྱེ་བ་བརྒྱད་ཡོད་དེ། དམིགས་པ་རྫས་འཛིན་སྤྱིའི་དབང་དུ་བྱས་པ་གསུམ་དང་། བྱེ་བྲག་གི་དབང་དུ་བྱས་ནས་དབྱེ་བ་ལྔ་ཡོད་པའི་ཕྱིར། དེ་ཆོས་ཅན། ཁྱོད་ལ་གསུམ་པོ་དེ་ཡོད་དེ། རང་དབང་ཅན་གྱི་བདག་གཅིག་པུ་དང་། རྒྱུ་དང་ལྟ་བ་པོ་དང་ལ་སོགས་པ་ཤེས་པ་པོའི་བདག་ཏུ་འཛིན་པ་ལ་དམིགས་ནས། ལོངས་སྤྱོད་པ་པོར་བདེན་པར་ཞེན་པ་སྟེ། རིམ་པ་བཞིན་དུ་ཕུང་ཁམས་སྐྱེ་མཆེད་ལ་རང་དབང་ཅན་གྱི་བདག་ཏུ་འཛིན་པ་དམིགས་པར་བྱས་པ་གསུམ་ཡོད་པའི་ཕྱིར། དེ་ཆོས་ཅན། ཁྱོད་ལ་བྱེ་བྲག་གི་དབང་དུ་བྱས་པའི་སྒོ་ནས་དབྱེ་བ་ལྔ་ཡོད་དེ། མ་རིག་པ་ལ་སོགས་པའི་ཀུན་ནས་ཉོན་མོངས་པ་ལ་རང་དབང་བའི་བདག་ཏུ་འཛིན་པ་དང་། འཇིག་རྟེན་པའི་འདོད་ཆགས་དང་བྲལ་བ་དང་། མཐོང་བའི་ལམ་དང་། སྒོམ་པའི་ལམ་དང་། དོན་བྱས་པའི་རྟེན་སྟོབས་སོགས་ལ་རང་དབང་བའི་བདག་ཏུ་འཛིན་པ་དམིགས་པར་བྱས་ནས་ལོངས་སྤྱོད་བྱེད་དུ་བདེན་པར་ཞེན་པ་ཡོད་པའི་ཕྱིར། གཉིས་པ་ནི། སྐྱེས་བུ་བཏགས་པར་ཡོད་པའི་ཕྱིར་རྟེན་ཅན་གྱི་འཛིན་པ་ལ་དམིགས་ནས་ལོངས་སྤྱོད་བྱེད་དུ་འཛིན་པར་རྣམ་པར་རྟོག་པ་ཆོས་ཅན། ཁྱོད་ལ་དབྱེ་ན་དགུ་ཡོད་དེ། དམིགས་པ་འཛིན་པ་དེ་ཡུལ་སྤྱིའི་སྒོ་ནས་དབྱེ་བ་གསུམ་དང་། བྱེ་བྲག་གི་སྒོ་ནས་དབྱེ་བ་དྲུག་ཡོད་པའི་ཕྱིར། དེ་ཆོས་ཅན། ཁྱོད་ལ་དང་པོ་གསུམ་ཡོད་དེ། ཕུང་པོ་དང་། སྐྱེ་མཆེད་དང་། ཁམས་རྣམས་སྐྱེས་བུར་འཛིན་པ་ལ་དམིགས་པ་རྣམས་སུ་ཡོད་པའི་ཕྱིར། དེ་ཆོས་ཅན། བྱེ་བྲག་གི་དབྱེ་བ་དྲུག་ཡོད་དེ། མ་རིག་པ་ལ་སོགས་པའི་རྟེན་ཅིང་
འབྲེལ་བར་འབྱུང་བ་དང་། རྣམ་པར་བྱང་བ་བྱང་ཕྱོགས་སོ་བདུན་དང་། མཐོང་བའི་ལམ་དང་། སྒོམ་པའི་ལམ་དང་ཁྱད་པར་གྱི་ལམ་དང་། མི་སློབ་པའི་ལམ་ལ་སྐྱེས་བུར་འཛིན་པ་ལ་དམིགས་ནས་ལོངས་སྤྱོད་བྱེད་དུ་མངོན་པར་ཞེན་པའི་ཕྱིར། གསུམ་པ་དོན་བསྡུ་ནི། སྔར་བཤད་པ་དེ་ལྟ་བུའི་རྣམ་པར་རྟོག་པ་བཞི་དང་། ཐེག་ཆེན་གྱི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞི་པོ་གྲངས་བཞིན་དུ་ནུས་པ་འཇོམས་པར་བྱེད་པའི་སྤང་གཉེན་དུ་ལྡན་པ་ཡིན་ཏེ། དེ་ལྟར་གོང་དུ་བཤད་ཟིན་པའི་ཕྱིར།


previousཤེས་སྒྲིབ་ཉོན་མོངས་གཟུང་རྟོག་དང་རྣམ་བྱང་གཟུང་རྟོག་བཤད་པ།next